Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱིན་སྲེག་གི་ཆོ་ག།  དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།
   
   


 
previousསྦྱིན་སྲེག་གི་ཆོ་ག། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།next

སྦྱིན་སྲེག་གི་ཆོ་ག།
དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།


DTG068_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧོ་མ་བི་དྷིཿ། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་ཆེན་པོའི་རིམ་པ་ནི། །དཀྱིལ་འཁོར་ཆེན་པོའི་དབུས་སུ་ནི། །ཐབ་


DTG068_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ཟླུམ་པོ་ཁྲུ་དོ་བྱ། །གྲུ་བཞི་སྒོ་བཞི་རྟ་བབས་བྲི། །ཡང་ན་མ་བྲིས་པ་ཡང་རུང༌། །བུང་ཤིང་བརྩིགས་ཏེ་སྲེག་རྫས་བསོག །མཆོད་དང་གཏོར་མ་ལ་སོགས་དགྲམ། །བླ་རེ་བྲིས་པའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་སྟེ་བསྒོམ། །རབ་ཏུ་རྫས་ལ་བྲབ་བརྡེག་བྱ། །མེ་སྦར་མེ་ལྷ་བསྐྱེད་པ་ནི། །རཾ་ལས་མེ་ལྷར་དྲང་སྲོང་ནི། །བགྲང་ཕྲེང་རིལ་བ་ཕྱག་ན་འཛིན། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །དགང་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཛྭ་ལཱ་ཡ་ཛཿ་ཧཱུཾ་བཾ་ཧོཿ། གཉིས་སུ་མེད་པར་བསྟིམས་པ་ལ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས། བསངས་ཏེ་མར་གྱི་དགང་བླུགས་དབུལ། །མཆོད་བསྟོད་སྲེག་རྫས་རིམ་པར་དབུལ། །དེ་ནས་མཆོད་བསྟོད་མེ་ལྷ་ནི། །གཤེགས་པའམ་འབར་བའི་རྣམ་པར་རོ། །དེ་ནས་པདྨ་ཟླ་བ་ལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་བིགྷ་ནཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཐལ་མོ་སྦྱར་ལ་མཛུབ་གཉིས་དགྱེད། །ཨོཾ་ཏ་ཐཱ་ག་ཏོངྦྷ་བཱ་ཡ་སྭཱ་ཧཱ། ཛཿ་ཧཱུཾ་བཾ་ཧོཿ། །མཆོད་དང་བསྟོད་པ་བྱས་ནས་ནི། །མར་དང་གྲོ་དང་སྲན་མ་དང། །ཞོ་དང་སྨན་དང་དཱུར་ཝ་དང༌། །ཀུ་ཤ་ཡམ་ཤིང་མེ་ཏོག་དང༌། །ཏིལ་དང་ཡུངས་ཀར་ལ་སོགས་བསྲེག །ཐམས་ཅད་རྒྱུན་གཅོད་སྔགས་ཀྱིས་བྱ། །ཁྱད་པར་ལས་སུ་བྱ་བ་ནི། །ཏིལ་དང་ཡུངས་ཀར་དག་ལ་ནི། །བརྒྱའམ་སྟོང་ངམ་ཁྲི་རུ་བསྲེག །སྡིག་སྒྲིབ་སྦྱོང་བའི་ལས་སུ་བསྟན། །དེ་ནས་མཆོད་བསྟོད་གཏོར་མ་གཏང༌། །བསྔོ་དང་བཟོད་པར་གསོལ་ཏེ་གཤེགས། །རྫས་ལྷག་མེ་ཡི་ལྷ་ལ་དབུལ། །མཆོད་བསྟོད་བཟོད་པར་གསོལ་ཏེ་གཤེགས། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །དམན་པ་བསྡུ་ཞིང་ཨ་ཀཱ་ར་བཟླས། །ཇི་ལྟར་གྲགས་པའི་བཀྲ་ཤིས་བརྗོད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་གི་སྤྱི་བོའི་གཙུག་ཏུ་བཀུར། །སྦྱིན་སྲེག་གི་ཆོ་ག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །


previousསྦྱིན་སྲེག་གི་ཆོ་ག། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན།next