Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ།  དད་པའི་འབྱུང་གནས་གོ་ཆ།
   
   
   
   
   
   
   
   
   
   
   
   
   
   
   


 
previousརབ་གནས་ཀྱི་ཆོ་ག་མདོར་བསྡུས་པ། དད་པའི་འབྱུང་གནས་གོ་ཆ།next

རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ།
དད་པའི་འབྱུང་གནས་གོ་ཆ།


DTG068_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་སཾ་ཀྵིཔྟ། བོད་སྐད་དུ། རབ་གནས་ཀྱི་ཆོ་ག་མདོར་བསྡུས་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཆེན་པོའི་ཡོན་ཏན་ནི། །རིན་ཆེན་འོད་ཀྱིས་བརྒྱན་པ་ལ། །བཏུད་ནས་རབ་གནས་ཆོ་ག་ནི། །ལྷག་པར་འདིར་བསྡུས་བརྗོད་པར་བྱ། །བདེ་གཤེགས་རྟོགས་མེད་གོ་འཕང༌། བརྙེས། །དྲི་མེད་མཁའ་འདྲའི་སྐུ་མངའ་ཞིང༌། །བརྗོད་དུ་མེད་པ་དེ་དག་ལ། །རབ་གནས་འཐད་པ་མ་ཡིན་ཏེ། །དེ་དག་སྐུ་ནི་ཀུན་རྫོགས་པ། །བརྩེ་བཟང་རོ་ལས་བྱུང་བ་ལྟར། །དེ་ལ་བརྟེན་ནས་དགེ་བ་ནི། །མཐའ་ཡས་སྟེར་ཏེ་འཐད་པའང་མིན། །རྣལ་འབྱོར་དེ་ཉིད་ཤེས་སྐྱོན་བཅོམ། །བརྩེ་བའི་རང་བཞིན་རིགས་སུ་སྐྱེས། །མདངས་ལྡན་བསྒོམ་པ་ཤེས་རབ་ཅན། །ཀུན་ལ་མཁས་ཤིང་དད་པ་ཡིས། །ཆུ་ཀླུང་ཆུ་དག་བཏབ་པ་ཡིས། །སེམས་སྦྱངས་མཆོག་ནི་སློབ་དཔོན་ཡིན། །བདག་ཀུན་སློབ་དཔོན་ལ་ཕུལ་བ། །སློབ་མ་དེ་ནི་ལེགས་རྣམས་བཞི། །སྐུ་གཟུགས་དང་ནི་མཆོད་རྟེན་དང༌། །དམ་ཆོས་གཙུག་ལག་ཁང་ལེགས་བཞེས། །ཉེ་བར་འཚེ་ཀུན་སེལ་བ་རྣམས། །འདིར་ནི་བླ་མས་རབ་གནས་བྱ། །གང་ཞིག་འཇིམ་པ་རྔོ་དངུལ་དང༌། །ར་གན་གསེར་དང་ཤིང་བཟངས་ལས། །རྒྱལ་བ་རྒྱལ་བའི་ངང་ཚུལ་མངའ་བའི་སྐུ་གཟུགས་བྱེད་པ་དེ། །ཡུན་རིང་དུས་སུ་ས་བདག་བདེ་ལོངས་སྤྱད་ནས་ཐ་མར་ནི། །སྐྱོབ་པའི་གོ་འཕང་མཆོག་ལ་རབ་ཏུ་འཇུག་པར་འགྱུར། །གང་ན་སྐུ་གཟུགས་བཞེངས་ཟིན་ཅིང༌། །ཡུན་རིངས་མ་མཆོད་བཞུགས་བདེར། །མི་ཤིས་པ་ནི་འབྱུང་བར་འགྱུར། །བླ་མས་ཐོག་མར་ཆ་རྐྱེན་ཀུན། །ཇི་ལྟར་རྙེད་བཞིན་རབ་བཟུང་ནས། །གོས་རྒྱན་བདུག་པ་ལ་སོགས་པས། །རྣམ་བཀྲ་མཆོད་པའི་ཁང་པར་ནི། །


DTG068_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བཟང་པོ་ལ་ཆོ་ག་བཞིན། །དཀྱིལ་འཁོར་དག་ལ་བྲི་བར་བྱ། །བགེགས་བསལ་ནས་ནི་དེར་སྔགས་ཀྱིས། །མགུལ་རྒྱན་རིན་ཆེན་ཤིང་ཏོག་ལ། །སོགས་དང་ཁ་བརྒྱན་མེ་ཏོག་གིས། །མཚན་བའི་བུམ་པ་ལྷག་གནས་བྱ། །སྐུ་གཟུགས་ལ་སོགས་པ་དག་ལ། །བསང་གཏོར་དང་མེ་ཏོག་ལ་སོགས་པ་མཆོད་པ་ལྔ་ལ་སོགས་པ་དབུལ་བར་བྱའོ། །ཕྱི་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་སློབ་དཔོན་གྱིས། དེ་བཞིན་གཤེགས་པ་ནམ་མཁའ་ལ་བཞུགས་པ་རྣམས་ལ་མཆོད་པ་རྣམ་ལ་ལྔས་ཡང་དག་པར་མཆོད་ལ། སྤོས་སྣོད་ཐོགས་ཏེ་ཚིགས་སུ་བཅད་པ་འདི་དག་གིས་གསོལ་བ་གདབ་པར་བྱའོ། །སྐུ་གཟུགས་སྔོན་དུ་ཕྱོགས་བྱས་ཏེ། །རྡོ་རྗེ་དྲིལ་བཟང་ལེགས་བཟུང་ཞིང༌། །ལུས་བསྒོམས་གྱུར་པས་གུས་པར་ནི། །སྙན་གསན་དབབ་པའི་ཚིགས་བཅད་གདོན། །བཅོམ་ལྡན་ཆེ་གེ་རྡོ་རྗེ་བཟང༌། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱོད་ལ་མཆོད་པ་བགྱིད་སླད་དུ། །བདག་ནི་རབ་གནས་བགྱིད་པར་འཚལ། །དེ་ཕྱིར་གུས་པས་བདག་ལ་ནི། །བཅོམ་ལྡན་བཀའ་དྲིན་མཛད་པར་འོས། །འཇིག་རྟེན་མགོན་པོ་ཐུགས་རྗེ་ཅན། །སངས་རྒྱས་དགྲ་བཅོམ་བྱང་ཆུབ་སེམས། །གསང་སྔགས་ལྷ་གཞན་གང་དག་དང༌། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང༌། །འབྱུང་པོ་གང་དག་རྫུ་འཕྲུལ་ཆེ། །བསྟན་ལ་མངོན་པར་དགའ་བ་རྣམས། །གང་དག་ལ་ལ་ལྷ་མིག་དང༌། །ལྡན་པ་ཐམས་ཅད་བདག་ལ་དགོངས། །རྡོ་རྗེ་ཅན་དག་ཆེ་གེ་མོ། །ཅི་ནུས་པར་ནི་མཆོད་པ་ཡིས། །རིག་བའི་རྒྱལ་བོའི་དཀྱིལ་འཁོར་དུ། །རབ་ཏུ་གནས་པ་བགྱིད་པ་ལགས། །དེ་ཕྱིར་ཐམས་ཅད་སློབ་མ་དང༌། །བཅས་པ་བདག་ལ་བརྩེར་དགོངས་ཏེ། །རབ་ཏུ་གནས་པ་འདི་ལ་ནི། །ཉེ་བ་ཉིད་དུ་མཛད་པའི་རིགས། །ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ། རྫོགས་སངས་རྒྱས་ཀུན་དགའ་ལྡན་དང༌། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ན་ནི། །ཇི་ལྟར་རབ་ཏུ་ཞུགས་དེ་བཞིན། །སྐུ་གཟུགས་འདི་ལ་བཞུགས་སུ་གསོལ།། ཆེ་གེ་མོ་ཡི་དོན་དང་ནི། །བྱང་ཆུབ་སེམས་རབ་བསྐྱེད་སླད་དུ། །མགོན་པོ་རྟག་ཏུ་འདིར་བཞུགས་ནས། །མེ་ཏོག་ལ་སོགས་འདི་རྣམས་བཞེས། །ཞེས་ལན་གསུམ་བརྗོད་ལ། གུས་པས་སྙན་གསན་གདབ་པར་བྱའོ།། །།སློབ་དཔོན་གཉིས་སུ་མེད་པ་ཡི། །སྦྱོར་བ་དང་ལྡན་མཁས་པ་ཡིས། །སློབ་


DTG068_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསོ་སྦྱོང་བཅས་པ་ལ། །སྐུ་ཁྲུས་གསོལ་བྱ་བགེགས་གཞིལ་དང༌། །ས་བོན་ཟླ་བ་མཚན་ལ་སོགས། །བསྒོམ་དང་ཡེ་ཤེས་སེམས་སྐུ་གཟུགས། །དགོད་དང་ན་བཟའ་སེར་པོ་ཡིས། །གཡོགས་དང་གཏོར་མའི་ལས་རྒྱས་པ། །བྱས་ཏེ་དེ་ནས་བརྗོད་པར་བྱ། །ཡི་གེ་བརྒྱ་བ་ལན་གསུམ་གདོན། །ཨོཾ་ཧཱུཾ་ཧྲཱི་ཞེས་བྱ་སྔགས་ཀྱིས། །གཙུག་ལག་ཁང་ནི་ལྷག་གནས་བྱ། །ཡི་གེ་བྷྲཱུཾ་གྱིས་རྣམ་སྣང་ལས་བྱུང་བའི། །མཆོད་རྟེན་དམ་ཆོས་གླེགས་བམ་རྒྱལ་ཡུམ་མ་མ། །དེ་བཞིན་རྡོ་རྗེ་སེམས་དཔའ་རྣམས་བསམས་ནས། །ལེགས་པར་གནས་པ་བདག་ནི་འདྲ་བར་བྱ། །རྨི་ལམ་དག་དང་མཆོད་ཡང། །གུས་པས་སློབ་མ་བྱེད་དུ་གཞུག །ཇི་སྐད་བཤད་པའི་སོ་ཤིང་ནི། །ལན་བདུན་སྔགས་པ་སྦྱིན་པར་བྱ། །ཨོཾ་སརྦ་བཱ་པཾ་ད་ཧ་ན་བཛྲ་ཡ་ཨ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱ་བས་སོ། །ཨོཾ་བཛྲ་ཧཱུཾ་ཞེས་བའི་སྔགས་ཀྱིས་དེ་ལ་ཆུ་ཁྱོར་བ་གསུམ་ཡང་སྦྱིན་ནོ། །ལག་གཡོན་སྲད་བུ་དང་བཅས་ཤིང༌། །དག་པའི་མལ་ལ་གནས་བྱས་ཏེ། །དེ་ལ་བླ་མས་རྨི་ལམ་གྱི། །མཚན་མ་རྣམས་ནི་བསྟན་པར་བྱ། །ལྷག་པར་གནས་པའོ།། །།དེ་ནས་རབ་གནས་ཉིན་པར་རྣལ་འབྱོར་ཅན། །རྒྱུན་དུ་བྱས་པའི་ལས་ནི་ཡང་དག་བསྒྲུབ། །མཆོད་ཕྱིར་ཐོགས་དང་ལྡན་ཞིང་དར་དཔྱངས་བཅིངས། །ལག་པ་གཡས་པ་གསེར་གྱི་སོར་གདུབ་མཚན། །ལེགས་པར་ཁྲུས་བྱས་ལུས་དྲི་ཞིམ། །གཙང་མར་གྱུར་པའི་བགོ་བ་བགོས། །བྱམས་དང་སྙིང་རྗེ་རྗེས་སུ་འབྲེལ། །རྟག་སྔགས་བསམ་གཏན་ལྷུར་ལེན་དེས། །མཆོད་ཁང་ཕྱོགས་ནི་རྒྱས་པ་ཡིས། །མཛེས་པར་ཡིད་དུ་འོང་བ་ཡི། །སྟན་ལ་འདུག་སྟེ་བསྲུང་བ་ཡི། །འཁོར་ལོས་ཕྱོགས་སོགས་བགེགས་མེད་བྱ། །བུམ་པ་རྣམས་ནི་བྱིན་བརླབས་དང༌། །དཀྱིལ་འཁོར་མན་ངག་བསྒོམས་པ་དང༌། །མཆོད་པ་བྱས་ནས་སྔགས་རྣམས་ཀྱི། །མདའ་སོགས་མཛེས་པར་དགོད་པར་བྱ། །ཨོཾ་བཛྲ་ཡཀྵ་ཧཱུཾ། ཚོན་སྣ་ལྔ་པའི་སྐུད་པ་ཡིས། །ཡོངས་སུ་དཀྲི་བར་ཡང་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ། ཞེས་བྱའོ། །བགེགས་ཞི་བྱས་ནས་ན་བཟའ་སེར། །གསལ་བྱེད་དེ་ནས་མཁས་པ་ཡིས། །ཆོ་ག་བཞིན་དུ་སྐུ་ཁྲུས་གསོལ། །གང་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།


DTG068_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོས་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་དང་ལྡན་པའི་སྐུ་ཁྲུས་འདི་དབུལ་བར་བགྱིའོ། །དེ་བཞིན་དུ་གང་བཅོམ་ལྡན་འདས་ཞེས་བྱ་བས་ཀྱང་ངོ། །ཡོན་ཏན་དམ་པ་སྐུ་མངའ་ཞིང༌། །ལྷ་དང་མི་ཡིས་མཆོད་འོས་པ། །སྐུ་བྱད་ལྟ་བས་མི་ཆོག་ལ། །བདག་གིས་སྐུ་ཁྲུས་གསོལ་བར་བགྱི། །མཆོད་རྟེན་རིན་ཆེན་ཆོས་སྐུའི་བདག །ཡོན་ཏན་དམ་པའི་གཟུགས་བརྙན་ནི། །བདག་གིས་དང་པས་སྐུ་ཁྲུས་གསོལ། །བུད་མེད་གཟུགས་ཀྱིས་འདུལ་རྣམས་ལ། །ཐུགས་རྗེས་རྒྱལ་བའི་སྐུ་གཟུགས་པ། །ལྷ་ཡི་རྣམ་པ་དེ་ལ་ནི། །བདག་གིས་སྐུ་ཁྲུས་གསོལ་བར་བགྱི། །སློབ་པའི་དགེ་འདུན་རྣམས་ཀྱི་གནས། །སངས་རྒྱས་རྣམས་ཀྱི་སྐུ་གཟུགས་བཞི། །གཙུག་ལག་ཁང་འདི་བདག་གིས་ནི། །དད་པས་ཁྲུས་འདི་དབུལ་བར་བགྱི། །བདག་གིས་རབ་ཏུ་གནས་པར་བགྱི། །ཞེས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གང་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱང་བཟང་པོ་བརྒྱད་ཅུས་སྐུ་མཛེས་པ། ལྟ་བས་ཆོག་མི་ཤེས་པ། མི་མཐུན་པ་མེད་པ། སྐུའི་གཟུགས་མཐར་ཕྱིན་པ། འགྲོ་བ་མཐའ་དག་གི་གཉེན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རབ་ཏུ་གནས་པར་བགྱིའོ། །ཐུགས་རྗེ་ཆེ་ཞིང་ཞི་བ་སྟེ། །དུལ་ཞིང་བསམ་གཏན་གོ་འཕང་གནས། །ཐུགས་ཀར་གནས་པའི་གསང་སྔགས་ནི། །ཐུགས་སུ་ཆུད་ཕྱིར་སངས་རྒྱས་ཞེས། །དེ་ཡི་མཚན་ཅན་དེ་ལྟར་འགྱུར། །དེ་བཞིན་གཤེགས་པ་སངས་རྒྱས་ནི། །སྐུ་གཟུགས་འདི་ལ་སྤྱན་དྲང་བགྱི། །ཞེས་བྱ་འདི་ཡིས་རྒྱལ་བའི་སྐུ། །ཤིན་ཏུ་འོད་གསལ་བཀུག་བྱས་ཏེ། །སྐུ་གཟུགས་ལ་ནི་བཞུགས་པར་བྱ། །དེ་བཞིན་དུ། ན་མོ་བྷ་ག་བ་ཏེ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་བྱ་བ་དང༌། ཚིགས་སུ་བཅད་པ་གི་ཝང་གིས་བྲིས་ཏེ། དེ་བཞིན་བསོད་ནམས་མཐའ་ཡས་གདུང་བཀྲུས་ནས། །གདན་ཁྲི་ལ་སོགས་ནང་དུ་གཞུག་བྱས་ལ། སྔགས་ཀྱི་རྡོ་རྗེའི་ཞལ་མང་བྱའོ། །དེ་ལ་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་


DTG068_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེཥཱ་ཉྩ་ཡོ་ནི་རོ་དྷ། ཨེ་བཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ། ཞེས་བྱའོ། །གཞན་ལ་རང་རང་སྙིང་པོ་ནི། །ཡང་དག་བྲིས་ཏེ་གཞུག་པར་བྱ། །སྔགས་གཞུག་པ་དང་རྡོ་རྗེ་ཞལ་གྱི་སྔགས་ནི། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བྱ་བ་དང༌། ཨོཾ་བཛྲ་དྷཱ་ཏུ་གརྦྷ་ཡ་སྭཱ་ཧཱ། ཞེས་བྱའོ། །རོལ་ཆ་རྣམ་པ་སྣ་ཚོགས་དཀྲོལ་བས་རྒྱས་པའི་གླུ་རྒྱུན་གྱིས། གསལ་བར་སྙིང་རྒྱས་སིམ་པས་བུད་མེད་རྣམས་ཀྱི་གར་དང་ནི། །བཀྲ་ཤིས་སྒྲ་ནི་རྣམ་པར་བདེ་བ་སྟེར་བ་བྱུང་བའི་ཚེ། །སྔགས་པས་རྣམ་པར་རྒྱལ་བའི་བུམ་པས་དབང་ནི་བསྐུར་བར་བྱ། །སྔགས་པས་སྐུ་ཁྲུས་ཚུལ་བཞིན་དུ། །བྱས་ནས་གསེར་གྱི་ཐུར་མང་གིས། །ལྷ་བཤོས་བཟང་པོ་སྔོན་བཏང་སྟེ། །སྤྱན་དག་བལ་གྱིས་དབྱེ་བར་བྱ། །ཨོཾ་ཙཀྵུ་ས་མནྟ་ཙཀྵུར་བི་ཤོ་དྷ་སྭཱ་ཧཱ། ཨོཾ་དཱི་བྱ་ཨན་ན་ས་མཱ་དྷི་དྷྱཱ་ན་པྲཱི་ན་ཎེ་སྭཱ་ཧཱ། གོས་མཆོག་དྲི་ཞིམ་བཀྲ་དང་ནོར་བུ་ནི། །སྔགས་ཀྱིས་དག་པར་བྱས་རྣམས་རབ་མཆོད་ནས། །མཆོད་པའི་སྤྲིན་ཚོགས་མང་པོར་སྣང་སྤྲོས་པས། །སྙིང་གའི་ས་བོན་གནས་ཏེ་གསང་སྔགས་བརྗོད། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿ། རྒྱལ་བའི་ཚོགས་ནི་གཡོ་བ་རྣམས། །སྐུ་གཟུགས་དག་ལ་བཞུགས་པར་བྱ། །བཛྲ་གི་ཏ་བཱ་ཏྱཻཿ་བི་ས་བི་ས་ཞེས་བྱ་བས། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་ཏེ། ཧཱུཾ་གིས་ཡང་དག་པར་མཆོད་ལ། བྱིའི་མཆོད་པ་དང༌། དེ་བཞིན་དུ་གཏོར་མ་དག་གིས་ཚིམ་པར་བྱས་ཏེ། མཁས་པས་བསྟོད་པ་དང༌། སྨོན་ལམ་གདོན་པར་བྱའོ། །མཆོད་རྟེན་བྱིན་གྱིས་བརླབས་པ་ནི། འདི་ལྟར་ཡིན་ཏེ། ཨོཾ་ཧཱུཾ་ཧྲཱིཿ་བྷྲཱུཾ་ཏིཥྛ་ཏིཥྛ། དེ་བཞིན་དུ་ཡིག་འབྲུ་ཨ་ལས་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཨོཾ་པྲཛྙེ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བྱའོ། །དམ་ཆོས་གླེགས་བམ་ལ་སོགས་གཞན། །གང་གིས་རབ་ཏུ་གནས་བྱས་ན། །བདག་པོ་དེ་དང་དེའམ་ནི། །ཡང་ན་རྡོ་རྗེ་འཆང་དགོད་བྱ། །དེ་བཞིན་མཆོད་རྟེན་གཙུག་ལག་ཁང༌། །ས་བོན་ལ་སོགས་ལེགས་བསྒོམ་པ། །སྔགས་པས་འབད་དེ་བུམ་པ་ཡིས། །དེ་བཞིན་རྒྱ་ཆེར་བསང་བར་བྱ། །ཨོཾ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཨོཾ་ཧཱུཾ་ཧྲཱིཿ། དེ་ནས་ཁམས་གསུམ་རྣམ་རྒྱལ་གྱི། །རྣམ་པས་ནག་པོ་ཆེན་པོ་དགུག །དེ་ལ་རྒྱལ་བའི་བཀའ་དྲན་བྱ། །དེ་ལ་ཡུན་རིང་སྐྱོབ་བྱེད་འགྱུར། །ཁ་ཅིག་ལས་ནི་ལུས་ངན་ལ། །གཏོར་མ་རྒྱ་ཆེན་སྦྱིན་ཞེས་འབྱུང༌། །


DTG068_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུཾ་ཁཾ་བཛྲ་བྷ་བ་དྲྀཌྷ་ཏིཥྛ་བྷཱུཾ་ཁཾ། མ་ཚང་ལྷག་པ་ཞི་བྱའི་ཕྱིར། །ཡི་གེ་བརྒྱ་པ་གུས་པར་གདོན། །ཆོ་ག་བཞིན་དུ་ཅི་ནུས་པར། །སྦྱིན་སྲེག་གིས་ནི་ལས་ཀྱང་བྱ། །འབྲས་བུ་མཐའ་ཡས་དགེ་འདུན་མཆོད་བྱ་ཞིང༌། །སྐྱེ་བོ་འཕོངས་དང་གཟུགས་ཀྱང་མ་ཚང་དང༌། །སེམས་ཅན་ཆུ་རྒྱུ་ས་རྒྱུ་མཁའ་རྒྱུ་དང༌།། འགྲོ་བ་དག་ནི་ཡོངས་སུ་ཚིམ་པར་བྱ། །སྡིག་མེད་གཉེན་བཤེས་དང་བཅས་མཚན་མོས་དགའ་དང༌། །གླུ་དབྱངས་རོལ་མོའི་སྒྲ་སྙན་གྱིས་སད་དགའ་བ་ཡི། །བདུད་རྩིས་སེམས་པའི་དངོས་པོ་ཤས་ཆེའི་གར་ལྡན་ཞིང༌། །འཁོར་བའི་མཚན་མོ་ཞི་བར་བྱེད་ལ་གུས་པར་འབང༌། །ཉི་མ་བདུན་གྱི་མཚན་ཙམ་གྱིས། །དགའ་སྟོན་ཆེར་སྒྲུབ་རྣལ་འབྱོར་པ། །མཆོད་པས་ཡང་དག་གཡེང་བ་ཡིས། །དེ་ནས་གཤེགས་སུ་གསོལ་བར་བྱ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང༌། །གང་དེའི་སྲས་དང་ཚངས་ལ་སོགས། །ལྷ་ཚོགས་རྣམས་དང་འབྱུང་པོ་གང༌། །མཐུ་བོ་ཆེ་དང་བཟོད་པ་མཛོད། །སྦྱིན་བདག་ལ་ནི་ཐམས་ཅད་དུ། །ཞི་དང་བདེ་ལེགས་ཆེར་མཛད་དེ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །གང་ན་བསྐལ་པའམ་བསྐལ་པ་ལས། །ལྷག་པར་སྐུ་གཟུགས་འདི་བཞུགས་པར། །ས་དང་ཆུ་དང་མེ་རླུང་གི །ལྷ་རྣམས་ཀུན་གྱིས་སྲུང་དུ་གསོལ། །ཤིན་ཏུ་དགའ་དང་ཡིད་བདེ་བར། །གྱུར་ནས་རབ་གནས་བཟང་པོར་ཤེས། །སློབ་དཔོན་སློབ་མར་བཅས་པ་དང༌། །བུ་དང་ཚ་བོའང་སྲུང་དུ་གསོལ། །བླ་མས་ཚུལ་བཞིན་རབ་གནས་བྱས་པ་ཡིན། །མཆོད་པ་བྱས་ལ་ལུང་བསྟན་སྦྱིན་པར་བྱ། །དེ་ཚེ་སློབ་མས་བཀའ་འདི་འདོད་འཇོ་ཡི། །བལྟར་རྟག་ཏུ་བསམས་ཏེ་མཆོད་ལས་བྱ། །དེ་ནས་འཇིགས་པ་དག་ནི་མྱུར་དུ་ལྡོག །དེ་ནས་ངན་འགྲོ་མ་ལུས་ཆད་པར་འགྱུར། །དེ་ནས་སྔོན་འདོད་འབྲས་བུ་རྟག་ཏུ་འབྱིན། །དེ་ནས་ནམ་ཡང་མཇོན་མཐོ་འཇིགས་པ་མེད། །རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་སློབ་དཔོན་དད་པའི་འབྱུང་གནས་གོ་ཆས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝ་རྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།།


previousརབ་གནས་ཀྱི་ཆོ་ག་མདོར་བསྡུས་པ། དད་པའི་འབྱུང་གནས་གོ་ཆ།next