Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་དྲུག་པ།


   
   
   
   
   
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག།  ཤཱནྟ་གརྦྷ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག། ཤཱནྟ་གརྦྷ།next

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག།
ཤཱནྟ་གརྦྷ།


DTG066_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སིངྒཱི་ཏི་མཎྜལ་བི་དྷི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག །རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ངོ་བོ་ཉིད་ཀྱི་སྐུ་མངའ་ཞིང༌། །སྒྱུ་མའི་རང་བཞིན་འབྱུང་གནས་ཆེ། །སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ཏེ། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །དང་པོར་རེ་ཞིག་སློབ་མ་ནི། །དད་ལྡན་དམ་ཚིག་བརྟུལ་ཞུགས་བསྲུང༌། །རྟོག་མེད་རྒྱུད་གཅིག་བླ་མ་དང༌། །འཇམ་པའི་དཔལ་ལ་མོས་པ་ཡིས། །ཁྲོ་མེད་སྔགས་དང་རྒྱུད་ལ་མཁས། །ཐོས་ལྡན་རྒྱུད་འདིར་དབང་ཐོབ་པས། །དམ་ཚིག་གསུམ་ལ་གནས་པ་དེས། །དང་པོ་འཕགས་པ་འཇམ་དཔལ་གྱི་ལྷ་རྣམས་སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ་བསྙེན་པ་བྱ་སྟེ། སྔགས་ཀྱི་ཕྲེང་བ་འབུམ་དུ་བཟླས་པ་ནི་སྔོན་དུ་བསྙེན་པའོ། །གཞུང་ལས། བསམ་གཏན་དང་ནི་རྗེས་མཐུན་པའི། །རི་ཡི་ཕུག་གམ་ཆུ་ཡི་འགྲམ། །རྫིང་ངམ་རང་དགའི་གནས་དག་གམ། །ལྷ་ཁང་མཆོད་རྟེན་སོགས་པར། །ཞེས་གསུངས་པས་ན། །དེ་ལྟ་བུའི་གནས་དེར་སོང་ལ། །ཅི་ཙམ་འབྱོར་བའི་ཚད་ཀྱིས་བྱས་ལ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་མཆོད་པ་དང་གཏོར་མ་བཤམས་ལ། སའི་ལྷ་མོ་ལས་བསླང་བ་ནི། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་བཅོམ་ནས། །བདག་གིས་དཀྱིལ་འཁོར་བྲི་བར་བྱ། །ཞེས་བརྗོད་ནས། ཐལ་མོ་ས་ལ་བརྡབས་པས། སྐུ་ཕྱེད་ཙམ་ས་ལས་འཐོན་པ་དང༌། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་བྱེད་པས་བདག་ལ་བྱིན་ཞེས་བརྗོད་པས། ཁྱོད་ཀྱི་དཀྱིལ་འཁོར་གྱི་བདག་པོ་གྱིས་ཤིག་ཅེས་བརྗོད་ནས་ས་ལ་ཐིམ་པར་བསམ་མོ། །


DTG066_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ས་སློང་བའོ། །དེ་ནས་དྲག་པོའི་སྤྱིན་སྲེག་གིས་བགེགས་བཟློག་པ། །དེ་ཉིད་དུ་བདག་དང་བློ་ཞི་བའི་ཕྱིར་སྤྱིན་སྲེག་བྱས་ལ་དེར་ས་སྤྱང་བར་བྱ་སྟེ། འདོམ་གང་ཙམ་ལ་སོགས་པ་བརྐོས་ལ་སའི་རོ་ལྔ་བསལ་ཏེ། དེ་རིན་པོ་ཆེ་ལྔ་དང་ལྡན་པའི་བུམ་པ་བཅུག་ལ་སླར་སས་དགང་ངོ། །དེ་བཞིན་གཤེགས་པའི་རས་རིས་ལ་སོགས་པ་ཇི་ཙམ་འབྱོར་པ་ཡང་བྲིས་ལ་དཀྱིལ་འཁོར་ཉིས་འགྱུར་ལ་སྤོས་ཀྱིས་ཆག་ཆག་བཏབ་སྟེ། ལག་པ་ས་ལ་རེག་པར་བྱའོ། །རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་བདུན་བཟླས་པར་བྱའོ། །ས་བཟུང་བའི་རིམ་པའོ། །དེ་ནས་བདག་ཉིད་ཇི་སྙེད་པའི་རྒྱན་དང་ལྡན་པར་བྱས་ཏེ། བཀྲ་ཤིས་པའི་དུས་སུ་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ། །བདག་བསྲུང་བ་ནས་བགེགས་གཞོམ་པ་ལ་སོགས་པ་བྱ་བ་དང༌། དེ་ནས་རྟེན་སྤྲུལ་པ་ནས་ཚོགས་བསགས་པ་ནས། ཡེ་ཤེས་པར་གྱུར་པའི་བར་དུ་བྱས་ལ། དེར་གོང་གི་དང་འདྲ་བའི་ལྷ་མོ་སྟ་གོན་བྱས་ལ། དེ་ནས་སྤྲོ་བ་སྐྱེད་དེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་ནི་གསོན་པ་འབྲས་བུར་བཅས། ལྷ་དང་དམ་ཚིག་མཉམ་པ་རུ། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། མི་ལྡོག་པར་ནི་བདག་གྱུར་ཏེ། །འཇམ་པའི་དབྱངས་ཀྱི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །མཆོད་སྤྱིན་འདི་ནི་བླ་ན་མེད། །ཕྱོགས་བཅུའི་སངས་རྒྱས་སྤྱན་འདྲེན་པ། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ཕྱག་བྱས་སྤོས་ཐོགས་ལ། །ཀྱེ་དབང་ནི་ངེས་ཏེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་རྣམ་པར་བསྒོམས་ལ། ཡང་སྒོ་དབྱེ་བ་ལ་སོགས་པ་སྔོན་དུ་འགྲོ་བ་ནས་བདག་ཉིད་ཡེ་ཤེས་པའི་གནས་སུ་


DTG066_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་བར་དུ་བྱ་སྟེ། ཕྲེང་བའི་སྔགས་ཟློས་པ་ལ་སོགས་པའི་རྣལ་འབྱོར་པའི་སྒྲུབ་པའི་གྲོགས་ལྷའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར་འདུད་ཀྱིས་བསྟོད་དེ། དེ་ནས། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱི་བཀའ་བཞིན་དུ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། དེ་ནས་ལངས་ཏེ། ལྷ་རྣམས་ལ་ཕྱག་བྱས་ནས། བདག་ནི་རང་ཉིད་རལ་གྲི་ཅན། །དང་པོའི་སངས་རྒྱས་བདག་རང་ཉིད། །ང་ནི་སངས་རྒྱས་རྒྱལ་པོ་སྟེ། །སྟོབས་ཆེན་རལ་གྲི་ཅན་བདག་ཉིད། །དེ་ནས་མིག་དང་རྐང་པ་བྱིན་གྱིས་བརླབས་ཏེ། བསྒོམས་པའི་དཀྱིལ་འཁོར་སྟེང་དུ་བཏེག་ལ། བྱང་ཤར་མཚམས་ནས་བསྐོར་བ་བྱས་ཏེ། ཧཱུཾ་ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །གཞན་ཡང་ཚམ་རྔམ་གྱི་དབྱངས་བརྗོད་ལ། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་འཇམ་དཔལ་དཀྱིལ་འཁོར་ངས་འདྲི་ཡིས། །བགེགས་ཀྱི་རིགས་ཚོགས་གང་ཡིན་འབྱེར་བར་གྱིས། །ཅི་སྟེང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་ཅན་གྱི་རལ་གྲི་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་བྱེད་ཅིང༌། །རྣམ་པར་འཇིག་པར་འགྱུར་བར་གདོན་མི་ཟ། །དེང་ས་ཕྱོགས་ནམ་མཁའ་ལྟར་དྲི་མ་མེད་པ་འདི། །དེང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བས། སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་དགོད་པའི་ཕྱིར། འཇམ་དཔལ་གྱི་དཀྱིལ་འཁོར་འདྲི་ཡིས། ཧཱུཾ་ལྷ་ཀླུ་གནོད་སྤྱིན་དྲི་ཟ་དང༌། །འབྱུང་པོ་ཤ་ཟ་སྲིན་པོའི་ཚོགས། །འབྱུང་པོ་ཐམས་ཅད་སར་སོང་ཞིག །འཇམ་དཔལ་བཀའ་ཐོས་མྱུར་དུ་སོང༌། །གང་དག་མི་འགྲོ་དེ་ལ་ནི། །རལ་གྲི་དང་ནི་ཁ་ཊྭཱཾ་གས། །སྤྱི་བོ་ཚལ་བ་བརྒྱར་འགས་འགྱུར། །ལན་གསུམ་དུ་བརྗོད་དོ། །བསྐལ་པ་མེ་ལྟ་བུའི་འོག་ནས་བྱུང་ནས། གདུག་པ་ཅན་ཐམས་ཅད་བསྲེག་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་འདུག་སྟེ།


DTG066_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་ལྟ་བུའི་ཁྲོ་བོའི་འབྱིན་པས་གདུག་པ་ཅན་ཐམས་ཅད་བསྐྲད་པར་བྱའོ། །དེ་ནས་དག་པ་ཡོངས་སུ་བསྐོར་བའི་ཚུལ་གྱིས་ཤར་དུ་འགྲོ་བར་བྱའོ། །དེ་ནས་གཡོན་བརྐྱང་བས་བགེགས་བསྐྲད་དོ། །དེ་ནས་གནོད་སྤྱིན་གྱི་འགྲོས་ཀྱིས་ལྷོར་སོང་ལ། །གཡས་བརྐྱང་བས་བགེགས་བསྐྲད་དོ། །དེ་ནས་རྡོ་རྗེ་འགྲོས་ཀྱིས་ནུབ་ཏུ་སོང་ལ། ཟླུམ་པའི་སྟངས་སྟབས་བྱས་ལ་བགེགས་བསྐྲད་དོ། །དེ་ནས་བྱང་དུ་རྡོ་རྗེ་འགྲོས་ཀྱིས་སོང་བ་དེར་ས་གའི་འདུག་སྟངས་ཀྱིས་བགེགས་བསྐྲད་ལ། དེ་ནས་འགྱིང་འགྲོས་ཀྱིས་ཤར་དུ་འགྲོ་བར་བྱའོ། །ཡང་རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་གྱི་ལྟེ་བ་བསྐོར་ལ་ཕུར་བུའི་འགྲོས་བྱའོ། །དབུས་དེར་ཧཱུཾ་སྒྲ་རྒྱུན་མི་བཅད་དོ། །དེར་ཕྱེད་པས་འདུག་ལ་རྡོ་རྗེའི་ལྟ་བས་བགེགས་བསྣུན་ལ། བསྲེག་པ་བཅིང་བ་ཕྱོགས་དང་མཚམས་རབ་དྲ་བ་བྱས་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྗ་ར་ཎ་ཧཱུཾ། བཛྲ་ནེ་ཏྲི་བནྡྷ་སརྦ་བིགྷཾ། ཨོཾ་དྲྀ་ཌྷོ་མེ་བྷ་བ། རཀྵ་སརྦ་སྭཱ་ཧཱ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་དྲུཾ་བནྡྷ་ཧཱུཾ། ཨོཾ་བཛྲ་པཱ་ཤ་ཧྲི། ཨོཾ་བཛྲ་པཱ་ཏཾ་ཀེ་པཱ་ཏཾ་ཀེ་ནི་ར་ཊ། ཧྲི་བཛྲ་ཀ་ལི་རུ་ཊ་མ་ཊ། ཨོཾ་བཛྲ་ཤི་ཁ་རི་རུ་ཊ་མ་ཊ། ཧཱུཾ་བཛྲ་ཀརྨ་བཛྲ་བནྡྷ་བཾ། སརྦ་མཎྜལ་ཧཱུཾ་ཛ། གསང་བ་འདུག་ལ། མ་ཧཱ་ཙཀྲ་མཎྜ་སི་ཨ་ཏི་སི་ཏ་ཧཱུཾ་གིས་བྱིན་གྱིས་བརླབས་ལ། དེ་ནས་སེང་ལྡེང་ལས་བྱས་པའི་ཕུར་བུ་ལ། ཙནྡན་དམར་པོས་བྱུགས་ལ། སྲད་བུ་དམར་པོ་དང་མེ་ཏོག་དམར་པོས་བཅིངས་ལ་སྟོད་ཁྲོ་བོ་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིངས་སུ་འདུག་ལ་ཧཱུཾ་ལས་སྤྲིན་སྒྲ་ལ་སོགས་པ་བསྐྱེད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱཾ་བནྡྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱང་བཟླས་པས། གཡོན་པ་ཁུ་ཚུར་གྱིས་བཟུང་སྟེ། གཡས་པ་རྡོ་རྗེ་ཐོ་བས་དབུས་དང་གྲུ་བཞིར་བརྡུང་ངོ༌། །དྷ་མ་དྷ་མ། ད་མ་ད་མས་ན་ཙུནྡྷ་ཡ་ཙན་ཙུརྞ་ཡ་བཛྲ་ཨུཏྨ་ཀ་ར་ཧཱུཾ་ཕཊ། རྡོ་རྗེ་ཐོ་བ་ལན་བརྒྱ་རྩ་བརྒྱང་བཟླས་ལ་བརྡུང་བར་བྱའོ། །དེ་ནས་རྡོ་རྗེ་གོ་ཆ་བསྐོན། །རྡོ་རྗེའི་རྩེ་མོ་བཟླས་པའི་སྤོས་ཆུས་བྱུགས་ལ་གུར་གུམ་དང༌། ཨ་ཀ་རུ་དང༌། དུ་རུཥྐ་དང༌། ཙནྡན་དང་ག་པུར་དང་གླ་རྩི་ལ་སོགས་པའི་དྲི་རྣམས་ཀྱིས་སྔགས་གདབ་པའི་ལྷའི་གྲངས་དང་མཉམ་པའི་དྲིའི་ཐིག་ལེ་ཟླུམ་པོ་


DTG066_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་དེར་མེ་ཏོག་གི་ཚོམ་བུ་ལ་སྔགས་བཟླས་ཏེ་དམ་ཚིག་སེམས་དཔའ་བསྐྱེད་ལ། ནམ་མཁའི་དེ་བཞིན་གཤེགས་པ་རྣམས་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་པས་མཆོད་ལ། བསྟོད་པ་བྱས་གསོལ་བ་གདབ་སྟེ། ཧཱུཾ་བཅོམ་ལྡན་འཇམ་དཔལ་རྡོ་རྗེ་ནི། རིག་སྔགས་རྒྱལ་པོ་ཕྱག་འཚལ་བསྟོད། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི་བར་འདོད། །དེ་བས་བྱིན་བརླབས་མཛད་པར་གསོལ། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང་ལྷ་རྣམས་བ་སྟན་ལ་མངོན་དགའ་བ། །དཀྱིལ་འཁོར་བྱིན་རློབ་དངོས་གྲུབ་སྩོལ། །ཞེས་ལན་གསུམ་དུའོ། །དེ་ནས་དངུལ་ལམ་གསེར་གྱི་བུམ་པ་ལ་ཁ་དོག་དཀར་པོར་བསྒྱུར་ལ། ལྷའི་གྲངས་དང་མཉམ་པའམ། ཡང་ན་རྣམ་པར་རྒྱལ་བའི་བུམ་པའམ་ལས་ཐམས་ཅད་པའི་བུམ་པ་སྟེ། ལས་ཀྱི་བུམ་པ་ལ་སྣ་ཚོགས་རྡོ་རྗེ་བྲིའོ། །རྣམ་པར་རྒྱལ་བའི་བུམ་པ་ལ་ལྷ་ཀུན་གྱི་མཚན་མ་དང༌། གཙོ་བོའི་མཚན་མ་བྲིའོ། གཙོ་བོའི་བུམ་པར་སྨན་ལྔ་དང་འབྲུ་ལྔས་བཀང་ལ་མགུལ་ཆིངས་ཉིས་རིམ་དུ་བྱའོ། །མེ་ཏོག་གི་ཕྲེང་བ་དང་གདུགས་དཀར་པོ་རེ་རེས་གཡོགས་པར་བྱའོ། །ཡང་ན་བུམ་པ་བཅུ་དགོད་ཟེར་ཏེ་འཐད་དོ། །གཙོ་བོའི་བུམ་པར་གོང་གི་གསུམ་ལས་ལྷ་ཚང་བར་བསྐྱེད་ལ། དགུག་གཞུག་དང་མཆོད་བསྟོད་དང་བཟླས་པ་བྱའོ། །ལས་ཀྱི་བུམ་པར་རྡོ་རྗེ་གནོད་སྤྱིན་དུ་བསྐྱེད་པ་དང་གཞུག་པ་དང༌། མཆོད་བསྟོད་དང་བཟླས་པ་བྱའོ། །རྣམ་རྒྱལ་བུམ་པ་ནི་བཞུ་བར་བྱའོ། །ལས་བུམ་ནི་མི་བཞུའོ། །ཡང་ན་ཀུན་མི་བཞུ་ཟེར་ཏེ། དེ་ནས་བུམ་པ་རྣམས་གཙང་སར་སྦའོ། །བུམ་པ་ལྷག་པར་གནས་པའོ། །དེ་ནས་བར་ཆད་ཐམས་ཅད་ཞི་བ་དང༌། དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། གཞུང་བཞིན་དུ་སྤྱིན་སྲེག་བྱ། དེ་ནས་ཕྱི་རོལ་དུ་གཏོར་མ་བཏང་སྟེ། ལྷ་ལ་མཆོད་པ་སློབ་མ་སྟ་གོན་དུ་གཞུག་པ་བྱ་སྟེ། ཤར་ངོས་སུ་མཎྜལ་བྱས་པའི་རྩར་འདུག་སྟེ། བླ་མ་ལ་གསོལ་བ་གདབ་སྟེ། སྟོན་པ་ཁྱོད་ལ་བདག་དགའོ། །བྱང་ཆུབ་


DTG066_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཚུལ་བ་སྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་རིག་པ་དང༌། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་མཛོད། །དེ་ནས་བླ་མས། རྟོག་པ་རྣམས་ནི་ལེགས་པར་བསྡུས་པ་ཡིས། །ཤིན་ཏུ་བསམ་པ་བཟང་པོར་ལྡན་པས་ཉོན། །བརྗེད་ངས་བློ་ལ་འཇམ་པའི་དབྱངས་སོགས་རྣམས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །བག་མེད་བདག་གིས་མི་དགེ་བགྱིས་པ་དང༌། །བགྱིད་སྩལ་རྗེས་སུ་ཡི་རང་གང་ཡིན་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་ད་ལྟར་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེ་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་པ་དེ་ལས་གཞན་པ་ལ། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་པ། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་པདྨའི་རིགས་ཀྱི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། དམན་པས་འཇིགས་པ་རྣམས་ཀྱི་སྐྱབས་བྱེད་འཚལ། །སྲིད་པའི་སྦྱོར་བ་ཟིལ་གྱིས་མནན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱལ་ཐུགས་རྗེར་ལྡན་པ་ཡི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ལུས་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དག་ལས་རྒྱལ་འགྱུར་བ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་བདག་གིས་གཟུང་བར་བགྱི། །དེ་ནས་སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ། རྡོ་རྗེ་དང་འཁོར་ལོ་དང་པདྨ་དང༌། ཨོཾ་ཨཱཿཧཱུཾ་གིས་བསྐྱེད་དེ་གཞག་གོ །དེ་ནས་སྤོས་དང་མེ་ཏོག་ལ་སོགས་པ་རེ་རེ་བྱིན་ལ། དེ་ནས་བརྩམས་ཏེ་བདེ་བ་ཐམས་ཅད་ཉེ་བར་གནས་པར་གྱིས་ཤིག་ཅེས་བརྗོད་དོ། །ད་ནས་སོ་ཤིང་མེ་


DTG066_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་ཕྲེང་བས་བདུད་རྩི་འཁྱིལ་པའི་སྔགས་བཟླས་ཏེ་བྱིན་ལ། སློབ་མ་རང་གི་སོ་བྲུད་མཎྜལ་གྱི་སྟེང་དུ་བོར་ཏེ། ལྟས་ལྟ་བ་སོ་ཤིང་མདུན་དྲང་པོར་བོར་ལ། དེ་ཚེ་བདག་ལ་ལྟ་བ་དང༌། །རྩེ་མོ་གྱེན་དུ་འདྲེན་གྱུར་ན། །དེ་ཚེ་དངོས་གྲུབ་མཆོག་ཐོབ་འགྱུར། །དེ་ཚེ་ཤར་དུ་ཁ་བལྟས་ན། །དེ་ཚེ་དངོས་གྲུབ་འབྲི་ནག་དུ་འགྱུར། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་བོར་བ་རྒྱ་ཞིག་ལ། །ཐུར་དུ་བལྟས་ནས་ས་འོག་གོ །དེ་ནས་ཀུ་ཤ་ས་ར་པ་ལ་རྡོ་རྗེ་རྣོན་པོ་བཟླས་ཏེ། སྟན་དང་སྔས་སུ་སྤྱིན་ནོ། །དེ་ནས་སྲུང་སྐུད་ལ་སྔགས་ཀྱི་ཕྲེང་བ་དེའི་དཔུང་པ་གཡོན་པར་གདགས་སོ། །དེ་བརྟན་པའི་ཕྱིར་ཡང་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ཡང་བརྗོད་དོ། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གཟེངས་བསྟོད་ལ་བཞིན་བཟངས་རྣམས་ལོངས་ཤིག་དང༌། དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །ནང་པར་ཇི་ལྟ་བའི་རྨི་ལམ་ཟློས་ཤིག་བརྗོད་ལ་བཏང་ངོ༌། །དེ་ནས་ནང་པར་རྨི་ལམ་དྲི་བར་བྱའོ། །དེ་ནས་འཛེམ་པ་མེད་པར་བཟླས་ཏེ། རྨི་ལམ་སངས་རྒྱས་མཐོང་བ་དང༌། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང། །དེ་ལ་མཆོད་པ་རྩོམ་པ་དང༌། །དགེ་སློང་དག་དང་ཆོས་ཉན་རྣམས། །ཞེས་བྱ་བ་ལ་སོགས་པའི་རྨི་ལམ་བརྟགས་ལ་ངན་པར་གྱུར་ན་སྤྱིན་སྲེག་བྱ། དེ་ནས་དཀྱིལ་འཁོར་ཡང་དག་མཆོད་པ་བཟླས་པ་དང༌། བསྒོམ་པ་ལ་སོགས་པ་ཅི་ནུས་པར་མཆོད་བསྟོད་ལ་སོགས་པ་བྱས་ལ། དེ་ནས་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་སྟེང་དུ་བཏེག་ལ། དེ་བཞིན་གཤེགས་པ་དེ་རྣམས་དང༌། ཤེལ་ལྟ་བུའི་ཁང་པ་བརྩེགས་པའི་ནང་དུ་ཞུགས་པར་ཁ་སྤྱར་བྱས་ལ་གཞག་གོ །དེ་ནས་སློབ་མའི་གཙོ་བོ་དང་ལྷན་ཅིག་ཏུ་བསམ་གཏན་ལམ་ཉམ་པར་ཉལ་བར་བྱའོ། །དེ་ནས་བདག་ཉིད་སྐྱེ་རེངས་ཤར་བའི་དུས་སུ་ལྷའི་སྦྱོར་བ་བྱས་ལ། ཉི་མ་འཆར་ཀར་བདག་ཉིད་རྒྱན་ཐམས་ཅད་དང་ལྡན་པར་བྱས་ནས། དཀྱིལ་འཁོར་དྲིས་ཉེ་བར་བྱུགས་ཏེ། ཚོན་སྣ་ལྔའི་སྐུད་པ་སོ་སོར་བཀལ་ལ་རིམ་པས་བཞག་སྟེ།


DTG066_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨ་རང་གི་ས་བོན་རྣམས་ལ་མི་བསྐྱོད་པ་ལ་སོགས་པ། རང་གི་ཕྱོགས་ན་བཞུགས་པ་རྣམས་ཀྱི་གནས་སུ་བཏང་ལ། འབར་བའི་ལྕགས་ཀྱུས་དྲངས་ཏེ། ལག་པ་གཡས་པའི་སྲད་བུ་བཀལ་ལ། ཨ་ན་ལ་སོགས་པའི་སྔགས་ཀྱིས་བསྒྲིམས་ལ། ཙནྡན་ལ་སོགས་པ་བསྒོས་པའི་སྣོད་དུ་བཞག་ལ་མཆོད་དེ། བཟླས་པ་བྱས་ལ། དེ་ནས་རང་ཉིད་རྣམ་པར་སྣང་མཛད་དུ་གྱུར་པའི་སྙིང་ག་ནས། གྲོགས་པོ་རྡོ་རྗེ་འཛིན་ལ་ཛ་ཛ་ཞེས་པ་ཕྱུང་ལ། མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོའི་སྣང་བ་བསྐྱེད་ལ། ཛ་ཞེས་པས་སྒྲུབ་པའི་གྲོགས་ཀྱི་ལག་ཏུ་གཏད་ལ། གཡོན་ཁུ་ཚུར་གྱིས་སྲད་བུ་བཟུང་ལ་ཅི་བདེར་གདབ་པར་བྱ་སྟེ། དེ་ཡང་ཚངས་དང་ལོགས་དང་ཟུར་དང་ལོགས་ཐིག་རྣམས་ལ། དེ་བཞིན་ཕྱི་དང་ནང་གི་ཆ་ཆེན་པོ་ཉི་ཤུ་བརྒྱང་དུ་ནམ་མཁའ་ལ་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་ང་གྱེན་དུ་བཏབ་པའི་སྒྲས་དེ་བཞིན་གཤེགས་པ་རྣམས་བསྐུལ། ཡང་ན་ཆ་ཆེན་པོ་བཅུ་དྲུག་ཏུ་བྱ། དེ་ནས་ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པའི་སྐུད་པར་བྱིན་གྱིས་བརླབས་ལ། ས་ཐིག་གདབ་སྟེ། ཁ་ཅིག་ན་རེ་རྡོ་རྗེ་དབྱིངས་བཞིན་དུ་ཐིག་གདབ་བོ་ཞེས་ཟེར། ཁ་ཅིག་ན་རེ་ཆ་ཆེན་པོ་བརྒྱང་དུ་ཐིག་གདབ་བོ་ཞེས་ཟེར། འདིར་ནི་ངེས་པ་ཁོ་ནར་ཆ་ཆེན་པོ་ཉི་ཤུ་རྩ་བརྒྱང་དུ་གདབ་བོ་ཞེས་ཕྱི་ནང་དུ་ཕྱེ་སྟེ། འཁོར་ལོ་རིམ་པ་གསུམ་གྱིས་གདབ་བོ། །ཕྱི་དང་ནང་དུ་བཅས་པའི་སྒོ། །ཕྱི་འཇིག་རྟེན་པའི་སྒོ་རྐྱང་བ་བྱའོ། །རྡོ་རྗེ་ར་བ་དང་མེ་རི་ལ་སོགས་པའི་ཐིག་གདབ་བོ། །དེ་ནས་དཀྱིལ་འཁོར་ན་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ། ཚོན་སྣ་ལྔས་བཀང་ལ། ཐིག་བཞིན་དུ་བྱིན་གྱིས་བརླབས་ཏེ། ཨོཾ་ས་མ་ཡ་ཙི་ཏྲ་ཧཱུཾ། ཞེས་པ་འདིས་སྦ་བར་བྱའོ། །དེས་བྱང་ཤར་མཚམས་སུ་ཚོན་སྣ་རྣམས་མཛུབ་གང་བ་ལག་པ་གཡོན་པས་དྲངས་ཏེ། ཆོས་ཀྱི་དབྱིངས་དེ་དག་པས་ནི། །སེམས་ཅན་ཁམས་ནི་རང་གྲོལ་བྱས། །རྒྱས་པས་འཇམ་དབྱངས་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་ལ་ཕུར་བུས་གདབ་བོ། །དེ་ནས་དབུས་ནས་རིམ་པས་


DTG066_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཏེ། དེ་ཡི་རིམ་པ་འདི་ཡིན་ཏེ། །སྔོན་པོས་སེར་པོ་དམར་པོ་དང༌། །ལྗང་གུ་དཀར་པོ་རིམ་པས་དགྱེ། །དེ་ཡང་ཤར་དུ་སྔོ་ལ་ལྷོ་རུ་སེར། །ནུབ་ཏུ་དམར་པོ་བྱང་ནི་ལྗང༌། །དཀར་པོ་དབུས་སུ་ཤེས་པར་བྱ། །གསུངས་པས་ན་དེ་ལྟར་བྲིའོ། །དེ་ལྟར་བྲིས་ལ་མཚན་མ་དགོད་པ་ནི། སྐུའམ་གསུང་ངམ་ཐུགས་སུ་དགོད་པ་སྟེ། དབུས་སུ་དཔལ་རྣམ་པར་སྣང་མཛད་དོ། །འཁོར་ལོའི་ཕྱོགས་བཞིར་བདེ་བར་གཤེགས་པ་རིགས་བཞིའོ། །མཚམས་སུ་ཡུམ་བཞིའོ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་གྲྭ་བཞི་སྒོ་དང་བཅས་པའོ། །རྩིབས་བཅུ་དྲུག་ལ་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ །གྲྭ་ལ་ལྷ་མོ་བརྒྱང་དོ། །སྒོ་ལ་སྒོ་བ་བཞིའོ། །དེའི་ཕྱི་རོལ་དུ་འཇིག་རྟེན་པའི་ཡོན་ཏན་བརྗོད་པ་ལས་དགོད་པར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་བབ་པ་དང༌། ཡོ་བྱད་དང་དཀྱིལ་འཁོར་གྱི་རྒྱན་རྣམས་དགྲམ་པར་བྱ་སྟེ། མཆོད་པ་ལྔ་དང་རྒྱན་ཐམས་ཅད་དང༌། དེ་བཞིན་དུ་ཕུར་པ་དང་མདའ་དང༌། ཚོན་སྐུད་ཀྱི་དྲ་བ་དང༌། རལ་གྲི་ལ་སོགས་པ་དང་མེ་ལོང་ལ་སོགས་པས་དཀྱིལ་འཁོར་བརྒྱན་པ། མཚན་ཡང་དག་པར་བརྗོད་པའི་གླེགས་བམ་བཞི་ཡང་ཕྱོགས་བཞིར་གཞག་གོ །ཕྱོགས་མཚམས་སུ་སྤོས་སྣོད་བརྒྱང་ལ་སོགས་པས་བདུག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་རྒྱན་ཆ་ཟིན་ནས། དེ་ནས་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ཟློས་ཤིང༌། དཀྱིལ་འཁོར་དེ་དབང་ལྡན་ནས་བརྩམས་ཏེ་བསང་གཏོར་བྱའོ། །དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་སྔགས་བཟླས་སོ། །དེ་ནས་བདག་ཉིད་རྒྱན་གྱིས་བརྒྱན་པ་ཁྱམས་སུ་འདུག་སྟེ། དང་པོར་བདག་མེད་པ་ནས་སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ། གཙོ་བོའི་སྐུ་བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བྱས་ལ་རྒྱས་གདབ་སྟེ། དབང་བསྐུར་ལ་དཀྱིལ་འཁོར་དེ་སྔགས་དང་ཕྱག་རྒྱས་བླང་བ་ལ། སྐུ་དང་ཡིག་འབྲུ་ཕྱག་མཚན་གང་ཡིན་པའི་ཆོ་ག་གསུམ་གྱིས་བསྐྱེད་ལ། ཁ་སྤྱར་གྱི་སྦྱོར་བ་བསམས་ལ་ཕབ་སྟེ་གཉིས་སུ་མེད་པར་བྱའོ། །དེ་ནས་བདག་


DTG066_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དཀྱིལ་འཁོར་ལན་གསུམ་དུ་བསྐོར་ཞིང་ལྷག་པ་དང་མ་ཚང་བ་ཞི་བར་བྱ་བའི་ཕྱིར། རྗེ་བཙུན་གྱི་མཚན་ཡང་དག་པར་བརྗོད་པ་དང༌། སྔགས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱང་བཟླས་ལ་མེ་ཏོག་དབུལ་ལོ། །དེ་ནས་རྡོ་རྗེ་འཇིགས་བྱེད་དུ་བྱས་ལ་དབུས་སུ་འདུག་ནས་སྒོ་དབྱེ་འོ། །ཡང་ན་བར་འདིར་ལྷའི་རྣལ་འབྱོར་བྱས་ལ། བུམ་པ་དང་ཡོ་བྱད་རྣམས་ནང་དུ་གཞུག་གོ །བུམ་པ་རྣམས་ལ་བཟླས་པ་བྱས་ལ་གནས་སུ་གཞག་གོ །དེ་ནས་མཆོད་པ་བྱས་ལ་བདག་ཉིད་དབང་དང་དམ་ཚིག་ཅན་དུ་བྱ་བའི་ཕྱིར། རྗེ་བཙུན་གྱིས་མཆོད་པ་བྱས་པས་དབང་དང༌། དམ་ཚིག་དང་ལྡན་པར་བསམ་མོ། །དེ་ནས་མཆོད་པ་ལ་སོགས་པ་བྱིན་གྱིས་བརླབས་ལ། དེ་ནས་སྒོ་ཕྱེ་ལ་སངས་རྒྱས་རྣམས་སྤྱན་དྲངས་ལ། ནམ་མཁའ་ལ་བྱོན་པ་ལ་བགེགས་བསྐྲད་པ་ལ་སོགས་པ་བྱས་ལ་དགུག་གཞུག་བྱ་སྟེ། རྒྱས་གདབ་པ་དང་དབང་བསྐུར་བ་དང་མཆོད་ཡོན་ལ་སོགས་པ་ཕུལ་ལ། མཆོད་པ་ལྔ་དང་ཉི་ཤུ་ལ་སོགས་པས་མཆོད་ལ། རྗེ་བཙུན་གྱི་མཚན་བརྒྱ་རྩ་བརྒྱང་པས་བསྟོད་དོ། །རྗེ་བཙུན་གྱི་སྔགས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱང་བཟླས་པ་ལ། གསོལ་བ་བཏབ་ལ་དེ་ནས་འབྱུང་པོ་དང་ཆོས་སྐྱོང་རྣམས་ལ་གཞུང་ནས་འབྱུང་བ་བཞིན་དུ་གཏོར་མ་བྱིན་ལ། དེ་ནས་དཀྱིལ་འཁོར་གྱི་འགྲམ་དུ་སྤྱིན་སྲེག་རྒྱས་པར་བྱའོ། །དུས་འདི་རུ་ཕྱག་རྒྱ་དང་གླུ་ལ་སོགས་པ་བྱའོ། །དེ་ནས་ལྷ་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་འཇུག་པར་བགྱི། །དེ་ནས་གང་ཟག་གི་རིམ་པས་ཞུ་ཕུལ་ལ་བསླབ་པའི་གཞི་ལྔ་དང་ལྡན་པའི་སློབ་མ་གང་ཡང་རུང་བའི་རྒྱན་དང་ལྡན་པར་བྱ་སྟེ། ཡོལ་བའི་ཕྱི་རོལ་དུ་བླ་མ་ལ་གསོལ་བ་གདབ་བོ། །དགའ་ཆེན་ཁྱོད་བདག་སྟོན་ཕ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། བྱང་ཆུབ་སེམས་དཔའི་ཚུལ་བ་སྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་གསོལ། །དེ་ནས་སློབ་མ་ལ། རྡོ་རྗེ་བསྲུང་བ་བཟླས་པ་ཡིས། །སྟོད་གཡོགས་སྨད་གཡོགས་བསྐོན་བྱས་


DTG066_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྒོ་སྲུང་གི་སྔགས་བཟླས་ལ་གཡོགས་ཏེ། མེ་ཏོག་ཐོགས་ཏེ་ཕྱག་བཞི་འཚལ། །བཤགས་དང་རྗེས་སུ་ཡི་རང་དང༌། །བསྐུལ་བ་དང་ནི་གསོལ་བ་བྱ། །སློབ་དཔོན་འདོད་ན་འདི་སྐད་བརྗོད། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོ་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་འགྱུར། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་གསོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་མ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དབང་ཆེན་པོ་ནི་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དེ་ནས་བླ་མས་ལྷ་རྣམས་ལ། །ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་ཆེན་པོ་འདི་ཉིད་ནི། །དམ་ཚིག་མཆོག་དང་གསང་བ་ཡི། །དཀྱིལ་འཁོར་འདིར་ནི་འཇུག་པར་འཚལ། །ཡང་ནི་བླ་མས་འདི་སྐད་བརྗོད། །གསང་བ་ཆེན་པོའི་རིགས་པ་ཡི། །གསང་བ་ཡོངས་སུ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེ་ཡང་འཚལ་ཞེས་བརྗོད་པར་བྱ། །དེ་ནས་བླ་མས་འདི་སྐད་བརྗོད། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་ལ། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་རྡོ་རྗེ་ཆེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །


DTG066_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྤྱིན་པ་རྣམ་བཞི་རྟག་ཏུ་སྤྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱའོ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླས་པར་བྱ། །གལ་ཏེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་མི་སྤྱོད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་ཡང་དག་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བ་སྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང༌། །ཐེག་པ་དམན་པ་འདོད་མི་བྱ། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དག །མཚན་མ་བགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས། སློབ་དཔོན་འདིར་ནི་བདག་ལ་གསོལ། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་བདག་ནི་བགྱིད་པར་འཚལ། །དེ་ནས་སྡོམ་པ་གཟུང་བར་བརྗོད། །སྡོམ་པ་མི་འདོད་གང་ཟག་ལ། །འཇུག་པ་ཙམ་ཞིག་ནི་བྱའོ། །དབང་བསྐུར་བ་ནི་མི་བྱའོ། །བོ་དྷི་ཙིཏྟ་ཨུ་ཏྤཱ་ད་ཡ་མི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །


DTG066_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དང་པོའི་སངས་རྒྱས་བྱིན་གྱིས་རློབས། །མཆོད་པས་མཆོད་དེ་ཡོན་བླངས་ནས། །ལས་ཀྱི་བུམ་པས་དབང་བསྐུར་རོ། །སེམས་མས་བཅིངས་ཏེ་སྒོ་བཞིར་གཞུག །དེ་ནས་ཤར་སྒོར་འདུག་བྱས་ལ། །དུས་འདི་ཉིད་དུ་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ང་ཡི་རྡོ་རྗེ་ཡེ་ཤེས་སྤྱིན། །སངས་རྒྱས་རིགས་སུ་འགྲུབ་པར་གསུངས། །གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ནན་ཏན་སྨྲ་བར་བྱའོ། །སྙིང་གར་རྡོ་རྗེ་གཏུགས་ལ་སྨྲའོ། །དེ་ནས་རྡོ་རྗེ་མགོར་བཞག་ལ། །འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། །འགའ་ལ་སྨྲས་ན་གླང་པ་འགས། །ཙནྡན་གུར་གུམ་ལ་སོགས་པའི། །མནའ་ཆུ་བྱིན་ལ་འདི་སྐད་བརྗོད། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྲུབ། །འཐུང་ཞིག་རྡོ་རྗེའི་ཆུ་ལ་འཐུང༌། །ཨོཾ་བཛྲ་ཡ་ཐ་ཧཱུཾ། མནའ་བོར་རོ། །དེ་ནས་འདི་སྐད་སྨྲས་ཏེ། དུས་འདི་ཉིད་ནས་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་ཏེ། །ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་མ་མོས་མིན། །དེ་བཞིན་མོས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་མྱོས་པར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །དེ་ནས། ཡི་གེ་བརྒྱ་པ་མཉམ་གཞག་བ་སྟན་བྱས་ལ། བདག་ལུས་གང་ཡིན་སྣོད་ཀྱི་སྒོ་ཕྱེ་སྟེ། །སྙིང་ལ་གནས་པའི་རྡོ་རྗེའི་དབུས་སུ་བལྟ། །སྔགས་ཀྱི་བདག་པོ་ཡི་གེ་ཨ་གཟུགས་དམར། །བརྗོད་པས་ཡང་དག་པས་གཡོ་བ་ལྟ་བུའི། །སློབ་མའི་ལུས་འདི་སྒོ་ནས་དབྱེ་བར་བྱ། །ཞུགས་ནས་རྡོ་རྗེ་བྱམས་པའི་སྙིང་ལ་གནས། །མ་ལུས་ཀུན་ལ་ཀུན་དུ་གང་ནས་སུ། །རྐང་པ་གཡོན་པས་གཡས་པ་མནན་ནས་སུ། །སྔགས་པས་སློབ་མའི་རྐང་པ་དེ་ལ་དབབ། །ཀུན་དུ་དྲིལ་བུའི་སྒྲས་ནི་ཡང་དག་དཀྲོལ། །ལག་པ་པདྨ་འདབ་མའི་ཕྱག་རྒྱ་བཅའ། །མི་བསྐྱོད་རིན་ཆེན་ལ་སོགས་བདེ་གཤེགས་རྣམས། །རང་གི་ཕྱོགས་རྟོགས་ལས་བྱུང་འདི་ཕབ་པས། །ལེགས་


DTG066_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་གྱུར་བར་རང་ཉིད་ལུས་ལ་བལྟ། །གང་ཞིག་དེས་ཀྱང་བབས་པར་མ་གྱུར་ན། །ལག་པ་གཡས་པས་ཏིལ་གྱི་ས་བོན་གཞག །དབུས་སུ་ཡི་གེ་ཧཱུཾ་ཡང་རྣམ་བཀོད་དོ། །རྡོ་རྗེ་འོང་འབར་བར་ནི་རྣམ་པར་བསམ། །གཡོན་པའི་མཐེབ་མཛུབ་ཕྱག་རྒྱར་བཅས་པ་ཡི། །བསླང་བར་བྱས་ལ་སྡིག་པ་བསྲེག་པར་བྱ། །ལུས་ནི་ཐལ་བར་བྱས་པ་རྣམ་དག་པ། །བསོད་ནམས་ལུས་ལ་སྔགས་ཀྱིས་དགང༌། །ཡེ་ཤེས་དབབ་པ་ཉིད་དུ་བསམ། །རྫས་བཞིན་དབབ་པ་ཉིད་དུ་རབ་ཏུ་འགྱུར། །དེ་ནས་བབས་པར་གྱུར་པ་དང༌། །སྐུ་གསུང་ཐུགས་ཀྱི་རྟགས་གསུམ་འབྱུང༌། །གར་དང་གར་གྱི་ལན་དང་ནི། །གླུ་དང་གླུ་ལེན་ཡང་དག་བྱ། །བརྟན་པར་བྱས་ལ་འདི་སྐད་བརྗོད། །འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཙུད་ནས། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །འདི་ཡི་བསོད་ནམས་ཅི་འདྲ་བར། །དེ་བཞིན་དུ་ནི་འབབ་པར་འགྱུར། །འདིས་ནི་དངོས་གྲུབ་གང་གྲུབ་དང༌། །རིགས་རྣམས་གང་གི་སྣོད་གྱུར་དང༌། །བསོད་ནམས་མཐུ་ནི་གང་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར། །པྲ་ཏཱིཙྪ་བཛྲ་ཧོ། །ཕྲེང་བ་བོར་ཏེ་ལྟས་རྣམས་བལྟ། །གལ་ཏེ་བཅོམ་ལྡན་དབུ་ལ་བབས། །དབུ་ཡི་གཙུག་ཏོར་འགྲུབ་པར་འགྱུར། །ཞབས་ལ་བབས་ན་སྔགས་རྣམས་འགྲུབ། །སྟོང་དང་སྨད་དང་བར་དུ་བབས། །དངོས་གྲུབ་རབ་འབྲི་ནག་གསུམ་དུ་ཤེས། །ལྷ་ཡི་གཟུགས་ལས་རིང་དུ་གྱུར། །དེ་ལ་དངོས་གྲུབ་རིམ་པས་འགྲུབ། །མཆོད་པའི་འགྲམ་པ་ཚུན་ཆད་ནས། །དེ་ཡི་དེ་རིགས་དེ་ཡིན་ཏེ། །མེ་ཏོག་བཏང་སྟེ་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག་ཏུ། །བབས་ན་གང་དུ་ཉེ་བ་ཡིན། །གལ་ཏེ་དཀྱིལ་འཁོར་ལས་ཐལ་ན། །ལན་གསུམ་བར་དུ་བསྐྱར་དུ་གཞུག །དེ་ལས་རྒལ་ན་རེ་ཐག་ཆད། །དེ་ནས་ཕྲེང་བ་བླངས་ཏེ་འདི་སྐད་དོ། །སེམས་ནི་སྟོབས་ཆེན་འདི་ལོང་ཤིག །ཨོཾ་པྲ་ཏི་གྲྀ་ཧྞཱ་སྟྭཾ་མི་མཾ་ས་ཏྭ་མ་ཧཱ་བ་ལ། བརྗོད་ལ་མགོ་ལ་བཅིང་བར་བྱའོ། །དེ་ནས་མིག་གིས་ཅི་མཐོང་དྲི། །དཀར་པོ་མཆོག་ནི་དངོས་གྲུབ་ལ། །སེར་པོ་


DTG066_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འབྱུང་དངོས་གྲུབ་སྟེ། །དམར་པོ་ཐུགས་རྗེ་ཆགས་པའོ། །ནག་པོ་མངོན་སྤྱོད་ལས་སུ་བཤད། །སྣ་ཚོགས་དངོས་གྲུབ་ཐམས་ཅད་དོ། །གདོང་གཡོགས་བཀྲོལ་ཏེ། །རྡོ་རྗེ་ཆགས་པ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ། གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བ་སྟན། །ཤར་ཕྱོགས་སྒོ་ནས་ལྕགས་ཀྱུ་མའོ། །ལྷོ་ཕྱོགས་ནས་ཞགས་པ་སེར་པོ། །ནུབ་ཕྱོགས་ནས་ལྕགས་སྒྲོག་དམར་སྐྱའོ། །བྱང་སྒོ་ནས་དྲིལ་བུ་ལྗང་གུའོ། །ཤར་ཁྱམས་ནས་རིམ་པས། བྱམས་པ་དཀར་པོའོ། །འཇམ་དཔལ། སྦོས་ཀྱི་གླང་པོ། །ཡེ་ཤེས་ཏོག །ལྷོའི་ཁྱམས་ལ་རིམ་པས། ཟླ་འོད། བཟང་སྐྱོང༌། བློ་གྲོས་རྒྱ་མཚོ། །སྤོབས་པ་བརྩེགས་པ་བཞི་སྐུ་མདོག་སེར་པོ། །ནུབ་ཀྱི་ཁྱམས་ལ། མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་ཀུན་འཇོམས། དྲ་བ་ཅན་གྱི་འོད་སྐུ་མདོག་དམར་པོ། །བྱང་གི་ཁྱམས་ལ། ཟླ་འོད་གཞོན་ནུ། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་པ་ཀུན་སེལ་སྐུ་མདོག་ལྗང་གུའོ། །གྲྭ་ལ་ཤར་ལྷོར་བདུག་པ་མ་དཀར་མོ། །ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ། །ནུབ་བྱང་དུ་མར་མེ་མ་དམར་སྐྱ། བྱང་ཤར་དུ་བྱུག་པ་མ་ལྗང་གུ། ཤར་གྱི་འཁོར་ལོ་ལ་རིམ་པས། རྡོ་རྗེ་སེམས་དཔའ་དཀར་པོ། །རྒྱལ་པོ་སེར་བ། ཆགས་བ་དམར་བ། ལེགས་པ་ལྗང་གུའོ། །ལྷོའི་འཁོར་ལོ་ལ་རིམ་པས་རྡོ་རྗེ་རིན་ཆེན་སེར་བ། གཟི་བརྗིད་དམ་ར་བ། རྡོ་རྗེ་རྒྱལ་མཚན་སྔོ་བ། རྡོ་རྗེ་བཞད་པ་དཀར་པོ། །ནུབ་ཀྱི་འཁོར་ལོ་ལ་རྡོ་རྗེ་ཆོས་དཀར་དམར། རྡོ་རྗེ་རྣོན་པོ་སྔོ་བ། རྡོ་རྗེ་རྒྱུ་སེར་བ། རྡོ་རྗེ་སྨྲ་བ་དམར་བའོ། །བྱང་གི་འཁོར་ལོ་ལ་རྡོ་རྗེ་ལས་ཁྲ་བོ། །རྡོ་རྗེ་སྲུང་བ་སེར་བ། རྡོ་རྗེ་གནོད་སྤྱིན་ནག་པོ། །རྡོ་རྗེ་ཁུ་ཚུར་སེར་པོ། །གྲུ་ཆད་ལ། ཤར་ལྷོར་སྒེག་མོ་དཀར་མོ། །ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ། །ནུབ་བྱང་དུ་གླུ་མ་དཀར་དམར། བྱང་ཤར་གྲྭ་ལ་གར་མ་ལྗང་གུ། དེ་ནས་འཁོར་ལོའི་ཤར་དུ་མི་བསྐྱོད་པ་སྔོན་པོ། །རིན་ཆེན་འབྱུང་ལྡན་སེར་བ། སྣང་བ་མཐའ་ཡས་དམར་བ། དོན་ཡོད་གྲུབ་པ་ལྗང་གུའོ། །མཚམས་


DTG066_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་ལ། རྡོ་རྗེ་སེམས་མ་དཀར་བ། རིན་ཆེན་མ་སྔོ་བསངས་མ། ཆོས་མ་དམར་མོ། །ལས་མ་ལྗང་གུའོ། །དབུས་སུ་རྣམ་པར་སྣང་མཛད་དཀར་བ། དང་པོའི་སངས་རྒྱས་སྐུ་མདོག་སྣ་ཚོགས་པའོ། །ཡེ་ཤེས་སེམས་དཔའ་དཀར། དེ་ནི་དཀྱིལ་འཁོར་བ་སྟན་པའོ། །ཁ་ཅིག་འདིར་རྣམ་དག་གསུམ་སྟོན་ཏེ་མི་འཐད་དོ། །དེ་ནས་དབང་བསྐུར་ཏེ། སྒྲུབ་པ་དང༌། སློབ་དཔོན་ནོ། །དེ་ལ་གྲུབ་པ་ནི། དེ་ནས་ཤར་ངོས་ཟླ་བའི་དཀྱིལ་འཁོར་ལ། སློབ་མ་ཡི་དམ་དུ་བསྐྱེད་པ་ལ་བྱིན་གྱིས་བརླབས་ལ། ལས་ཀྱི་བུམ་པས་དབང་བསྐུར་ལ་མཆོད་པ་དང༌། བཀྲ་ཤིས་བརྗོད་ཅིང་གདུགས་དང་རྒྱལ་མཚན་ལ་སོགས་པས་མཆོད་ལ། བུམ་པའི་དབང་བསྐུར་ཏེ། ཨོཾ་ན་མོ་མཉྫུ་ཤྲཱི་བཛྲ་ཨ་བྷི་ཥིཉྩ། ཞེས་པས་དབང་བསྐུར་ཏེ། རིགས་ཀྱིས་དབུ་བརྒྱན་པར་བྱའོ། །དེ་ནས་དབུ་རྒྱན་སྟོང་ཉིད་སྔོན་དུ་འགྲོ་བས་ཡིག་འབྲུ་ལས་ལྷར་བསྐྱེད་ལ། དེ་བཞིན་བཅུག་ལ་སློབ་མའི་མགོ་ལ་བསྐོན་ལ། ཨོཾ་རཏྣ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ། ཞེས་པས་དབུ་རྒྱན་དར་དཔྱང་དང་བཅས་པས་དབང་བསྐུར་རོ། །དེ་ནས་རྡོ་རྗེ་སྟོང་པ་ཉིད་ལས་འོད་དཔག་མེད་དུ་བསྐྱེད་ལ་ཡེ་ཤེས་བཅུག་ལ། དེ་གྱུར་པ་ལས་རྡོ་རྗེར་གྱུར་ཏེ། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་ཏི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མཱི་ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་དྲིལ་བུ་ཡང་ཨ་མོ་ཀ་སི་བསྐྱེད་ལ། ཡེ་ཤེས་བཅུག་པས་དྲིལ་བུར་གྱུར་པ་དེ་བྱིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྦ་ནྣ་ཏྭཱ་ཏ། ཞེས་པས་བྱིན་ནོ། །དེ་ནས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ལ་མི་དབང་རྣམ་སྣང་ཆོས་ཀྱི་ངོ་བོ་སྤྱིན། ཨོཾ་ན་མ་ཨ་བྷི་ཥི་ཉྩ། ཞེས་པས་བྱིན་ཏེ། ལྷ་གང་ལ་བབས་པའི་མིང་སྤྱིན་ནོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་ལ། སྔགས་དང་ཕྱག་རྒྱའི་ཡེ་ཤེས་བླང་བ་དང༌། མཆོད་བ་དང་བརྟུལ་ཞུགས་ཀྱི་དབང་སྤྱིན་ལ། སློབ་མས་ཐལ་མོ་བསྐོར་ཏེ། བླ་མ་ལ་ཡོན་དབུལ་བ་ལ་སོགས་པ་བྱའོ། །རིག་པའི་དབང་བསྐུར་བའོ། །དེ་ནས་སློབ་དཔོན་དུ་འོས་པའི་སློབ་མས་ཡོན་ཕུལ་ལ། གསོལ་བ་གདབ་སྟེ། བདག་དང་གཞན་དོན་བྱེད་པ་


DTG066_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །སློབ་དཔོན་གྱི་ནི་དབང་བྱིན་པས། །ཐུགས་རྗེའི་བདག་པོས་གསོལ་ཏེ་ཞུའོ། །དེ་ནས་སློབ་མ་རྗེ་བཙུན་རྣམ་པར་སྣང་མཛད་བསྐྱེད་ལ། དབང་རྟགས་ཤར་ངོས་སུ་གྲུ་བཞི་པ་སྒོ་ནུབ་ཏུ་བལྟས་པ་ཚོན་སྣ་ལྔས་པདྨ་འདབ་མ་བརྒྱང་བྲིས་ལ། དེའི་སྟེང་དུ། སེང་གེ་བླ་རེ་དང་དར་དང་གདུགས། མེ་ཏོག་གི་ཕྲེང་བ་དང་རྒྱལ་མཚན་ལ་སོགས་རོལ་མོའི་ཆ་བྱེད་གླུ་གར་སོགས། དེ་ལྟར་བརྒྱན་པའི་སློབ་མ་རྣམས་ལ། རྣམ་རྒྱལ་བུམ་པ་ནས་བཟུང་སྟེ། སྒོའི་བར་དུ་དབང་བསྐུར་རོ། །འཇམ་དབྱངས་སྐུ་གཟུགས་ནས་བཟུང་སྟེ། ཨོཾ་མཉྫུ་ཤྲཱི་མ་ཧཱ་སུ་ཁ་བཛྲད་ས་ཏྭ་ཛཿ་ཧཱུཾ་བཾ་ཧོ།། སུ་ར་ཏེ་ས་མ་ཡ་སྟྭཾ། ཞེས་པས་སློབ་དཔོན་ཆེན་པོར་གྱུར། བཀྲ་ཤིས་བརྗོད་དེ། ཤེས་རབ་ཡན་ལག་འདུས་པའི་རལ་གྲི་ལས་བྱུང་བ། །བྱང་ཆུབ་སེམས་ཀྱི་འཇམ་དབྱངས་བྱང་ཆུབ་དེ་དབང་བསྐུར། །འཇམ་དབྱངས་ལྷ་ཚོགས་རྣམས་ཀྱིས་ལེགས་གསུང་གང་ཡིན་པ། །དེ་ནི་དབང་བསྐུར་མཆོག་ལ་དུས་ཀུན་བཀྲ་ཤིས་ཤོག །འགྲུབ་ན་ལྷ་ཀུན་ལ་སྤྱར་རོ། །བྱང་སེམས་རྡོ་རྗེ་ལ་སོགས་དཀྱིལ་འཁོར་ལ་འཇུག་ཅིང༌། །སྲིད་པའི་སྙིང་པོ་རྣམ་གྲོལ་སྒེག་མོ་ལ་སོགས་པ། །བདེ་བྱེད་རབ་མཆོག་ལེགས་པར་གླུ་བླངས་པ་ཡི་བཀྲ་ཤིས་གང༌། །དི་རིང་ཁྱོད་ཀྱི་དབང་མཆོག་འདི་ལ་བཀྲ་ཤིས་ཤོག །ཤིན་ཏུ་ཞི་བའི་མཛད་པ་ཕུལ་བྱུང་མ་ལུས་པས། །སེམས་ཅན་བདེ་གཤེགས་རྟོགས་འཛིན་དབང་བསྐུར་བ། །དཔག་མེད་ལྷའི་ཚོགས་ཀྱིས་ལེགས་གསུང་བཀྲ་ཤིས་གང༌། །དེ་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དཔལ་ལྡན་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རབ་མཆོག་ལ། །འཇིག་རྟེན་གསུམ་གྱི་རྒྱལ་མཆོག་དབང་བསྐུར་བ། །ལྷ་ཡི་ཚོགས་ཀྱིས་བཏུད་དེ་དབང་བསྐུར་གང༌། །དེ་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །འགྲོ་བ་སྣ་ཚོགས་འདུལ་ཕྱིར་ཕྱག་ན་པདྨ་བསྣམས། །རྫོགས་པའི་རིན་ཆེན་ཅོད་པན་བདུད་རྩིའི་ཆུས་དབང་བསྐུར། །པདྨའི་འདོད་ཆགས་ལེགས་གསུང་བཀྲ་ཤིས་གང༌། །དེ་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ནམ་མཁའི་སྙིང་པོ་ནོར་བུ་རིན་ཆེན་འབྱོར་པས་ཉམས་དགའ་བའི། །དོན་རྣམས་ཀུན་གྲུབ་བདེ་བྱིན་དབང་བསྐུར་


DTG066_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ། །དགེ་བ་ཕུན་སུམ་ཚོགས་མཛད་ལེགས་གསུང་བཀྲ་ཤིས་གང༌། །དེ་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེ་ནས་དབུ་རྒྱན་དང་རྡོ་རྗེ་དང་དྲིལ་བུ་དང་རྡོ་རྗེ་དབང་བསྐུར་བྱིན་ལ། མེ་ཏོག་ལ་སོགས་པས་མཆོད་དེ། དེ་ནས་དམ་ཚིག་ལ་སོགས་པའི་དངོས་གྲུབ་བྱིན་ཏེ། རྡོ་རྗེ་བྱིན་ལ་དེ་ཁོ་ན་ཉིད་བ་སྟན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཧོ་ལས་དྲིལ་བུར་བསྐྱེད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་འདོད། །རྟག་པར་ཁྱོད་ཀྱིས་གཟུང་བ་ཡིན། །རྒྱལ་བའི་བྱང་ཆུབ་མཆོག་རབ་ཀྱི། །སྲིད་པའི་ངོ་བོ་ཉིད་བདག་མཛོད། །ཕྱག་རྒྱ་ཆེན་པོས་གཞག་ལ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དེ་བས་དམ་ཚིག་སྲུང་བར་གྱིས། །འདོང་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བ་སྟེན་བྱ་བཞིན། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆེད་པར་བྱ། །སྐུ་ཡི་དམ་ཚིག་གོ །དེ་ནས་མཆོད་བ་རྣམས་ཀྱིས་མཆོད་ལ། གསང་བའི་དབང་བསྐུར་ཏེ། དཀྱིལ་འཁོར་དང་ལྷ་རྣམས་དང་སློབ་དཔོན་ལ་བརླབས་ཏེ། དཀྱིལ་འཁོར་ནི་མི་མཉམ་མད་པར་ཟུར་བཞི་སྟ། དྲན་དང་དབང་པོའི་སྒོ་བཞི་དང༌། །བསམ་གཏན་རྣམས་ནི་རྟ་བབས་བཞི། །ཏིང་འཛིན་ཁ་ཁྱེར་ཤེས་པར་བྱ། །ཁ་ཁྱེར་ལ་བརྟེན་རྡོ་རྗེའི་མཆོག །གཟུགས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་བཀྲམ་པ་ཡང༌། །བསམ་པ་ཐམས་ཅད་རྫོགས་བྱེད་པའི། །གདུལ་བྱ་བསྐྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང༌། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བར་ཡང་དག་བཤད། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་སོ། །དེ་ཡི་ནང་གི་དཀྱིལ་འཁོར་གྱི། །ཀ་བ་དཀྱིལ་འཁོར་དྲ་བ་ཡིན། །དངོས་གྲུབ་བདེ་བ་ཀུན་སྟེར་བ། །རྣམ་ཐར་བརྒྱང་པོ་དེ་ཉིད་ཡིན། །ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །འདི་དེས་འཁོར་ལོ་


DTG066_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་ནི། །རྡོ་རྗེའི་ཐིག་གིས་ཡོངས་བསྐོར་ཞིང༌། །ཆོས་ཀྱི་འཁོར་ལོ་བསྐོར་བས་ན། །འཁོར་ལོ་རྣམས་དང་ལྡན་པ་ཡིན། །གང་དུ་འཇུག་པ་ཙམ་གྱིས་ན། །མི་མཚུངས་པ་དང་མི་ལྡོག་བ། །བདེ་བ་ཆེན་པོ་རབ་སྒྲུབ་ཕྱིར། །དེ་དག་དང་པོར་ཡང་དག་འགྱུར། །དེ་ནས་ལྷའི་རྣམ་པར་དག་པ་ནི། རང་རིག་པའི་སྒྱུ་མ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལྷ་ལྔ་བཅུ་རྩ་གསུམ་ཡིན་ཏེ། དེ་ཡང་གཟུགས་དང་གཏི་མུག་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སྤྱིའི་ཆ་ནས་འཇམ་དཔལ་རྣམ་པར་སྣང་མཛད་དོ། །འདི་ལ་སྐུ་གསུམ་དུ་བརྩིའོ། །རྣམ་པར་ཤེས་པའི་ཕུང་པོ་དང༌། ཞེ་སྡང་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་བསྐྱོད་པའོ། །ཚོར་བའི་ཕུང་པོ་དང་སེར་སྣ་དག་པས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན་འབྱུང་ལྡན་ནོ། །ང་རྒྱལ་གྱི་སྒྲིབ་པ་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་དག་པ། སོ་སོར་རྟོག་པའི་ཡེ་ཤེས་ནི་སྣང་བ་མཐའ་ཡས་སོ། །སྒྲིབ་པ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། ཁྲོ་བ་དག་པ་བྱ་བ་ནན་ཏན་དོན་ཡོད་གྲུབ་པའོ། །དང་པོར་འཛིན་པ་ལ་སོགས་བཞི་བཀག་པའི་རྣམ་ཐར་བཞིའོ། །མི་བསྐྱོད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དེས། དགག་བྱ་ནང་དང་ཕྱི་དང༌། ཕྱི་དང་ནང་སྣོད་བཅུད་དུ་ཞེན་པ་བཀག་པའི་རིག་པའི་ཆ་མེ་ལོང་ལྟ་བུའི་མེ་ལོང༌། མེ་ལོང་ལྟ་བུའི་མཉམ་པ་ཉིད། །མེ་ལོང་ལྟ་བུའི་སོ་སོར་རྟོག་པ། །མེ་ལོང་ལྟ་བུའི་བྱ་བ་ནན་ཏན་ནོ། །ཤར་གྱི་འཁོར་ལོ་སེར་པོ་བཞིའོ། །དེ་བཞིན་སྟོང་པའི་ཆ་བཞི་བྱང་ཆུབ་སེམས་དཔའ་བཞིའོ། །དེས་འགྲེའོ། །དགག་བྱ་བཀག་པའི་རིམ་པའོ། །ཡེ་ཤེས་སེམས་དཔའ་ལ། སྟོང་པའི་ཆ་ནས་བྱང་ཆུབ་སེམས་དཔའོ། །སེར་སྣ་དག་པ་སྤྱིན་པ་སྟེ་སྒེག་མོའོ། །ཚུལ་ཁྲིམས་འཆལ་པ་སྤངས་བ་ཕྲེང་བ་མ། འཁོར་བ་སྤངས་པ་གླུ་མཁན་མ། །ཕྲག་དོག་སྤངས་པ་གར་མཁན་མ། །བརྣབ་སེམས་སྤངས་པ་མེ་ཏོག་མ། །ཤེས་རབ་འཆལ་བ་སྤངས་པ་བདུག་སྤོས་མ། །ལོག་པའི་སྨོན་ལམ་སྤངས་བ་མར་མེ་མ། །ཤེས་བྱའི་སྒྲིབ་པ་དང༌། ཕུང་པོའི་བདུད་སྤངས་པ་དད་པའི་སྟོབས་ལྕགས་ཀྱུ་མ། འདོད་


DTG066_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིབ་པ་དང༌། ཉོན་མོངས་པའི་འདུད་བཅོམ་པ་བཙོན་འགྲུས་ཀྱི་སྟོབས་སྒོ་བ་ཞགས་པ། ལས་ཀྱི་སྒྲིབ་པ་དང་འཆི་བདག་གི་བདུད་བཅོམ་པ་དྲན་པའི་སྟོབས་སྒོ་བ་ལྕགས་སྒྲོག་མ། སྐྱེ་བའི་སྒྲིབ་པ་དང༌། ལྷའི་བུའི་བདུད་སྤངས་པ་ཏིང་ངེ་འཛིན་གྱི་སྟོབས་སྒོ་བ་དྲིལ་བུའོ། །ལྷའི་རྣམ་པར་དག་པའོ། །དེ་ནས་སློབ་དཔོན་རྣམ་པར་དག་པ་རྣམས་ཀྱང་ཇི་ལྟར་བསླབ་པའོ། །གསང་བའི་དབང་བསྐུར་བའོ། །མཆོད་པ་གསེར་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་མཁས་པ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། མེ་ལོང་བླངས་ལ། ཆོས་ཀྱི་དབྱིངས་ཉིད་བ་སྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་དྲིལ་བུ་དཀྲོལ་ཏེ། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ། །ཨ་ཞེས་པས་དྲིལ་བུའི་སྙིང་པོ་སྤྱིན་ནོ། །དེ་ནས་ཏ་ཐཱ་མཉེས་པར་གྱིས་ཞེས་པ་དང་ཧོ་ཞེས་པས་གཞུ་བྱིན་ལ། ཕྱོགས་བཞི་སྟེང་འོག་ཏུ་འཕན་དུ་གཞུག་གོ །ཡང་མེ་ལོང་བ་སྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་གྱི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །མེ་ལོང་འཛིན་པ་ཨོཾ་མཉྩུ་ཤྲཱི་ཨ། རྐང་པའི་བར་དུ་འཁོར་ལོ་བཞག་ལ། ལག་པར་དུང་བྱིན་ལ། དེ་རིང་འཇིག་རྟེན་ཐམས་ཅད་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་སྐོར། །ཆོས་ཀྱི་དུང་ནི་བླང་མེད་པ། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་བར་ལ་གྱུར། །


DTG066_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བར་བྱེད། །འཁོར་ལོ་དང་པོ་འདི་བྱིན་ཡང༌། །འཇིག་རྟེན་ཀུན་ལ་ཁྱད་པར་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང་ཁྲོ་བོ་དང༌། པདྨ་དང་ནོར་བུའི་འཁོར་ལོ་བསྐོར་ཞེས་རྗེས་སུ་ངང་པ་བྱིན་ནོ། །དེ་ནས་གཟེངས་བསྟོད་ལ་ལུང་བ་སྟན་ཏེ། ཨོཾ་ང་ཡིས་ཁྱོད་ལ་ལུང་བ་སྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་རབ་སྒྲུབ་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །རྡོ་རྗེ་ཆེ་གེ་མོ་བྷུར་བྷུ་སྭ། ཞེས་པས་གཟེངས་བསྟོད་དེ། དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་ལ། གཡོན་པས་ཆོས་གོས་འཛིན་པ་ལྟར་བྱས་ལ་བརྗོད་དོ། །ངན་སོང་ཕྱིར་མི་ལྡོག་ཅེས་བྱའོ། །དེ་ནས་གསང་བའི་ཡེ་ཤེས་བསླབ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ཧ་ན་ཕཊ། དེ་ལྷའི་སངས་བྱིན་ལ། ཕྱག་རྒྱ་བཞི་ཡང་བསླབ་པར་བྱའོ། །དེན་ནས་ཁྱོད་སྐྱི་མི་མཁས་པའི་གང་ཟག་ལ་སངས་དང་ཕྱག་རྒྱ་མ་སྟོན་ཅིག་།དེ་ཡི་སྤྱད་ན་སོམ་ཉི་ཐོས། །གཉིས་ཀ་ངན་སོང་ཉིད་དུ་ལྷུང༌། །དེར་ཁས་བླངས་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བ་ཅང༌། །ལག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ། དེ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བ་ཅང༌། །བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུང༌། །དྲིལ་བུ་བྱིན་ནོ། །རྗེས་གནད་མཐར་ཐུག་སྤྱིན་ཏོ། སློབ་མ་རྒྱན་དང་ལྡན་པ་ལ། །སྤྱི་བོར་གདུགས་བཟུང་ཐལ་སྤྱར་ནས། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པས་བསྐོར་ཕྱོགས་སུ། །སྤྱི་བོས་བཏུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ནི་ཕུལ་བ་ལགས། །སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །མཁན་


DTG066_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བོས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་བུའི་སློབ་མ་དེ། །ལག་པས་བཟུང་སྟེ་འདི་སྐད་བསྒོ། །དཀྱིལ་འཁོར་སློབ་དཔོན་ཉིད་དུ་འགྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་ཀུན་ལ་སྙིང་རྗེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་ཕན་པའོ། །ཉམས་པ་ཆེ་བར་གྱུར་ཀྱང་ནི། །བུ་ཁྱོད་ཀྱིས་ཀྱང་མི་བྱའོ། །དེ་ནས་སློབ་མ་རེ་རེ་ཡི། །ལག་པ་བཟུང་ལ་སྤྱིན་སྲེག་བྱ། །དེ་ལྟར་བྱས་ལ་བདག་བསྲུང་སྟེ། །སྔགས་པས་ཡོན་བླད་སློབ་མ་དག་ལ་བྱིན། །སློབ་མས་བསྐོར་བ་ཕྱག་བྱས་བདག་ཉིད་དབུལ། །བླ་མས་མཆོད་ཅིང་ཡིད་ལ་གང་འཐད་དབུལ། །དངོས་གྲུབ་དམ་པ་འདོད་པ་ཡིས། །དེ་དང་དེ་ཀུན་བླ་མར་སྤྱིན། །དེས་ནི་བསོད་ནམས་ཚོགས་སུ་འགྱུར། །ཚོགས་ལས་དངོས་གྲུབ་ཆེན་པོ་འབྱུང༌། །དེ་ནས་བླ་མས་དཀྱིལ་འཁོར་གྱི་ལྷ་རྣམས་ལ། གསར་བའི་མཆོད་པས་མཆོད་དེ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཾ། བཛྲ་རཏྣ་མ་ནུདྟ་རཾ། བཛྲ་དྷརྨ་གཱི་ཏི་ནཾ། བཛྲ་ཀརྨ་ཀ་རོདྦྷ་ཝ། དྷཱུ་པེ་ལ་སོགས་པས་ཀྱང་མ་ཆོད་ལ། ཐམས་ཅད་ལ་ཅི་ནུས་པས་མཆོད་ཅེས་བསྒོ་ལ་བྱེད་དུ་གཞུག །དེ་ནས་བཟའ་བ་དང་བཏུང་བ་རྣམས་ཀྱིས། བདག་དང་གཞན་ཅི་དགའ་བས་མཆོད་ལ་ལོངས་སྤྱོད་དོ། །དེ་ནས་མནའ་བསྒགས་ལ་ཞུགས་པ་རྣམས་སླར་བཏང་དོ། །དེ་ནས་ལྷ་རྣམས་ལ་མཆོད་པ་དང༌། བསྟོད་པ་དང་གསོལ་བ་གདབ་པ་དང༌། བཟོད་པ་གསོལ་ལ། ཉི་མ་འཆར་ཀར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གྱེན་དུ་བཀྲོལ་ཏེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པར་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་སྩོལ། །མི་བསྐྱོད་པ་ལ་སོགས་པ་སྤྲུལ་པ་རྣམས་རང་ལ་ཛ། ཧཱུཾ་བཾ་ཧོཿ་ས་བསྡུས་ལ། དེ་ནས་སྙིང་གནས་འབྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རང་ལ་དབང་བསྐུར་བ། མཛུབ་མོ་གཉིས་


DTG066_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྲེང་བ་བཅིང་བ་དང༌། གོ་ཆ་བཅིང་བར་བྱ་སྟེ། ཨོཾ་བཛྲ་རཏན་ཨ་བྷི་ཥི་ཉྩ་སརྦ་མུ་ཏྲ་མེ་ཏི་ཀུ་རུ་བ་ར་ཀ་ར་བརྩེན་བཾ། གོ་ཆའི་མཐར་ཕྲེང་བ་བཅིང་ལ་བཀྲོལ། ཐལ་མོ་སྤྱར་ཏེ། མཉམ་པའི་ཐལ་མོ་དང༌། ཨོཾ་བཛྲ་ཏུ་ཥྱ་ཧོཿ། ཞེས་བ་དང༌། ཡི་གེ་བརྒྱ་བ་བརྗོད་ལ་དེ་དགའ་བས་ལེགས་པ་སྤྱིན་ནོ། །དེ་ནས། ཨོཾ་བཛྲ་ཀཱི་ལི་ཀི་ལཱ་ཡ་སརྦ་བིགྷྣཱཾ་བཛྲ་དྷ་རཱ་ཎ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་ཕུར་བུ་བཏོན་ལ་འོ་མས་བཀྲུའོ། །ཨོཾ་ཨ་ཀཱ་རོ་མུ་ཁམ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣཏྭཱ་ཏ། ཞེས་བས་ཚོན་རྩི་རྣམས་བསྡུས་ལ། གར་དང་སིལ་སྙན་ལྡན་བྱས་ལ། །ཆུ་ཀླུང་ཆེན་པོའམ་རྒྱ་མཚོར་བྱ། །སྡིག་པས་མི་གོས་ཡ་ག་མེད། །དཀྱིལ་འཁོར་བ་ཡི་ལྕི་བས་བྱུག །བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགའ་བར་ནི་སྤྱད་པར་བྱ། །ཁྱི་དང་བྱ་རོག་ལ་སོགས་པར། །ཅུང་ཟད་ཙམ་ཡང་མི་སྤྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་ཉིད་ཀྱིས་བསྒྲུབ་ནས་སུ། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོ་མི་བྱ། །རྒྱུད་རྣམས་ཀུན་ལས་དེ་སྐད་གསུངས། །སློབ་མས་སྤྱད་ན་དམ་ཚིག་ཉམས། །གང་ཞིག་སྤྱད་བར་མི་འདོད་ན། །དེ་ཡི་ཆོ་གའི་གོ་རིམས་ནི། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །ཆོ་ག་བཞིན་དུ་དབུལ་བར་བྱ། །གདུགས་དང་རྔ་ཡབ་སིལ་སྙན་སྩོགས། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །གདན་དང་བདུག་སྤོས་ལ་སོགས་པ། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྒོ་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལ་ནི་སློབ་མ་ཡིས། །ཙུང་ཟད་ཙམ་ཡང་མི་སྐྱེར་རོ། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་སློང་དགེ་བསྙེན་རྣམས་ལ་སྤྱིན། །དེ་ནས་དེ་ཡི་ཕྱི་དེ་ཉིན། །ཉེས་བྱས་ལྷག་ཆད་ཞི་བྱའི་ཕྱིར། །བྱམས་པ་ཆེན་པོ་བསྒོམ་པར་བྱ། །སློབ་མས་མ་དག་ཞི་བྱའི་ཕྱིར། །སྤྱན་ལ་སོགས་པའི་སྤྱིན་སྲེག་བྱ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱམས་པ་ཆེན་པོ་བསྒོམ་པར་བྱ། །དང་པ་མེད་དང་སྨན་ལ་འཇུག་པ་དང༌། །འདོད་ལ་ཆགས་དང་འཁོར་བའི་དབང་ཕྱུག་དང༌། །གཡོ་སྒྱུ་ཅན་དང་སེར་སྣ་འཇུར་གེགས་ཅན། །རྩེ་གཉིས་བློ་ཞན་རྟོག་པ་


DTG066_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །རང་གི་བུ་ཉིད་ཡིན་ཡང་དེ་ལ་ནི། །སྒྲུབ་པའི་ཆོ་ག་འདི་ནི་སྤྱིན་མི་བྱ། །མཚན་གྱི་ཡང་དག་བརྗོད་པ་རྒྱ་མཚོ་ལྟ་བུའི་དོན། །བདག་འདྲའི་བློ་ཡིས་དཔག་པར་མི་ནུས་ཀྱང༌། །བླ་མའི་མན་ངག་རིམ་པའི་བསྲུབ་ཤིང་གིས། །ཆོ་གའི་རིམ་པ་བདུད་རྩི་འདི་བརྩམས་པས། །འདི་ལ་དགེ་བ་ཅི་ཐོབ་དེས། །འཁོར་བའི་འདམ་ན་བྱིང་བ་ཡི། །སེམས་ཅན་རྣམས་དང་འདིར་བཞུགས་པ། །སྐུ་གསུམ་སྐུ་ལྔ་ལྷུན་གྲུབ་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་བཎྜི་ཏ་ཤཱནྟ་གརྦྷས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག། ཤཱནྟ་གརྦྷ།next