Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ།  ཀུན་དགའ་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ། ཀུན་དགའ་སྙིང་པོ།next

ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ།
ཀུན་དགའ་སྙིང་པོ།


DTG068_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་མ་ར་ཧོ་མ་བིདྷི་ཀ་རྨ་ཀྲ་མ། བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དམ་ཚིག་ལ་བརྟན་པར་གནས་ཤིང༌། བླ་མ་དང་རྗེ་བཙུན་ལ་དབང་ཚུལ་བཞིན་དུ་ཐོབ་པ། གསང་སྔགས་ཀྱི་རྒྱུད་དང༌། ཆོ་གའི་བྱེ་བྲག་ལ་མཁས་པ། བདག་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དེས། བྱམས་པ་དང་སྙིང་རྗེའི་སེམས་ཀྱིས། སེམས་ཅན་གང་དག་ཤི་བའི་དུས་བྱས་ཏེ་མི་དགེ་བའི་རྣམ་པར་སྨིན་པས་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བར་འགྱུར་བ་དང༌། ཉམ་ང་བའི་གནས་ནས་འདོན་ཅིང༌། མཐོ་རིས་ཀྱི་བདེ་བ་ལ་དགོད་པར་བྱ་བའི་ཕྱིར། ངན་སོང་རྣམ་པར་སྦྱོང་བའི་བརྟག་པ་ལས་བྱུང་བའི་ཤི་བའི་ཆོ་ག་བྱ་བར་འོས་སོ། །དེ་ནས་རྣལ་འབྱོར་པ་དེས། བུམ་པ་ཚུལ་བཞིན་དུ་བྱིན་གྱིས་བརླབས་པ་ལ། སེམས་ཅན་ཚེ་འདས་པ་དེའི་མིང་དང་སྔགས་སུ་སྦེལ་ཞིང༌། འབུམ་ཕྲག་སྟོང་ངམ། བརྒྱ་ཕྲག་སྟོང་དུ་ཚང་བའམ། བྱེ་བའི་ཚད་དུ་བཟླས་ན་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །དེ་ནི་སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ནས་སའི་ཆོ་ག་བྱ་བ་ནི། ས་སྔོན་དུ་སྦྱངས་པའི་གཉུག་མ་འམ། ལྷ་ཁང་ངམ། མཆོད་རྟེན་ནམ། གང་གི་ལྷས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། དེར་ནི་སའི་ཆོ་ག་


DTG068_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མི་དགོས་སོ། །དེ་ལྟ་བུའི་གནས་མ་རྙེད་ན། སའི་ཕྱོགས་བརྟགས་པར་སའི་ཆོ་ག་གཞུང་བཞིན་དུ་བྱས་ལ། དཀྱིལ་འཁོར་ངོས་གཅིག་ལ་ཁྲུ་དྲུག་པ་གྲུ་བཞི་འཕང་དུ་ཁྲུ་གང་བ་གཅིག་བྱས་པའི་དབུས་སུ། མེ་ཐབ་ཁོར་ཁོར་ཡུག་ཏུ་ཁྲུ་བཞི་པ་ཟླུམ་པོ། ཟབས་སུ་ཁྲུ་དོ་པ་གཅིག་བྱ་སྟེ། མུ་རན་འཕང་དང་ཞེང་སོར་བརྒྱད་པ་ཟླུམ་པོར་བསྐོར། ལྕི་བས་སྐྱང་ནུལ་ལེགས་པར་བྱས། ས་དཀར་པོས་བསྐུ་ཞིང་དྲིས་བྱུགས། དེ་ནས་ཐིག་སྐུད་ཐོགས་པ་ཞིག་གིས། ཐབ་ཁུང་གི་ནང་རེ་མིག་དགུ་རུ་གདབ། དེ་ནས་རྡོ་རྗེ་ར་བའི་ས་བཅད། ཐབ་ཁུང་གི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པར་གདབ། དེའི་ཕྱི་རོལ་དུ་གྲུ་ཆད་བྱ། དེའི་ཕྱི་རོལ་དུ་སྣམ་བུ་གཉིས་བྱ། དེ་ནས་སྒོ་བྱང་ནས་ཚོན་འབྲས་ཁ་དོག་ལེགས་པར་བསྒྱུར་བ། ཚོན་ཕྱོགས་དང་མདུན་དུ་སྣོད་གཙང་མ་དྲིས་བསྒོས་པ་བསོགས་ལ། དེ་མི་དམིགས་པ་ལས་ཡི་གེ་ལྔ་ལས་བྱུང་བའི་ས་ཚོན་བསམས་ལ། ཡེ་ཤེས་ཀྱི་ཚོན་བཀུག་ལ་བསྟིམས་ལ་ཚོན་ཕྱེ་སྣ་ལྔས་བྲི་བ་ནི། མེ་ཐབ་ཀྱི་རེ་མིག་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་དགོད། ཤར་དུ་རྡོ་རྗེ་ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ་བྱད་དུ་སྣ་ཚོགས་རྡོ་རྗེ་རྣམས་རིམ་བཞིན་དུ་དགོད་དོ། །མུ་རན་རྡོ་རྗེ་རྐྱང་པ་རྩེ་ལྔ་བས་བསྐོར། དེའི་ཕྱི་རིམ་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ། ཤར་གྱི་རྩིབས་བཞི་ལ། རྡོ་རྗེ་དང༌། ལྕགས་ཀྱུ་དང༌། མདའ་དང༌། མགུ་བར་སྟོན་པ་རྣམས་དགོད། ལྷོའི་འཁོར་ལོ་རྩིབས་བཞི་ལ། ནོར་བུ་རིན་པོ་ཆེ་དང༌། ཉི་མའི་དཀྱིལ་འཁོར་དང༌། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང༌། སོའི་ཕྲེང་བ་རྣམས་དགོད། ནུབ་ཀྱི་འཁོར་ལོ་རྩིབས་བཞི་ལ། རྡོ་རྗེ་པདྨ་དང༌། རལ་གྲི་དང༌། འཁོར་ལོ་དང༌། དུང་རྣམས་དགོད། བྱང་གི་འཁོར་ལོ་རྩིབས་བཞི་ལ། རྡོ་རྗེ་ཁ་བཞི་པ་དང༌། རྡོ་རྗེ་གོ་ཆ་དང༌། རྡོ་རྗེ་མཆེ་བ་དང༌། རྡོ་རྗེ་ཁུ་ཚུར་བཅིངས་པ་རྣམས་དགོད། དེའི་ཕྱི་རིམ་གྱི་གྲུ་ཆད་ཀྱི་ཤར་ལྷོར། སྨིན་མ་འདེགས་པའི་ཚུལ་དང༌། སྤོས་མེ། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕྲེང་བ་དང༌། མེ་ཏོག །ནུབ་བྱང་དུ་ཡིད་དུ་འོང་བའི་གླུ་དང་མར་མེ། བྱང་ཤར་དུ་གར་བྱེད་པའི་མཚན་ཉིད་དང༌། བྱུག་སྤོས་རྣམ་དགོད་དོ། །དེའི་ཕྱི་རིམ་གྱི་


DTG068_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུ་དང་པོ་ལ། ཤར་དུ་རྡོ་རྗེ་གདེངས་པ་དང་ཟླ་བ། ཤར་ལྷོར་མེ་ཐབ། ལྷོར་དབྱུག་པ། ལྷོ་ནུབ་ཏུ་རལ་གྲི་།ནུབ་ཏུ་ཞགས་པ་དང༌། བུམ་པ་དང་ཉི་མ། ནུབ་བྱང་དུ་བ་དན། བྱང་དུ་བེ་ཅོན། བྱང་ཤར་དུ་མདུང་རྩེ་གསུམ་པ་རྣམས་དགོད་དོ། །དེའི་ཕྱི་རིམ་གྱི་སྣམ་བུ་གཉིས་པ་ལ། མིང་ངམ། བརྡ་འམ། ཐིག་ལེར་བྱས་ནས་དགོད་པ་ནི། ཤར་གྱི་སྣམ་བུ་ལ། པ་བ་སངས་དང༌། མིག་དམར་གཉིས་ཀྱི་བར་དུ་རིམ་བཞིན་དུ། སྨིན་དྲུག་སྣར་མ། མགོ་ལག །ནབ་སོ། རྒྱལ། སྐག་རྣམས་དགོད་དོ། །ལྷོའི་སྣམ་བུ་ལ་རིམ་བཞིན་དུ། ཕུར་བུ་དང། ཉི་མ་གཉིས་ཀྱི་བར་དུ། མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག་རྣམས་དགོད་དོ། །ནུབ་ཀྱི་སྣམ་བུ་ལ་རིམ་བཞིན་དུ། ཟླ་བ་དང་སྒྲ་གཅན་གཉིས་ཀྱི་བར་དུ་རིམ་བཞིན་དུ། ལྷ་མཚམས། སྣྲོན། སྣུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན་རྣམས་དགོད་དོ། །བྱང་གི་སྣམ་བུ་ལ། གཟའ་ལག་དང༌། སྤེན་པའི་བར་དུ། རིམ་བཞིན་དུ། མོན་གྲུ་།མོན་གྲེ་།ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ་།ཐ་སྐར། བྲ་ཉེ་རྣམས་དགོད་དོ། །དེའི་ཕྱི་རིམ་གྱི་སྣམ་བུ་ལ། སྒོ་བཞིའི་ཤར་དུ་ལྕགས་ཀྱུ། ལྷོར་ཞགས་པ། ནུབ་ཏུ་ལྕགས་སྒྲོག །བྱང་དུ་ཁུ་ཚུར་བཅངས་པ་རྣམས་དགོད་དོ། །གཞན་ཡང་དཀྱིལ་འཁོར་གྱི་རྒྱན་ཐེམ་སྐས་བཞིའི་ཕྲེང་བ་དང༌། ལྔ་ལྡི་དང༌། དོ་ཤལ་དང༌། ཕྲེང་བ་དང༌། དྲིལ་བུ་དང༌། རྔ་མ་དང༌། སེང་གེ་དང༌། བན་གླང་ལ་སོགས་པས་བརྒྱན་པར་བྲིའོ། །དེ་ལྟར་སྦྱིན་སྲེག་གི་དཀྱིལ་འཁོར་བྲིས་ནས། བུམ་པའམ་བྱ་ཆུས་བཀང་བ། རིན་པོ་ཆེའམ། ས་ལས་བྱས་པའི་བུམ་པ། རྩ་བ་མི་གང་པ། གསུས་པ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱད་བ། བྲྀ་ཧ་སྟི་དང༌། ཀཎྜ་ཀ་རི་དང༌། ཧ་ས་དང༌། དཎྜོཏྤ་ལ་དང༌། ཤྭེ་ཏ་པར་ཛི་ཏ་སྟེ་སྨན་རྣམས་དང༌། ནས་དང་གྲོ་དང༌། ཏིལ་དང་མ་ཤ་སྟེ། འབྲུ་ཐམས་ཅད་དང༌། བྱུ་རུ་དང༌། གསེར་དང༌། དུང་དང༌། མུ་ཏིག་དང༌། པདྨ་རཱ་ག་སྟེ། རིན་པོ་ཆེ་ཐམས་ཅད་དང༌། མགུལ་ཆིངས་དང༌། བུམ་པའི་ཁ་རྒྱན་ལ་སོགས་པ་གཞུང་དང་མཐུན་པར་བྱས་ལ། ལྔ་ཡན་ཆད་དགོད་པ་དང༌། ལྷ་བཤོས་སྣོད་གཙང་


DTG068_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཀང་བ་བརྒྱད་དམ། བཅུ་དྲུག་སྙེད་ཀྱི་བཟའ་བ་དང༌། བཅའ་བ་དང༌། བཏུང་བ་སྣ་ཚོགས་དང༌། མེ་ཏོག་དང༌། བྱུག་བ་དང༌། བདུག་པ་དང༌། མར་མེ་ལ་སོགས་པའི་མཆོད་པ་རྣམས་དང༌། མེ་ཏོག་གི་ཕྲེང་བ་རྣམས་དང༌། རྒྱལ་མཚན་དང༌། བླ་རེ་དང༌། གདུགས་དང༌། བ་དན་དང། འཕན་ལ་སོགས་པས་བརྒྱན་པ་དང༌། དཀྱིལ་འཁོར་གྱི་མཐའམ་མེ་ཏོག་གི་སིལ་མ་བཀྲམ་ཞིང་ཀུ་ཤས་བསྐོར། མཆོད་ཡོན་གྱི་གཏོར་མ་རྒྱས་པ་ཆ་གཉིས་ཀྱང་བཤམ་མོ། །གཞན་ཡང་སྦྱིན་སྲེག་གི་ཡོ་བྱད་མར་ཁུ་དང༌། འོ་མ་དང༌། ཏིལ་དང༌། ཡུངས་ཀར་དང༌། འབྲས་ཆན་དང༌། འབྲས་ཡོས་དང༌། དཱུར་བ་དང༌། ཡམ་ཤིང༌། ཤིང་འོ་མ་ཅན་དང༌། དྲི་ཞིམ་པ་ལས་བྱས་པའི་སོར་བརྒྱད་དམ། སོར་ཉི་ཤུ་རྩ་བཞིའི་བར་དང༌། བུད་ཤིང་འོ་མ་ཅན་སྐམ་པོ་ཟླུམ་པ་རྣམས་དང༌། ག་པུར་དང༌། གུར་ཀུམ་ལ་སོགས་པའི་དྲི་ཞིམ་པོ་དག་གིས་བསྐུས་ཤིང་བྱུགས་པ་རྣམས་བསག་གོ །དེ་ལྟར་མཆོད་པའི་ཡོ་བྱད་རྣམས་བསོག་གོ །བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ནས། དཀྱིལ་འཁོར་གྱི་ཡོ་བྱད་རྣམས་ལ། ལས་ཐམས་ཅད་པ་རྡོ་རྗེ་གནོད་སྦྱིན་ནས། རྡོ་རྗེ་རྩེ་མོའི་སྔགས་ཀྱིས་གདབ། སྲེག་རྫས་ཀུན་ལ་ངན་སོང་སྤྱོད་བའི་སྔགས་བརྒྱ་ཕྲག་དུ་མ་བཟླས་ཤིང་བྱིན་གྱིས་བརླབས། ཡང་ན་རྫས་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་ལས་ཐམས་ཅད་པའམ། འཕགས་པ་མི་གཡོ་བས་བགེགས་བསྐྲད་ཅིང་མཚམས་བཅད། དེ་ནས་བདག་ཉིད་ལྷར་བྱས་ཏེ་དབང་བསྐུར་བ་དང༌། ལུས་བསྲུང་བ་ལ་སོགས་པ་བྱས་ཏེ། བདག་ཉིད་ཀྱི་ཐུགས་ཀ་ནས་སྔགས་བརྗོད་པས། ཕྱོགས་ཕྱོགས་ཀྱི་བགེགས་རྣམས་ཁྲོ་བོའི་སྐུར་གྱུར་པས་བསྲུང་བར་བསམ་པ་ནི། སྟེང་དུ་རྡོ་རྗེ་འཇིགས་བྱེད་ཀྱིས་བསྲུང༌། ཤར་དུ་རྡོ་རྗེ་གཙུག་ཏོར་དང༌། ཞགས་པས་བསྲུང༌། ནུབ་ཏུ་རྡོ་རྗེ་བ་དན་གྱིས་བསྲུང༌། ལྷོར་རྡོ་རྗེ་རྩེ་མོས་བསྲུང༌། བྱང་དུ་རྡོ་རྗེ་ནག་པོས་བསྲུང༌། མཚམས་བཞིར་འཇིགས་བྱེད་སྤྱན་གྱིས་བསྲུང༌། འོག་རྡོ་རྗེ་གནོད་སྦྱིན་གྱིས་བསྲུང༌། སྟེང་པཾ་ལས་རྡོ་རྗེ་ར་བ་བྱ། བཛྲ་ཀརྨས་རྡོ་རྗེ་ལྔ་པའི་བ་བྱ། ཕུར་བུས་སྔ་ནས་གནས་པ་བསྐྲད། ཕྱིས་


DTG068_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འོད་མི་ནུས་པར་བྱས་ཏེ། ཕྱོགས་བཅུར་གདབ། དེ་ནས་བདག་ཉིད་ཀྱི་སྙིང་གར་སྣ་ཚོགས་རྡོ་རྗེ་ཨཱ་ལས་བསམས་ལ། རྡོ་རྗེ་བསྡུ་བས་འཕགས་པ་རྣམས་སྤྱན་དྲངས་ཏེ། ཕྱག་རྒྱ་བཞིས་བཞུགས་སུ་གསོལ་ལ། ཡོན་ཆབ་ལ་སོགས་པ་མཆོད་པ་རྣམས་ཚུལ་བཞིན་དུ་དབུལ་ལོ། །དེ་ནས་གཏོར་མ་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་ནས། དམ་ཚིག་ཅན་རྣམས་ལ་གཏོར་མ་ཕུལ་ཏེ། མིང་འདི་ཞེས་བྱ་བའི་སྒྲིབ་པ་བྱང་ཞིང༌། བདག་འགྲོ་བའི་དོན་བརྩོན་པའི་སྟོང་གྲོགས་མཛད་དུ་གསོལ་ཞེས་བརྗོད་དོ། །འགྲོ་བ་སྤྱིར་གཏོར་མ་བསྔོས་ནས། མིང་འདི་ཞེས་བྱ་བའི་ལན་ཆགས་བྱང་ཞིང༌། བསོད་ནམས་ཀྱི་ཚོགས་སུ་གྱུར་ཅིག་ཅེས་བརྗོད་དེ་གཏང༌། དེ་ནས་སྔགས་མཁན་གཞན་ཞིག་ཡོད་ན། བུམ་པ་ལ་རིགས་ལྔའི་སྙིང་པོ་དང༌། ཤི་བའི་མིང་སྤེལ་ཞིང་ཅུང་ཟད་བཟླས་ལ། དེ་ནས་ངན་སོང་སྦྱོང་བའི་སྔགས་ཅི་མང་དུ་བཟླས་བརྗོད་བྱའོ། །གཞན་མེད་ན་བདག་ཉིད་ཀྱིས་བུམ་པ་གཅིག་ལ། ངན་སོང་སྦྱོང་བའི་སྔགས་ཅི་ནུས་ཀྱིས་བཟླས་སོ། །དེ་ནས་བུད་ཤིང་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་བརྩིག་པ་ནི། ཤིང་དྲང་ཞིང་དྲི་དང་ལྡན་ན་ལེགས། དྲི་མེད་ཀྱང་ཤིང་དྲང་ཞིང་རིང་བའི་གདུང༌། ཀ་བ་བཞི་ཐབ་ཀྱི་ཟུར་བཞི་རུ་བཙུགས་པའི་སྟེང་དུ། གཉིས་བཞག་ལ་སྔས་བྱ། ཕྱི་མ་དེ་གཉིས་ཀྱི་སྟེང་དུ་ཕྱམ་ཐེམ་པར་དགོད། དེ་ནས་སྟེང་དུ་རྩིབས་བརྩིགས་ལ། སྟེང་ཁང་སུམ་རིམ་བྱས་ལ། མཆོད་རྟེན་གྱི་ཚུལ་དུ་བརྩིགས། ཕྲག་ནོན་དང༌། སྟེང་ནོན་རོ་བཞག་ལ་བརྩིག་པར་བྱའོ།། །།དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཤི་བའི་ལུས་ལ་གནས་པ་དང༌། ཁོག་བསྲུངས་ལ་སོགས་པའི་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི། རྡོ་རྗེ་གསོར་ཞིང་ན་མོ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ། དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར། པྲ་ཎ་ན་ཧཱུཾ་ཕཊ། ཅེས་བརྗོད་ལ་བསྐྲད་དོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཛཿ། ཞེས་བརྗོད་པས། ཚེ་འདས་པ་དེ་གང་ན་གནས་ཀྱང་རུང་སྟེ། རང་དབང་མེད་པར་ལྕགས་ཀྱུ་ཅན་


DTG068_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀུག་པར་བསམ། ཨོཾ་བཛྲ་པཱ་ཤ་ཧཱུཾ་གིས་རོ་ལ་གཤེགས་པ་གཞུག །ཨོཾ་བཛྲ་སྥོ་ཊ་བཾ་གྱིས་བསྡམས། གྷཎྚི་ཧོཿ། སེམས་མ་འཁྲུགས་པར་དགའ་བར་བྱ། དེ་ནས་རོ་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་ལ། སྔོན་དུ་བཟླས་པའི་བུམ་པའི་ཆུས་བཀྲུ་།བཀྲུས་པ་དང་ཀུན་གཞིའི་ལས་དང༌། ཉོན་མོངས་པའི་བག་ཆགས་གངས་ཀྱི་རིམ་པ་བཞིན་དུ་གནས་པ་དག་པར་བསམ། དེ་ནས་སྔགས་བཟླས་ཤིང་དྲིས་བྱུག །དེ་ནས་སྔགས་ཀྱིས་བཏབ་པའི་རས་དཀར་པོ་ཁ་ཚར་མ་ཉམས་པས་དཀྲི། སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་གི་ཕྲེང་བས་ཀྱང་རོ་ལ་གདགས་སོ། །དེ་ནི་རོ་ལ་སྔགས་གདགས་ཤིང་བྱིན་གྱིས་བརླབ་སྟེ། གུར་ཀུམ་བཟང་པོས་བྲི་བ་ནི། ཨོཾ་བྲི་ཏ་བྲི་ཏ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ལུས་ཀྱི་སྤྱི་བོར་གདགས་སོ། །ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་པ་ར་ཎ་ནི་ཧཱུཾ་ཕཊ། ངག་སྟེ་མགྲིན་པའི་ལྕེ་རྩར་གདགས་སོ། །ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཡིད་དེ་སྙིང་གར་གདགས་ཏེ། ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུའི་བག་ཆགས་དག་པར་དམིགས་སོ། །ད་ནི་གནས་བཅོ་བརྒྱད་དུ་གདགས་ཏེ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་སརྦ་ཀརྨ་ཨཱ་པ་ར་ཎ་བི་ཤུདྡྷེ་བི་ཤུདྡྷེ། ཀུན་རིག་གི་སྟེ་དབུ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་སྠ་ཧཱུཾ་ཕཊ། ངན་སོང་སྦྱོང་བའི་སྟེ་མཛོད་སྤུ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་ས་ཏྭེ་བྷྱ་ཧཱུཾ་ཏྲཱཾ། རིན་ཆེན་ཏོག་གི་སྟེ་རྣ་བ་གཡས་པ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧྲཱིཿ། ཤཱཀྱ་ཐུབ་པའི་སྟེ་རྣ་བ་གཡོན་པ་ལའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཏྲ་ཊ་ཨ། མེ་ཏོག་ཆེ་རྒྱས་ཀྱི་སྟེ་མགོ་བོའི་གཙུག་ཕུད་ལའོ། །ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ། སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོདྷ་ནི་སྭཱ་ཧཱ། རྩ་བའི་རིག་པ་སྟེ་དཔུང་པ་གཡས་པ་ལའོ། །ཨོཾ་སརྦ་བཏི་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ཧ་ན་ཧཱུཾ་ཕཊ། དཔུང་པ་གཡོན་པ་ལའོ། །ཨོཾ་སརྦ་བིད་ཧཱུཾ། སྣ་ལའོ། །ཨོཾ་སརྦ་བིད་ཕཊ། རྐེད་པ་ལའོ། །ཨོཾ་སརྦ་བིད་ཨ། པུས་མོ་གཡས་པ་ལའོ། །ཨོཾ་སརྦ་


DTG068_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བིད་ཏྲ་ཐ། པུས་མོ་གཡོན་པ་ལའོ། །ཨོཾ་སརྦ་བིད་ཨོཾ། བོལ་གོང་གཡས་པ་ལའོ། །ཨོཾ་སརྦ་བིད་སྭཱ། བོལ་གོད་གཡོན་པ་ལའོ། །ཨོཾ་སརྦ་བིད་ཨ། ལོང་བུ་གཡས་པ་ལའོ། །ཨོཾ་སརྦ་བིད་ཧཱུཾ། ལོང་བུ་གཡོན་པ་ལའོ། །ཨོཾ་སརྦ་བིད་ཏྲ་ཐ། མིག་གཡས་པ་ལའོ། ཨོཾ་ཤཱ། མིག་གཡོན་པ་ལའོ། །ཨོཾ་བྷ། གསང་བའི་གནས་ཏེ་མདོམས་སུ་གདགས་པ་སྟེ། དེ་བཞིན་ཡིད་ཀྱིས་ཀྱང་སྔགས་རྣམས་དགོད་དོ། །དེ་དག་གི་འོད་ཟེར་གྱིས་སྒྲིབ་པ་རྣམས་བྱང་བར་བསམ་མོ། །དེ་ནས་སྔགས་ཀྱིས་བཏབ་པའི་དེར་ལ་སོགས་པའི་གོས་ཀྱིས་གཡོགས་ནས། རྒྱན་རྣམས་ཀྱིས་བཀླུབས་ནས། སྟན་པདྨ་འདབ་མ་བརྒྱད་དང་བཅས་པར་བཞག་སྟེ། ཁ་ནུབ་ཏུ་བསྟན་ལ་གཞག་གོ །སྔགས་མཁན་བདག་ཉིད་ཁ་ཤར་ཕྱོགས་སུ་བལྟས་ལ་ལས་བྱའོ། །དེ་ནས་བཟླས་པ་ལས་ཀྱི་བུམ་ཆུས། ཐབ་དང་སྲེག་རྫས་ལ་སོགས་པ་ཐམས་ཅད་རྣམ་པར་བསངས་ཏེ། ཤིན་ཏུ་གཙང་བའི་རྩྭ་ཀུ་ཤའི་ཁྲེས་ལ། བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །སྟོང་པའི་ཁྱད་པར་ལས་ཡི་གེ་ཨ་ཐུང་དུར་གྱུར་ཏེ། དེའི་དབུས་སུ་ཧཱུཾ་བསམ། དེ་འོད་དུ་ཞུ་བ་ལས་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ། རྡོ་རྗེ་དེའི་ལྟེ་བ་ཡང་ཧཱུཾ་བསམས་ཏེ། དེ་ལས་འོད་འཕྲོས་པས། སྐུ་གསུང་ཐུགས་ཀྱི་དབྱིངས་གང༌། ཐམས་ཅད་བཀུག་སྟེ་འོད་དུ་ཞུ་བ་ལས། སྒྲུབ་པ་པོ་བདག་ཉིད་ལྷའི་རྣལ་འབྱོར་དུ་སྔགས་འདི་བརྗོད་པས་གྱུར་པར་བསམ་མོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། འཁོར་ལོའི་ཕྱག་རྒྱ་རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ཏེ། གོ་རིམས་ཀྱིས་འཁོར་ལོ་བསྐོར་བའི་ཚུལ་དུ་དབྱེ་ཞིང་སྔགས་བརྗོད་པས། བཅོམ་ལྡན་འདས་ཀུན་རིག་གི་རྒྱལ་པོ་སྐུ་མདོག་དུང་དང་ཀུན་ད་ལྟར་དཀར་བ་ཞལ་བཞི་པ། ཕྱག་གཉིས་ཏིང་ངེ་འཛིན་དུ་བསྣོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཅིག་བསྐྱེད་དེ། དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ནི། མཐེ་བོང་གཉིས་ནི་སྐྱིལ་མོ་ཀྲུང༌། །མཛུབ་མོ་གཉིས་ནི་རྩེ་མོ་དགུག །གུང་མོ་རྩེ་མོ་མཉམ་པ་སྟེ། །རྡོ་རྗེ་དབྱིངས་ཀྱི་


DTG068_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མོའོ། །སྔགས་ནི་ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་ཛ། ཨོཾ་བཛྲ་ཎི་ཨ་དྷི་ཏིཥྛཱ་ཡ། ཞེས་བརྗོད་ཅིང་སྙིང་ག་དང་ལྐོག་མ་དང༌། སྨིན་མཚམས་དང་སྤྱི་བོར་བྱིན་གྱིས་བརླབ་བོ། །དེ་ནས་དབང་བསྐུར་ཏེ་རྡོ་རྗེ་བཅིངས་པ་ལ། མཐེ་བོང་གཉིས་རྩེ་མོ་ཅན་དུ་བྱས་ཏེ། དེའི་སྟེང་དུ་མཛུབ་མོ་གཉིས་ཕན་ཚུན་ངོས་སྤྲད་དེ། རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི། རིན་པོ་ཆེའི་ཕྱག་རྒྱ་སྟེ། སྙིང་པོ་ནི་ཨོཾ་བཛྲ་རཏྣ་ཞེས་སྤྱི་བོར་རིན་པོ་ཆེའི་དབང་བསྐུར་རོ། །དེ་ནས་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་ཆོས་ཀྱི་ཕྱག་རྒྱ་ཧཱུཾ་ལས་བསྐྱེད་དེ། དེའི་དབུས་སུ་ཆོས་ཀྱི་ཕྱག་རྒྱ་སྐུ་བསྐྱེད་པའི་སྙིང་པོ་བསམ་མོ། །དེ་ནས་རང་གི་སྙིང་གར་ལས་ཀྱི་ཕྱག་རྒྱ་རྫོགས་པར་བྱེད་པ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཡི་གེ་ཨ་ལས་བསམས་ཏེ། དེའི་དབུས་སུ་ཡང་ཨ་བསམ་མོ། །དེ་ལྟར་བདག་དམ་ཚིག་སེམས་དཔའི་སྐུ་བསྐྱེད་པ་རྫོགས་པར་བསྐྱེད་པ་དེས། རྡོ་རྗེ་རབ་དང་དྲ་བ་ལ་སོགས་པས་བསྲུང་པའི་འཁོར་ལོ་གསལ་བར་བྱས་ཏེ། ལས་ཐམས་ཅད་པའི་བུམ་ཆུས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་བྱ་བས་རྫས་ཐམས་ཅད་བསངས་ཏེ། དེ་ནས་དངུལ་གྱི་སྣོད་དུ་མཆོད་ཡོན་གྱི་ཆུ་དྲི་ཞིམ་པོའི་ནང་དུ། ཞོ་དང༌། ཀུ་ཤ་དང༌། འབྲུ་སྣ་ཚོགས་བླུགས་ཏེ་གཡོན་དུ་གཞག །མཆོད་པ་ལྔ་གཡོན་དུ་གཞག །རྡོ་རྗེ་དྲིལ་བུ་གཡོན་དུ་གཞག །སྲེག་རྫས་དང་ཡོ་བྱད་ལ་སོགས་པ་གཡས་སུ་གཞག །མར་བཞུ་བ་དང་དགང་གཟར་བླུགས་གཟར་མདུན་དུ་གཞག །རྫས་གཞག་པའི་རིམ་པའོ།། །།དེ་ནས་མགྲིན་པའི་བུ་གུ་ལས་ཧྲཱིཿ་ལས་པདྨ་འདབ་མ་བརྒྱད་པ་བསམ། མདུན་གྱི་པདྨའི་ལྕེའི་སྟེང་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པར་གྱུར་ཏེ། དེ་ཉིད་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེ་དཀར་པོ་རྩེ་ལྔ་པར་གྱུར་པར་བསམས་ཏེ། ལྕེ་བྱིན་གྱིས་བརླབས་སོ། །དེ་ནས་ལག་པ་གཉིས་ལ་ཨ་ལས་ཟླ་བ་རེ་རེ་བསམ། ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་དེ། རྡོ་རྗེ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེ་རྩེ་ལྔ་པར་གྱུར་པར་བྱིན་གྱིས་བརླབ་པོ། །དེ་ནས་རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ་པར་བྱ་སྟེ། ལག་པ་གཡས་གཡོན་སྟེང་དུ་ནི། །རྡོ་རྗེ་དྲིལ་བུ་གཞག་བྱ་སྟེ། །མི་དམིགས་པ་ལས་ཧཱུཾ་དང་ཨ།།


DTG068_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ལས་རྡོ་རྗེ་བསྐྱེད་པ་དང༌། །ཨ་ལས་དྲིལ་བུ་བསམ་པའོ། །ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་ནི། །ཡར་གྱི་རྩེ་ལྔ་རིགས་ལྔར་བསམ། །མར་གྱི་ར་ནི་ཡེ་ཤེས་ལྔ། །ཡར་གྱི་འདབ་བརྒྱད་སེམས་དཔའ་བརྒྱད། །མར་གྱི་འདབ་བརྒྱད་སེམས་མ་བརྒྱད། །དབུས་ཀྱི་ལྟེ་བ་ཡི་དམ་ལྷ། །ཕྱི་རོལ་སྒོ་བཞི་ཁྲོ་བོ་བཞི། །ཡི་དམ་ལྷ་ལ་བསྲུང་བར་བསམ། །དེ་ལྟར་བསྒོམས་པའི་ཁྲོ་བོ་ལ། །ཧཱུཾ་གི་དབྱངས་འདི་བླངས་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་མཉེས་པར་བྱ། །ཧཱུཾ་ཡེ་ཤེས་རྡོ་རྗེ་གསོར་ནས་སུ། །སེམས་ཅན་བྱང་ཆུབ་ལ་ནི་དགོད། །རྣམ་པར་དག་པའི་ཆོས་ཀྱི་དོན། །རྡོ་རྗེ་འཆང་གིས་གཟུང་བར་བྱའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ། དེ་ནས་རང་གི་དྲིལ་བུ་ནི། །ནང་གི་ནམ་མཁའི་ཁམས་དག་ནི། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན། །སྟེང་གི་པདྨ་འདབ་བརྒྱད་ལ། །ཕྱོགས་བཞིར་སངས་རྒྱས་སྤྱན་སོགས་བཞི། །ཕྲིན་ལས་བཞི་ཡི་རང་བཞིན་ཡིན། །མཚམས་བཞི་ལ་ནི་སྐུལ་བྱེད་དང༌། །ལུག་རྒྱུད་ཁྲོ་གཉེར་རིན་ཆེན་སྒྲོན། །ལྟེ་བ་ཤེས་རབ་ཕ་རོལ་ཕྱིན། །ཀུན་བཟང་གཟུགས་རྫོགས་འོད་ལྡན་བསམ། །རྩེ་ལྔ་རྩ་བའི་འདབ་བརྒྱད་ལ། །སྔོན་བཞིན་སྒེག་མོ་ལ་སོགས་བརྒྱད། །རྩེ་ལྔ་ཉིད་ནི་ཡེ་ཤེས་ལྔ། དེ་ལྟ་བུ་ཡི་དྲིལ་བུ་ལ། །སྔགས་འདི་དག་ནི་བརྗོད་ནས་ཀྱང༌། །སྤྱི་བོར་དཀྲོལ་ཏེ་དབང་བསྐུར་རོ། །དེ་ནས་ཕབ་ལ་ལན་གསུམ་དཀྲོལ། །ཨོཾ་བཛྲ་ར་ཎི་ཏ་དྷརྨ་ར་ཎ་ཏི་སམྤྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་བྲ་ཙ་ལི་ཏ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཤེས་རབ་ཆོས་ཀྱི་དྲིལ་བུ་འདི། །སངས་རྒྱས་ཐམས་ཅད་བླངས་བྱས་ཏེ། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་དཀྲོལ། །དེ་ནས་གསང་བའི་ཐབ་ཁུང་མི་དམིགས་བ་ལས། ཡི་གེ་ཧཱུཾ། ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་སྔར་བསྐྱེད་པ་བཞིན་བསྐྱེད་ལ། དེ་ནས་ཧྲཱིཿ་ལས་པདྨ་འདབ་མ་བརྒྱད་པ་བསྐྱེད་ལ། དེའི་དབུས་ཀྱི་ལྟེ་བ་ལ་ཡི་གེ་རཾ་འབར་བ་ལས་གྱུར་པའི་གྲུ་གསུམ་བསྐྱེད་ལ། གྲུ་གསུམ་དེའི་ཤར་ལ་སོགས་པའི་ཟུར་ལས། ཨོཾ་ཨཱཿ་ཧཱུཾ་གསུམ་ཁམས་གསུམ་གྱི་བདག་པོར་བསྒོམས་པ་ལས། འཁོར་ལོ་དང་པདྨ་དང༌། རྡོ་རྗེ་རང་གི་ཡི་གེས་མཚན་པ་བསྐྱེད་


DTG068_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེའི་དབུས་སུ་རཾ་ལས་བྱུང་བའི་མེ་རཾ་དང་བཅས་པ་མཐོང་སྟེ། གོང་གི་ཕྱག་མཚན་གསུམ་རཾ་དང་བཅས་པ་འོད་དུ་ཞུ་བ་ལས་མེ་འབར་བར་བསམ་ཞིང༌། དམ་ཚིག་གི་གསང་སྔགས། ཧཱུཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་བྷ་སྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཅེས་བརྗོད་པས། རྡོ་རྗེ་མི་ཏིའི་གཟུགས་སུ་གྱུར་ཏེ། དེ་ཡང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། རལ་པ་ཐོར་ཚུགས་དང་ལྡན་པ། གཡས་པ་ན་དབྱུག་པ་དང༌། མི་འཇིགས་པ་གཡོན་པ་གཉིས་ན་ཕྲེང་བ་དང༌། གུནྡྷེ་འཛིན་པ། གོས་དང༌། རྒྱན་དང༌། མཆོད་ཕྱིར་ཐོགས་པ་དང། ཐོར་ཚུགས་དཀར་པོ་དང་ལྡན་པ། ལུས་ཀྱི་ཡན་ལག་ཐམས་ཅད་ལས། མེ་ལྕེ་སྟོང་གིས་འཁྲིགས་ཤིང་འོད་འབར་བར་བསམས་ནས། དེ་ལྟར་མེ་ལྷ་དམ་ཚིག་སེམས་དཔའ་བསྐྱེད་ལ། དེ་ནས་མེ་ལྷ་དེའི་ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ་བ་ཡི་གེ་ཧཱུཾ་ལས་བསྐྱེད། དེ་ལས་ཡེ་ཤེས་ཀྱི་ཁྲོ་བོ་ལྕགས་ཀྱུ་ལ་སོགས་པས་བསྟིམས་ནས། ཞབས་བསིལ་ལ་སོགས་པ་དབུལ། སྒེག་མོ་ལ་སོགས་པས་མཆོད། དེ་ནས་རྫས་རྣམས་རང་རང་གི་སྔགས། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་སྭཱ་ཧཱ། ཞེས་པས་དབུལ་བསྟོད། ཕྲིན་ལས་བཅོལ། དེ་ནས་མེ་བླངས་ཏེ། རྒྱུན་བཞག་གི་མེའམ། ཤིང་འོ་མ་ཅན་ལས་བྱུང་བའམ། བྲམ་ཟེ་ཐ་མལ་པའི་མེའམ། དཀའ་ཐུབ་ལ་དགའ་བའི་ཁྱིམ་ནས་མེ་བླངས་ཏེ། ལས་ཐམས་ཅད་པའི་སྣོད་དང༌། མཆོད་ཡོན་གྱི་སྣོད་གཉིས་དྲི་ཞིམ་པོས་སྦྱར་བའི་ཆུས་བཀད་ལ། མཆོད་ཡོན་ལ་རང་གི་རིགས་ཀྱི་ལྷའི་སྔགས་ལན་བདུན་བཟླས། ལས་ཐམས་ཅད་པའི་ཆུ་ལ། རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་རྩེ་མོ་གཉིས་ཀྱི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གཉི་ག་གཡོན་དུ་རྫས་དགོད་པའི་དུས་སུ་གཞག །མཆོད་ཡོན་གྱི་ནང་དུ་ཞོ་དང༌། ཀུ་ཤ་དང༌། འབྲུ་སྣ་ཚོགས་བླུགས་སོ། །དེ་ནས་ལས་ཐམས་ཅད་པའི་མེ་ལ་བསང་གཏོར་བྱའོ། །དེ་ནས་ཕྱི་རོལ་དུ་སྤྲུལ་པའི་མེ་ལ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། སྔགས་བཟླས་ཤིང་གོང་ནས་འབྱུང་བའི་མེ་དང་གཅིག་ཏུ་བྱས་ལ་སྔགས་དེ་བཟླས་པ་ཀུ་ཤའི་རྩེ་མོས་བླངས་པས་ལན་གསུམ་བསངས་ལ། ཤིང་


DTG068_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་ཞིང་གཙང་བའི་རྩྭ་དང་བུང་ཤིང་བཅུག་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་སྔགས་བཟླས་ཤིང༌། རླུང་ཡབ་ཀྱིས་མེ་སྦར་བར་བྱའོ། །དེ་ནས་སྔར་བཤད་པའི་དམ་ཚིག་གི་མེའི་དབུས་སུ་བསམས་ལ། ཡེ་ཤེས་ཀྱི་མེ་སྔགས་དང་ཕྱག་རྒྱ་འདིས་སྤྱན་དྲང་བར་བྱ་སྟེ། ལག་པ་གཡས་པ་མི་འཇིགས་པར་བྱས་ལ། མཐེ་བོད་རྩེ་མོ་སྲིན་ལག་གི་དྲུང་དུ་བཙུགས་ལ། དགུག་པའི་ཚུལ་གྱིས་ཡང་དང་ཡང་དུ་བསྐྱེད་དེ། མངོན་པར་འདོད་པའི་སྔགས་འདི་བཟླས་ཤིང་སྤྱན་དྲང་ངོ༌། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲྀ་ཧི་ཨ་ཧཱུཾ་ཏི་མ་ཧཱ་རཾ་ཨ་སྨིན་སནྡི་ཧི་ཏོ་བྷ་བ། ཨོཾ་བྷ་ཀ་ཨང་ཡེ་སྭཱ་ཧཱ། དེ་ནས་སྤྱན་དྲངས་པའི་མེ་ལ་འཐོར་འཐུང་བྱས་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། མེ་ལྷའི་ནང་དུ་བསྟིམ་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་དང༌། མེ་ལྟ་རང་གི་སྔགས་ཀྱིས་གདན་བསྟབས་ལ། གཡས་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་བཀུག་ལ། མཐེ་བོད་མཛུབ་མོ་རྩེ་སྦྱར་བས་མེ་ཏོག་བླངས་ཏེ། ཞབས་བསིལ་ཕུལ་ཞིང༌། སོར་མོ་རྣམས་བརྐྱང་བ་ནི་ཞབས་བསིལ་གྱི་ཕྱག་རྒྱ་སྟེ། ཨོཾ་པྲ་བ་ར་སཏྐ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱའོ། །དེ་ནས་མཆོད་ཡོན་དབུལ་བར་བྱའོ། །ཨི་མ་ཨརྒྷ་མ་མ་ཡ་ཏ་ཏཾ་ཀྲི་ཏ་ན་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། མཆོད་ཡོན་ལན་གསུམ་དབུལ་བར་བྱའོ། །དེ་ནས་ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་ཛྲ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བྱ་བས་མེའི་ཆོས་ཀྱི་ཕྱག་རྒྱ་དགོད་དོ། །དེ་ནས་སྙིང་གར་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ། གར་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཉིད་ནི་མེའི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཡི་གེ་ཧཱུཾ་ལས་སྙིང་གའི་ཟླ་བ་རྡོ་རྗེ་རྣམ་པར་བསམས་ཏེ། སྔར་བཤད་པའི་དབྱིག་པ་ལ་སོགས་པ་འཛིན་པའི་ཚུལ་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོའོ། །དེ་ནས་ཨོཾ་རཏྣ་ཨ་བྷི་ཥཉྩི། ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་རོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་མཉམ་ལ་བསྒྲེང་ལ། མཛུབ་མོ་རྩེ་སྦྱར་ཏེ་རིན་པོ་ཆེར་བྱའོ། །དེ་ནས་རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །


DTG068_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ལ། དམ་ཚིག་ལ་གཞག་པར་བྱའོ། །འདིའི་ཕྱག་རྒྱ་ནི། རྡོ་རྗེ་སེམས་མ་བརྟན་པར་བྱས་ལ། མཛུབ་མོ་གཉིས་བཀུག་སྟེ། གུང་མོ་དང་སྦྱར། མཐེ་བོང་གཉིས་དད་མཐེ་ཆུང་གཉིས་གཤིབས་ཏེ། རྡོ་རྗེ་རྩེ་མོར་བྱ་བ་ནི། དམ་ཚིག་འཛིན་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྡུ་བས་བརྟན་པར་བྱས་ལ། རྡོ་རྗེ་བཅིངས་པ་ཡང་བསྡམ་པར་བྱ་ཞེས་བྱ་བའི་ཕྱག་རྒྱ་འདི་དང༌། ཨོཾ་བཛྲ་བནྡྷ་ཧཱུཾ། ཞེས་བྱ་བའི་སྔགས་དང་བཅས་པས། བདག་གི་མངོན་པར་འདོད་པའི་བྱ་བ་འདི་མཛོད་ཅིག་ཅེས་རང་གི་བསྒོ་བ་ལ་ངེས་པར་སྦྱར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ། ལས་དང་རྗེས་སུ་མཐུན་པའི་དྲི་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་དང༌། སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧ་ལ་སོགས་པའི་མཆོད་པ་བརྒྱད་ཀྱིས་མཆོད་དོ། །དེ་ནས་མེ་ལྷ་དེའི་ལྕེ་དང༌། དགང་གཟར་དང་བླུགས་གཟར་གྱི་ཁ་ལ་རཾ་རྣམ་པར་བཀོད་དོ། །པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་ནས། དང་པོ་བླུགས་གཟར་གྱིས་མར་གྱི་དགང་བླུགས་གསུམ་ཞི་བ་ལ་ཞལ་ཅུང་ཟད་གདངས་པར་དབུལ་བར་བྱའོ། །སྔགས་ནི་ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡཱ་དི་པྱཱ་དི་བྱ་བ་ཧ་ན་ཡེ་སྭཱ་ཧཱ། ཞེས་པས་དབུལ་ལོ། །དེ་ནས་བགེགས་མེད་པ་དང༌། བགེགས་དང་བཅས་པའི་མཚན་མ་ནི་གཞན་ལས་ཤེས་པར་བྱའོ། །གལ་ཏེ་བགེགས་ཡོད་ན་བསང་གཏོར་བྱ་ཞིང༌། རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་མེ་རྣམས་སྦྱངས་ཏེ། དེ་ཉིད་ཀྱིས་མར་གྱི་སྲེག་བླུགས་གསུམ་མམ། བདུན་དབུལ་བར་བྱའོ། །དེ་ནས་མར་གྱི་དགང་བླུགས་གསུམ་མམ། བདུན་རང་གི་སྔགས། ཨོཾ་ཨང་ཡེ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དབུལ། དེ་ནས་ཡམ་ཤིང་དབུལ་ཏེ། ཨོཾ་བཛྲཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་ཨང་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་བཛྲ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཆེ་གེ་མོ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་གྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་འབྲས་ཆན་གྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཟས་མཆོག་གིའོ། །


DTG068_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་ཨཱ་མུ་ཥེ་སྭཱ་ཧཱ། དཱུར་བའི་མྱུ་གུའི་འོ། །ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་ཨགྣ་ཡེ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མ་དུ་བའིའོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ནས་སོ་བའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་ཤའི་འོ། །ཨོཾ་མ་ཧཱ་ཤྲཱི་བ་ཧེ་སྭཱ་ཧཱ། བིལ་བ་དང༌། སྟར་ལ་དང༌། ཛཱ་ཏི་ཕ་ལའི་འོ། །སྔགས་ཀྱི་མཇུག་ལ། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ། འདི་ནི་རྫས་དབུལ་བའི་རིམ་པའོ། །དབུལ་བའི་གནས་དང༌། དགོངས་པ་ནི་མན་ངག་ལས་ཤེས་པར་བྱའོ། །མེའི་དབང་དུ་བྱས་པའོ། །དེ་ནས་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་མེ་འབར་བ་དེ་ཉིད་ཀྱི་ཐུགས་ཀའི་རཱ་ལྟོ་བའི་ནང་དུ་རིན་པོ་ཆེའི་གཞལ་ཡས་ཁང་རེ་མིག་དགུ་ལྟེ་བ་དང་བཅས་པའི་འཁོར་ལོ་རྩིབས་བཅུ་དྲུག་དང༌། གྲུ་ཆ་དང༌། ཁྱམས་དང། སྒོ་ཁྱུད་དང༌། རྟ་བབས་དང༌། ཐེམ་སྐས་ལ་སོགས་པས་བརྒྱན་པར་བསམས་ལ། མེའི་ཐུགས་ཀའི་དཀྱིལ་འཁོར་གྱི་ཟླ་བ་དང༌། པདྨའི་སྟེང་དུ་ལྷ་རྣམས་རེ་རེའི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་མཚན་མ་ལ་སོགས་པ་དང་ལྡན་པར་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། བར་འདིར་སྒོ་དབྱེ། བདག་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་པ་ལས། རྡོ་རྗེ་བསྡུ་བའི་སྙིང་པོ། ཨོཾ་བཛྲ་ས་མཱ་ཛཿ། ཞེས་བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ལ། མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ། གུང་མོ་དང་མཐེ་བོང་གཉིས་གཏོགས་ཤིང༌། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རང་རང་གི་གནས་ནས་བསྐུལ་ཏེ། ཇི་ལྟར་བསམས་པའི་གནས་ཀྱི་ཁོར་ཡུག་ཏུ་བཞུགས་པར་བསམ། རྡོ་རྗེ་གནོད་སྦྱིན་གྱིས་རང་བཞིན་གྱི་ཕྱི་ནས་འབྲང་བའི་བགེགས་བསྐྲད་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུ་ཅན་གྱི་ཕྱག་རྒྱ་བཅིངས་ལ། ཕྱག་རྒྱ་དེ་ཉིད་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བརྗོད་པས། ལྕགས་ཀྱུས་བཀུག་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོ་དྲུང་དུ་བྱོན་པར་བསམ་མོ། །ལྷོ་ཕྱོགས་ཀྱི་


DTG068_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཞགས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཞེས་བརྗོད་པས། ཞགས་པས་དྲངས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་ནང་དུ་ཞུགས་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས། ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་ལ། ཕྱག་རྒྱ་དེ་ཉིད་ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་ཏུ་གྱུར་པར་བསམས་ལ། ཨོཾ་བཛྲ་སྥོ་ཊ་བཾ། ཞེས་བརྗོད་ཅིང་ལྕགས་སྒྲོག་བསྡམས་པའི་ཚུལ་གྱིས་བདག་ཇི་སྲིད་འདོད་པར་དེ་བཞིན་གཤེགས་པ་རྣམས་དབྱེར་མེད་པར་བཞུགས་པར་བསམ། ཕྱག་རྒྱ་དེ་ཉིད་བཀྲོལ་ནས་བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་བྱང་ཕྱོགས་ཀྱི་སྒོར་དྲིལ་བུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོཿ། ཞེས་བརྗོད་ཅིང༌། དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བསམས་ཏེ། ཕྱག་རྒྱ་དེ་ཉིད་དགྲོལ་ལོ། །དེ་དག་གི་སྐུ་མདོག་དང་ཕྱག་མཚན་དང༌། བཞུགས་ཚུལ་ལ་སོགས་པ་སོ་སོའི་ལྟ་བས་ཡུན་རིང་དུ་བལྟ་ཞིང་བསམ་མོ། །ཐུགས་རྗེས་བསྐུལ་ལོ་ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་གྱིས་རློབས། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །བསྡམས་པ་རྡོ་རྗེ་ལས་བྱུང་བའི། །ཕྱག་རྒྱ་འདི་ནི་ཀུན་རིག་གིའོ། །ས་མ་ཡ་སྟྭཾ། ཐལ་མོ་སྦྱར། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཛཿ་ཧཱུཾ་བཾ་ཧོཿ། ཞེས་ཀུན་ལ་སྦྱར་རོ། །རྡོ་རྗེ་བསྡམས་པས་གུང་གཉིས་བསྒྲེང༌། །མཐེ་བོད་མཐེ་ཆུད་གཉིས་བཀྱེད་བརྐྱང༌། མཛུབ་གཉིས་པདྨ་ལྟར་བཀུག་པ། ངན་སོང་རྣམ་པར་སྦྱོང་བའི་འོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་བཱ་ཡ་ཧཱུཾ། དེ་ལས་མཛུབ་སྲིན་རིན་ཆེན་བྱ། །རིན་ཆེན་ཏོག་གི་ཕྱག་རྒྱའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་སརྦ་ས་ཏྭ་བྷྱ་ཧཱུཾ་ཏྲཱཾ། མཐེ་བོང་མཐེ་ཆུང་སོ་སོར་མཉམ། །ལྷག་མ་བརྐྱང་བ་ཤཱཀྱ་ཐུབ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་བི་ཤོ་དྷ་ནི་ཧྲཱིཿ། དེ་ནས་ལག་གཡོན་བསྒྱུར་བྱས་ལ། །མི་འཇིགས་སྦྱིན་པར་བྱས་པ་ནི། །མེ་ཏོག་ཆེར་རྒྱས་ཕྱག་རྒྱའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཏྲ་ཐ་ཨཿ། བཅིངས་ལས་མཛུབ་གཉིས་མིག་ཏུ་བྱ། །མཐེའུ་ཆུང་སྲིན་ལག་ནང་


DTG068_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྣོལ། །གུང་མོ་མཉམ་པར་བསྒྲེང་བ་ནི། །སངས་རྒྱས་སྤྱན་གྱི་ཡིན་པར་གསུངས། །ཨོཾ་ཤོ་དྷ་ནི་ཧཱུཾ། ཐལ་སྦྱར་གུང་མོ་གཉིས་བསྒྲེང་ནས། །མཛུབ་གཉིས་ངོས་ལ་སྦྱར་བྱས་ནས། །རྩེ་གསུམ་ཚུལ་དུ་བྱས་པ་ནི། །མཱ་མ་ཀཱི་ཡི་ཕྱག་རྒྱའོ། །ཨོཾ་ཤོ་དྷ་ནི་ཏྲཱཾ། ལག་པ་ཐལ་མོ་སྦྱར་བ་ལས། །གུང་མོ་པདྨར་བྱས་པ་ནི། །གོས་དཀར་མོ་ཡི་ཕྱག་རྒྱའོ། །ཨོཾ་ཤོ་དྷ་ནི་ཧྲཱིཿ། ཐལ་སྦྱར་གུང་མོ་གཉིས་བསྒྲེང་ལ། མཛུབ་གཉིས་རྒྱབ་སྦྱར་དཀྲིས་བྱས་ཏེ། །མཐེ་བོང་གུང་སྦྱར་ཨུཏྤ་ལ། །འདི་ནི་སྒྲོལ་མའི་ཕྱག་རྒྱའོ། །ཨོཾ་ཤོ་དྷ་ནི་ཨཿ། ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས། །མཛུབ་གཉིས་རྡོ་རྗེར་བརྐྱང་པ་ནི། །རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །ཨོཾ་སརྦ་བིད་བཛྲ་ས་ཏྭ་ཧཱུཾ། དེ་ལས་མཛུབ་མོ་གཡས་བཀུག་པ། །རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །ཨོཾ་སརྦ་བིད་བཛྲ་རཱ་ཛ་ཛ། དྲང་བོར་བཅས་པ་ཆགས་པའོ། །སརྦ་བིད་བཛྲ་རཱ་ག་ཧོ།། དེ་ལས་མཛུབ་གཉིས་སླར་བཀུག་སྟེ། །སེ་གོལ་གཏོགས་པ་ལེགས་པའོ། །སརྦ་བིད་བཛྲ་སྭཱ་དྷུ་དྷུ། དེ་ལས་བར་མ་ཚིགས་བཅག་པ། །རྡོ་རྗེ་རིན་ཆེན་ཡིན་པའོ། །སརྦ་བིད་ཏྲཾ། དེ་ལས་སོར་མོ་འོད་ཟེར་ལྟར། །བཀྱེད་པ་རྡོ་རྗེ་གཟི་བརྗིད་དོ། །སརྦ་བིད་རཾ། དེ་ལས་སྤྱི་བོར་བཞག་པ་ནི། །རྡོ་རྗེ་རྒྱལ་མཚན་ཕྱག་རྒྱའོ། །སརྦ་བིདྷི། དེ་ལས་ཕབ་ནས་ཁ་རུ་ནི། །བཞག་བ་རྡོ་རྗེ་བཞད་པའོ། །སརྦ་བིད་ཧཱ། བཅིངས་ལས་མཛུབ་གཉིས་པ་དེ་ལྟར་བྱ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །སརྦ་བིད་ཧྲཱིཿ། མཛུབ་གཉིས་དད་པོ་ཚིགས་བཅག་པ། །ཕྱག་རྒྱ་འདི་ནི་རྣོན་པོའི་འོ། །སརྦ་བིད་དྷཱི། མཛུབ་གཉིས་གདུ་བུ་ལྟར་བྱས་པ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །སརྦ་བིད་ཀྲུཾ་།དེ་ལས་མཛུབ་གཉིས་པདྨ་ཡི། །འདབ་གཉིས་བྱས་པ་པདྨའི་འོ། །སརྦ་བིད་བྷཱ། དེ་ལས་མཛུབ་གཉིས་དགྱེ་བྱས་པ། །ལས་ཀྱི་རྡོ་རྗེ་ཕྱག་རྒྱའོ། །སརྦ་བིད་ཀཾ །དེ་ལས་མཛུབ་གཉིས་རབ་བཀྱེ་སྟེ། །མགྲིན་པར་འཁྱུད་པ་བསྲུང་བའི་འོ། །སརྦ་བིད་རཾ། དེ་ལས་རྩེ་མོ་སླར་བཀུག་སྟེ། །མཆེ་བ་ལྟར་བྱས་གནོད་སྦྱིན་ནོ། །སརྦ་བིད་ཀཥཾ་།དེ་ནས་མཛུབ་གཉིས་ནང་བསྡུས་ཏེ། །རབ་ཏུ་བསྡམས་པས་ཁུ་ཚུར་རོ། །སརྦ་བིད་སཾ།


DTG068_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བསྡམས་པ་དམ་བྱས་ཏེ། །མཐེ་བོང་གཉིས་གཤིབས་ལཱ་སྱེའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷཱ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་ཧཱུཾ། དེ་ནས་ཁ་ནས་མདུན་དུ་ནི། །ལག་པ་བརྐྱང་བ་མཱ་ལེའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷཱ་བ་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་ཏྲཾ། ཐལ་མོ་སྦྱར་བ་མཱ་ལེ་ནས། །ཕར་དྲངས་པ་ནི་ཀཱི་རྟིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷཱ་ཝ་ཀྵཱན་ཏི་པཱ་ར་མི་ཏཱ་པཱུ་ཛ་ཧྲཱིཿ། གར་ལས་རྡོ་རྗེ་ཐལ་མོ་ནི། །སྤྱི་བོར་བཞག་པ་ན་རྟིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷཱ་བ་བཱི་ཪྻ་པཱ་ར་མི་ཏཱ་པཱུ་ཛ་ཨཿ། བསྡམས་པ་ཐུར་བླུགས་བདུག་པའོ། །ཨོཾ་སརྦ་བཏི་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་དྷ་མ་དྷ་མ་དྷུ་པ་ཡ་དྷྱ་ན་པཱ་ར་མི་ཏཱ་པཱུ་ཛ་ཧཱུཾ། ཐམས་ཅད་དུ་འཐོར་མེ་ཏོག་གོ །ཨོཾ་སརྦ་བཏི་སརྦ་ཨ་པཱ་ཡ་པུཥྤ་བི་ལོ་ཀི་ནི་པྲཛྙཱ་ན་པཱ་ར་མི་ཏཱ་པཱུ་ཛ་ཏྲཾ། མཐེབ་མཉམ་མདུན་འཛིན་མར་མེའོ། །ཨོཾ་སརྦ་བཏི་སརྦ་ཨ་པཱ་ཡ་ཛྙཱ་ན་ཨ་བ་ལོ་ཀ་ཀ་རི་པྲ་ནི་དྷི་པཱ་ར་མི་ཏཱ་པཱུ་ཛ་ཧྲཱིཿ། རྡོ་རྗེ་བསྡམས་པ་བརྐྱང་བྱུག་དྲིའོ། །ཨོཾ་སརྦ་བཏི་སརྦ་ཨ་པཱ་ཡ་གནྡྷ་ཨུ་པ་ཡ་པཱ་ར་མི་ཏཱ་པཱུ་ཛ་ཨཱ། མཛུབ་གཉིས་བཀུག་པ་ལྕགས་ཀྱུའོ། །ཨོཾ་སརྦ་བཏི་སརྦ་ན་ར་ཀ་ཨཱཀྵ་ཎི་ཧཱུཾ་ཕཊ། མཛུབ་རྩེ་སྤྲད་པ་ཞགས་པའོ། །ཨོཾ་སརྦ་བཏི་སརྦ་ན་ད་ཀ་ཨུ་ད་ར་ཎི་ཧཱུཾ་ཕཊ། མཛུབ་གཉིས་འཁྱུད་པ་ལྕགས་སྒྲོག་གོ ། ཨོཾ་སརྦ་བཏི་སརྦ་ན་ར་ཀ་བནྡྷ་མོ་ཙ་ནི་ཧཱུཾ་ཕཊ། རབ་ཏུ་བཀོད་པའི་དྲིལ་བུའོ། །ཨོཾ་སརྦ་བཏི་སརྦ་ན་ར་ཀ་གྷཎྚེ་བི་ཤོ་དྷ་ནི་ཧཱུཾ་ཕཊ། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །གཡོན་པ་ལྟེ་བར་བརྐྱང་བ་ལ། །གཡས་པ་རྡོ་རྗེའི་ཚུལ་དུ་ནི། །ཀུན་རིག་སྣང་མཛད་ཕྱག་རྒྱའོ། །ངན་སོང་སྦྱོང་ལ་སོགས་པ་བཞི། །ས་གནོན་མཆོད་སྦྱིན་ཏིང་ངེ་འཛིན། །མི་འཛིན་སྦྱིན་སོགས་གོ་རིམས་བཞིན། །འགྱིང་བཅས་རྡོ་རྗེ་དྲིལ་འཛིན་པ། །ལྕགས་ཀྱུ་གཡས་ཀྱིས་འཛིན་པ་ཡིན། །མདའ་འཕངས་ཚུལ་དང་སེ་གོལ་དང༌། །མཛུབ་བསྒྲེང་དཔྲལ་ཁར་འཛིན་རིན་ཆེན། །ཁུ་ཚུར་གཤིབས་པ་ཉི་མའི་འོ། །ཁུ་ཚུར་གཡོན་མདོག་གཡས་གྲུ་གཟུགས། །ཁ་ཡི་ཕྱོགས་བཞག་བཞད་པའོ། །གཡས་ཀྱིས་གཡོན་དབྱེ་ཆོས་ཀྱི་ཡིན། །རལ་གྲི་གཉིས་དཔུང་འཛིན་རྣོན་པོ། །ཁུ་ཚུར་སྙིང་གར་གཤིབས་ཁྱོད་འཁོར།


DTG068_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཟད་ནས་དྲངས་སྨྲ་བའི་རྒྱ། །ཁུ་ཚུར་གཉིས་ནི་གར་བྱས་ཏེ། །འགྲམ་པ་གཡས་གཡོན་གཞག་པར་བྱ། །དེ་ནས་ཡང་བསྐོར་སྤྱི་བོར་བཞག །སྤྱི་བོར་བསྐོར་བ་ལས་ཀྱིའོ། །ཁུ་ཚུར་གོ་ཆའི་ཚུལ་ཕྱག་རྒྱ། །དེ་ནས་མཐེ་ཆུང་མཆེ་གནོད་སྦྱིན། །ཁུ་ཚུར་གཉིས་ནས་ཁུ་ཚུར་རྒྱའོ། །དེ་ལས་དཀུ་གཉིས་གཡས་གཡོན་དུ། །བཞག་ནས་འགྱིང་བ་ལཱ་སྱེའོ། །ཕྲེང་བ་འཛིན་པ་མཱ་ལེའོ། །ཁ་ནས་བ་བྱུང་ཚུལ་གཱིརྟིའོ། །གར་དུ་བྱས་པ་ནི་རྟིའོ། །དེ་ལས་ཁུ་ཚུར་ཐུར་དུ་ནི། །བླུགས་པ་ལྟར་བྱས་བདུག་པའོ། །གྱེན་དུ་འཐོར་བ་མེ་ཏོག་གོ །མདུན་དུ་གཤིབས་པ་མར་མེའོ། །ཁུ་ཚུར་རྩེ་སྤྲད་བྲང་ལ་ནི། །བྱུག་པ་དེ་ནི་གནྡྷེའོ། །མཐེའུ་ཆུང་མཛུབ་གཉིས་སོ་སོ་རུ། །འཁྱུད་པར་བྱས་པ་ལྕགས་ཀྱུའོ། །དེ་ལས་མཛུབ་གཉིས་རྩེ་སྤྲད་པ། །གདུ་བུར་བྱས་པ་ཞགས་པའོ། །དེ་ནས་གུང་མཛུབ་མཐེབ་རྩེ་སྤྲད། །ལུ་གུ་རྒྱུད་ལྟར་བྱས་པ་ལས། །ལྷག་མ་བསྡུས་པ་ལྕགས་སྒྲོག་གོ །དེ་ནས་མཛུབ་གཉིས་འཁྱུད་པ་ལས། །ཁུ་ཚུར་མནན་བསྐྱོད་དྲིལ་བུའོ། །ལྕེ་ལ་པདྨའི་ཟླ་དཀྱིལ་དུ། །གོང་དུ་བསྟན་པའི་སྔགས་དེ་དག །བཀོད་ནས་ཟླ་བ་བྱ་བ་དེ། །ཆོས་ཀྱི་ཕྱག་རྒྱར་རབ་བསྟན་པའོ། །ཇི་ལྟར་བསྟན་པའི་བསྒོམས་པ་དང༌། །ཕྱག་རྒྱ་ཕྱག་མཚན་འཛིན་པ་དང༌། །ཐུགས་ཀར་རྡོ་རྗེ་བསྒོམ་པ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཕྱག་རྒྱ་ཆེན་པོར་བསྟན་པའོ། །འཇིག་རྟེན་པ་ཡི་ཕྱག་རྒྱ་ནི། །མཐེ་བོང་མཐེའུ་ཆུང་རྩེ་སྤྲད་དེ། །ལྷག་མ་གསུམ་ནི་རྡོ་རྗེར་བྱ། །དེ་ནི་བརྒྱ་བྱིན་ཕྱག་རྒྱའོ། །གཡས་པ་བེ་ཅོན་ལྟར་བྱས་པ། །གཡོན་པ་མགོ་ཐོག་བ་ཅེར་བྱས་ལ། །གཤིན་རྗེ་འཁོར་བཅས་ཕྱག་རྒྱའོ། །གཡས་པ་ཞགས་པ་འཛིན་བྱས་ཏེ། །གཡོན་པ་སྤྲུལ་གྱི་གདེངས་ཀར་བྱས། །ཆུ་ལྷ་འཁོར་བཅས་ཕྱག་རྒྱའོ། །གཡས་པ་སྙེ་མ་འཛིན་པ་དང༌། །གཡོན་པ་མཛུབ་མོ་བཀུག་པ་ནི། །གནོད་སྦྱིན་འཁོར་བཅས་ཕྱག་རྒྱའོ། །གཡས་ཐལ་བརྐྱང་སྦྱར་མཐེ་བོང་བཀུག །སྨྲང་འདོན་ལྟ་བུར་བྱས་པ་དང༌། །གཡོན་པ་གུནྡྷེ་འཛིན་པ་ནི། །མེ་ལྷ་འཁོར་བཅས་ཕྱག་རྒྱའོ། །


DTG068_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་རལ་གྲི་འཛིན་པ་དང༌། །གུང་མོ་སྲིན་ལག་མཐིལ་བཀུག་པ། །བདེན་བྲལ་སྲིན་པོའི་ཕྱག་རྒྱའོ། །གཡས་པ་བ་དན་ཚུལ་བྱས་ནས། །གཡོན་པ་བཙིར་བའི་ཚུལ་བྱས་ནི། །རླུང་ལྷ་འཁོར་བཅས་ཕྱག་རྒྱའོ། །གཡས་པ་ཕྲེང་བ་འཛིན་པ་དང༌། །གཡོན་པ་ཞགས་མིག་ལྟར་བྱས་པ། །དབང་ལྡན་འཁོར་བཅས་ཕྱག་རྒྱའོ། །ཐལ་མོ་མཉམ་པར་སྦྱར་བ་ནི། །པ་བ་སངས་དང་མིག་དམར་རོ། །ཁ་ཐད་མཛུབ་བསྒྲེང་ཕུར་བུའོ། །ལག་གཡས་ཐལ་བགྲད་ཉི་མ་ལའོ། །ཟླ་བ་གཡོན་པ་བགྲད་པའོ། །གླང་སྣ་ཆུ་སྲིན་འདྲ་སྒྲ་གཅན། །སེ་གོལ་གཏོགས་པ་གཟའ་ལག་སྟེ། །སྦེན་པ་གཡོན་པ་འཛིན་ལྟར་བྱ། །ལག་པ་གཉིས་ཀྱི་མཁྲིག་མ་བསྣོལ། །བཀན་ཏེ་གཡས་པའི་སྟེང་བྱུང་ནས། །སོར་མོ་བསྡུ་ཞིང་བསྣོལ་བ་སྟེ། །རྒྱུ་སྐར་སྤྱི་ཡི་ཕྱག་རྒྱའོ། །དེ་ལྟར་དཀྱིལ་འཁོར་ལྷ་རྣམས་ཕྱག་རྒྱས་བཏབ་ནས། དེ་ནས་ཞབས་བསིལ་གྱི་སྣོད་བླངས་ལ། །ཡིད་ཀྱིས་ཞབས་བསིལ་དབུལ་བར་བྱའོ། །སྔགས་ཨོཾ་པྲ་བ་ར་སཏྐ་ར་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་མཆོད་ཡོན་ལག་ཏུ་དབུལ་ལོ། །ཨི་མ་ཨརྒྷཾ་ས་མ་ཡ་སྟྭཾ། ཏྲི་ལན་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། མཆོད་ཡོན་ཕྱག་ཏུ་དབུལ་བར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པས་དབང་བསྐུར་རོ། །མཆོད་པ་བྱ་སྟེ། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་དང༌། ཨོཾ་བཛྲ་པུཥྤེ་ཞེས་བྱ་བ་དང༌། སྙིང་པོ་དཀར་པོའི་བདུག་སྤོས་དང༌། ཨོཾ་བཛྲ་དྷཱུ་པེ། ཞེས་བྱ་བ་དང༌། བའི་མར་གྱི་མར་མེ་དང༌། ཨོཾ་བཛྲ་དི་པེ་ཨཱ་ལོ་ཀེ །ཞེས་བྱ་བ་དང༌། ག་པུར་དང༌། ཙནྡན་གྱི་དྲི་ཞིམ་པོ་དཀར་པོ་དང༌། ཨོཾ་བཛྲ་གནྡྷེ། ཞེས་བྱ་བ་དང༌། ཁ་ཟས་དཀར་གསུམ་མངོན་པར་བསྔགས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣཏྭཱཏ། ཅེས་བྱ་བས་དབུལ་ཏེ། དེ་དག་དང་པོས་བསངས་ཏེ། སོ་སོ་ལས་ཀྱི་ཕྱག་རྒྱ་དང་བཅས་པས་གཏུགས་ལ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡང་དབུལ་བ་ལ་སོགས་པའི་མཆོད་པ་བྱ་བའི་ཕྱག་རྒྱ་བཞིའོ། །དེ་ནས་བདུག་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་པོ་བརྗོད་ཅིང་མཆོད་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀ་ཐུར་དུ་བསྟན་ཏེ་བཀྲོལ་ལ་དབུལ།


DTG068_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་དྷཱུ་པེ། རྡོ་རྗེ་ཁུ་ཚུར་གཉིས་མེ་ཏོག་འཐོར་བའི་ཚུལ་དུ་གྱེན་དུ་བསྟན་ཏེ་བཀྲོལ་ལ། བཛྲ་པུཥྤེ། ཞེས་བྱ་བས་དབུལ། རྡོ་རྗེ་ཁུ་ཚུར་གཉིས་མར་མེའི་ལྕེ་ལྟར་གྱེན་དུ་བཟུང་ལ། བཛྲ་ཨཱ་ལོ་ཀེ །ཞེས་བྱ་བས་དབུལ། རྡོ་རྗེ་ཁུ་ཚུར་གཉིས་བྱུག་སྦོས་བྱུག་པའི་ཚུལ་དུ་རང་གི་ལུས་ལ་བཅར་ཏེ་བརྐྱང་ལ། བཛྲ་གནྡྷེ། ཞེས་དབུལ་ལོ། །དེ་ནས་ཡང་གསང་བའི་མཆོད་པས་མཆོད་པར་བྱས་ཏེ། ལས་ཀྱི་ཕྱག་རྒྱ་བཅིང་བ་ནི། རྡོ་རྗེ་ཁུ་ཚུར་མཁལ་ལྟག་གཉིས་སུ་བཞག་སྟེ། ལཱ་སྱེའི་སྙིང་པོའི་དོན་སེམས་ལ་བསམ་ཞིང་སེམས་དང་པར་གྱུར་པས་གློ་གཡོན་པར་མགོ་བོ་བཏུད་པ་ནི་རྡོ་རྗེ་མཛེས་མའོ། །སྔགས་ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧ་དང༌། རྡོ་རྗེ་ཁུ་ཚུར་གཉིས་རང་གི་མགོ་ལ་ཕྲེང་བ་བཅིང་བའི་ཚུལ་དུ་བྱས་པ་ནི་ཕྲེང་བ་མའི་འོ། །སྔགས་ཨོཾ་བཛྲ་རཏྣ་མ་ནུཏྟ་རཾ། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པ་ལྟར་བྱས་པ་ནི་དབྱངས་མཁན་མའིའོ། །སྔགས་ཨོཾ་བཛྲ་དྷརྨ་ག་ཡ་ནེ། རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་ལ། །དེའི་སྟེང་དུ་ཁུ་ཚུར་གཡས་པ་ཁ་སྦུབ་སྟེ་བཞག་ནས། ལྡེམ་བག་ཅན་དུ་ལག་པ་གཉིས་ཕན་ཚུལ་དཀྲི་ཞིང༌། གཡོན་པའི་མཛུབ་མོ་ལ་སོགས་པ་དགྲོལ་བའི་ཚུལ་དུ་བྱས་ཏེ། དེ་བཞིན་དུ་གཡས་པ་ཁུ་ཚུར་ལ་སོགས་དགྲོལ་བའི་ཚུལ་དུ་བྱས་པ་ནི། གར་མཁན་མའི་འོ། །སྔགས་ཨོཾ་བཛྲ་ཀརྨ་ཀ་རོད་བྷཱ་བ། ད་ནི་མཆོད་པ་ཉི་ཤུས་མཆོད་པར་བྱ་སྟེ། འདི་ནི་མཆོད་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་མཆོད་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་དབུས་སུ་རང་གི་ཆོས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམས་ཏེ། ཡང་མཆོད་ཡོན་ཕུལ་ལ། འཐོར་འཐུང་སྔ་མ་བཞིན་དུ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསང་གཏོར་བྱས་ལ། དགང་གཟར་དང་བླུགས་གཟར་ལག་ཏུ་བླངས་ལ། བྱིན་ཟ་བརྟག་སྟེ། མར་གྱིས་བཀང་སྟེ་སྤར་ཞིང༌། ཇི་སྙེད་པ་ཐམས་ཅད་མེའི་ཞལ་དུ་བསྟབས་པར་བྱའོ། །དེ་ནས་གཙོ་བོ་ལ་མེ་ལྷ་ཉིད་དབུལ་བར་བྱའོ། །དེ་ནས་རྒྱལ་བ་ལྔ་དང༌། སེམས་དཔའ་བཅུ་དྲུག་པོ་རྣམས་ལ་བརྒྱ་རྩ་བརྒྱད་


DTG068_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། ལྷག་མ་རྣམས་ལ་ཉི་ཤུ་རྩ་གཅིག་དབུལ་ལོ། །རྫས་རྣམས་ནི་གོང་དུ་རྒྱས་པར་སྨོས་བར་ཟད་དོ། །དེ་ནས་གོང་དུ་སྨོས་པའི་རྡོ་རྗེ་དྲིལ་བུ་རྣམ་པ་གཉིས་པདྨའི་ལག་སྐོར་ལྔ་བྱས་ཏེ། སངས་རྒྱས་ཐམས་ཅད་ལ་བསྟོད་པར་བྱའོ། །ཆོས་ཉིད་ཡེ་ཤེས་སྐྱོན་བྲལ་བའི། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་རྡོ་རྗེ་ཀུན་རིག་ལའོ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །བསམ་པ་ཐམས་ཅད་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨའི་ཁ་རྒྱས་པ། །ཁམས་གསུམ་དབུགས་འབྱིན་མཛད་པ་པོ། །ཤཱཀྱའི་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་སེམས་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་དུ་ཡང༌། །རིགས་ཀྱི་ཡུམ་གྱི་སྐུ་བསྟན་པ། །ལོ་ཙན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ནས། །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལའོ། །ཞེས་བྱ་བའི་བར་དུའོ། །སྒེག་མོ་ཕྲེང་དང་དབྱངས་དང་གར། །སྤོས་མ་མེ་ཏོག་མར་མེ་དང༌། །དྲི་ཆབ་ལ་སོགས་ལྷ་མོ་བརྒྱད། །ཕྱི་ནང་ལྷ་མོ་ཕྱག་འཚལ་ལོ། །དེ་ཡི་ཕྱི་རིམ་གནས་པ་ཡི། །འཇིག་རྟེན་སྐྱོང་བ་བརྒྱད་པོ་ལ། །འཁོར་དང་བཅས་པ་གནས་པ་ནི། །མཆེ་བ་དྲུག་པ་མདོག་དཀར་བའི། །གླང་ཆེན་དེ་ནི་བརྒྱ་བྱིན་གདན། །རོལ་པས་འདུག་པར་གུར་ཀུམ་འདྲ། །མཚན་མ་ཤ་རྩི་ཨུ་པ་སཱི། །འཁོར་དང་བཅས་ཏེ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི། །མ་ཧེའི་གདན་ཅན་གཡོན་དཀུར་བརྟེན། །མཆན་ན་ནག་མོ་འཆི་བདག་མོ། །བེ་ཅོན་གཡོན་འཛིན་ཕྱག་འཚལ་བསྟོད། །ནུབ་ཕྱོགས་ངོས་ཀྱི་ཆུ་ལྷ་ནི། །ལུས་མདོག་དཀར་ཞིང་འཚེར་བ་ལ། །སྦྲུལ་གྱིས་


DTG068_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བརྒྱན་ཆུ་སྲིན་གདན། །ཞགས་པ་རིན་ཆེན་བསྣམས་ཕྱག་འཚལ། །བྱང་ཕྱོགས་གནོད་སྦྱིན་རྒྱལ་པོ་ནི། །གསེར་གྱི་མདོག་འདྲ་རིན་ཆེན་དང༌། །གཡོན་པ་སྙེ་མ་རྟ་ཡི་གདན། །མཆན་ན་ཆུང་མ་བསྣམས་ཕྱག་འཚལ། །མེ་གཟུགས་ཁ་དོག་དྲུག་འདྲ་བའི། །དཀྱིལ་ན་ན་ཆུང་གནས་པ་ཡི། །ལུས་དམར་པོ་ལ་ར་སྐྱེས་གདན། །གུནྡྷེ་དབྱུག་འཛིན་ཕྱག་འཚལ་བསྟོད། །ལྷོ་ནུབ་མཚམས་ཀྱི་བདེན་བྲལ་ནི། །ཡི་དགས་གདན་ཅན་དམར་ནག་མདོག །མེ་བུར་བ་ནི་གཡོན་ན་འཛིན། །གཡས་པ་རལ་གྲི་འཛིན་ཕྱག་འཚལ།། ནུབ་བྱང་རླུང་ལྷའི་རྒྱལ་པོ་ནི། །ནམ་མཁའི་མདོག་ཅན་ཤ་བའི་གདན། །བ་དན་གྱེན་དུ་བསྒྲེང་བ་འཛིན། །གཡོན་པ་རླུང་སྒྱེའུ་ཐོགས་ཕྱག་འཚལ། །བྱང་ཤར་འབྱུང་པོའི་རྒྱལ་པོ་ནི། །ཐལ་བའི་མདོག་འདྲ་རྟ་ཡི་གདན། །གཡས་ཉིད་རྩེ་གསུམ་ཨ་འབྲ་དང༌། །གཡོན་ཉིད་གུནྡྷེ་རག་ཤ་ཕྲེང༌། །བགེགས་གདོན་རྣམས་ལ་དབང་སྒྱུར་ཞིང༌། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ཡི་ཕྱི་རིམ་ཕྱོགས་བཞི་ན། །བར་ན་གཟའ་རྣམས་བརྒྱད་གནས་པ། །པ་བ་སངས་དང་མིག་དམར་གཉིས། །ཤར་ན་གནས་ཤིང་འཁོར་རྣམས་སྐྱོང༌། །སྨིན་དྲུག་སྣར་མ་མགོ་དང་ལག །ནབ་སོ་རྒྱལ་སྐག་སོགས་ཕྱག་འཚལ། །ཕུར་བུ་དང་ནི་ཉི་མ་གཉིས། །ལྷོ་ན་གནས་ཤིང་འཁོར་སྐྱོང་བ། །མཆུ་དང་གྲེ་དང་དབོ་དང་ནི། །མེ་བཞི་ནག་པ་ས་རི་དང༌། །ས་ག་ལ་སོགས་ཕྱག་འཚལ་བསྟོད། །ཟླ་བ་སྒྲ་གཅན་ནུབ་ཕྱོགས་ན། །གནས་ཤིང་རང་གི་འཁོར་སྐྱོང་བ། །ལྷ་མཚམས་དང་ནི་སྣྲོན་དང་སྣུབས། །ཆུ་སྟོད་དང་ནི་ཆུ་སྨད་དང༌། །བྱི་བཞིན་དང་ནི་གྲོ་བཞིན་དང༌། །ནུབ་ཕྱོགས་གཟའ་སྐར་ཕྱག་འཚལ་བསྟོད། །གཟའ་ལག་སྤེན་པ་བྱང་ཕྱོགས་ན། །གནས་ཤིང་རང་གི་འཁོར་སྐྱོང་བ། །མོན་གྲུ་དང་ནི་མོན་གྲེ་དང༌། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་དང༌། །ཐ་སྐར་དང་ནི་བྲ་ཉེ་སྟེ། །གཟའ་སྐར་ཚོགས་ལ་ཕྱག་འཚལ་བསྟོད། །སྒོ་ཡི་དབུས་སུ་གནས་པ་གང༌། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དད་སོགས་བསྒོམས་པ་ལས་སྐྱེས་པའི། །སྒོ་སྲུང་རྣམས་ལ་


DTG068_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །ཅེས་བསྟོད་དེ། །གང་འདོད་པའི་དངོས་གྲུབ་རྣམས་གསོལ་བ་གདབ་པའོ།། །།བཟོད་པར་གསོལ་ཞིང་གཤེགས་ཏེ། ཡི་གེ་བརྒྱ་པ་ནུས་ཚད་དུ་བརྗོད་ནས། །འདི་སྐད་བརྗོད་དོ། །ཆོ་ག་ཉམས་པ་གང་བགྱིས་པ། །མགོན་པོ་བདག་ལ་བཟོད་པར་གསོལ། །མི་ཤེས་པ་དང་མ་འབྱོར་བས། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །ཆོ་ག་དམན་པ་བཟོད་པར་གསོལ། །དེ་ནས་ཡང་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །དངོས་གྲུབ་སྩལ་ནས་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བྱ་བ་དང༌། རྡོ་རྗེ་སེམས་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། སྔགས་འདི་བརྗོད་ཅིང་གཤེགས་སུ་གསོལ་བར་བྱའོ། །ཨོཾ་མུཿ་ཞེས་བྱ་བ་དང༌། སྔགས་འདིས་ཀྱང་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཀྲི་ཏོ་བྷ་བ་ཨརྠ་ས་ཏྭ་ཏ་སིདྡྷི་མ་མེ་དད་དེ་ཡཙྪ་ནུ། ནུ་ན་ག་མ་ན་ཡཾ་ཏུ། ཞེས་བརྗོད་དོ། །དེ་ནས་དེའི་ཤར་ལྷོ་མཚམས་ནས། ཐབ་ནང་གི་ལུས་ལ་བཅུག་པ་ཕྱིར་སྤྱན་དྲངས་ཏེ། མེ་ལྷ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། ཡོ་བྱད་ཀྱི་ལྷག་མ་རྣམས་ཀྱིས་ལན་གསུམ་གསུམ་དུ་སྦྱིན་སྲེག་བྱས་ལ། དེའི་ཐ་མར་ཡོན་བདག་གཡོན་དུ་བཞག་ལ། བསྒྲུབ་པའི་དངོས་གྲུབ་ཅིང་འདོད་པ་གསོལ་བ་གདབ་བོ། །ཨོཾ་ཨགྣ་ཡེ་ཡ་ཧི་ཡ་ཧི་སྭ་སྟཾ་ཙི་པ་ར་ཐཾ། སིདྡྷི་ཐམ་ག་ག་ཙྪ་ཧ་བྷུ་བྷུ་ག་ཏ། ཞེས་བརྗོད་ཅིང་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོང་སླར་བཀྱེད་ཅིང་འབར་བའི་མེ་གཤེགས་སུ་གསོལ་ལོ། །རྗེ་བཙུན་གྱི་ཡི་གེ་བརྒྱ་བ་ལན་གསུམ་བརྗོད་དོ། །དེ་ལྟར་ཡི་གེ་བརྒྱ་པས་བཤགས་ནས། །ཡང་མེ་ཐབ་དང་ཡོ་བྱད་རྣམས་བསངས་ནས། དེ་ནས་བདག་དམ་ཚིག་སེམས་དཔར་བསྒོམས་པའི་ཐུགས་ཀར་ཧཱུཾ་བསམས་པ་ལས། བདག་ཉིད་ཁྲོ་བོ་ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བར་གྱུར་ཏེ། བཞིན་དང་ཆ་ལུགས་ཁྲོ་བོའི་ཚུལ་དུ་བསམ། མདུན་གྱི་མེ་ཐབ་ཏུ་ཡང་ཡི་གེ་ཧཱུཾ་ལས་རྡོ་རྗེ་སེམས་དཔར་གྱུར་ནས། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། ཨོཾ་བཛྲ་ས་ཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ། དྲ་བ་དྲ་བ། བི་དྲ་བ་པི་དྲ་བ།


DTG068_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཨ་པ། ནཱ་ཤ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར། པྲཱ་ཎཱན་ཧཱུཾ། ཞེས་བརྗོད་པས། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུར་གྱུར་ཏེ། སྐུ་མདོག་སྔོན་པོ་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ཕྱག་ན་རྡོ་རྗེ་དང༌། པདྨ་དང༌། རལ་གྲི་ལ་ལགས་པ་མཚོན་ཆ་གྲངས་མེད་པ་བསྣམས་པ། སྤྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱིས་སྨད་བརྒྱན་པ། འཁོར་ཁྲོ་བོ་མང་པོས་བསྐོར། རིག་ལྔས་དབུ་བརྒྱན་པ། ཞབས་པདྨ་ལྟ་བུས་རོ་མནན་ཅིང་ཐབས་མཁས་པའི་ཐུགས་རྗེས་སྡིག་པ་སྦྱོང་བར་བསམས་ཏེ། མཆོད་ཡོན་དང༌། ཞབས་བསིལ་ལ་སོགས་པ་ཕུལ་ལ། དང་པོར་ཁྲོ་བོའི་སྔགས་ཀྱིས་མར་དང་ཡམ་ཤིང་ཕུལ་ལ། དེ་ནས་རྫས་རྣམས་གཅིག་ཏུ་བསྲེས་ལ། བདུད་རྩི་འཁྱིལ་པའི་སྔགས་བཏབ་པ་ལ། ལག་པ་གཡོན་པ་ཁུ་ཚུར་བཅངས་ལ། མཛུབ་མོ་བསྒྲེང་སྟེ། བྲང་ལ་དཔུང་པ་དམ་དུ་བཅུམ་ལ། ལག་པ་གཡས་སྦྱིན་སྲེག་བྱ་སྟེ། སྔགས་གོང་དུ་སྨོས་པ་དང༌། བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱིན་སྲེག་བྱའོ། །བར་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པ་དང༌། སྒྲིབ་པ་ཐམས་ཅད་པ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་གོ །དེ་ནས་ཁྲོ་བོ་གཤེགས་སུ་གསོལ་ལོ། །བདག་ཉིད་ཕྱག་རྒྱ་དགྲོལ་ཞིང༌། ལུས་བསྲུང་བ་ལ་སོགས་པ་བྱའོ། །དེ་ལྟར་བསྲེགས་ནས་ཐལ་བར་གྱུར་པ་དང༌། རྡོ་རྗེ་བསྡུ་བའི་སྔགས་སམ་ཧ་རི་ཞེས་བརྗོད་ཅིང༌། རུས་པ་དང་ཐལ་བ་རྣམས་བསྡུས་ནས། སྣོད་གཙང་མར་བཅུག་སྟེ། མཆོད་རྟེན་གདབ་པའི་ཕྱོགས་སུ་གཞག་གོ །དེ་ནས་ག་པུར་ལ་སོགས་པའི་ཆུ་དང༌། བའི་མར་དང༌། ཞོ་དང༌། ལྕི་བ་དང༌། གཅིན་དང༌། རུས་པ་བསྲེས་ཏེ། ངན་སོང་སྦྱོར་བའི་སྔགས་འབུམ་མན་ཆད་བཟླས་ལ། དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བའི་གཟུགས་སུ་གདབ་པའམ། ཡང་ན་མཆོད་རྟེན་བྱས་ཏེ། མཆོད་རྟེན་གདབ་པའམ། གཉིས་གདབ་པ་དང༌། གསུམ་གདབ་པ་དང༌། བརྒྱ་རྩ་བརྒྱད་མན་ཆད་གདབ་པའི་བར་དུ། གཞན་དང་མཐུན་པའི་ཚུལ་གྱིས། སྔགས་དང་ཕྱག་རྒྱས་བཏབ་ནས། སྐུའམ་མཆོད་རྟེན་གྱི་སྤྱན་སྔར། ངན་སོང་སྐྱོང་བའི་སྔགས་


DTG068_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་མན་ཆད་བཟླས་སོ། །དེ་ནས་མཆོད་རྟེན་འབར་བ་ལ་སོགས་པའི་མཚན་མ་བཟང་པོ་འབྱུང་བར་འགྱུར་རོ། །ཇི་སྟེ་མཚན་མ་དེ་དག་མ་མཐོང་ན། འབུམ་ཕྲག་སྟོང་མན་ཆོད་བཟླས་ཤིང༌། ཇི་སྲིད་མཚན་མ་དགེ་བ་རྣམས་བྱུང་གི་བར་དུ། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང༌། རྩེ་གཅིག་པའི་སེམས་མཉམ་པར་བཞག་སྟེ་བཟླས་བརྗོད་བྱ། དེ་ལྟར་བཟླས་པའི་མཐར། མཚན་གཅིག་བཟླས་པ་རབ་ཏུ་བྱས་ན། ཤ་བི་ངེས་པར་སྡིག་ལས་གྲོལ་ཞིང༌། མཚན་མ་བཟང་པོ་རྣམས་འབྱུང་བར་འགྱུར་རོ།། །།ངན་སོང་སྦྱོང་བའི་རྒྱལ་པོ་བརྟག་པ་ཡི། །ཤི་བའི་དོན་དུ་ཆོ་གར་གསུངས་པ་བྱ། །འགྲོ་བའི་དོན་དུ་ཉུང་ཟད་གཅིག་བསྡུས་པ། འདི་ཡིས་ཉམ་ཐག་སྡུག་བསྔལ་བྱང་བར་ཤོག །བླ་མཁས་པས་སྟོན་པའི་ལུང་ལ་བརྟེན། །བདག་འདྲ་རྟོག་གེས་བླ་མའི་ལུང་ཐོས་ནས། །མོས་དང་གོམས་པས་ཤི་བའི་ཆོ་ག་བྱས། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ལུང་ལས། རོ་སྦྱོང་ཞིང་སྲེག་པའི་ཐབས་ཀྱི་ཆོ་ག་མདོ་དང་བསྲེས་ནས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱཀ་ར་བརྨ་དང༌། བོད་ཀྱི་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ། ཀུན་དགའ་སྙིང་པོ།next