Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
ངན་སོང་ཐམས་ཅད་སྦྱོང་བའི་ཐབས།  སྐལ་བཟང་དགའ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངན་སོང་ཐམས་ཅད་སྦྱོང་བའི་ཐབས། སྐལ་བཟང་དགའ་བ།next

ངན་སོང་ཐམས་ཅད་སྦྱོང་བའི་ཐབས།
སྐལ་བཟང་དགའ་བ།


DTG068_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ན་ཨུ་པཱ་ཡ་ནཱ་མ། བོད་སྐད་དུ། ངན་སོང་ཐམས་ཅད་སྦྱོང་བའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དམ་ཚིག་ལ་བརྟན་པར་གནས་ཤིང་སློབ་དཔོན་ལས་ཚུལ་བཞིན་དབང་ཟོབ་པ། གསང་སྔགས་ཀྱི་རྒྱུད་དང་ཆོ་གའི་བྱེ་བྲག་ལ་མཁས་ཤིང་བདག་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དེས་བྱམས་པ་དང༌། སྙིང་རྗེ་ཆན་པོའི་སེམས་ཀྱིས་སེམས་ཅན་


DTG068_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་འཆི་བའི་དུས་བྱས་ཏེ། མི་དགེ་བའི་རྣམ་པར་སྨིན་པས་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བར་གྱུར་པ་དང༌། །ཉམ་ངའི་གནས་ནས་འདོན་ཅིང༌། མཐོ་རིས་ཀྱི་བདེ་བ་ལ་དགོད་པའི་ཕྱིར་ངན་སོང་རྣམ་པར་སྦྱོང་བའི་བརྟག་པ་ལས་བྱུང་བའི་ཤི་བའི་ཆོ་ག་བྱ་བར་འོས་སོ། །དེ་ཡང་རྒྱུད་ལས། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟར་ཡང་ནི་གསུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བསླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བརྟག །དེ་ནས་སྡིག་པ་ཀུན་སྦྱངས་ཏེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་འབྱུང་བས། ངན་སོང་རྣམ་པར་སྦྱོང་བ་ཞེས་བྱ་བའི་དཀྱིལ་འཁོར་གཞུང་ལས་སྨོས་པ་བཞིན་དུ་བྲིས་ནས་བུམ་པ་ལྔ་བཞག་པ་ལ་རིགས་ལྔ་སོ་སོའི་སྙིང་པོ་བུམ་པ་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། ཤི་བའི་རོའམ་གཟུགས་བརྙན་ལ་ཚུལ་བཞིན་དུ་དབང་བསྐུར་ན་མྱུར་དུ་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །ཐབས་གཞན་ཡང་རྒྱུད་ལས། དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང༌། །མཆོད་རྟེན་དབུས་སུ་གཞག་པར་བྱ།། རང་གི་ལྷའམ་ལྷ་གཞན་གྱི། །སྙིང་པོ་སྙིང་གར་བྲིས་ནས་ཀྱང༌། །ལྷ་འདྲ་བར་ཡང་སེམས་བསྐྱེད་དེ། །ཁྱིམ་གྱི་ནང་དུ་གཞག་པར་བྱའོ། །ཞེས་འབྱུང་བས། ཤི་བའི་རོའམ་གཟུགས་བརྙན་ནི་སྔགས་དང་ཕྱག་རྒྱས་ཚུལ་བཞིན་དུ་དབང་བསྐུར་ནས་ལྷ་ཡིན་ནོ་བར་སེམས་ཀྱིས་བརྟགས་ཏེ། ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་པའི་དབུས་སུ་བཞག་པའམ། དེ་ལྟར་མ་ནུས་ན་ནི་ཤི་བ་ཉིད་ཀྱི་ཡི་དམ་གྱི་ལྷའམ། ངན་སོང་རྣམ་པར་སྦྱོང་བ་དང༌། དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་སོགས་པ་ལྷ་གཞན་གྱི་སྙིང་པོ་རོའམ་གཟུགས་བརྙན་གྱི་སྙིང་གར་བྲིས་ལ། དེ་ལྷ་ཡིན་པར་སེམས་བསྐྱེད་དེ། དུར་རམ་མཆོད་པའི་ནང་དུ་བཅུག་ན་སྡིག་པ་རྣམས་བྱང་བར་འགྱུར་རོ། །ཐབས་གཞན་ཡང་རྒྱུད་ལས། དེ་ཡི་མིང་ནས་སྨོས་ནས་ནི། །གུ་ཀུམ་བཟང་པོས་སྔགས་བྲིས་ཏེ། རིམ་གྱིས་འབུམ་ནི་ཚང་ཙམ་དུ། མཆོད་རྟེན་ལས་


DTG068_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རབ་ཏུ་བྱ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་ནི་ཚང་བར་བྱ། །དེ་ནི་ངེས་པར་དམྱལ་བ་ལས། །འདི་བྱས་པས་ནི་གྲོལ་བར་འགྱུར། །ཡི་དགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་འབྱུང་བས། ཤི་བའི་མིང་དང་རིགས་ལྔའི་སྙིང་པོ་སྤེལ་ཞིང་གྲོ་ག་ལ་གུར་ཀུམ་གྱིས་བྲིས་ནས་མཆོད་རྟེན་གྱི་ནང་དུ་བཅུག་ཅིང༌། ཚ་ཚ་འབུམ་ཚང་བར་གཞུང་བཞིན་དུ་གདབ། སྡིག་པ་ཤིན་ཏུ་ཆེ་ན་མཆོད་རྟེན་བྱེ་བ་ཚང་བར་བཏབ་ན་ངན་སོང་གསུམ་ལས་གྲོལ་ཞིང་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །ཐབས་གཞན་ཡང་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་སྐད་གསུང་བའི་སྔགས་བཟླས་ཤིང༌། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་སྟོང་དུ་ཚང་བ་དང༌། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་འབྱུང་བས། སྔགས་མཁན་ཉིད་ལྷའི་རྣལ་འབྱོར་དུ་བྱས་ལ། ཤི་བའི་མིང་དང་ལྷའི་སྙིང་པོ་རྣམས་སྤེལ་ཞིང་བཟླས་བརྗོད་གཞུང་བཞིན་དུ་འབུམ་ཕྲག་སྟོང་ངམ། བརྒྱ་ཕྲག་སྟོང་ངམ། བྱེ་བ་ཚད་པར་བཟླས་ན་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །ཐབས་གཞན་ཡང་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང་དུ་སྙེད། སྦྱིན་སྲེག་བྱས་པར་གྱུར་ན་ནི། །དམྱལ་བ་ཆེན་པོར་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་འབྱུང་བས། །ཤི་བའི་མིང་དང་སྙིང་པོ་རྣམས་སྤེལ་ཞིང་ཚུལ་བཞིན་དུ་སྦྱིན་སྲེག་གི་ལས་བྱས་ཏེ། གྲངས་འབུམ་ཕྲག་བརྒྱའམ་བརྒྱ་ཕྲག་སྟོང་ཚང་བར་བཟླས་ཤིང་སྦྱིན་སྲེག་བྱས་ན་ངན་སོང་ལས་ཐར་བར་འགྱུར་རོ། །ཡང་ན་གཞུང་ཉིད་ལས་སྨོས་པའི་མེའི་མདོག་དཀར་ཞིང་མེ་ལྕེ་གཡས་སུ་འཁྱིལ་བ་ལ་སོགས་པ་ལྟས་བཟང་པོ་རྣམས་བྱུང་བའི་བར་དུ་སྦྱིན་སྲེག་བྱའོ། །ཐབས་གཞན་ཡང་རྒྱུད་ལས། སྦྱིན་སྲེག་དཀྱིལ་འཁོར་དམ་པ་ནི། །སྦྱིན་སྲེག་རབ་ཏུ་བྱ་བ་ཡིན། །ཞེས་སྨོས་པས། སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། དབང་བསྐུར་ནས་མེ་ཐབ་ཏུ་སྦྱིན་སྲེག་བྱ་བ་དང༌། ཚ་ཚ་བཏབ་ནས་བཟླས་བརྗོད་ལ་སོགས་བྱ་དགོས་ཏེ། འདིར་གོང་གི་ཆོ་གའི་


DTG068_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རྣམ་པར་རྒྱུད་ཉིད་ལས་གསལ་བར་རབ་ཏུ་སྨོས་སོ། །དེ་ཡང་སྦྱིན་སྲེག་གི་དཀྱིལ་འཁོར་བྱེད་པར་འདོད་པས། དང་པོར་ཤི་བའི་རོའམ། གཟུགས་བརྙན་གྱི་སྙིང་གར་ཤི་བ་ཉིད་ཀྱི་མེ་ཏོག་གང་ལ་ཕོག་པའི་ཡི་དམ་གྱི་ལྷའམ། ལྷ་མེད་ན་ངན་སོང་རྣམ་པར་སྦྱོང་བ་ལ་སོགས་པ་ལྷ་གཞན་གང་ཡང་རུང་བའི་སྙིང་པོ་གྲོ་ག་ལ་གུར་ཀུམ་གྱིས་བྲིས་ཏེ་སྙིང་གར་གདགས། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་སྙིང་པོ་དེ་བཞིན་དུ་བྲིས་ནས་སྤྱི་བོར་གདགས་ཏེ། སྙིང་གར་བྲིས་པའི་སྙིང་པོ་གང་ཡིན་པ་དེ་ལྷ་དེ་ཉིད་དུ་རོ་དེ་གྱུར་པར་བསམ་ཞིང་བྱིན་གྱིས་བརླབས་ནས། གཙང་མའི་ནང་དུ་ཁྲིའམ་སྟེགས་བུའི་སྟེང་དུ་ཁ་ནུབ་ཏུ་བསྟན་ལ་གཞག་གོ །སྔགས་མཁན་ཤར་དུ་ཁ་བལྟས་ནས་བདུན་དུ་མཎྜལ་བྱས་ནས་ཞི་བ་དང་ལྡན་པའི་མཆོད་པ་རྣམས་དགྲམ་ཞིང༌། མཆོད་སྦྱིན་གྱི་གཏོར་མ་ཆ་གཉིས་ཚུལ་བཞིན་དུ་བཤམས། འབྱོར་ན་འཕན་གདུགས་ཅི་འབྱོར་ཀྱང་བྲེ། དེ་ནས་བདག་ཉིད་རང་གི་ལྷའི་རྣལ་འབྱོར་དུ་གཞུང་བཞིན་དུ་བྱས་ནས་བདེ་བར་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ། ཕྱག་བྱས་ལ་མཆོད་པ་དབུལ་ཞིང་ཐུགས་དམ་བསྐུལ་བ་དང༌། དམ་ཚིག་ཅན་རྣམས་ལ་གཏོར་མ་ཕུལ་ཏེ་ཕྲིན་ལས་བཅོལ་བ་དང་འགྲོ་བ་ལ་སྦྱིན་པ་རྒྱ་ཆེར་སྤེལ་བས་ལན་ཆགས་བྲལ་བར་བྱས་པ་ལ་སོགས་པ་གཞུང་གཞན་དང་མཐུན་པར་བྱས་ནས་བདེ་བར་གཤེགས་པ་དེ་དག་གིས་ཐུགས་ཀར་བཟླས་བྱའི་ཡི་གེ་ན་མོ་བྷ་ག་བ་ཏེ་བྱ་བའམ། ཨོཾ་སརྦ་དུརྒ་ཏི། ཞེས་བྱ་བ་གང་ཡང་རུང་བ་བཀོད་ལ། དེ་བཞིན་དུ་བདག་གི་སྙིང་གར་ཡང་བསམས་ཏེ། གཞུང་བཞིན་དུ་ཞི་བའི་མིང་དང་སྔགས་སྤེལ་ཞིང་ཞག་ཅི་ནུས་ཙམ་གྱིས་བཟླས་བརྗོད་བྱའོ། །ཆོག་ཤེས་པ་གཞན་ཡོད་ན་གནས་དེ་ཉིད་དམ་གཞན་ཉིད་དུ་ཞི་བའི་ཐབ་ཁུང་ཚུལ་བཞིན་དུ་བརྩིགས་ནས་ཕྱག་རྒྱ་བཞི་བཀོད་དེ། མཆོད་པ་དང་གཏོར་མ་དང་སྲེག་རྫས་ལ་སོགས་པ་གཞུང་བཞིན་དུ་བཤམས་ནས་མཆོད་པ་དང་གཏོར་མ་ཚུལ་བཞིན་དུ་དབུལ་ཞིང་བཏང་བ་དང༌། སྦྱིན་སྲེག་གི་ཆོ་ག་བྱས་པ་ལ་སོགས་པ་ཞག་ཅི་ནུས་ཀྱིས་བྱའོ། །གཞན་ཡང་སྒྲིབ་པ་སྦྱངས་ཤིང་ཚོགས་བསག་


DTG068_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་མཆོད་རྟེན་གདབ་པ་དང་མདོ་སྡེ་ཟབ་མོ་བཀླག་པ་དང༌། སྦྱིན་པ་འབྱོར་ཚད་བཏང་བ་ལ་སོགས་པ་དགེ་བའི་ལས་རྒྱ་ཆེར་བྱ་བར་རིགས་སོ། །དེ་ལྟར་དགེ་བའི་ཕྱོགས་ཅི་ནུས་པ་བྱས་ནས། ས་ཕྱོགས་བརྟགས་པར་སའི་ཆོ་ག་གཞུང་བཞིན་དུ་བྱས་ལ་དཀྱིལ་འཁོར་ངོས་གཅིག་པོ་ལ་ཁྲུ་དྲུག་པ་གྲུབ་ཞི་དཔང་ཁྲུ་གང་བ་ཞིག་བྱས་པའི་དབུས་སུ། མེ་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་དོ་པ་ཟླུམ་པོ་ཟབས་སུ་ཁྲུ་གང་པ། མུ་རན་འཕང་དང་ཞེང་སོར་བཞི་བཞི་པ་ཟླུམ་པོར་བསྐོར། ལྕི་བས་སྐྱང་ནུལ་ལེགས་པར་བྱ། ས་དཀར་པོས་བསྐུ་ཞིང་དྲིས་བྱུག །དེ་ནས་ཐིག་སྐུད་ལེགས་པ་ཅིག་གིས་ཚུལ་བཞིན་དུ་ཐིག་བཏབ་ནས། ཚོན་ཕྱེ་སྣ་ལྔས་བྲི་བ་ནི་མེ་ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་གཅིག་བྱ་བ་ནི་ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེ་རྣམས་ཚུལ་བཞིན་དུ་བཀོད་དོ། །མུ་རན་ལ་རྡོ་རྗེ་རྐྱང་པའི་ར་བ་རྩེ་ལྔ་པའམ། རྩེ་གསུམ་པས་བསྐོར་རོ། །དེའི་ཕྱི་རིམ་གྱི་འཁོར་ལོ་རྩིབས་བཅུ་དྲུག་ལ་ཤར་གྱི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ་དང་མགུ་བར་སྟོན་པ་རྣམས་དགོད་དོ། །ལྷོའི་རྩིབས་བཞི་ལ་ནོར་བུ་རིན་པོ་ཆེ་དང་ཉི་མའི་དཀྱིལ་འཁོར་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་སོའི་ཕྲེང་བ་རྣམས་དགོད་དོ། །ནུབ་ཀྱི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་པདྨ་དང་རལ་གྲི་དང་འཁོར་ལོ་དང་དུང་རྣམས་དགོད་དོ། །བྱང་ཕྱོགས་ཀྱི་རྩིབས་བཞི་ལ་རྡོ་རྗེ་ཁ་བཞི་པ་དང་གོ་ཆ་དང་མཆེ་བ་དང་ཁུ་ཚུར་རྣམས་དགོད་དོ། །དེའི་ཕྱི་རིམ་གྱི་གྲུ་ཆད་ཀྱི་ཤར་ལྷོར་སྨིན་མ་འདེགས་པའི་ཚུལ་དང་བདུག་པ་དང༌། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕྲེང་བ་དང་མེ་ཏོག་དང༌། ནུབ་བྱང་དུ་ཡིད་དུ་འོང་བའི་གླུ་དང་མར་མེ་དང༌། བྱང་ཤར་དུ་གར་བྱེད་པའི་མཚན་ཉིད་དང༌། བྱུག་པ་རྣམས་དགོད་དོ། །དེའི་ཕྱི་རིམ་སྣམ་བུ་ལ་ཕྱག་རྒྱ་བཞིས་གཏམས་པ་དགོད་དོ། །དེའི་ཕྱི་རིམ་གྱི་སྣམ་བུ་ལ་ཤར་དུ་རྡོ་རྗེ་གདེང་པོ་དང་ཟླ་བ། ཤར་ལྷོར་མེ་ཐབ། ལྷོར་བེ་ཅོན། ལྷོ་ནུབ་ཏུ་རལ་གྲི་།ནུབ་ཏུ་ཞགས་པ་དང༌། བུམ་པ་དང༌། ཉི་མ། ནུབ་བྱང་དུ་བ་དན། བྱང་དུ་དབྱུག་པ། བྱང་ཤར་དུ་མདུང་རྩེ་གསུམ་པ་རྣམས་དགོད་དོ། །དེའི་ཕྱི་


DTG068_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་སྒོ་བཞིའི་ཤར་དུ་ལྕགས་ཀྱུ། ལྷོར་ཞགས་པ། ནུབ་ཏུ་ལྕགས་སྒྲོག་བྱང་དུ་དྲིལ་བུ་རྣམས་དགོད་དོ། །གཞན་ཡང་དཀྱིལ་འཁོར་གྱི་རྒྱན་ཐེམ་སྐས་བཞིའི་ཕྲེང་བ་དང་ལྡ་ལྡི་དང་དོ་ཤལ་དང་དྲིལ་བུ་དང་རྔ་མ་དང་སེང་གེ་དང་བ་ལང་ལ་སོགས་པས་བརྒྱན་པ་བྲིའོ། །དེ་ཡང་རྒྱུད་ལས་ཁྲུ་བཞི་པ་ཡི་ཚད་དུ་ནི། ཆོ་ག་བཞིན་དུ་ཁུང་བརྐོས་ལ། །རྡོ་རྗེས་མཐའ་མ་བསྐོར་བ་ཡི། །འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་པ་ཡི་ཕྱོགས་སུ་བྲི། །ཇི་བཞིན་སེམས་དཔའ་རྣམས་དང་ནི། །འཇིག་རྟེན་གཙོ་ལ་སོགས་པ་བྲི། །ཞེས་སྨོས་སོ། །དེ་ལྟར་སྦྱིན་སྲེག་གི་དཀྱིལ་འཁོར་སྨོས་ནས་བུམ་པ་ཆུས་བཀང་བ། སྨན་དང་འབྲུ་དང་རིན་པོ་ཆེ་དང་མགུལ་ཆིངས་དང་བུམ་པའི་ཁ་རྒྱན་ལ་སོགས་པ་གཞུང་དང་མཐུན་པར་བྱས་པ་ལྔ་ཡན་ཆད་དགོད་པ་དང༌། ལྷ་བཤོས་སྣོད་གཙང་མས་བཀང་བ་བརྒྱད་དམ་བཅུ་དྲུག་སྙེད་ཀྱི་བཟའ་བ་དང༌། བཅའ་བ་དང་བཏུང་བ་སྣ་ཚོགས་པ་དང༌། མེ་ཏོག་དང་བདུག་པ་དང༌། བྱུག་པ་དང་མར་མེ་ལ་སོགས་པའི་མཆོད་པ་རྣམས་དང༌། མེ་ཏོག་གི་ཕྲེང་བ་དང་རྒྱལ་མཚན་དང༌། བླ་རེ་དང་གདུགས་དང་བ་དན་དང་འཕན་ལ་སོགས་པས་བརྒྱན་པ་དང༌། དཀྱིལ་འཁོར་གྱི་མེ་ཏོག་སིལ་མ་བཀྲམ་ཞིང་ཀུ་ཤས་བསྐོར་རོ། །མཆོད་ཡོན་གྱི་གཏོར་མ་རྒྱས་པར་ཆ་གཉིས་ཀྱང་བཤམ་མོ། །དེ་ཡང་རྒྱུད་ལས། ཆུ་སོགས་བུམ་པ་གང་བ་དང༌། །གཏོར་མས་སྣོད་རྣམས་བཀང་བ་དང༌། །བརྒྱད་སྙེད་ཙམ་དུ་གཞག་བྱ་སྙམ། །ཡང་ན་བཅུ་དྲུག་སྟེང་དུ་གཞག །བཟའ་བ་དང་ནི་བཅའ་བའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ནི་ལེགས་པར་བརྒྱན། །ཞེས་སྨོས་སོ། །གཞན་ཡང་སྦྱིན་སྲེག་གི་ཡོ་བྱད་མར་ཁུ་དང་འོ་མ་དང་ཏིལ་དང༌། ཉུངས་ཀར་དང་འབྲས་ཆན་དང༌། འབྲས་སོ་བ་དང༌། དཱུར་བ་དང༌། ཡམ་ཤིང་འོ་མ་ཅན་དང༌། དྲི་ཞིམ་པོ་ལས་བྱས་པའི་སོར་བརྒྱད་དམ། སོར་ཉི་ཤུ་བཞིའི་བར་དང༌། བུད་ཤིང་འོ་མ་ཅན་སྐམ་པོ་ཟླུམ་པོ་རྣམས་དང༌། ག་ཕུར་དང་གུར་


DTG068_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཀུམ་ལ་སོགས་པ་དྲི་ཞིམ་པ་རྣམས་བསག་གོ །དེ་ཡང་རྒྱུད་ལས། ག་པུར་གུར་ཀུམ་ལ་སོགས་པ། མར་དང་འོ་མ་ཏིལ་བསྐོལ་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང༌། །དྲི་ཡི་ཆུས་ནི་ལེགས་བཀང་སྟེ། །འབྲས་ཆན་ཡོས་དང་དཱུར་བ་དང༌། །སྤྲང་རྩི་ཤ་ཁར་མར་ལྡན་པ། །བརྒྱ་ཕྲག་དུ་མར་ཡོངས་བཟླས་པ། །ཡམ་ཤིང་ལ་ཡང་དེ་བཞིན་དུ། །ཞེས་སྨོས་སོ། །དེ་ལྟར་མཆོད་པའི་ཡོ་བྱད་རྣམས་བསགས་ཏེ། བདག་ཉིད་རང་གི་ལྷའི་རྣལ་འབྱོར་དུ་བྱས་ལ། དཀྱིལ་འཁོར་གྱི་ཡོ་བྱད་ཀུན་ལ་ལས་ཐམས་ཅད་པའམ། ངན་སོང་སྦྱོང་བའི་སྔགས་ཀྱིས་གདབ། སྲེག་རྫས་ཀུན་ལ་ཡང་ངན་སོང་སྦྱོང་བའི་སྔགས་ཀྱིས་གདབ། བརྒྱ་རྩ་བརྒྱ་ཕྲག་དུ་མར་བཟླས་སོ། །དེ་ནས་ལས་ཐམས་ཅད་པའམ། འཕགས་པ་མི་གཡོ་བའི་སྔགས་དང་ཕྱག་རྒྱས་བགེགས་བསྐྲད་ཅིང་མཚམས་བཅད་དོ། །རྡོ་རྗེ་རབ་དང་དྲ་བ་དང་ཕུར་བུ་ལ་སོགས་པའི་སྔགས་སམ་རྒྱུད་དང་ལྡན་པར་བྱའོ། །དེ་ནས་བདག་ཉིད་ཀྱི་སྙིང་གར་སྣ་ཚོགས་རྡོ་རྗེས་བསྡུས་པས་འཕགས་པ་སྤྱན་དྲངས་ཏེ། ཕྱག་རྒྱ་བཞིས་བཞུགས་སུ་གསོལ་ནས། ཡོན་ཆབ་ལ་སོགས་པའི་མཆོད་པ་རྣམས་ཚུལ་བཞིན་དུ་དབུལ་ལོ། །དེ་ཡང་རྒྱུད་ལས། ཆོ་ག་ཤེས་པར་བྲིས་ནས་ཀྱང༌། །ལྷ་རྣམས་མང་པོ་སྤྱན་དྲངས་ནས། །སྔགས་ཤེས་པས་ནི་སྔགས་ཕྱག་རྒྱས། །ཨརྒྷ་ཕུལ་བར་ཤེས་ནས་ཀྱང༌། །མདོར་ན་མཆོད་པ་བྱས་ནས་ནི། །ལྷ་ཡི་སྦྱོར་བར་རབ་གནས་ལ། །ཞེས་སྨོས་སོ། །དེ་ནས་གཏོར་མ་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་ནས། དམ་ཚིག་ཅན་རྣམས་ལ་གཏོར་མ་ཕུལ་ཏེ། མིང་འདི་ཞེས་བྱ་བའི་སྒྲིབ་པ་སྦྱང་ཞིང༌། བདག་འགྲོ་བའི་དོན་བརྩམ་པའི་བསྟོང་གྲོགས་མཛད་དུ་གསོལ་ཞེས་བརྗོད་དོ། །འགྲོ་བ་སྤྱིར་གཏོར་མ་བསྔོས་ནས། མིང་འདི་ཞེས་བྱ་བའི་ལན་ཆགས་བྱང་ཞིང་བསོད་ནམས་ཀྱི་ཚོགས་སུ་གྱུར་ཅིག་ཅེས་བརྗོད་དེ་གཏང༌། སྔགས་མཁན་གཞན་མ་ཞིག་ཡོད་ན་བུམ་པ་ལྔ་ལ་རིགས་ལྔའི་སྙིང་པོ་དང་ཤི་བའི་མིང་སྤེལ་ཞིང་ཅུང་ཟད་བཟླས་ལ་དེ་ནས་ངན་སོང་སྦྱོང་བའི་སྔགས་ཅི་མང་དུ་བཟླས་བརྗོད་བྱ། གཞན་མེད་ན་བདག་ཉིད་ཀྱིས་བུམ་པ་གཅིག་


DTG068_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངན་སོང་སྦྱོང་བའི་སྔགས་ཅི་ནུས་ཀྱིས་བཟླས་སོ། །དེ་ནས་བུད་ཤིང་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་ལ་བརྩིག །རོ་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་མང་དུ་བཏབ་སྟེ། བྱེ་མའམ་ཡུངས་ཀར་ལ་བཟླས་ཤིང་གཏོར་ནས་བུམ་པའི་ཆུས་ཚུལ་བཞིན་དུ་བཀྲུས་ཏེ་ག་པུར་དང་གུར་ཀུམ་ལ་སོགས་པའི་དྲི་རྣམས་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་རོ་ལ་བྱུག །གུར་ཀུམ་གྱིས་སྔགས་བཅོ་བརྒྱད་ཚུལ་བཞིན་དུ་བྲིས་ནས། དཔྲལ་བ་དང༌། མཛོད་སྤུ་དང༌། རྣ་བ་གཉིས་དང༌། གཙུག་ཕུད་དང༌། དཔུང་པ་གཉིས་དང༌། སྣ་དང༌། རྐེད་པ་དང༌། བུས་མོ་གཉིས་དང༌། བོལ་གཉིས་དང༌། ལོང་བུ་གཉིས་དང༌། མིག་གཉིས་དང༌། གསང་བའི་གནས་རྣམས་སུ་གདབ། དེ་བཞིན་ཡིད་ཀྱིས་ཀྱང་སྔགས་རྣམས་བཀོད་དེ། དེ་དག་གི་འོད་ཟེར་གྱིས་སྒྲིབ་པ་སྦྱངས་པར་བསམས། ངན་སོང་སྦྱོང་བའི་ཕྱག་རྒྱ་བཅིངས་ཤིང༌། སརྦ་བིད་བྱ་བའི་སྔགས་ཏེ། སྙིང་ག་དང༌། ལྐོག་མ་དང༌། སྤྱི་བོར་བཏགས་པས་ལུས་ངག་ཡིད་གསུམ་གྱི་བག་ཆགས་དག་པར་དམིགས་སོ། །དེ་ནས་རོ་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་པའི་གོས་ཀྱིས་གཡོགས་ནས། རྒྱན་རྣམས་ཀྱིས་ཀླུབས་ཏེ། མེ་ཏོག་གི་ཕྲེང་བ་གདགས་ཤིང༌། སྔགས་ཀྱིས་བཏབ་པའི་བདུག་པས་ཀྱང་བདུགས་ཏེ། ཐབ་ཀྱི་དབུས་སུ་སྟན་དང་བཅས་པར་བཞག་སྟེ། ནུབ་ཏུ་ཁ་བསྟན་ལ་བདག་ཉིད་ཤར་ཕྱོགས་སུ་ཁ་བལྟས་ཏེ་ལས་བྱའོ། །དེ་ཡང་རྒྱུད་ལས། རང་གི་སྔགས་ཀྱིས་བཏབ་པའི་ཤིང༌། །ཁུང་བུའི་ནང་དུ་གཞག་པར་བྱ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་ཀླུབས་ནས་ཀྱང༌། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད།། སྙིང་ག་ལྐོག་མ་སྤྱི་བོ་རུ། །སརྦ་བིད་ཀྱིས་བྱིན་གྱིས་བརླབ། །དེ་ལྟར་གཞན་དུ་མི་དགེ་སྔགས། །མཆོག་ཏུ་དགེ་བ་རྣམས་གཞག་གོ །དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་ཏེ་དེ་དབུས་སུ། །གཞག་པ་ཉིད་དུ་བྱ་བ་ཡིན། །ཞེས་སྨོས་སོ། །དེ་ནས་རྡོ་རྗེ་ཆོས་ཀྱི་བཟླས་


DTG068_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱས་པའི་ཆུས་ཐབ་ཀྱི་ཉེ་འཁོར་དང་ཡོ་བྱད་ཐམས་ཅད་བསངས་ནས། སྐུ་གཟུགས་ལ་སོགས་པ་མངོན་དུ་ཕྱོགས་པར་རྩྭ་ཀུ་ཤའི་ཁྲི་ལ་བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་དུ་འདུག་ནས། རང་གི་ལྷའི་རྣལ་འབྱོར་དུ་གསལ་བར་བྱས་ལ། རྒྱུན་བཞག་གི་མའམ། དཀའ་ཐུབ་ལ་དགའ་བའི་ཁྱིམ་ནས་བླངས་པའི་མེ་ལ། རྡོ་རྗེ་ཆོས་ཀྱི་བཟླས་བརྗོད་བྱས་པའི་མེ་བསངས་ཏེ་ཐབ་ཏུ་བཅུག་ལ། ལས་སྣ་ཚོགས་ཀྱི་སྙིང་པོ་བརྗོད་ཅིང་རླུང་ཡབ་ཀྱི་རླུང་གིས་མེ་སྦར་རོ། །དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུཾ་གཞག་སྟེ། རྣལ་འབྱོར་གསལ་བར་བྱས་ནས་རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བཅིང་བ་དང་བསྡམས་པ་བྱས་ནས། དམ་ཚིག་གི་སྔགས། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལ་ཡ། བྷསྨི་ཀུ་རུ་སརྦ་དུཥྚཱན་ཧཱུཾ་ཕཊ། ཅེས་བརྗོད་པས་རྡོ་རྗེ་མེ་མའི་གཟུགས་སུ་གྱུར་ཏེ། རིད་པ་རིང་ལ་གཟི་མདངས་ཆེན་པོ་གཡས་བགྲང་ཕྲེང༌། གཡོན་རིལ་བ་སྤྱི་བླུགས་ཐོགས་པ། ཐོར་ཚུགས་སེར་པོ་ཅན། མདོག་དཀར་ཞིང་སྣུམ་པ། མེ་ལྕེ་སྟོང་གིས་དཀྲིགས་ཤིང་འོད་འབར་བར་བསམས་ནས་མཆོད་ཡོན་སྔགས་ཀྱིས་བྱིན་ལ། ཞི་བ་དང་མཐུན་པའི་དགང་གཟར་གྱིས་མར་གྱི་དགང་བླུགས་གསུམ་སྦྱིན། དེ་ནས་ཡམ་ཤིང་གི་ཐོར་ཏོ་གཉིས་མར་ལ་བསྲེས་པ་བསྲེག་སྟེ་ཏིལ་མར་དང་སྤུས་པ་གུང་མོ་དང་སྲིན་ལག་དང་མཐེ་བོ་གསུམ་གྱིས་སམ། བླུགས་གཟར་གྱིས་སྲེག་བླུགས་གསུམ་སྦྱིན། དེ་ནས་མཆོད་ཡོན་གྱི་ཆུས་ཁ་ལག་བཀྲུས་ནས་བསང་གཏོར་བྱས་ཏེ། འདི་སྐད་བརྗོད་དོ། །དྲང་སྲོང་ཆེན་པོ་ཁྱོད་རང་གི་འབར་བ་ཉིད་དུ་བཞུགས་ཏེ། བདག་ཉིད་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱེད་པའི་བར་དུ་གནས་པར་གྱིས་ཤིག་ཅེས་སྨྲས་ནས། མེ་ལྷའི་གཟུགས་དེ་ཉིད་མེའི་རང་བཞིན་འབར་བ་ཉིད་དུ་བསམ་མོ། །དེ་ཡང་རྒྱུད་ལས། དེ་ནས་བྱིན་ཟ་དགེ་བ་རབ་སྤར་ལ། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་སྐུ། །ཟླ་དཀར་ཀུན་དའི་བཞིན་ལ་ཞི་བའི་ལུས། །མཐའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒྷ་དབུལ་བར་བཏག་ནས་བདེ་བཞིན་དུ། །བློ་མཆོག་ལྡན་པའི་དབུས་སུ་གཟུགས་སོགས་བཞག །ཅེས་སྨོས་སོ། །དེ་ནས་སེམས་དཔའི་བཟླས་བརྗོད་བྱས་པའི་མཆོད་ཡོན་གྱི་སྣོད་གཡོན་རོལ་དུ་


DTG068_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞག །མཆོད་པའི་ཡོ་བྱད་གཞན་གཡས་རོལ་དུ་གཞག །དགང་གཟར་དང་བླུགས་གཟར་མདུན་དུ་བཞག་ནས། རང་གི་རྣལ་འབྱོར་གསལ་བར་བྱས་ཏེ། ལས་སྣ་ཚོགས་ཀྱི་སྙིང་པོ་བརྗོད་པས་མེ་འབར་བ་དེ་ཉིད་ཀྱི་ནང་དུ་རིན་པོ་ཆེའི་གཞལ་ཡས་ཁང་བཟང་པོ་ལྟེ་བ་དང་བཅས་པའི་འཁོར་ལོ་རྩིབས་བཅུ་དྲུག་པ་དང༌། གྲུ་ཆད་དང༌། ཁྱམས་དང༌། སྒོ་ཁྱུད་དང༌། རྟ་བབས་དང༌། ཐེམ་སྐས་དང༌། ཕྲེང་བ་ལ་སོགས་པས་བརྒྱན་པ། དབུས་སུ་སེང་གེ་དང་པདྨ་དང་ཟླ་བའི་གདན་ཆེན་པོ་དང་གྲུ་བཞི་དང་འཁོར་ལོའི་རྩིབས་དང༌། གྲུ་ཆད་དང་སྒོར་པདྨའི་གདན་དང༌། རིན་པོ་ཆེའི་ཁྲིའུ་ལ་སོགས་པས་བཀོད་ནས། བདག་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། རྡོ་རྗེ་བསྡུ་བའི་སྙིང་པོ། ཨོཾ་བཛྲ་ས་མ་ཡཱ་ཛཿ། ཞེས་བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ། དཔུང་མགོར་གཞག །མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ཏེ། གུང་མོ་དང་མཐེ་བོང་གཉིས་སེ་གོལ་བརྡབས་པས། དེ་བཞིན་གཤེགས་པ་རྣམས་འཁོར་དང་བཅས་པ་རང་རང་གི་གནས་ནས་བསྐུལ་ཏེ། ཇི་ལྟར་མཆོད་པར་བསམས་པའི་གནས་ཁོར་ཁོར་ཡུག་ཏུ་བཞུགས་པར་བསམ་མོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བརྗོད་ཅིང༌། ལྕགས་ཀྱུས་དགུག་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོ་དྲུང་དུ་བཞུགས་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས་ལྷོ་ཕྱོགས་ཀྱི་སྒོར་ཞགས་པའི་ཕྱག་རྒྱས་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ལྷོ་ཕྱོགས་ཀྱི་སྒོར་ཞགས་པར་བསམས་ལ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཞེས་བརྗོད་ཅིང་ཞགས་པས་དྲངས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་སོ་སོའི་སྒོ་དྲུང་དུ་བཞུགས་པར་བསམ་མོ། །ཕྱག་རྒྱ་དེ་ཉིད་བཀྲོལ་ནས་ནུབ་ཀྱིས་གོར་ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་དང་ནུབ་ཕྱོགས་ཀྱི་སྒོར་ལྕགས་སྒྲོག་ཏུ་གྱུར་པས་བསམས་ལ། ཨོཾ་བཛྲ་སྥོ་ཊ་བཾ། ཞེས་བརྗོད་ཅིང་ལྕགས་སྒྲོག་བསྡམས་པའི་ཚུལ་གྱིས་བདག་ཉིད་ཇི་སྲིད་འདོད་པར་དེ་བཞིན་གཤེགས་པ་


DTG068_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཞུགས་པར་བསམས་ཏེ། ཕྱག་རྒྱ་དེ་ཉིད་བཀྲོལ་ནས་བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་དབབ་པ་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་བྱང་ཕྱོགས་ཀྱི་སྒོར་དྲིལ་བུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། ཞེས་བརྗོད་ཅིང་དྲིལ་བུ་བསྐྱོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བསམས་ཏེ། ཕྱག་རྒྱ་དེ་ཉིད་དགྲོལ་ལོ། །དེ་དག་གི་སྐུ་མདོག་དང་ཕྱག་མཚན་དང་བཞུགས་ཚུལ་ལ་སོགས་པ་སོ་སོའི་ལྟ་བས་ཡུན་རིང་དུ་བལྟ་ཞིང་བསམ་མོ། །དེ་ནས་སོ་སོའི་དམ་ཚིག་ཕྱག་རྒྱ་རྡོ་རྗེ་བཅིངས་པ་ལས་བསྐྱེད་དེ། སོ་སོའི་སྔགས་ཀྱི་མཇུག་ཏུ། ས་མ་ཡ་སྟྭཾ། ཞེས་བརྗོད་པས། འཕགས་པ་རྣམས་དགྱེས་ཤིང་དམ་ཚིག་སྐོང་པར་བསམས་ཏེ། མཆོད་ཡོན་ཕུལ་ནས་བདེ་བར་གཤེགས་སོ་ཞེས་བརྗོད་ཅིང་མཆོད་པ་གཞན་རྣམས་ཀྱང་རིམ་བཞིན་དུ་དབུལ་ལོ། །དེ་ནས་སྲེག་རྫས་རྣམས་ལ་ལྷ་སོ་སོའི་སྙིང་པོ་དང༌། ངན་སོང་སྦྱོང་བའི་སྔགས་བཟླས་ཏེ། འོད་ཟེར་ཁ་དོག་དཀར་པོར་གྱུར་པར་བསམས་ནས་རྫས་རེ་རེ་ཞིང༌། ཨོཾ་བཻ་རོ་ཙ་ནཱ་ཡ་སྭཱ་ཧཱ། ཆེ་གེ་མོ་ཞེས་བྱ་བ་སརྦ་བིད་ཅེས་བྱ་བ་ལ་སོགས་པ་བརྗོད་ཅིང་རྫས་རྣམས་བསྲེག་གོ །བཟླས་པའི་མཐར་མིང་འདི་ཞེས་བྱ་བའི་ཉོན་མོངས་པའི་སྒྲིབ་པ་རྣམས་ཤཱནྟིཾ་ཀུ་རུ་ཞེས་བརྗོད་དོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་ལན་བརྒྱ་རྩ་བརྒྱད་མན་ཆད་དུ་དབུལ་ལོ། །དེ་ནས་རྫས་དང་མེ་ཐབ་ལ་སོགས་པ་བསངས་ཏེ། ངན་སོང་སྦྱོང་བའི་ལྷ་ལ་སྲེག་རྫས་ཉི་ཤུ་རྩ་གཅིག་ཏུ་དབུལ་ལོ། །དེ་ལྟར་མཆོད་ཟིན་པ་དང༌། འཕགས་པ་རྣམས་ཚུལ་བཞིན་དུ་གཤེགས་སུ་གསོལ། དེ་ནས་མེ་ལྷ་ཡང་ཐབ་ཁུང་དུ་སྤྱན་དྲངས་ཤིང་བསམས་ལ། མཆོད་ཡོན་ལ་སོགས་པས་མཆོད་ཅིང༌། ཡོ་བྱད་ཀུན་ལས་ལན་གསུམ་དབུལ་ལོ། །དེ་ནས་ཡང་མེ་ལྷ་མེ་འབར་བ་ཉིད་དུ་གྱུར་པར་བསམ་མོ། །དེ་ཡང་རྒྱུད་ལས། ཇི་སྐད་གསུངས་པའི་ཡོན་ཏན་འདོད་པ་ཡིས། །དེ་བཞིན་གཤེགས་སོགས་དེ་ལྟར་སྤྱན་དྲངས་ལ། ཨརྒྷ་ལ་སོགས་བཏབ་སྟེ་དེ་བཞིན་དབུལ། །བདེ་གཤེགས་བསྡུས་པའི་མཆོད་པ་གང་ཡིན་བྱ། །དེ་ནས་བསྲེག་བྱ་བཀང་སྟེ་རིམ་གྱིས་ནི། །རྒྱལ་པོ་ལ་སོགས་བརྒྱ་རྩ་བརྒྱད་དུ་བཏགས། །དེ་ནས་


DTG068_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་སྔགས་ཀྱིས་རྒྱལ་པོ་ལ། བསྲེག་བྱ་ཉི་ཤུ་རྩ་གཅིག་ཏུ་ནི་བརྟགས། དེ་ནས་སྤྱན་དྲངས་ཡོ་བྱད་ལན་གསུམ་དང༌། ཨརྒྷ་ལ་སོགས་པདྨ་དཀར་ཞལ་མཆོད། །ཅེས་སྨོས་སོ། །དེ་ནས་ཡང་མེ་ཐབ་དང་ཡོ་བྱད་རྣམས་བསངས་ལ། བདག་ཉིད་ཀྱི་སྙིང་གར་ཡི་གེ་ཧཱུཾ་བཞག་པ་ལས། བདག་ཉིད་ཁྲོ་བོ་ཕྱག་ན་རྡོ་རྗེར་ཡི་གེ་ཧཱུཾ་ཞེས་པས་གྱུར་ཏེ། བཞིན་དང་ཆ་ལུགས་ཁྲོ་བོའི་ཚུལ་ཅན་དུ་བསམས་ལ། མེ་ཐབ་ཏུ་ཡང་ཡི་གེ་ཧཱུཾ་ལས་རྡོ་རྗེ་སེམས་དཔར་གྱུར། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨཱ་ན་ཝཱརྐ་མ་ཧཱ་བཛྲ་ཀྲོ་དྷ། དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦཱ་པཱ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུཾ་ཕཊ། ཅེས་བརྗོད་པས། ཁྲོ་བོ་ཐམས་གསུམ་རྣམ་པར་རྒྱལ་བར་གྱུར་ཏེ། སྐུ་མདོག་སྔོན་པོ་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ཕྱག་ན་རྡོ་རྗེ་དང་པདྨ་དང༌། རལ་གྲི་ལ་སོགས་པ་གྲངས་མེད་པའི་མཚོན་ཆ་བསྣམས་པ། སྤྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱིས་སྨད་གཡོགས་པ་འཁོར་ཁྲོ་བོ་མང་པོས་བསྐོར་བ་རིགས་ལྔའི་དབུ་རྒྱན་གྱིས་བརྒྱན་པ། ཞབས་པདྨ་ལྟ་བུར་རོ་མནན་ཅིང༌། ཐབས་མཁས་པའི་ཐུགས་རྗེས་སྡིག་པ་སྦྱོང་བར་མཛད་པར་བསམ་མོ། །གྲུབ་ན་དེའི་སྐུ་གཟུགས་ཀྱང་མདུན་དུ་གཞག་གོ །དེ་ནས་ལག་པ་གཡོན་པས་ཁུ་ཚུར་བཅངས་ལ། མཛུབ་མོ་བསྒྲེངས་ཏེ་བྲང་ལ་སྦྱར་ཞིང་དཔུང་པ་དམ་དུ་བཅུམ་ལ། ལག་པ་གཡས་པས་སྦྱིན་སྲེག་བྱ་སྟེ། སྔགས་གོང་དུ་སྨོས་པ་དང༌། ཤི་པའི་མིང་སྤེལ་ཞིང་འབུམ་མམ། བྱེ་བ་མན་ཆད་བཟླས་པའི་སྦྱིན་སྲེག་བྱའོ། །བར་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པའམ་སྒྲིབ་པ་ཐམས་ཅད། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་པར་བྱའོ། །དེ་ཡང་རྒྱུད་ལས། ཕྱག་ན་རྡོ་རྗེ་ཕྱག་ན་པད་ཞགས་བསྣམས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས། །ཞབས་ཀྱི་པདྨས་སྡིག་མནན་ཅིང༌། །རྒྱན་རྣམས་ཀུན་གྱིས་རབ་རྫོགས་ལ། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་མཐོ། །བསམས་སམ་ཡང་ན་བྲིས་ཀྱང་རུང༌། །དེ་ཡི་སྙིང་བོ་དེ་བཞིན་དུ། །བརྒྱ་ཕྲག་


DTG068_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་དམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །ཞེས་སྨོས་སོ། །དེ་ནས་ལྷ་གཤེགས་སུ་གསོལ་ཏེ། བདག་ཉིད་ལུས་བསྲུང་བ་བྱའོ། །དེ་ལྟར་བསྲེགས་ནས་ཐལ་བར་གྱུར་པ་དང༌། རྡོ་རྗེ་བསྡུ་བའི་སྔགས་ས་མ་ཧ་ར་ཎཱ་ཧཱུཾ། ཞེས་བརྗོད་ཅིང༌། རུས་པ་དང་ཐལ་བ་རྣམས་བསྡུས་ནས། སྣོད་གཙང་མར་བཅུག་སྟེ། མཆོད་རྟེན་གདབ་པའི་ཕྱོགས་སུ་གཞག་གོ །དེ་ནས་ག་པུར་ལ་སོགས་པའི་དྲི་ཆུ་དང༌། བའི་རྣམ་ལྔ་དང་རུས་པ་བསྲེས་ཏེ། ངན་སོང་སྦྱོང་བའི་སྔགས་བཞི་ལས་གང་ཡང་རུང་བའི་སྔགས་འབུམ་མན་ཆད་བཟླས་ལ་འཇིམ་པ་དང་བསྲེས་ལ་དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བའི་གཟུགས་སུ་གདབ་པའམ་ཡང་ན་མཆོད་རྟེན་དུ་བྱས་ཏེ། མཆོད་རྟེན་གཅིག་གདབ་པ་དང༌། གཉིས་གདབ་པ་དང༌། གསུམ་གདབ་པ་དང༌། བརྒྱ་རྩ་བརྒྱད་གདབ་པ་མན་ཆད་ཀྱི་བར་དུ་གཞུང་དང་མཐུན་པར་སྔགས་དང་ཕྱག་རྒྱས་ཚུལ་བཞིན་དུ་བཏབ་ནས། སྐུའམ་མཆོད་རྟེན་གྱི་སྤྱན་སྔར་ངན་སོང་སྦྱོང་བའི་སྔགས་འབུམ་ཕྲག་ཉིས་བརྒྱ་མན་ཆད་བཟླས་སོ། །དེ་ནས་མཆོད་རྟེན་འབར་བ་ལ་སོགས་མཚན་མ་བཟང་པོ་འབྱུང་བར་འགྱུར་རོ། །ཅི་སྟེ་མཚན་མ་དེ་དག་མ་མཐོང་ན། འབུམ་ཕྲག་བརྒྱ་སྟོང་མན་ཆད་བཟླས་ཤིང་ཇི་སྲིད་མཚན་མ་དགེ་བ་དག་མ་བྱུང་གི་བར་དུ། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང༌། རྩེ་གཅིག་པའི་སེམས་ཀྱིས་མཉམ་པར་གཞག་སྟེ་བཟླས་བརྗོད་བྱ། དེ་ལྟར་བཟླས་པའི་མཐར་མཚན་གཅིག་ཏུ་བཟླས་ལ། རབ་ཏུ་བཟླས་ན། ཤི་བ་ངེས་པར་སྡིག་པ་ལས་གྲོལ་ཞིང་མཚན་མ་བཟང་པོ་རྣམས་འབྱུང་བར་འགྱུར་རོ། །དེ་ཡང་རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང༌། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཐལ་བ་དེ་ཡང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང༌། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པ་རྫོགས་ནས་ནི། །ག་བུར་དྲི་ཡིས་བསྒོས་པ་ཡིས། །འཇིམ་པ་དང་ནི་བསྲེས་ནས་ཀྱང༌། །གཟུགས་སུ་བྱའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྟར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །སྔགས་


DTG068_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་རྒྱས་བཏབ་ནས་ཀྱང༌། །འབུམ་ཕྲག་གཉིས་ཀྱི་བར་དུ་བཟླས། །དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པ་འོད་ཀྱང་རུང༌། །སྣང་ངམ་ཡང་ན་ངད་ལྡང་ངམ། །ལྷ་ལ་སོགས་པའི་རྣམ་པ་ནི། །སྣ་ཚོགས་བར་ནི་སྣང་གྱུར་ཏམ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང༌། །མེ་ཏོག་ལ་སོགས་འབར་བ་དང༌། །དུང་དང་རྔ་ལ་སོགས་པའི་སྒྲ། །དྲིལ་བུ་པི་ཝང་ལ་སོགས་རྣམས། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་ཅན་བློས་ནི་མི་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱད་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་རྣམས་མཆོད་ནས་ནི། །མཉམ་པར་གཞག་པས་བཟླས་པར་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང༌། མཚན་གཅིག་མི་ཉལ་ཐོག་མར་བཟླས། །དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང༌། །ཞེས་སྨོས་སོ། །ཤི་བའི་བར་དུ་མེད་ན་ཆོ་ག་བྱ་བའི་ཐབས་ཀྱང༌། དེ་ཡང་རྒྱུད་ལས། ཡང་ན་མེད་པར་གྱུར་ན་ཡང༌། །བཟླས་ཤིང་བསྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ནི། །མཆོད་རྟེན་ཕྲེང་བར་བྱ་བ་དང༌། །ཡང་ན་གཟུགས་སུ་བྱས་ཀྱང་རུང༌། །སྦྱིན་སྲེག་མངོན་པར་དབང་བསྐུར་རོ། །གདོན་མི་ཟ་བར་མཐོ་རིས་སྐྱེ། །ཞེས་འབྱུང་བས། རུས་པ་མེད་ན་ཡང་བདག་ཉིད་ལྷའི་རྣལ་འབྱོར་དུ་བསྒོམས་ཤིང་བཟླས་བརྗོད་བྱ་བ་དང༌། ཤི་བའི་མིང་བྲིས་པའམ། ཡང་ན་གཟུགས་བརྙན་གྱི་ནང་དུ་མིང་རྣམས་ཀྱིས་བསྔགས་ཏེ། ན་མཿ་ས་མནྟ་བུདྡྷཱ་ནཱ་ན། ཨི་ཙི་པ་ར་ཎ་མ་ནོ་མ། ཞེས་བྱ་བ་བྲིས་ནས་བཅུག་ལ། བུམ་པ་དང༌། སྔགས་དང༌། ཕྱག་རྒྱས་དབང་བསྐུར་བ་དང༌། སྦྱིན་སྲེག་གི་དཀྱིལ་འཁོར་བྱ་བ་དང༌། ཐལ་བ་ལས་མཆོད་རྟེན་མང་པོའམ། སྐུ་གཟུགས་གདབ་པ་ལ་སོགས་པ་གོང་དུ་སྨོས་པའི་ཆོ་ག་ལྟར་བྱས་ནས། སྒྲིབ་པ་རྣམས་ཟད་ནས་བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་མཆོད་རྟེན་ནམ་སྐུ་བཏབ་པའི་ཚ་ཚད་རྣམས་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ། དེའི་ནང་དུ་བཅུག་ལ། མཆོད་པ་དག་གིས་མཆོད་ནས། འཕགས་པའི་དགེ་འདུན་ལ་མཆོད་བསྟོད་གསོལ།


DTG068_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཡང་ཕུལ་ནས། དགེ་བའི་རྩ་བ་འདིས་ཆེ་གེ་མོ་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་བརྗོད་ལ། དེ་བཞིན་དུ་འགྱུར་བའམ། ཡང་ན་ཚ་ཚ་བཏབ་པ་རྣམས་རྒྱ་མཚོ་ཆེན་པོའམ་ཆུ་ཀླུང་དུ་དོར་ན་གང་དག་རྡུལ་དེས་རེག་པ་ཐམས་ཅད་མཐོ་རིས་ཐོབ་ཅིང་དགེ་བའི་རྩ་བ་འདིས་ཆེ་གེ་མོ་ངན་སོང་ལས་ཐར་བར་གྱུར་ཅིག་ཅེས་བརྗོད་ན་དེ་བཞིན་དུ་འགྱུར་རོ་ཞེས་གཞན་ལས་བཤད་དོ། །གོང་དུ་སྨོས་པ་བཞིན་ཆོ་ག་མ་ནུས་ན་ཐབས་གཞན་ཡང་རྒྱུད་ལས། ཐལ་བ་ཡུངས་ཀར་བྱེ་མ་སོགས། །རང་གི་མིང་སྨོས་སྔགས་བཏབ་ནས། བཟླས་པ་བྱས་ཏེ་སོང་ནས་ཀྱང། །རྒྱ་མཚོར་འབབ་པའི་ཀླུང་དུ་དོར། །ཞེས་འབྱུང་བས། ཐལ་བའམ་ཡུངས་ཀར་རམ། བྱེ་མའམ་དྲི་ལ་ཤི་བའི་མིང་དང༌། སརྦ་བིད་ལ་སོགས་པའི་ངན་སོང་སྦྱོང་བའི་སྔགས་སྤེལ་ནས་འབུམ་མན་ཆད་བཟླས་ཤིང་བཏབ་སྟེ་ཆུ་ཀླུང་ཆེན་པོར་དོར་ན་ངན་སོང་ལས་ཐར་བར་འགྱུར་རོ། །གོང་དུ་སྨོས་པ་ལྟ་བུའི་རོའི་ཆོ་ག་བྱས་པ་རྣམས་ཀྱི་ཡོན་ཏན་ཡང༌། རྒྱུད་ལས་དེ་ལྟར་ན་ནི་སྡིག་ཅན་ཡང༌། །ངན་སོང་ལས་ནི་ཐར་བར་འགྱུར། །དགེ་བའི་ཆོས་ནི་བསྐྱེད་པ་དང༌། །བྱང་ཆུབ་ས་བོན་བསྐྱེད་པའི་བདག །སངས་རྒྱས་འབྲས་བུ་རྒྱུད་ལྡན་པ། །སྦྱིན་བའི་ཕ་རོལ་ཕྱིན་པར་ལྡན། །ཚུལ་ཁྲིམས་རྒྱུ་དང་རབ་ལྡན་པ། །བཟོད་པ་བརྩོན་འགྲུས་མཉམ་གཞག་དང༌། །ཤེས་རབ་རྣམས་ཀྱི་རྒྱུ་བསྒོམས་པའི། །འཇིག་རྟེན་བསོད་ནམས་ལྡན་ཅི་སྨོས། །མྱུར་དུ་དེ་ནི་ངན་སོང་ནི། །བཅོམ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་འབྱུང་ངོ༌། །དེ་ཡང་རྒྱུད་ལས། དགེ་བའི་རྩ་བ་མ་བསྐྱེད་ལས། །མེད་པར་ལྟ་བ་གང་ཡིན་དང༌། །བྱང་ཆུབ་ལམ་ལས་རྣམ་ལྡོག་པས། །བསྟན་ལ་ཞེ་སྡང་གནོད་བྱེད་ཅིང༌། །སྡིག་པའི་རང་བཞིན་མ་མཐོང་ལ། །ཕ་དང་མ་ལ་སྙིང་རིང་ཞིང༌། །བྱང་ཆུབ་སེམས་ལ་བརྟེན་པ་དང༌། །འདོད་ཆགས་བྲལ་བ་བསད་པ་རྣམས། །ཅི་སྟེ་ལྷ་རྣམས་མེད་གྱུར་ཏམ། །སངས་རྒྱས་དགེ་འདུན་ཆོས་དེ་བཞིན། །སྔགས་དང་ཕྱག་རྒྱའི་ཚོགས་ལ་སོགས། །ཤེས་རབ་ཐབས་རྣམས་མེད་ན་ནི། །སྡིག་ཅན་དེ་དག་མི་ཐར་ཞེས། །བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་སྨོས་མོད་ཀྱི། དེ་ལྟ་བུའི་མི་དགེ་བའི་མཚམས་


DTG068_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་པ་འདེབས་པ་ཡང་རུང་སྟེ། ལས་ཀྱི་སྒྲིབ་པ་རྣམས་ཟད་པར་འགྱུར་རོ་ཞེས་ལུང་གཞན་དག་ལས་འབྱུང་ངོ༌། །ངན་སོང་སྦྱོང་བའི་རྒྱལ་པོ་བརྟག་པ་ཡི། །ཤི་བའི་དོན་དུ་ཆོ་གར་གསུངས་པ་ལས། །འགྲོ་བའི་དོན་དུ་བདག་གིས་ཉུང་ཞིག་བསྡུས། །འདི་ཡིས་ཉམ་ཐག་སྡུག་བསྔལ་ཉུང་བར་ཤོག །ངན་སོང་ཐམས་ཅད་སྦྱོང་བའི་ཐབས་ཞེས་བྱ་བ་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་སྐལ་བཟང་དགའ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ཆེན་པོ་བླ་མ་ནི་ན་ཤི་དང༌། ལོ་ཙཱ་བ་དགེ་སློང་གཡུང་དྲུང་འོད་ཀྱིས་བསྒྱུར་བའོ།།


previousངན་སོང་ཐམས་ཅད་སྦྱོང་བའི་ཐབས། སྐལ་བཟང་དགའ་བ།next