སྤྱན་དབྱེ་བའི་ཆོ་ག།
རྒྱ་གར་སྐད་དུ། ནེ་དོཌ་དགྷ་ཊ་བི་དྷིཿ། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག །ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་འོངས་རྣམས་ལ་ཕན་སླད་དུ། །ཟབ་ཅིང་རྒྱ་ཆེའི་མཚན་བསྟན་པའི། །སྐུ་གཟུགས་ལ་སོགས་རབ་གནས་པ། །རུང་བར་བྱ་ཕྱིར་བདག་གིས་བཤད། །དཀྱིལ་འཁོར་དང་ནི་ཏིང་འཛིན་དང༌། །ཕྱག་རྒྱ་སྔགས་དང་འདུག་སྟངས་དང༌། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང༌། །ལས་ལ་སྦྱར་དང་སླར་བསྡུ་རྣམས། །སློབ་དཔོན་དེ་ཉིད་བཅུ་ཤེས་པས། །ཆོ་ག་རྣམས་ནི་བཤད་པར་བྱ། །ལྷ་ཁང་མཆོད་རྟེན་ལུགས་མ་དང༌། །དམ་ཆོས་གླེགས་བམ་རས་རིས་རྣམས། །ཟིན་ཅིང་ཐམས་ཅད་རྫོགས་པ་དང༌། །བདེ་བའི་ཡོན་ཏན་ཀུན་བསྐྱེད་ཅིང༌། །བསོད་ནམས་འཕེལ་བར་བྱ་བའི་ཕྱིར། །རབ་ཏུ་གནས་པར་བྱེད་པར་འོས། །སྐུ་གཟུགས་ལ་སོགས་ཟིན་ནས་ནི། །ཡུན་རིངས་གནས་ཀྱང་མ་མཆོད་ན། །ཇི་སྲིད་མཆོད་གནས་མ་གྱུར་པས། །དེ་ལ་མི་ཤེས་སྐྱེ་བར་འགྱུར། །དེ་ལ་བསྙེན་པ་ལ་སོགས་པའི། །གཞུང་བཞིན་བྱ་བ་རྫོགས་བྱ་སྟེ། །རབ་ཏུ་གནས་བའི་རྒྱུད་དག་ལ། །འབྲས་ཆན་ལ་སོགས་ཀྱིས་སྦྱང་བྱ། །ཆུ་བདུན་གྱིས་ནི་བཀྲུ་བྱས་ཤིང༌། །རྣམ་ལྔ་འདག་ཆལ་གྱིས་ཀྱང་བཀྲུ། །དཱུཪྺས་ཀྱང་ནི་བྲུད་པར་བྱ། །དེ་ནས་གང་ཡིན་ལྷར་བསྐྱེད་དེ། །སྤྱན་དྲངས་བསྟིམས་ལ་མཆོད་པ་བྱ། །བཅུག་སྟེ་དབང་རྣམས་བསྐུར་བ་ནི། །རིག་པའི་དབང་ནི་བསྐུར་བྱ་སྟེ། །འཁོར་བ་མ་སྟོངས་བར་དག་ཏུ། །སེམས་ཅན་དོན་མཛོད་ཅེས་པ་བརྗོད། །ན་བཟའ་དྲི་ཞིམ་རྒྱན་རྣམས་དབུལ། །མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད། །ཐུར་མ་ཕྱག་རྒྱས་སྦྱན་ཡང་དབྱེ། །སྙན་འབྲུ་ཞལ་དབྱེ་དབུ་བཤད་ཅིང༌། །ཕྱག་ཞབས་སེན་མོ་དྲེག་ཅིང་སྐུ་ཕྱིའོ། །མེ་ལོང་དབུལ་ཞིང་མཆོད་པ་ཀུན་གྱིས་མཆོད། །དེ་ནས་བཞུགས་སུ་གསོལ་པ་ནི། །རྫོགས་སངས་རྒྱས་དང་
ལྷ་རྣམས་དང༌། །དེ་སྲས་ཚངས་ལ་སོགས་པ་ཀུན། །གང་ཞིག་ཆོ་གའི་བྱ་བ་ནི། །ནོངས་གྱུར་དེ་དག་བཟོད་མཛད་རིགས། །སྦྱིན་བདག་རྣམས་ལ་ཞི་བ་དང༌། །བདེ་ལེགས་ཆེན་པོ་ཀུན་མཛད་དེ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གང་འདི་སྐུ་གཟུགས་བསྐལ་པའམ། །བསྐལ་པ་བརྒྱ་ལས་ལྷག་གནས་ཤིང༌། །ས་དང་ཆུ་དང་མེ་དང་ནི། །རླུང་ལས་ལྷ་རྣམས་ཀུན་གྱིས་བསྲུངས། །སློབ་དཔོན་སློབ་མར་བཅས་པ་དང༌། །བུ་དང་ཚ་བོ་རྣམས་བསྲུངས་ཏེ། །རང་དགའ་ཡིད་བདེར་གྱུར་ནས་ནི། །རབ་གནས་བཟང་པོ་དག་ཏུ་བཞེད། །དེ་ནས་དཀྱིལ་འཁོར་དག་གི་ལྷ། །གཤེགས་གསོལ་གཞུང་བཞིན་བྱ་བའོ། །བདག་གིས་ཆོ་ག་འདི་བྱས་པས། །འགྲོ་བ་ཀུན་གྱི་རྒྱུད་ཚིམ་ཤོག །རབ་ཏུ་གནས་པའི་ཆོ་ག་པཎྜ་ཊི་སྨྲ་ཏིས་བསྒྲིགས་ནས་སྒྲ་རང་འགྱུར་དུ་མཛད་པ་རྫོགས་སོ།།