Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག།  མྱ་ངན་མེད་པའི་དཔལ།
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག། མྱ་ངན་མེད་པའི་དཔལ།next

འཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག།
མྱ་ངན་མེད་པའི་དཔལ།


DTG066_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་མཉྫུ་ཤྲཱི་གྷ་ཏྲ་བི་དྷིཿ། བོད་སྐད་དུ། འཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག །འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོ་ལ་ཕན་གདགས་ཞིང༌། །ཉོན་མོངས་དྲི་མ་ཀུན་དག་ཕྱིར། །མཚན་ཉིད་ལྡན་པའི་གང་ཟག་ལ། །བུམ་པའི་


DTG066_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་བཤད་པར་བྱ། །དང་པོར་མཚན་ཉིད་ལྡན་གནས་སུ། །ས་སློང་སྦྱོང་ཞིང་མཎྜལ་བྱ། །ཐིག་གདབ་ཚོན་ནི་བྱིན་གྱིས་བརླབ། །ཚོམ་བུ་ལྔ་ལྡན་འཁོར་ལོ་བཅུ་དྲུག་ལྡན། །གྲུ་ཆད་བཞི་ལྡན་སྒོ་བཞི་རྟ་བབས་ལྡན། །འཁོར་ལོ་བཅུ་དྲུག་གྲུ་ཆད་བཞི་དང་ལྡན། །པཉྩ་རཏྣ་འདོད་ཡོན་སྣམ་བུ་དང༌། །རིན་ཆེན་པ་གུ་སྒོ་བཞི་རྟ་བབས་བྲི། །རིན་ཆེན་བདུན་ལས་བྱས་པའི་མཆོད་པའི་རྟེན། །གདུགས་དང་བདན་ཅོད་པན་དྲིལ་བུས་བརྒྱན། །གསེར་དང་དངུལ་དང་ཟངས་དང་ལྕགས་ལས་བྱས། །བུམ་པ་ཁ་དོག་ལྔ་དང་ལྡན་པའོ། །རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ་དང་ནི། །སྨན་ལྔ་དྲི་ལྔ་དཀར་ལ་སོགས་པའི་རྫས། །བདུད་རྩིའི་ཆུས་བཀང་ཁ་རྒྱན་འབྲས་བུ་ཅན་།མགུལ་ཆིངས་གཟུངས་ཐག་བུམ་པའི་རིགས་དང་སྤྱར། །སོ་སོའི་ལྷ་ཡི་གདན་དུ་གཉིས་པོ་དགོད། །དང་པོར་བླ་མ་དཀོན་མཆོག་སྤྱན་དྲང་སྟེ། །ཕྱག་མཆོད་སྡིག་བཤགས་ཡི་རང་བསྐོར་བར་བསྐུལ། །མྱ་ངན་མི་འདའ་ལུས་དབུལ་དགེ་རྩ་བསྔོ། །ཚད་མེད་བཞི་ལྡན་བྱང་ཆུབ་མཆོག་ཏུ་བསྔོ། །སྟོང་པའི་ཏིང་འཛིན་སྔགས་ཀྱིས་ཀུན་ནས་བསྐུལ། །དེ་ནས་གྲུར་དང་དྲ་བའི་སྟེང་དུ་ནི། །ཧཱུཾ་ལས་རྡོ་རྗེ་བྲུཾ་ལས་མཆོད་རྟེན་ནི། །ཧྲཱི་ལས་ཆོས་འབྱུང་ཨ་ལས་རྡོ་རྗེའོ། །དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་པའོ། །གདན་ལྔ་ཟླ་བའི་གདན་ནི་སོ་སོར་གསལ། །ཡི་གེ་ཨ་ལས་རྣལ་འབྱོར་རྣམ་གསུམ་བསྒོམ། །དམ་ཚིག་འཁོར་ལོ་ཨ་ལས་སྐུ་བསྐྱེད་དོ། །ཡེ་ཤེས་འཁོར་ལོ་དགུག་ཅིང་བསྟིམ་པར་བྱ། །སྐུ་གསུམ་བྱིན་བརླབས་དབང་བསྐུར་ཉིད་ཀྱིས་མཚན། །ཐབས་དང་ཤེས་རབ་བུམ་པ་རབ་ཏུ་དོན། །ཐབས་དང་ཤེས་རབ་འོད་ཟེར་བདུད་རྩི་དབབ། །མཆོད་རྟེན་རྣམས་ནི་ལྷ་ཡི་རང་བཞིན་གསལ། །སོ་སོའི་ཐབས་དང་ཤེས་རབ་མ་ལུས་ལྡན། །ཐུགས་ཀའི་ཨ་ལས་རྒྱུད་ནི་གདོན་པར་བྱ། །ད་ལས་དད་པའི་སངས་རྒྱས་འདུད་བསྟོད་བྱ། །དེ་ཡི་ཐུགས་འོད་མཆོད་པ་རྣམ་ལྔས་མཆོད། །བུམ་པ་བཟང་པོ་ཆེ་བའི་མཆོག །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང༌། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེའི་གདན་ནི་མ་ལུས་


DTG066_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་ཅིང༌། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་དུ་སྤངས། །ཞེས་སོ། །ལུང་དང་མན་ངག་ལ་བརྟེན་ནས། །བདག་གིས་འདི་འདྲའི་ཕན་གདགས་ཆོ་ག་བརྩམས། །དགེ་བའི་རྩ་བ་དྲི་མེད་གང་ཐོབ་པ། །དེས་ནི་འཇམ་དཔལ་རྡོ་རྗེ་ཐོབ་པར་ཤོག །དཔལ་འཇམ་དཔལ་མགོན་པོའི་བུམ་པའི་ཆོ་ག །སློབ་དཔོན་ཆེན་པོ་མྱ་ངན་མེད་པའི་དཔལ་གྱིས་མཛད་པ་རྫོགས་སོ།། །།དཔལ་ཨུ་རྒྱན་གྱི་མཁན་པོ་ཆེན་པོ་དྷརྨ་ཤྲཱི་མི་ཏྲའི་ཞལ་སྔ་ནས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བོད་ཀྱི་ཤཱཀྱའི་དགེ་སློང་དཔལ་གྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousའཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག། མྱ་ངན་མེད་པའི་དཔལ།next