Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག།  ཀུན་དགའ་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག། ཀུན་དགའ་སྙིང་པོ།next

ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག།
ཀུན་དགའ་སྙིང་པོ།


DTG068_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ནཱ་མ་མཎྜ་ལ་བི་དྷིཿ། བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཙོ་ཆེན་ཤཱཀྱ་སེང་གེ་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །སློབ་མ་ལ་ནི་ཕན་གདགས་ཕྱིར། །རྩ་བའི་རྒྱུད་རྣམས་ལས་བཏུས་ཏེ། །ངན་སོང་ཐམས་ཅད་འཇིག་བྱེད་པའི། །དཀྱིལ་འཁོར་ཆོ་ག་དེ་བཤད་བྱ། །ཉམས་དགའ་བ་ཡི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །བདག་མེད་པར་ནི་ལྷག་མོས་པས། །ལྐོག་མར་པདྨ་རྣམ་པར་བསམ། །མདུན་གྱི་འདབ་མར་ཨ་དང་ནི། །ཧཱུཾ་ལས་ཟླ་བ་རྡོ་རྗེ་ནི། །རྩེ་ལྔ་བསམས་ཏེ་དེ་ཡང་ནི། །ལྕེ་དེ་ཉིད་ལ་ཐིམ་པར་བྱ། །རྡོ་རྗེ་ལྕེ་རུ་རྣམ་བསམས་པས། །སྔགས་ཟློས་མཐུ་དང་ལྡན་པར་འགྱུར། །ལག་པ་གཉིས་སུ་ཨ་ལས་ནི། །ཟླ་བ་ཧཱུཾ་ལས་རྡོ་རྗེ་ནི། །རྩེ་ལྔ་པར་ནི་རྣམས་བསྐྱེད་དེ། །ཁ་དོག་དཀར་པོ་བསྒོམ་པར་བྱ། །ལག་པའི་དབུས་སུ་ཞུ་གྱུར་ནས། །རྡོ་རྗེའི་ལག་པར་རྣམ་པར་བསམ། །རྡོ་རྗེ་ལག་པ་བརྟན་བྱས་ནས། །ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ། །རྡོ་རྗེ་འཇིགས་བྱེད་ནས་བརྩམས་ཏེ། །རྡོ་རྗེ་རྩེ་མོ་མཐར་ཐུག་པའི། །ཀུན་ནས་བསྲུང་བའི་འཁོར་ལོ་ནི། །མཁས་པས་ཡོངས་སུ་


DTG068_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱ། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །རབ་དྲ་བ་བྱས་ནས་ཀྱང༌། །སློབ་དཔོན་ཤིན་ཏུ་མཉམ་གཞག་པས། །རྡོ་རྗེ་འོག་ནི་བཅིང་བར་བྱ། །དེ་ནས་དེ་རྗེས་ཉིད་ལ་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཁོར་ལོའི་ཚོགས་དང་བཅས་པ་ཡི། །དཀྱིལ་འཁོར་ནམ་མཁར་བསམ་པར་བྱ། །མེ་ཏོག་སྤོས་དང་མར་མེ་དང༌། །དྲི་དང་བཤོས་ལ་སོགས་པས་མཆོད། །སྡིག་པ་ཐམས་ཅད་བཤགས་བྱ་ཞིང༌། །དེ་བཞིན་བསོད་ནམས་རྗེས་ཡི་རང༌། །ལམ་ནི་ཡང་དག་བསྒོམ་བྱ་ཞིང༌། །བྱང་ཆུབ་སེམས་ནི་ཡོངས་བཟུང་དང༌། །སྡོམ་པ་ཐམས་ཅད་བཟུང་བ་དག །དཀྱིལ་འཁོར་གྱི་ནི་མདུན་དུ་བྱ། །མེ་ཏོག་སྤོས་དང་མར་མེ་དང༌། །དྲི་ཡིས་རབ་ཏུ་མཆོད་བྱ་ཞིང༌། །དེ་བཞིན་སྒེག་མོ་ཕྲེང་བ་མ། །གླུ་མ་གར་མ་ལ་སོགས་བརྒྱད། །མཆོད་པ་ཉི་ཤུ་རྩ་ལྔ་ནི། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །ནམ་མཁའ་ཡི་ནི་ཕྱོགས་ཉིད་དུ། །མཆོད་པར་གྱུར་པར་རྣམ་པར་བསམ། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་དང་ནི་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དགས་ཤ་ཟ་སོགས། །ཐམས་ཅད་ལྷགས་ནས་མཆོད་པར་བསམ། །མཆོད་པ་ཀུན་གྱིས་རབ་མཆོད་ནས། །སངས་རྒྱས་ཡོན་ཏན་བརྗོད་བྱེད་དེ། །ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །སངས་རྒྱས་མཛད་པ་མཆོག་མཛད་ལེགས། །ངན་སོང་ཐམས་ཅད་ལེགས་སྦྱངས་ནས། །འགྲོ་བས་བྱང་ཆུབ་ཐོབ་པར་མཛད། །འདོད་དང་གཟུགས་ཁམས་གནས་པའི་ལྷས། །ཐལ་མོ་སྦྱར་ཅིང་རབ་བཏུད་དེ། །འཁོར་ལོས་སྒྱུར་ལ་ཕྱག་བྱས་ཏེ། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་དེ་རྗེས་ཉིད་ལ་ནི། །གོ་རིམས་ཇི་བཞིན་བསྒོམ་བྱས་ལ། །སྙིང་གའི་དབུས་སུ་ཟླ་བ་སྟེ། །དེ་དབུས་དཀྱིལ་འཁོར་རྣམ་པར་བསམ། །ནམ་མཁའི་དཀྱིལ་འཁོར་བཀུག་ནས་ནི། །སྙིང་ག་རུ་ནི་གཞུག་པར་བྱ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་ཀྱིས།། དགུག་གཞུག་བཅིངས་ལ་དབང་དུ་བྱ། །དཀྱིལ་འཁོར་རྣམ་གཉིས་ལེགས་བསྲེས་ཏེ། །དཀྱིལ་འཁོར་གཅིག་ཏུ་བསྒོམ་པར་བྱ། །དཀྱིལ་འཁོར་འདི་ནི་ཐམས་ཅད་དུ། །རྫོགས་པའི་སྦྱོར་བ་ལས་བྱུང་བ། །དེ་ཡི་དབུས་སུ་རང་གི་ངོས། །ཤཱཀྱ་སེང་གེ་བསྒོམ་པར་བྱ། །དེ་ནས་


DTG068_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པ་ཡི། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམ། །དེ་དབུས་ངན་སོང་སྦྱོང་ཞེས་པའི། །གསང་སྔགས་གཟུགས་ནི་རྣམས་བསམས་ལ། །གསང་སྔགས་རྒྱལ་པོ་རྫས་དྲན་བྱ། །སྐད་ཅིག་གིས་ནི་ས་བོན་སྤྲོ། །དེ་འོག་ཀུན་ནས་འོད་ཀྱིས་ནི། །སེམས་ཅན་ཐམས་ཅད་སྣང་བར་བྱས། །དམྱལ་བ་ཡི་དགས་བྱོལ་སོང་ཡང༌། །སླར་ཡང་སྣང་བས་ཁྱབ་པར་བྱས། །དེ་ནས་འོད་ཀྱི་སྣང་བ་ཡིས། སེམས་ཅན་ཐམས་ཅད་ངན་སོང་ལས། །སྔགས་ཀྱི་འོད་ཀྱིས་བཀུག་ནས་ཀྱང༌། །སྔགས་དང་ཕྱག་རྒྱས་དྲལ་བར་བྱ། །དེ་ལ་སོགས་པའི་སྦྱོར་བ་ཡིས། །སྲིད་གསུམ་དྲི་མ་སྦྱང་བར་བྱ། །འགྲོ་བའི་དྲི་མ་བྲལ་ཐོབ་ནས། །སླར་ཡང་འོད་ཀྱིས་སྣང་བར་བྱས། །སེམས་ཅན་ཐམས་ཅད་བཀུག་ནས་ནི། །དཀྱིལ་འཁོར་དུ་ནི་གཞུག་པར་བྱ། །དེ་ལ་ཆུ་ལ་སོགས་པ་ཡིས། །དབང་བསྐུར་བ་ནི་རིམ་བཞིན་སྦྱིན། །དེ་ལྟར་དབང་བསྐུར་ཙམ་གྱིས་ནི། །ཁམས་གསུམ་པ་ཡི་སེམས་ཅན་ཀུན། །སངས་རྒྱས་སྲས་དང་བཅས་མཐོང་ནས། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །ཁམས་གསུམ་པ་ཡི་འགྲོ་ཀུན་གྱི། །ངན་སོང་ཐམས་ཅད་སྦྱོང་མཛད་ང༌། །ཤཱཀྱ་སེང་གེ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རང་གི་དེ་ཉིད་སྟོན་མཛད་པ། །རྡོ་རྗེ་གཙུག་ཏོར་ཕྱག་འཚལ་ལོ། །མཉམ་པའི་དེ་ཉིད་བསྒོམ་པ་ཡིས། །ཁམས་གསུམ་ལ་གནས་ཐམས་ཅད་ལ། །དབང་བསྐུར་རབ་ཏུ་སྩོལ་མཛད་པ། །རིན་ཆེན་གཙུག་ཏོར་ཕྱག་འཚལ་ལོ། །སོ་སོར་ཀུན་རྟོག་རང་བཞིན་ཅན། །ཆོས་ཀྱི་བདུད་རྩིའི་ཆར་འབེབས་པས། །སེམས་ཅན་དབུགས་འབྱིན་མཛད་པ་པོ། །པདྨ་གཙུག་ཏོར་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་བསལ་བྱའི་ཕྱིར། །བྱ་བ་རྗེས་གྲུབ་རང་བཞིན་ཅན། །ཕྲིན་ལས་སྣ་ཚོགས་མཛད་པ་པོ། །སྣ་ཚོགས་གཙུག་ཏོར་ཕྱག་འཚལ་ལོ། །ཁམས་གསུམ་འོད་ཀྱིས་གསལ་མཛད་པ། །སེམས་ཅན་ཀུན་གྱིས་འཕགས་པ་ཡི། །བདེན་པ་མཐོང་བར་མཛད་པ་པོ། །གཙུག་ཏོར་གཟི་བརྗིད་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་རྣམས། །སྦྱིན་


DTG068_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ཐམས་ཅད་རྫོགས་མཛད་པ། །གཙུག་ཏོར་རྒྱལ་མཚན་ཕྱག་འཚལ་ལོ། །ཉོན་མོངས་ཉེ་བའི་ཉོན་མོངས་དག །གཅོད་ཅིང་བདུད་བཞིའི་སྟོབས་བཅོམ་ནས། །སེམས་ཅན་བྱང་ཆུབ་ཐོབ་མཛད་པ། །གཙུག་ཏོར་རྣོན་པོ་ཕྱག་འཚལ་ལོ། །ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི། །གདུགས་དཀར་གྱིས་ནི་རབ་བརྒྱན་པའི། །ཆོས་ཀྱི་རྒྱལ་པོ་ཐོབ་མཛད་པ། །གཙུག་ཏོར་གདུགས་དཀར་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་ལྷ་མོ་བཞི་པོ་དང༌། །སྤོས་དང་མེ་ཏོག་མར་མེ་དང༌། །དྲི་ཡི་ལྷ་མོ་ཕྱག་འཚལ་བསྟོད། །དད་སོགས་ངོ་བོ་ལས་བྱུང་བའི། །སྒོ་ཡི་དབུས་ན་གང་བཞུགས་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་རྣམས་ལ་ཕྱག་འཚལ་ལོ། །སྒོ་བཞི་ཡི་ནི་ལོགས་དག་ན། །ཁྱམས་ལ་སོགས་པར་བཞུགས་མཛད་པ། །རབ་དགའ་ལ་སོགས་གནས་མཛད་གང། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །ཚངས་དབང་དྲག་པོ་ཟླ་བ་སོགས། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་དང༌། །མེ་དང་སྲིན་པོ་རླུང་ལྷ་དང༌། །འབྱུང་པོའི་བདག་པོ་ཕྱག་འཚལ་བསྟོད། །སྔགས་པ་རྡོ་རྗེ་དྲིལ་འཆང་བས། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །དཀྱིལ་འཁོར་གྱི་ནི་མདུན་ཉིད་དུ། །བསྟོད་པ་འདི་ཡིས་ཡང་དག་བསྟོད། །རང་གི་ལུས་ནི་གང་ཡིན་པ། །བདག་ཉིད་དཀྱིལ་འཁོར་དག་ཏུ་བརྟག །དང་པོར་སྦྱོར་བའི་ཏིང་འཛིན་ནི། །དེ་ལྟར་རྣམ་པར་བསྒོམ་པར་བྱ། །དེ་ནས་ཁམས་གསུམ་མ་ལུས་པ། །སྟོང་པ་ཉིད་དུ་རྣམ་བསྒོམས་ལ། །རླུང་དང་ཆུ་ཡི་དབུས་སུ་ནི། །གསེར་གྱིས་ནི་གཞི་རྣམས་བསམས་ལ། །སུཾ་གྱི་ས་བོན་ལས་བྱུང་བའི། །རི་རབ་ཆེན་པོ་བསམ་པར་བྱ། །རིན་ཆེན་སྣ་བཞིའི་རང་བཞིན་ལས། །གྲུ་བཞི་ཤིན་ཏུ་རྒྱ་ཆེ་བ། །དེ་ཡི་དབུས་སུ་དཀྱིལ་འཁོར་ནི། །ངན་སོང་སྦྱོང་བ་དག་བསམས་ཏེ། །ས་བོན་བྷཱུཾ་ལས་བྱུང་བ་ཡི། །གཞལ་ཡས་ཁང་བརྩེགས་རྣམ་པར་བསྒོམ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །འཁོར་ལོ་རྩིབས་བརྒྱད་པ་ཡིས་བརྒྱན། །སྒོ་ཡི་ལོགས་བཞི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་


DTG068_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་དང༌། །གྲྭ་ཡི་ཆ་ནི་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་དག་གིས་སྤྲས། །དྲིལ་བུ་དར་དང་བ་དན་སོགས། །ཆུན་འཕྱང་མེ་ཏོག་ཕྲེང་བས་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་སྤྲས་པ། །གྲུ་བཞི་བར་ནི་བསམ་པར་བྱ། །འཁོར་ལོ་རྩིབས་བརྒྱད་དབུས་སུ་ནི། །སེང་གེ་ལ་གནས་པདྨའི་གདན། །དེ་ལ་གནས་པའི་ཟླ་དབུས་སུ། །ཤེས་རབ་ཐབས་ནི་ཞུ་བར་བྱ། །སེམས་ཅན་དོན་གྱི་རྒྱུར་བྱུང་བའི། །སྔགས་ཀྱི་གཟུགས་སུ་རྣམ་པར་བསམ། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་ལས་ནི། །སྒྲིབ་པ་ཀུན་སེལ་ཞེས་བྱ་བའི། །ཏིང་ངེ་འཛིན་གྱིས་རྣམ་དག་པའི། །ཤཱཀྱའི་རྒྱལ་པོ་རྗེས་དྲན་བྱ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །གསང་སྔགས་ཀྱང་ནི་གསུང་བར་མཛད། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རིམ་གྱིས་རྣམ་པར་དབྱེ་བ་ནི། །རྒྱ་འདི་ཆོས་ཀྱི་འཁོར་ལོ་སྟེ། །འཁོར་བ་ཐམས་ཅད་གཅོད་བྱེད་ཡིན། །དེ་ཡི་དཔེ་ནི་འདི་ལྟ་སྟེ། །ཇི་ལྟར་པདྨ་ལ་ཆགས་པའི། །བུམ་པ་ལ་སོགས་བསྡམས་པ་རྣམས། །པདྨའི་འདབ་མ་ཁ་བྱེ་ན། །བཅིངས་པའི་སྡུག་བསྔལ་ལས་ཐར་བྱེད། །དེ་བཞིན་འཁོར་བའི་སེམས་ཅན་རྣམས། །སྲིད་གསུམ་འགྲོ་བར་བཅིངས་བ་རྣམས། །ཐུགས་རྗེའི་བདག་ཉིད་ཤཱཀྱ་ཡི། །སེང་གེས་བཅིངས་པ་ལས་གྲོལ་མཛད། །དེ་ནས་སྙིང་གར་ཟླ་བ་ལ། །གནས་པའི་སྔགས་རྣམས་བརྗོད་ནས་ནི། །རྡོ་རྗེ་གཙུག་ཏོར་ནས་བརྩམས་ཏེ། །རྡོ་རྗེ་འབེབས་པའི་བར་དུ་བསྐྱེད། །དེ་ལ་སྔགས་རྣམས་འདི་ཡིན་ནོ། །ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི། རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོ་ཤོ་དྷ་ནི་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོདྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་པར་བྱ་སྟེ། དེ་རས་གོ་རིམས་ཇི་བཞིན་པའི། །རིམ་པ་ཡང་དག་བཤད་པར་བྱ། །ཨོཾ་བཛྲ་ཧཱུཾ་ཕཊ། ཁ་ཡི་སྒོ་ནས་དབྱུང་པ་ནི། །ཀུན་ནས་འོད་ཟེར་ལྔ་པར་བྱུང༌། །སྔགས་ཀྱི་འོད་ཀྱི་སྣང་བ་ཡིས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྣང་བར་ཁྱབ་ནས་འགྲོ་བ་ནི། །ཀུན་ཀྱང་སྡུག་བསྔལ་གྲོལ་བར་བྱེད། །དེ་ནས་འོད་


DTG068_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སླར་ལོག་པ། །སྙིང་ག་རུ་ནི་ཞུགས་པར་བྱ། །སྔགས་དང་འོད་ཟེར་འདྲེས་པ་ལས། །བྱུང་བའི་སྐུ་ནི་སྤྲོ་བར་བྱ། །ཤར་རྩིབས་པདྨ་ཟླ་བར་བཞུགས། །རྡོ་རྗེ་གཙུག་ཏོར་དེ་བཞིན་གཤེགས། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཐུགས་ཀ་ལས་བྱུང་བཞུགས་པར་བསམ། །སྐུ་མདོག་དཀར་ཞིང་འོད་ཟེར་འབར། །ས་གནོན་པ་ཡི་ཕྱག་རྒྱས་བཞུགས། །སྔར་བཤད་བཞིན་དུ་ཐམས་ཅད་ཀྱང༌། །འོད་ཟེར་སྤྲོ་དང་བསྡུ་བ་དང༌། །སྤྲོས་ནས་བསྡུ་བའི་སྦྱོར་བ་ཡིས། །རང་རང་སྔགས་ནས་བྱུང་བ་ནི། །སྙིང་ག་ནས་ནི་སྟོན་ནས་ནི། །ཇི་ལྟར་གནས་སུ་གཞག་བར་བྱ། །ཨོཾ་རཏྣོདྨ་ཏྲཾ། ཞེས་བྱ་བས་གདོན་པར་བྱའོ། །དེ་ནས་ལྷོ་ཡི་རྩིབས་ལ་ནི། །རིན་ཆེན་གཙུག་ཏོར་དེ་བཞིན་གཤེགས། །པདྨ་ཟླ་བའི་དབུས་སུ་ནི། །ཐུགས་ཀ་ལས་ནི་ངེས་སྟོན་ལ། །སྐུ་མདོག་སྔོ་ཞིང་ཤིན་ཏུ་མཛེས། །མཆོག་སྦྱིན་པ་ཡི་ཕྱག་རྒྱས་བཞུགས།། ཁམས་གསུམ་པ་ནི་མ་ལུས་པའི། །སེམས་ཅན་ཀུན་ལ་དབང་བསྐུར་མཛད། །ཨོཾ་པདྨོ་ཏྟ་ཧྲཱིཿ། ཞེས་བྱ་བས་གདོན་པར་བྱའོ། །དེ་ནས་ནུབ་ཀྱི་རྩིབས་ལ་ནི། །པདྨ་ཟླ་བའི་དཀྱིལ་འཁོར་ལ། །ས་བོན་ལས་ནི་བྱུང་བའི་སྐུ། །པདྨ་གཙུག་ཏོར་དེ་བཞིན་གཤེགས། །ཐུགས་ཀ་ལས་ནི་ཕྱུང་སྟེ་བཞུགས། །སེམས་ཅན་ཀུན་ལ་རྗེས་སྟོན་མཛད། །སྐུ་མདོག་དམར་ཞིང་འོད་འབར་བ། །བསམ་གཏན་གྱི་ནི་ཕྱག་རྒྱས་བཞུགས། །ཨོཾ་བི་ཤྭོཏྟ་མ་ཨཿ། ཞེས་བྱ་བས་གདོན་པར་བྱའོ། །དེ་ནས་བྱང་གི་རྩིབས་ལ་ནི། །པདྨ་ལ་གནས་ཟླ་དབུས་སུ། །ཐུགས་ཀ་ལས་ནི་ཡང་དག་སྟོན། །སྣ་ཚོགས་གཙུག་ཏོར་དེ་བཞིན་གཤེགས། །སྣ་ཚོགས་པ་ཡི་འོད་ལྡན་པ། །འདི་ཡི་ཕྱག་རྒྱ་མི་འཇིགས་སྦྱིན། །འདི་ནི་སྣ་ཚོགས་ལས་མཛད་དེ། །འཁོར་བ་ལས་ནི་སེམས་ཅན་སྒྲོལ། །ཨོཾ་གྱི་ས་བོན་ལས་བྱུང་བ། །གཙུག་ཏོར་གཟི་བརྗིད་དེ་བཞིན་གཤེགས། །ཐུགས་ཀ་ལས་བྱུང་མེ་མཚམས་སུ། །པད་གནས་ཟླ་བའི་དཀྱིལ་འཁོར་ལ། །གཡས་པ་ལ་ནི་ཉི་མ་བསྣམས། །ཕྱག་གཡོན་གྱི་དཀུར་ནི་བརྟེན་ཏེ་བཞུགས། །སྐུ་མདོག་དཀར་དམར་འོད་ཟེར་གྱིས། །ཁམས་གསུམ་པར་ནི་སྣང་བར་མཛད། །ཧཱུཾ་གི་ས་


DTG068_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བོན་རྣ་ལས་བྱུང་བ། །གཙུག་ཏོར་རྒྱལ་མཚན་དེ་བཞིན་གཤེགས། །ཐུགས་ཀ་ནས་ནི་བྱུང་ནས་ཀྱང༌། །བདེན་བྲལ་མཚམས་ཀྱི་རྩིབས་ལ་ནི། །པད་གནས་ཟླ་བའི་དབུས་ན་བཞུགས། །སྐུ་མདོག་དམར་ཞིང་ནག་པ་ལ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་རྣམས།། འགྲོ་བའི་སེར་སྣ་རྣམ་དག་མཛད། །དྷཱི་ཡི་ས་བོན་ལས་བྱུང་བ། །གཙུག་ཏོར་རྣོན་པོ་དེ་བཞིན་གཤེགས། །ཉོན་མོངས་ཉེ་བའི་ཉོན་མོངས་དག །གཅོད་མཛད་རླུང་གི་རྩིབས་སུ་བཞུགས། །འདི་ཡི་ཕྱག་འཚན་གཡས་རལ་གྲི། །གཡོན་ན་གླེགས་བམ་བསྣམས་པར་མཛད།། སྐུ་མདོག་མཁའ་ལྟར་སྔོ་བ་ནི། །པདྨ་ལ་གནས་ཟླ་བར་བཞུགས། །ཀྲི་ཡིག་ས་བོན་ལས་བྱུང་བ། །གཙུག་ཏོར་གདུགས་དཀར་དེ་བཞིན་གཤེགས། །ཆོས་ཀྱི་བདག་པོར་གྱུར་པ་ནི། །དབང་ལྡན་རྩིབས་སུ་དབྱུང་བར་བྱ། །སྐུ་མདོག་དཀར་ཞིང་འོད་ཟེར་འབར། །འདི་ཡི་ཕྱག་མཚན་གདུགས་བསྣམས་པའོ། །དེ་དག་ཐམས་ཅད་སྣ་ཚོགས་པའི། །པད་གནས་ཟླ་དཀྱིལ་དག་ཏུ་བཞུགས། །ཧཱུཾ་ཏྲཾ་ཧྲི་ཨ་ཡི་སྔགས་ཀྱི་ནི། །སྒེག་མོ་ལ་སོགས་ལྷ་མོ་བཞི། །ཕྱུང་སྟེ་མཚམས་ཀྱི་ཆ་ཡི་ནི། །པད་གནས་ཟླ་དཀྱིལ་དག་ཏུ་དགོད། །སྐུ་མདོག་ཕྱག་མཚན་རིགས་ཀྱི་ཡུམ། །རྒྱུད་ལས་ཇི་སྐད་གསུང་བཞིན་བྱ། །དེ་བཞིན་མེ་ཏོག་བདུག་སྤོས་མ། །མར་མེ་དྲི་ཡི་ལྷ་མོ་བཞི། །གྲྭ་ཡི་ཆ་རུ་གནས་པ་ནི། །གོ་རིམས་བཞིན་དུ་དབྱུང་བར་བྱ། །སྔགས་དང་གདན་ལ་སོགས་པ་ནི། །སྒེག་མོ་ལ་སོགས་བཤད་པར་བྱ། །ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ནས་མུངྒ་ཏེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། སྔགས་འདིས་བྱམས་པ་ལ་སོགས་པ། །བཅུ་དྲུག་པོ་ནི་ཕྱུང་ནས་སུ། །ཤར་གྱི་ལོགས་ནས་བརྩམས་ནས་སུ། །བྱང་གི་སྒོ་ཡི་བར་དུ་དགོད། །ཤར་སྒོ་ཡི་ནི་ལོགས་གཉིས་སུ། །བྱམས་པ་ལ་སོགས་རྣམ་པ་བཞི། །པད་གནས་ཟླ་བའི་དབུས་སུ་ནི། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །བྱམས་པ་མདོག་སེམས་འོད་བཟང་པ། །གཡས་ན་ཀླུ་ཤིང་མེ་ཏོག་བསྣམས། །གཡོན་ན་སྤྱི་བླུགས་ལེགས་པར་འཛིན། །བྱང་སེམས་རྣམ་དག་འཁྲུངས་ལས་བྱུང༌། །གཉིས་པ་མཐོང་བ་དོན་ཡོད་ནི། །


DTG068_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལ་གནས་ཟླ་བ་བཞུགས། །སྐུ་མདོག་ཡོངས་སུ་སེར་བ་ཉིད། །གཡས་ན་པདྨ་བསྣམས་པའོ། །པདྨའི་སྤྱན་དང་ཡང་དག་ལྡན། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །གསུམ་པ་ཁྱབ་བདག་ངན་སོང་སྦྱོང༌། །པད་གནས་ཟླ་བ་ཉིད་ལ་བཞུགས། །སྐུ་མདོག་དཀར་ལ་འོད་འབར་བ། །ཕྱག་ན་ལྕགས་ཀྱུ་བསྣམས་པ་ཡིན། །ཁྱམས་ཀྱི་གོ་རིམས་ཇི་བཞིན་པའི། །དཀྱིལ་འཁོར་བཞི་པར་བཤད་པ་ལ། །མྱ་ངན་མུན་པ་ཐམས་ཅད་ནི། །ངེས་པར་འཇོམས་པའི་བློ་གྲོས་ནི། །སྐུ་མདོག་དཀར་སེར་དག་ཏུ་སྣང༌། །འདི་ཡི་ཕྱག་རྒྱ་དབྱུག་པ་ལ་བསྣམས།། གཡོན་པའི་ཁུ་ཚུར་དཀུར་བརྟེན་ཏེ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །འདི་དག་ཤར་དུ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔར་གྲགས་པ་ཡིན། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ནི། །སྔར་བཤད་པ་ཡི་རིམ་ཉིད་ཀྱིས། །པད་གནས་ཟླ་བའི་དབུས་སུ་ནི། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །དང་པོ་སྤོས་ཀྱི་གླང་པོ་སྟེ། །སྐུ་མདོག་དཀར་ལྗང་མཛེས་པར་སྣང༌། །འདི་ཡི་ཕྱག་རྒྱ་གཡས་ཀྱི་ནི། །ཕྱག་ན་དྲི་ནི་བསྣམས་པར་མཛད། །ཕྱག་གཡོན་དཀུར་ནི་བརྟེན་ནས་སུ། །སེམས་ཅན་ཐམས་ཅད་རབ་གྲོལ་མཛད། །བྱང་ཆུབ་སེམས་དཔའ་གཉིས་པ་ནི། །དེ་མཚན་དཔའ་བར་འགྲོ་བའོ། །སྐུ་མདོག་དུང་དང་ཀུན་ད་འདྲ། །ཕྱག་གཡས་རལ་གྲི་བསྣམས་པར་མཛད། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པ། །ཤིན་ཏུ་མཉམ་པར་བཞག་སྟེ་བསྒོམས། །བདེ་གཤེགས་སྲས་པོ་གསུམ་པོ་ནི། །ནམ་མཁའ་མཛོད་ཅེས་བྱ་བ་སྟེ། །དམ་པ་ཆོས་ཀྱི་གང་བའི་མཛོད། །སྐུ་མདོག་དག་ནི་དཀར་སེར་ཡིན། །འདི་ཡི་ཕྱག་རྒྱ་ཕྱག་གཡས་ན། །པདྨ་ལ་གནས་ཆོས་ཀྱི་མཛོད། །གཡོན་པའི་ཕྱག་ནི་དཀུར་བརྟེན་ཏེ། །མཁའ་ཀུན་ཁྱབ་པའི་ནོར་འཛིན་ཏོ། །བྱང་ཆུབ་སེམས་དཔའ་བཞི་པོ་ཡང༌། །ཡེ་ཤེས་ཏོག་ཅེས་བྱ་བ་སྟེ། །འདི་ཡི་སྐུ་མདོག་སྔོན་པོ་ལ། །ཡིད་བཞིན་ནོར་བུ་རྒྱལ་མཚན་བསྣམས། །གཡོན་པའི་ཁུ་ཚུར་དཀུར་འཇོག་ཅིག །སེམས་ཅན་ཀུན་ལ་མི་འཇིགས་སྩོལ། །ད་ནི་ནུབ་ཀྱི་ཕྱོགས་དག་གི །བྱང་ཆུབ་སེམས་དཔའ་བཞི་པོ་ཡང༌། །པདྨ་ཟླ་བའི་དཀྱིལ་


DTG068_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །དང་པོའི་མཚན་ནི་འོད་དཔག་མེད། །དེ་ཡིས་འོད་ཀྱི་རྣམ་པར་མཛེས། །ཟླ་བའི་མདོག་ཅན་ཤིན་ཏུ་དཀར། །ཕྱག་གཡས་ན་ནི་བདུད་རྩི་ཡིས། །བུམ་པ་ཡང་དག་འཛིན་པར་མཛད། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །སངས་རྒྱས་སྲས་པོ་གཉིས་པ་ནི། །དེ་མཚན་ཟླ་འོད་ཅེས་བྱ་བ། །དེ་བཞིན་སྐུ་མདོག་དཀར་ལ་བཟང༌། །ཕྱག་རྒྱ་གཡས་པའི་ཕྱག་ན་ནི། །པདྨར་གནས་པའི་ཟླ་ཚེས་ཏེ། །གཡོན་པའི་ཁུ་ཚུར་དཀུར་བརྟེན་བའོ། །བྱང་ཆུབ་སེམས་དཔའ་གསུམ་པ་ཡང༌། །མཚན་ནི་བཟང་སྐྱོང་ཞེས་བྱ་བ། །སྐུ་མདོག་དཀར་དམར་དག་ཏུ་སྣང༌། །ཕྱག་རྒྱ་གཡས་པའི་ཕྱག་ལ་ནི། །རིན་ཆེན་འབར་བ་རབ་ཏུ་བསྣམས། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །བྱང་ཆུབ་སེམས་དཔའ་ཞི་བའི་མཚན། །དྲ་བ་ཅན་གྱི་འོད་ཅེས་བྱ། །སྐུ་མདོག་དམར་ཞིང་འོད་འབར་བ། །རྡོ་རྗེ་དྲ་བ་འཛིན་པར་མཛད། །དེ་བཞིན་བྱང་གི་སྒོ་ཕྱོགས་སུ། །རྒྱལ་སྲས་སེམས་དཔའ་དང་པོ་ནི། །རྡོ་རྗེ་སྙིང་པོ་ཞེས་བྱ་བ། །སྐུ་མདོག་སྔོ་སྐྱ་འབར་བ་ལ། །ཕྱག་གཡས་པ་ཡི་ཕྱག་ན་ནི། །ཨུཏྤ་ལ་རྡོ་རྗེ་དང་ལྡན་པའོ། །ཕྱག་གཡོན་དཀུར་ནི་བརྟེན་པའོ། །གཉིས་པའི་མཚན་ནི་བློ་གྲོས་ཀྱི། །མཐར་ནི་མི་ཟད་པ་ཞེས་བྱ། །ཀུན་ད་ཟླ་བ་ལྟར་དཀར་ཞིང༌། །ཕྱག་རྒྱ་ཕྱག་ནི་གཉིས་ཀ་ཡིས། །ཡེ་ཤེས་བུམ་པ་ལེགས་བསྣམས་ཏེ། །སེམས་ཅན་ཀུན་ནི་རབ་ཚིམ་མཛད། །སངས་རྒྱས་སྲས་པོ་གསུམ་པ་ནི། །སངས་རྒྱས་ཀུན་གྱིས་བསྔགས་པའི་མཚན། །དང་པོ་སྤོབས་པ་བཞག་པ་ལ། ཐ་མར་བརྩེགས་པ་ཞེས་བྱ་བ། །སྐུ་མདོག་ཟངས་ལྟར་དམར་བ་སྟེ། །ཕྱག་རྒྱ་གཡས་ན་པདྨ་ལ། །གནས་པའི་རིན་ཆེན་བརྩེགས་པ་བསྣམས། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །རྒྱལ་བའི་སྲས་པོ་བཞི་པ་ནི། །ཀུན་དུ་བཟང་པོ་ཞེས་བྱ་སྟེ། །སྐུ་མདོག་སེར་ཞིང་འོད་བཟང་བ། །ཕྱག་རྒྱ་གཡས་པའི་ཕྱག་རྒྱ་ནི། །རིན་ཆེན་སྙེ་མ་བསྣམས་པར་མཛད། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །དེ་འདྲའི་ཚུལ་དང་རང་བཞིན་གྱིས། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཡི། །བདག་ཅན་པད་གནས་ཟླ་དབུས་


DTG068_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །ཛཿ་ཡི་ས་བོན་ལས་བྱུང་བའི། །ཤར་དུ་རྡོ་རྗེ་ལྕགས་ཀྱུ་ནི། །ཀུན་དུ་ཟླ་བ་ལྟར་དཀར་བ། །ཕྱག་གཡས་ཀྱིས་ནི་ལྕགས་ཀྱུ་བསྣམས། །ཧཱུཾ་གི་ས་བོན་ལས་བྱུང་བའི། །ལྷོ་རུ་རྡོ་རྗེ་ཞགས་པ་སྟེ། །སྐུ་མདོག་སེར་ཞིང་འོད་འབར་བ། །ཕྱག་ན་ཞགས་པ་ཡང་དག་བསྣམས། །བཾ་གྱི་ས་བོན་ལས་བྱུང་བའི། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་ནི། །སྐུ་མདོག་རྣམ་པར་དམར་བ་སྟེ། །ཕྱག་ན་ལྕགས་སྒྲོག་བསྣམས་པ་ཡིན། །ཧོཿ་ཡི་ས་བོན་ལས་བྱུང་བའི། །བྱང་དུ་རྡོ་རྗེ་འབེབས་པ་ནི། །སྣ་ཚོགས་མདོག་ཅན་འོད་པོ་ཆེ། །ཕྱག་ན་དྲིལ་བུ་ལེགས་པར་བསྣམས། །སྔར་བཤད་པ་ཡི་རིམ་གྱིས་ནི། །སྒོ་བཞི་དག་ཏུ་ཕྱུང་ནས་ཀྱང༌། །པདྨ་ལ་གནས་ཟླ་དབུས་སུ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །དེ་ལྟར་རྣམ་པར་བསྒོམ་པ་ཡིས། །ངན་སོང་ཐམས་ཅད་རྣམ་པར་སྦྱང༌། །འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག །ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཤཱཀྱ་སེང་གེ་མདུན་བྱས་ཏེ། །ཐམས་ཅད་དཀྱིལ་འཁོར་ལ་བཞུགས་ཏེ། །ངན་སོང་ཐམས་ཅད་ལས་འདོན་པ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ། །ཀུན་གྱི་ཕྲིན་ལས་གཅིག་ཡིན་པས། །དེས་ན་རེ་རེར་མ་བཤད་དོ། །འདི་ནི་ལས་ཀྱི་རྒྱལ་པོ་མཆོག །ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་སྔགས་པར་ཕྱག་རྒྱ་ནི། །རིམ་བཞིན་ཡང་དག་བཤད་པར་བྱ། །ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། འདི་དག་ཀུན་གྱི་སྔར་གྱི་ནི། །མཛད་པ་ལ་ནི་སྔགས་འདི་བརྗོད། །ཤཱཀྱ་སེང་གེའི་དམ་ཚིག་གིས། །ཕྱག་རྒྱ་དག་ནི་བཤད་པར་བྱ། །དབུས་སུ་ཏིང་འཛིན་མཆོག་གིས་ནི། །བཞུགས་པ་དམ་ཚིག་ཕྱག་རྒྱར་བཤད། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་གཉིས་ཀྱི་རྩེ་མོ་སྦྱར། །རྡོ་རྗེ་ཕྱག་རྒྱ་དམ་བྱས་པ། །རྡོ་རྗེ་གཙུག་ཏོར་ཕྱག་རྒྱའོ། །གུང་མོ་དེ་ཉིད་རིན་ཆེན་དང༌། །གུང་མོ་པདྨ་ལྟ་བུ་དང༌། །གུང་མོ་དེ་ཉིད་རྡོ་རྗེ་ལས། །སོར་མོ་ལྷག་མ་འབར་བྱས་ཉིད། །སོར་མོ་དེ་ཉིད་འབར་བ་ལ། །གཙུག་ཏོར་གཟི་


DTG068_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཕྱག་རྒྱའོ། །དེ་ཉིད་ལས་ནི་སྲིན་ལག་དང༌། །མཐེའུ་ཆུང་གཉིས་ནི་མཉམ་སྟེ་བསྒྲེངས། །དེ་ཉིད་མདུན་དུ་འབེབས་པ་དང༌། །དེ་ཉིད་མདུན་དུ་བཞག་ནས་ནི། །རྡོ་རྗེ་དྲ་བའི་ཚུལ་དུ་བྱ། །དམ་ཚིག་ཕྱག་རྒྱའི་སྦྱོར་བ་ལ། །སེམས་དཔའི་རྡོ་རྗེ་སྙིང་གར་གཞག །ལྐོག་མར་པདྨའི་ཟླ་དབུས་སུ། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །སྔར་བཤད་འབྱིན་པའི་སྔགས་རྣམས་ནི། །ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཐུགས་ཀར་སྣ་ཚོགས་རྡོ་རྗེ་ནི། །བསམས་ནས་ལས་ཀྱི་ཕྱག་རྒྱ་བཅའ། །ཇི་སྐད་བཤད་པའི་ཆོས་འཁོར་ལོ། །ཤཱཀྱའི་རྒྱལ་པོའི་ཕྱག་རྒྱ་ཡིན། །ས་གནོན་མཆོག་སྦྱིན་ཏིང་འཛིན་དང༌། །མི་འཇིགས་སྦྱིན་སོགས་རིམ་བཞིན་སྦྱར། །ཏིང་འཛིན་མཆོག་ཏུ་གནས་པ་ནི། །གཟི་བརྗིད་ཕུང་པོའི་ཕྱག་རྒྱ་ཡིན། །གཡས་པའི་ལག་ངར་དབྱུག་པར་བསྒྲེང༌། །རལ་གྲི་འཕྱར་དང་གཡོན་སྡིགས་མཛུབ། །གཡས་པ་བཏེག་སྟེ་བརྐྱང་བར་བྱ། །ལག་པ་གཉིས་ཀ་བསྡུས་ནས་ནི། །གདུགས་དང་འདྲ་བར་གཞག་པར་བྱ། །སྔར་ནི་ཇི་སྐད་བཤད་པ་ཡིས། །ཕྱག་རྒྱ་གང་དང་གང་བཞུགས་པའི། །ཐུགས་ཀར་རྡོ་རྗེ་བསྒོམས་ནས་ནི། །ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱ། །རྩ་བའི་རྒྱུད་ལས་གསུངས་པ་ཡི། །ཕྱག་རྒྱ་བཞི་ནི་བཅིང་བར་བྱ། །སྒེག་མོ་ལ་སོགས་རྣམ་བརྒྱད་དང༌། །སྒོ་རྣམས་བསྲུང་བ་བཞི་པོ་ནི། །རྩ་བའི་རྒྱུད་ལས་མཐུན་པས་ན། །དེ་དག་ཁྱད་པར་མ་བཤད་དོ། །ཇི་སྐད་བསྲུང་བཞིན་ཕྱག་རྒྱ་ཆེ། །མཁས་པ་ཡིས་ནི་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཕན་ཚུན་མཉམ་པར་གཤིབས་ནས་ནི། །མཛུབ་མོ་དང་ནི་གུང་མོ་དགུག །མེ་ཏོག་ཚུལ་བཞག་བྱམས་པའི་རྒྱ། །གཡོན་པའི་ཁུ་ཚུར་དཀུར་བརྟེན་ལ། །གཡས་པ་དཔུང་བའི་ཐད་ཀར་ནི། །མཛུབ་མོ་གུང་མོ་བརྐྱང་ནས་མིག །འདྲ་བཞག་མཐོང་བ་དོན་ཡོད་རྒྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །སོར་མོ་གཉིས་ཀ་བརྐྱང་ནས་ནི། །ལྕགས་ཀྱུ་འདྲ་བར་ལེགས་བཞག་པ། །ངན་སོང་ཐམས་ཅད་སྦྱོང་བ་ཡིན། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པ། །གཡས་པ་དབྱུག་པ་ལྟ་བུ་ནི། །གྱེན་དུ་བསྒྲེངས་ནས་འཇོག་བྱེད་པ། །མྱ་ངན་མུན་པ་ཀུན་འཇོམས་པའོ། །གཡོན་པའི་ཁུ་ཚུར་ལྟེ་བར་གཞག །ལག་པ་གཡས་པ་གླང་པོ་ཆེའི། །སྣ་ཡི་ཚུལ་དུ་གཞག་པ་ནི།།


DTG068_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ཀྱི་གླང་པོའི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པ། །གཡས་པ་རལ་གྲི་ཐོགས་པ་ཡིས། །ཚུལ་དུ་འཇོག་པར་བྱེད་པ་ནི། །དཔའ་བར་འགྲོ་བའི་ཕྱག་རྒྱ་ཡིན། །གཡོན་པ་ཁུ་ཚུར་སྙིང་གར་གཞག །གཡས་པ་སྟེང་སྐོར་མཁའ་མཛོད་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱལ་མཚན་འཛིན་པ་ལྟ་བུ་ནི། །གཡོན་ལོགས་སུ་ནི་འཛིན་བྱེད་པ། །ཡེ་ཤེས་ཏོག་ནི་ཕྱག་རྒྱའོ། །ལག་པ་གཉིས་ཀྱིས་བུམ་འཛིན་ལྟར། །འཇོག་པ་འོད་དཔག་མེད་ཀྱིའོ། །གཡོན་པའི་ཁུ་ཚུར་བྲལ་སྟེང་གཞག །གཡས་པའི་ཁུ་ཚུར་སྙིང་གར་ནི། །མཐེ་བོང་མཐེའུ་ཆུང་བརྐྱང་བྱས་ལ། །ཟླ་ཚེས་འདྲ་གཞག་ཟླ་འོད་ཀྱིའོ། །ལག་པ་གཉིས་ནི་སྙིང་ག་རུ། །པདྨ་ལྟ་བུ་རྣམ་ཕྱེ་ལ། །རྩེ་མོ་ཕན་ཚུན་སྦྱར་བ་ནི། །བཟང་སྐྱོང་གི་ནི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །གོ་ཆ་འཛིན་པ་ལྟ་བུ་ནི། །ནུ་མ་གཉིས་སུ་ལེགས་གཞག་པ། །དྲ་བ་ཅན་གྱི་ཕྱག་རྒྱ་ཡིན། །གཡོན་པའི་ཁུ་ཚུར་དཀུར་བརྟེན་ལ། །གཡས་པ་སྙིང་གར་བཞག་ནས་ནི། །སོར་མོ་དབུས་མ་བསྒྲེང་བ་ནི། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཡིན། །གཡོན་པའི་ཁུ་ཚུར་སྙིང་བཞག་གཡས། །མི་འཇིགས་སྦྱིན་འདྲ་མི་ཟང་བློ། །གཡོན་པ་ལྟེ་བར་བཞག་ནས་ནི། །གཡས་པས་སེ་གོལ་གཏོགས་པ་ནི། །སྦོབས་པ་བརྩེགས་བའི་ཕྱག་རྒྱ་ཡིན། །གཡོན་པའི་ཁུ་ཚུར་དཀུར་བརྟེན་ཏེ། །གཡས་པ་རིན་ཆེན་ཁུ་ཚུར་བྱ། །ཀུན་དུ་བཟང་པོའི་ཕྱག་རྒྱ་ཡིན། །འདི་དག་དམ་ཚིག་ཕྱག་རྒྱའོ། །སྔར་བཤད་འབྱིན་པའི་སྔགས་རྣམས་ཏེ། །ཆོས་ཀྱི་ཕྱག་རྒྱར་ཤེས་པར་བྱ། །འབྱིན་པར་ཇི་ལྟར་འཛིན་པ་ནི། །ཕྱག་རྒྱ་མཆོག་མཚན་འཛིན་བ་ནི། །བྱང་ཆུབ་སེམས་དཔའ་བདག་ཆེན་གྱི། །ཕྱག་རྒྱ་ཆེན་པོར་ཤེས་པར་བྱ། །དེ་ལས་ཕྱག་མཚན་མེད་གྱུར་པ། །ལས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །དེ་ནས་ངན་སོང་ཀུན་སྦྱོང་བའི། །དཀྱིལ་འཁོར་གྱི་ནི་སྔགས་བཤད་བྱ། །ཨོཾ་སརྦ་བདི་བཛྲ་ཨ་དྷི་ཏིཥྛཱ་ཛྙཱ་ན་ས་མ་ཡེ་ཧཱུཾ། བདག་ལ་བྱིན་གྱིས་བརླབས་པའི་སྔགས་སོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིང་སྟེ། །ཡན་ལག་རྣམས་ལ་རིམ་བཞིན་དགོད། །སྙིང་ག་ལྐོག་མ་དཔྲལ་བ་དང༌། །སྨིན་མཚམས་མཛོད་སྤུ་སྣ་དང་ནི། །རྣ་བ་རྐེད་པ་པུས་མོ་དང༌། །རྐང་པ་དང་ནི་བྱིན་པ་གཉིས། །མིག་གཉིས་དང་ནི་གསང་བ་ཡི། །གནས་


DTG068_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་ཨ་པ་ན་ཡ་ཧཱུཾ། སྡིག་པ་ཐམས་ཅད་དགུག་པའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་པཱ་པཾ་ཤོ་དྷ་ནི་ཧཱུཾ་སྭཱ་ཧཱ། སྡིག་པ་ཐམས་ཅད་སྦྱོང་བའི་སྔགས་སོ། །ཨོཾ་སརྦ་བིཏ་ཏྲ་ཐ། ངན་སོང་ཐམས་ཅད་དྲལ་བའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་མུ་ནེ་ཧཱུཾ་ཕཊ། ཤཱཀྱ་ཐུབ་པའི་སྔགས་སོ། །ཨོཾ་སརྦ་བིད་ཧཱུཾ་ཧཱུཾ། རྡོ་རྗེ་གཙུག་ཏོར་གྱི་སྔགས་སོ། །ཨོཾ་སརྦ་བིཏ་ཏྲཱཾ་ཏྲཱཾ། རིན་ཆེན་གཙུག་ཏོར་གྱི་སྔགས་སོ། །ཨོཾ་སརྦ་བིད་ཧྲཱིཿ་ཧྲཱིཿ། པདྨ་གཙུག་ཏོར་གྱི་སྔགས་སོ། །ཨོཾ་སརྦ་བིད་ཨཿ་ཨཿ། སྣ་ཚོགས་གཙུག་ཏོར་གྱི་སྔགས་སོ། །ཨོཾ་སརྦ་བིད་ཨོཾ་ཨོཾ། གཙུག་ཏོར་གཟི་བརྗིད་ཀྱི་སྔགས་སོ། །ཨོཾ་སརྦ་བིད་ཧཱུཾ་ཧཱུཾ། གཙུག་ཏོར་རྒྱལ་མཚན་གྱི་སྔགས་སོ། །ཨོཾ་སརྦ་བིཏ་ཕཊ། གཙུག་ཏོར་རྣོན་པོའིའོ། །ཨོཾ་སརྦ་བིཏ་ཀྲི་ཏྲཾ་ཊ། གཙུག་ཏོར་གདུགས་དཀར་གྱི་སྔགས་སོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷ་པ་དཱ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ། སྒེག་མོའིའོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷ་བ་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛེ་ཏྲཱཾ། ཕྲེང་བ་མའི་སྔགས་སོ། །ཨོཾ་སརྦ་བིད་མ་ཧཱ་བཛོད་བྷ་བ་ཀྵཱནྟི་པ་ར་མི་ཏ་པཱུ་ཛེ་ཧྲཱིཿ། གླུ་མཁན་མའི་སྔགས་སོ། །ཨོཾ་སརྦ་བིད་མ་ཧཱ་བཛྲོད་བྷ་བ་བཱིཪྻ་པཱ་ར་མི་ཏཱ་པཱུ་ཛེ་ཨཿ། གར་མཁན་མའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ཨ་པ་ཡ་གནྡྷ་ན་དྷ་མ་དྷ་མ་དྷ་མ་དྷུ་པ་ཡ་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ་ཧཱུཾ་ཕཊ། བདུག་པ་མའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ནི་ཀླེ་ཤ་ཙྪེ་ད་ན་པུཥྤ་བི་ལོ་ཀི་ནི་པྲ་ཛྙཱ་པཱ་ར་མི་ཏཱ་པཱུ་ཛེ་ཏྲཱི་ཧཱུཾ་ཕཊ། མེ་ཏོག་མའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ཨཱ་ལོ་ཀ་ཀ་རི་པྲ་ཎི་དྷ་ན་པཱ་ར་མི་ཏཱ་པཱུ་ཛེ་ཧྲཱི་ཧཱུཾ་ཕཊ། མར་མེའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ཨ་པ་ཡ་གནྡྷ་བི་ནཱ་ཤ་ནི་བཛྲ་གནྡྷ་ཨུ་པ་ཡ་བཱ་ར་མི་ཏཱ་པཱུ་ཛེ་ཨཿ་ཧཱུཾ་ཕཊ། བྱུག་པ་མའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ན་ར་ཀ་ག་ཏེ་ཨཱ་ཀཪྵ་ཎི་ཧཱུཾ་ཛཿ་ཕཊ། རྡོ་རྗེ་ལྕགས་ཀྱུའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ན་ར་ཀ་ཨུདྷ་ར་ཎི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཞགས་པའི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ཨ་པ་ཡ་བྷ་ན་དྷ་བི་མོ་ཙ་ནི་ཧཱུཾ་བཾ་ཕཊ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་སོ། །ཨོཾ་སརྦ་བིཏ་སརྦ་ཨ་པ་ཡ་ག་ཏི་ག་ཧ་ན་བི་ཤོ་དྷ་ནི་ཧཱུཾ་ཧོཿ་ཕཊ། རྡོ་རྗེ་འབེབས་པའི་སྔགས་སོ། །ཨོཾ་མཻ་ཏྲི་ཧ་


DTG068_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎཱ་ཡ་སྭཱ་ཧཱ། བྱམས་པའི་སྔགས་སོ། །ཨོཾ་མོ་གྷེ་ཨ་མོ་གྷ་དནྴ་ཧཱུཾ། མཐོང་བ་དོན་ཡོད་ཀྱིའོ། །ཨོཾ་སརྦ་ཨ་པ་ཡ་ཛ་ཧ་སརྦ། ཨ་པ་ཡ་བི་ཤོ་དྷ་ནི་ཧཱུཾ། ངན་སོང་ཀུན་འདྲེན་གྱིའོ། །ཨོཾ་སརྦ་ཤོ་ཀ་ཏ་མོ་ནི་རྒ་ཏེ་ན་མ་ཏི་ཧཱུཾ། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ཀྱིའོ། །ཨོཾ་གནྡྷ་ཧ་ཏི་ནི་ཧཱུཾ། སྤོས་ཀྱི་གླང་པོའིའོ། །ཨོཾ་ཤུ་རཾ་ག་མེ་ཧཱུཾ། དཔའ་བར་འགྲོ་བའིའོ། །ཨོཾ་ག་གཱ་ནེ་ག་གཱ་ན་ལོ་ཙ་ནེ་ཧཱུཾ། ནམ་མཁའ་མཛོད་ཀྱིའོ། །ཨོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བིཏ་ཧཱུཾ། ཡེ་ཤེས་ཏོག་གིའོ། །ཨོཾ་མ་ཏི་པྲ་བྷ་ཨ་མི་ཏ་བ་ཏ་ཧཱུཾ། འོད་དཔག་མེད་ཀྱིའོ། །ཨོཾ་ཙནྡྲེ་ཙནྡྲེ་བྱ་བ་ལོ་གི་ཏེ་ཧཱུཾ་སྭཱ་ཧཱ། ཟླ་འོད་ཀྱིའོ། །ཨོཾ་དྲ་བ་ཏི་བྷ་དྲ་པཱ་ལེ་ཧཱུཾ། བཟང་སྐྱོང་གིའོ། །ཨོཾ་ཛཱ་ལ་ནེ་མ་ཧཱ་ཛ་ལ་ནེ་ཧཱུཾ། དྲ་བ་ཅན་གྱི་འོད་ཀྱིའོ། །ཨོཾ་བཛྲ་གརྦྷེ་ཧཱུཾ། རྡོ་རྗེ་སྙིང་པོའིའོ། །ཨོཾ་ཨ་ཀྵ་ཡ་ཕུ་ཕུ་ཨ་ཀཥ་ཡ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཎ་སྭཱ་ཧཱ། བློ་གྲོས་མི་ཟད་པའོ། །ཨོཾ་པྲ་ཏི་བྷ་ན་པྲ་ཏི་བྷ་ནེ་ཀཱུ་ཊེ་སྭཱ་ཧཱ། སྤོབས་པ་བརྩེགས་པའིའོ། །ཨོཾ་ས་མནྟ་བྷ་དྲེ་ཧཱུཾ། ཀུན་དུ་བཟང་པོའིའོ། །བསྐལ་བ་བཟང་པོའི་སྔགས་འདི་དག །གོ་རིམས་ཇི་བཞིན་བརྗོད་པར་བྱ། །ཆོ་ག་འདི་དག་ཉིད་ཀྱི་ནི། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །འབད་པས་ཏིང་འཛིན་གསུམ་ལྡན་པའི། །ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ། །སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། །སྒོ་ནི་རྣམ་པར་དབྱེ་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཛུབ་མོ་གཉིས་ནི་རབ་བརྐྱང་ནས། །མཐེ་ཆུང་ལུ་གུ་རྒྱུད་དུ་སྤྲེལ། །སྒོ་དབྱེ་བ་ཡི་ཕྱག་རྒྱ་ཡིན། །ཨོཾ་སརྦ་བིད་བཛྲོད་གྷ་ཊ་ཡ་ཧཱུཾ། སྒོ་དབྱེ་བའི་ཕྱག་རྒྱ་དང་སྔགས་སོ། །རྡོ་རྗེ་འཁོར་ལོའི་རྒྱ་བཅིངས་ལ། །དཀྱིལ་འཁོར་ཡོངས་སུ་བརྟག་པར་བྱ། །ཨོཾ་སརྦ་བིད་བཛྲ་ཙཀྲ་ཧཱུཾ། ལག་ངར་གཉིས་ནི་རྡོ་རྗེ་བཅིངས། །རྡོ་རྗེ་སེ་གོལ་བཅས་པ་ཡིས། །ཤཱཀྱའི་རྒྱལ་པོ་སྦྱོར་བདག་ཉིད། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །གཡོན་པའི་སེ་གོལ་བརྡབས་པ་དང༌། །གཡས་པ་ཡིས་ནི་འགྲུབ་པར་འགྱུར། །གཡས་པ་ཐལ་མོ་ཞེས་བྱ་སྟེ། །འདུས་པ་ཡང་ནི་གཉིས་ཀ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱའི་མཚན་ཉིད་དོ། །ཨོཾ་སརྦ་བིད་བཛྲ་ས་མཱ་ཛ་ཛཿ་ཧཱུཾ་བཾ་ཧོཿ། །འདིའི་བཀའ་ཙམ་གྱིས་བསྒྲགས།


DTG068_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པས། །འཁོར་ལོའི་ཚོགས་ནི་འཁོར་བཅས་པའི། །སངས་རྒྱས་ཐམས་ཅད་གཤེགས་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རྡོ་རྗེ་གནོད་སྦྱིན་བགེགས་བསལ་ལ། །ཕྱག་རྒྱ་བཞི་ནི་བཅིང་བར་བྱ། །འབྲས་ཡོས་སོགས་དང་སྤོས་ཆབ་ཀྱི། །མཆོད་ཡོན་དང་ནི་ཞབས་བསིལ་དབུལ། །དེ་ནས་མཆོད་པའི་ཡན་ལག་ཀུན། །སྤོས་ཆབ་ཀྱིས་ནི་བསང་བཏོར་བྱ། །སྔར་བཤད་པ་ཡི་མཆོད་པ་ནི། །སྣ་ཚོགས་པ་ཡིས་ཡང་དག་མཆོད། །མཆོད་མཐར་མཉམ་མེད་ལ་སོགས་པའི། །བསྟོད་པ་རྣམས་ཀྱིས་ལེགས་པར་བསྟོད། །ཟླ་བ་དྲུག་གམ་ལོ་གཅིག་པར། །དེ་ལྟར་རྣམ་པར་བསྒོམས་པ་ཡིས། །ལྷ་ཡི་སྣང་བ་གསལ་ནས་ནི། །རྡོ་རྗེ་དཀྱིལ་འཁོར་བརྩམ་པར་བྱ། །སྔོན་དུ་བསྙེན་པའི་ཆོ་གའོ།། །།དེ་ནས་དེའི་སའི་ཆ་གསུངས་པ་ནི། ལྷ་ཁང་གྲོང་ཁྱེར་སྐྱེད་ཚལ་གྱིས། །བྱང་ཤར་ཕྱོགས་ནི་ཇི་ལྟ་བའི། །ས་ཡི་ཆ་ནི་ཡོངས་གཟུང་ལ། །ཆོ་ག་བཞིན་དུ་སྦྱང་བར་བྱ། །ཡང་ན་སྔར་ནི་བརྟགས་ཟིན་པའི། །གནས་ནི་སྦྱང་བ་བྱ་མི་དགོས། །པུས་མོ་རྐེད་པ་ལྟེ་བའམ། །ལྐོག་མ་ནུབ་ཙམ་ས་བརྐོས་ལ། །ལེགས་པར་ཡོངས་སུ་བརྟགས་ནས་ནི། །ཐལ་བ་དང་ནི་སོལ་བ་བསལ། །དེ་བཞིན་གྱོ་མོ་གསེག་མ་དང༌། །ཕུབ་མ་རུས་པ་བསལ་བར་བྱ། །སྤྱན་དང་རྡོ་རྗེ་གནོད་སྦྱིན་སོགས། །དེ་བཞིན་བདུད་རྩི་ཐབ་སྦྱོར་གྱི། །སྔགས་བཟླས་པ་ཡི་ཆུ་ཉིད་ཀྱིས། །ས་ཀུན་ལ་ནི་བསང་གཏོར་བྱ། །དྲི་ཞིམ་པ་ཡི་ཆུ་ཡིས་ནི། །དཀྱིལ་འཁོར་ས་ནི་ཀུན་དུ་དགང༌། །དེར་གནས་ས་ཡི་དབུས་སུ་ནི། །སྦྱིན་སྲེག་ལས་ལ་སོགས་པ་བྱ། །ཚེར་མའི་ཤིང་ནི་བརྒྱད་པོ་ལ། །ཡམ་ཤིང་སོར་བརྒྱད་བྱས་པ་ལ། །དུག་དང་སྐྱེ་ཚེས་བསྒོས་པ་དང༌། །མི་རུས་ཀྱི་ནི་ཕྱེ་མ་ཉིད། །ཡུངས་མར་གྱིས་ནི་སྦྲུས་ནས་སུ། །ས་སྦྱང་ཕྱིར་ནི་སྦྱིན་སྲེག་བྱ། །དེ་ནས་དེ་རྗེས་ཉིད་ལ་ནི། །བ་ཀོ་ཙམ་ནི་བྱུག་པ་ཡིས། །ས་ཡི་ཆ་ནི་ཡིད་འོང་བར། །སླར་ཡང་ཞི་བའི་ལས་བརྩམ་མོ། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །བ་ཡི་ལྕི་བས་ལེགས་བྱུགས་པར། །དབུས་ཉིད་དུ་ནི་བུམ་པ་དག །ཆོ་ག་བཞིན་དུ་གཞག་པར་བྱ། །མེ་ཡི་ལས་ནི་བཤད་པ་ཡིས། །ཞི་བ་ལ་སོགས་ལས་


DTG068_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན། །ཐང་ཤིང་ལས་ནི་ཡམ་ཤིང་དག །སོར་ནི་བཅུ་གཉིས་བྱེད་དུ་གཞུག །ཏིལ་ནག་པོ་དང་ནས་ཐུག་དང༌། །འབྲས་ཆན་ལ་སོགས་མར་དག་བྱུགས། །ས་བདག་གནས་ཀྱི་བདག་པོ་དག །སློབ་མ་འཁོར་དང་བཅས་པ་རྣམས། །ཞི་སོགས་ལས་ཀྱི་རིམ་བཞིན་དུ། །སྦྱིན་སྲེག་གི་ནི་ལས་རྣམས་བྱ། །དཀྱིལ་འཁོར་བྲི་བའི་དོན་དུ་ནི། །ས་ཡི་ལྷ་ལ་གསོལ་བ་གདབ། །ས་ལ་རྒྱུ་བའི་ལྷ་ཀུན་དང༌། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ཤིན་ཏུ་མཉམ་ཞིང་སྣུམ་པ་དང༌། །ཚད་ལྡན་ཚ་སྒོ་མེད་པ་རུ། །རྒྱལ་པོས་ཁྲུ་ནི་བརྒྱ་ཉིད་དམ། །དེ་བཞིན་ཁྲུ་ནི་ལྔ་བཅུ་ཉིད། །བློན་པོའི་ཡང་ན་ཚོང་དཔོན་ཉིད། །ཉེ་ཤུ་ལྔའམ་དེ་ཡི་ཕྱེད། །ཁྲུ་ཚད་དེ་དག་མ་ནུས་ན། །ཅི་ནུས་པར་ནི་རྣམ་པར་དབྱེ། །ས་ཡི་ཆ་རྣམས་ཀུན་ནས་ནི། །བ་ཡི་ལྕི་བས་བྱུག་པར་བྱ། །སྤོས་ཆུས་བསང་གཏོར་བྱ་བ་དང༌། །བ་ཡི་རྣམ་ལྔས་སྐྱོང་ནུལ་བྱ། །ཡོངས་སུ་རྫོགས་པའི་ས་ཡི་ཆར། །ཚོན་རྩི་དགྱེ་བ་བརྩམ་པར་བྱ། །ས་སྦྱང་བ་ཡི་ཆོ་གའོ། །ལེགས་པར་ཁྲུས་བྱས་ལུས་དྲིས་བྱུག །ཇི་སྙེད་གོས་དང་རྒྱན་གྱིས་བརྒྱན། །ཤིན་ཏུ་གསར་བའི་གོས་བགོ་ཞིང༌། །མེ་ཏོག་ཕྲེང་བས་གདོང་ཡང་བརྒྱན། །བགེགས་ཀུན་བསྐྲད་པ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཁྱབ་བདག་རྡོ་རྗེ་འཛིན་གྱུར་པའི། །སྙིང་ག་ལས་སྤྲོས་ཁྲོ་ཚོགས་ཀྱིས། །བལྟས་པ་ཙམ་གྱིས་དེ་མོད་ལ། །བགེགས་རྣམས་ཀུན་ནས་ཚར་གཅོད་པ། །མ་དང་ཊ་ལས་བྱུང་བ་ཡི། །ཉི་མ་ཟླ་བ་མིག་གཉིས་སམ། །སྣ་ཚོགས་རྡོ་རྗེ་འབར་བ་ཉིད། །རྐང་མཐིལ་གཉིས་སུ་རྣམ་པར་དགོད། །གཡོན་པས་དྲིལ་བུ་ལེགས་བཟུང་ལ། །གཡས་ཀྱིས་རྡོ་རྗེ་གསོར་བར་བྱ། །སྔགས་དང་ཕྱག་རྒྱས་མཚམས་དང་ནི། །ར་བ་དང་ནི་དྲ་བ་བྱ། །ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་པས།། ཅུང་ཟད་གར་བྱེད་གོམ་སྟབས་ཀྱིས། །བསྐོར་བའི་ཚུལ་གྱིས་སོང་ནས་ནི། །དེངས་ཤིག་ཅེས་ནི་བརྗོད་པར་བྱ། །སྒྱུ་འཕྲུལ་དྲ་བ་ལས་གསུངས་ལྟར། །གཡས་བརྐྱང་ལ་སོགས་སྟང་སྟབས་བྱ། །བསྒྱིང་བའི་ཚུལ་གྱིས་སོང་ནས་ནི། །གདུག་པའི་བགེགས་རྣམས་བསྐྲད་པ་དང༌། །


DTG068_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕུར་བུ་བཏབ་ནས་ནི། །འོག་གི་བགེགས་རྣམས་ཟློག་པར་བྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། །ཅེས་བྱ་བ་ནི་ཕུར་བུ་ལ་བཟླས་པའི་སྔགས་སོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རྡོ་ཨཱ་ཛྙཱ་པ་ཡ་ཏི། ཞེས་བྱ་བ་ནི་བརྡུང་བའི་སྔགས་སོ། །དེ་ནས་ཐིག་གདབ་བརྩམ་བྱས་ཏེ། །ཆོ་ག་བཞིན་དུ་རབ་ཏུ་བརྟགས། །འཁོར་ལོས་སྒྱུར་བས་བཏང་ནས་ནི། །གཙུག་ཏོར་བཞི་ལ་བསྐུལ་བར་བྱ། །དེ་ནས་བསྐུལ་བ་ཙམ་གྱིས་ནི། །འཁོར་ལོས་སྒྱུར་བ་མཆོད་པར་བྱ།། དཀྱིལ་འཁོར་ཆེན་པོ་ཐིག་གདབ་ཕྱིར། །བཅོམ་ལྡན་རྡོ་རྗེ་ཐིག་གདབ་གསོལ། །དེ་ནས་རང་རང་ཁ་དོག་ལྡན། །སྲད་བུ་འཁོར་ལོས་སྒྱུར་གྱིས་གཏད། །དེ་འོག་ཐིག་སྐུད་བསྒྲིལ་བར་བྱ། །བསྒྲིལ་བའི་སྔགས་ནི་འདི་ཡིན་ནོ། །ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཿ་སྥར་སྥར་ཨ་ནུ་པྲ་བིཥྚ་སརྦ་དྷརྨ། ཨ་ཏྱནྟ། ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ཧཱུཾ། ཞེས་སོ། །སྐུད་པ་བགེགས་བསྐྲད་བཀྲུས་ནས་ནི། །དེ་ནས་གསེར་སོགས་སྣོད་དུ་ནི། །གཙུག་ཏོར་ལྔ་ཡི་སྔགས་བཟླས་ནས། །མཆོད་པ་རྣམ་པ་ལྔ་ཡིས་ནི། །ཆོ་ག་བཞིན་དུ་མཆོད་པར་བྱ། །བདུག་སྤོས་ཀྱིས་ནི་ཀུན་ནས་བདུག །མེ་ཏོག་གིས་ནི་མཛེས་བྱས་པའི། །ཡོངས་སུ་རྫོགས་པའི་ས་ཡི་ཆར། །ཐིག་གདབ་པ་ནི་བརྩམ་པར་བྱ། །སར་པ་ལེགས་པར་བསྒྲིལ་བ་དང༌། །ཚད་དང་ལྡན་ལ་མཛེས་པ་ཡིས། །ཐིག་གིས་ཅི་ནུས་དཀྱིལ་འཁོར་དུ། །མཁས་པས་ཐིག་ནི་གདབ་པར་བྱ། །དཀྱིལ་འཁོར་དང་ནི་རྗེས་མཐུན་པར། །མཁས་པས་ངེས་པར་བརྟག་པར་བྱ། །སེར་པོ་ལ་སོགས་ཚོན་སྣ་བཞིར། །གོ་རིམས་བཞིན་དུ་ཁ་དོག་སྒྱུར། །ཁྲུ་བརྒྱད་པ་ལ་སོར་གཅིག་ཚད། །གཞན་ཡང་ཁྲུ་ཚད་དག་གིས་བསྐྱེད། །དེ་ལྟར་ཀུན་ལ་ཤེས་པ་ནི། །གནས་ནི་ཇི་བཞིན་བརྟག་པར་བྱ། །སླར་ཡང་བཟླས་བརྗོད་བྱས་ནས་ནི། །བྱིན་གྱིས་བརླབས་པའི་སྔགས་ཉིད་དུ། །ཨོཾ་བཛྲ་སཱུ་ཏྲ་ཨཱ་ཀཪྵ་ཡ་མཎྜ་ལ་ཧཱུཾ། བྱིན་གྱིས་བརླབས་པའི་སྔགས་སོ། །བདེན་བྲལ་མཚམས་སུ་གནས་ནས་ནི། །སྒྲུབ་པའི་གྲོགས་ཀྱིས་ལག་ཏུ་གཏད། །ཨོཾ་བཛྲ་སཱུ་ཏྲ་


DTG068_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཀཪྵ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཛཿཛཿ། སློབ་དཔོན་ཤར་དུ་ཁ་བལྟས་ལ། །གྲོགས་པོ་ནུབ་ཏུ་བལྟ་བར་བྱ། །སློབ་དཔོན་བྱང་དུ་ཁ་བལྟས་ལ། །གྲོགས་པོ་ལྷོ་རུ་བལྟ་བར་ཡ། །མེ་དང་བྱུང་པོར་ཁ་བལྟས་ཏེ། །ཤར་གྱི་ཆར་ནི་ཐིག་གདབ་བྱ། །རླུང་དང་སྲིན་པོའི་ཕྱོགས་གནས་ཏེ། །ནུབ་ཀྱི་ཐིག་ནི་གདབ་པར་བྱ། །དེར་གནས་ནས་ནི་བྱང་གི་ཐིག །སླར་ཡང་མེ་སྲིན་ལྷོ་ཕྱོགས་སུའོ། །ཁ་ཁྱེར་ཐིག་ཀྱང་དེ་བཞིན་ཏེ། །ཕྱོགས་ཀུན་མཉམ་པ་ཉིད་དུ་བསྒོམས། །མེ་དང་རླུང་གི་ཕྱོགས་གནས་ཏེ། །སྲིན་པོ་འབྱུང་པོའི་ཕྱོགས་སུ་བལྟ། །གཡས་སུ་བསྐོར་བའི་སྦྱོར་བ་ཡིས། །ཕྱོགས་བཞིར་ཐིག་ནི་གདབ་པར་བྱ། །གཞན་དུ་བྱས་ན་སློབ་དཔོན་དང༌། །གྲོགས་ཀྱི་ཉེས་པ་ཐོབ་པར་འགྱུར། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྒོ་ཁྱུད་ཀྱང་ནི་སྒོ་ཡི་ཚད། །ཁྱམས་དང་འདྲ་བ་ཆ་ཡི་ཚད། །དེ་ཕྱེད་ཚོན་སྣ་ལྔ་ཡིས། །རྟ་བབས་ཀྱིས་ནི་ཚོན་གྱིས།། སྒོ་ཡི་སུམ་འགྱུར་ཚད་དུ་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཉི་མ་དང༌། །ཟླ་བ་སོགས་ཀྱིས་བརྒྱན་པར་བྱ། །རྟ་བབས་ཀྱི་ནི་ས་ཡི་ཆ། །ཇི་ལྟར་མཛེས་པ་རྣམ་པར་བརྟག །འཁོར་ལོའི་ཚུལ་ལ་དཀྱིལ་འཁོར་དགུ། །གོ་རིམས་བཞིན་དུ་བྲིས་པ་ཡི། །འཁོར་ལོ་རྩིབས་བརྒྱད་མཛེས་པར་བྱ། །རྩིབས་བརྒྱད་འཁོར་ལོའི་རྒྱབ་ཏུ་ནི། །རྡོ་རྗེ་ཕྲེང་བ་ཡང་དག་བྲི། །འཁོར་ལོ་རྩིབས་བརྒྱད་དབུས་སུ་ནི། །ཤཱཀྱ་སེང་གེ་ངེས་པར་བྲི། །པདྨ་དབུ་མའི་འདབ་མ་ལ། །རྡོ་རྗེ་སེམས་མ་བྲི་བར་བྱ། །མཚམས་ལ་རིན་ཆེན་སེམས་མ་སོགས། །གོ་རིམས་བཞིན་དུ་བྲི་བར་བྱ། །ཤར་གྱི་རྩིབས་ལ་བྲི་བ་ནི། །རྡོ་རྗེ་གཙུག་ཏོར་དེ་བཞིན་གཤེགས། །དེ་བཞིན་རྩིབས་ནི་ཐམས་ཅད་ལ། །གོ་རིམས་བཞིན་དུ་བྲི་བར་བྱ། །མཚམས་ཀྱི་ཆར་ནི་སྒེག་མོ་སོགས། །གོ་རིམས་བཞིན་དུ་བྲི་བར་བྱ།། དེ་བཞིན་མེ་ཏོག་སྤོས་མེ་སོགས། །ཤིན་ཏུ་མཉམ་པར་བཞག་སྟེ་བྲི། །སྒོ་ནི་སྲུང་བ་བཞི་པོ་དག །སྒོ་ཡི་དབུས་སུ་བྲི་བར་བྱ། །བྱམས་པ་ལ་སོགས་བཅུ་དྲུག་པོ། །ཤར་སོགས་ཁྱམས་སུ་གནས་པར་བྱ། །སྒོ་བཞི་ཡི་ནི་ལོགས་དག་ཏུ། །གླང་ཆེན་དང་ནི་སེང་གེ་བྲི།


DTG068_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་ཀྱི་ནི་ངོས་གཉིས་སུ། །བཀྲ་ཤིས་བརྒྱད་པོ་ཡང་དག་བྲི། །ཤར་དུ་དཔལ་བེའུ་འཁོར་ལོ་བྲི། །ལྷོ་རུ་པདྨ་རྒྱལ་མཚན་ཏེ། །ནུབ་ཏུ་གདུགས་དང་བུམ་པ་གཉིས། །བྱང་དུ་དུང་དང་ཉ་བྲིའོ། །འཁོར་ཡུག་ལ་ནི་འཇིག་རྟེན་སྐྱོང༌། །བརྒྱད་ལ་སོགས་པ་བྲི་བར་བྱ། །ཤར་དུ་དབང་པོ་ཚང་པ་དང༌། །ཉི་མ་དང་ནི་ཟླ་བ་བྲི། །མདོག་དང་དབྱིབས་དང་ལག་ཆ་དང༌། །མཚོན་ཆ་ལ་སོགས་རིམ་པ་དང༌། །ཐམས་ཅད་ཀྱི་ནི་གདན་ལ་སོགས། །གོ་རིམ་བཞིན་དུ་བྲི་བར་བྱ། །བརྒྱ་བྱིན་གདན་ནི་གླང་པོ་ཆེ། །དཀར་ཞིང་མཆེ་བ་དྲུག་ལྡན་ཡིན། །གུར་གུམ་མདོག་ཅན་འགྱིང་བས་འདུག །ལོགས་ན་ཤ་ཙི་ཨུ་པ་ཡིས། །ལག་པ་གཡོན་པ་དཀུར་འཇོག་ཅིང༌། །གཡས་པ་ཡིས་ནི་རྡོ་རྗེ་འཛིན། །མེ་ཡི་གཟུགས་ནི་བྲི་བྱ་བ། །ན་ཚོད་ལོ་ནི་བརྒྱ་པ་ལ། །ཁ་མདོག་དམར་ཞིང་འོད་འབར་བ། །སྤྱི་བླུགས་དང་ནི་དབྱིག་པ་འཛིན་གདན་དུ་རྭ་སྐྱེས་དམར་པོ་ནི། །མེ་ཡི་ལྷ་ལ་བཏག་པར་བྱ། །གཤིན་རྗེ་ནག་པོ་བྲི་བྱ་སྟེ། །དེ་ཡི་གདན་ནི་མ་ཧེ་ཡིན། །གཡོན་པའི་ཁུ་ཚུར་དཀུར་འཇོག་ཅིང༌། །གཡས་པ་ཡིས་ནི་དབྱུག་པ་འཛིན། །ནག་མོ་དང་ནི་འཆི་བདག་གཉིས། །ངོས་གཉིས་ན་ནི་འདུག་པ་བྲི། །བདེན་བྲལ་ཕྱོགས་སུ་སྲིན་པོ་ནི། །ཡི་དགས་གདན་ལ་འདུག་པ་ལ། །མདོག་ནི་དམར་ཞིང་གནག་པར་སྣང༌། །འབར་བའི་འོད་དང་ལྡན་པ་ལ། །ལག་པ་གཡོན་པ་དཀུར་འཇོག་ཅིང༌། །གཡས་ནི་རལ་གྲི་འཛིན་པ་ཡིན། །ནུབ་ཀྱི་ཕྱོགས་སུ་ཆུ་ཡི་ལྷ། །ཁ་མདོག་དཀར་ཞིང་ཅུང་ཟད་དམར། །སྦྲུལ་གྱི་གདེངས་ཀ་དག་དང་ལྡན། །སྟན་ནི་ཆུ་སྲིན་དམར་པོ་ཡིན། །གཡས་ན་སྦྲུལ་ཞགས་འཛིན་པ་སྟེ། །ལག་པ་གཡོན་རིན་ཆེན་འཛིན། །ཀླུ་དང་ཀླུ་མོ་རྣམས་ཀྱི་ནི། །བྲན་མོ་འཁོར་དང་བཅས་པ་བྲི། །རླུང་ནི་ཕྱོགས་སུ་རླུང་ལྷ་ནི། །ནམ་མཁའི་མདོག་དང་འདྲ་བ་ལ། །ཤ་བའི་སྟན་ལ་ཡང་དག་གནས། །བ་དན་རྒྱལ་མཚན་ཐོགས་པ་བྲི། །བྱང་དུ་གནོད་སྦྱིན་བདག་པོ་ནི། །བཙོ་མ་གསེར་གྱི་མདོག་འདྲ་ལ། །གཡོན་ན་རིན་ཆེན་སྣོད་འཆང་ཞིང༌། །གཡས་ན་རིན་ཆེན་སྙེ་མ་འཛིན། །རྟ་དཀར་གྱི་ནི་གདན་ལ་བཞུགས། །ཆུང་མ་དང་ནི་བཅས་པར་བྲི། །འབྱུང་


DTG068_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་བདག་པོ་ཐལ་མདོག་ཅན། །གཡས་ན་རྩེ་གསུམ་ཨ་མྲ་ཐོགས། །གཡོན་ནི་སྤྱི་བླུགས་རུ་དྲཱཀྵ། །ཁྱུ་མཆོག་སྟན་ལ་ཡང་དག་གནས། །ས་ཡི་ལྷ་མོ་གསེར་མདོག་ཅན། །པདྨའི་སྟན་ལ་གནས་པ་ལ། །མདུན་དུ་ལག་པ་གཉིས་ཀྱི་ནི། །བདུད་རྩིའི་བུམ་པ་འཛིན་པར་བྱེད། །གཡས་ཕྱོགས་སུ་ནི་ལྷ་མ་ཡིན། །ཁ་མདོག་དམར་ཞིང་ནག་པ་ལ། །གོ་ཆ་བྱོན་ཅིང་རལ་གྲི་འཛིན། །ནང་ཚངས་འཇམ་ལ་བྲི་བར་བྱ། །གཡོན་ཕྱོགས་སུ་ནི་ཀླུ་བྲི་བ། །མདོག་དཀར་ཆུང་མར་བཅས་པ་ལ། །སྦྲུལ་གྱི་གདེངས་ཀར་བཅས་པ་བྲི། །ལག་ན་རིན་ཆེན་སྣོད་ཐོགས་པ། །མཆོག་སྦྱིན་གསེར་གྱི་མདོག་ཅན་ལ། །གླེགས་བམ་དང་ནི་ཕྲེང་བ་ཐོགས། །གཡོན་པ་མཆོག་སྦྱིན་སྤྱི་བླུགས་ནི། །འཛིན་པ་ཉིད་དུ་ཡང་དག་བྲི། ངང་པ་ཉིད་དུ་བྲིས་ནས་ཀྱང༌། །དེ་ཡིས་སྟན་དུ་རྣམ་པར་བརྟག །གཡས་དང་གཡོན་གྱི་ལོགས་སུ་ནི། །ཉི་མ་ཟླ་བ་བྲི་བྱ་སྟེ། །དབྱིབས་མདོག་སྟན་དང་མཚན་མ་ནི། །ཇི་ལྟར་མཐོང་བ་ཞིན་དུ་བྲི། །དཀྱིལ་འཁོར་ཕྱི་རོལ་ས་ཡི་ཆར། །དམྱལ་བ་བརྒྱད་པོ་བྲི་བྱ་སྟེ། །མནར་མེད་པ་ལས་སོགས་པ་ནི། །མེ་ཡི་ཕྱོགས་སུ་བྲི་བར་བྱ། །བདེན་བྲལ་གྱི་ནི་ཕྱོགས་ཉིད་དུ། །ཡི་དགས་འགྲོ་བ་བྲི་བར་བྱ། །རླུང་གི་ཕྱོགས་སུ་བྱོལ་སོང་གི །འགྲོ་བ་སྣ་ཚོགས་བྲི་བར་བྱ། །དབང་ལྡན་ཕྱོགས་ཀྱི་ཆ་རི་ནི། །མི་ཡི་འགྲོ་བ་ཡང་དག་བྲི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྭ་ལ་པ་ཏི་ཏདྱ་ཐཱ་ཨཱ་ཀཪྵ་ཡ་བཛྲ་ས་མ་ཡ་ཧཱུཾ་ཛཿསརྦ་མནྡྷ་ལེ་ཧཱུཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཡ། ཨཱ་ཀཪྵ་ཡ་སརྦ་ཧཱུཾ་ཛ། འཇིག་རྟེན་པའི་ལྷ་སྤྱན་དྲངས་ཤིང་དགུག་པའོ། །དེ་ནས་རྣལ་འབྱོར་གསུམ་གྱིས་ནི། །ཏིང་འཛིན་གོ་རིམས་བཞིན་དུ་བསྒོམ། །ཙནྡན་དང་ནི་གུར་གུམ་གྱིས། །ཟླུམ་པོ་དག་ནི་བྱས་ནས་ཀྱང༌། །རང་རང་གི་ནི་སྔགས་བཟླས་པའི། །མེ་ཏོག་གི་ནི་ཕྲེང་པ་དབུལ། །དཀྱིལ་འཁོར་བ་ནི་ཐམས་ཅད་ཀྱང༌། །ལན་ནི་བདུན་བདུན་བཟླས་པར་བྱ། །མཆོད་པ་རྣམ་པ་སྣ་ཚོགས་དང༌། །བཟའ་དང་བཅའ་བས་རིམ་བཞིན་མཆོད། །མཆོད་པ་རྣམ་པ་ཉི་ཤུ་ཡི། །མཆོད་པ་ཀུན་དུ་བྱ་བ་ཡིན། །རྡོ་རྗེ་གནོད་སྦྱིན་དང་ལྡན་པའི། །བུམ་པ་གང་བ་གཞག་པར་བྱ། །


DTG068_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་པ་ཡི་སྔགས་རྣམས་ནི། །བུམ་པ་ལ་ནི་བཟླས་པར་བྱ། །རྡོ་རྗེ་གནོད་སྦྱིན་གསང་སྔགས་ནི། །ཅི་འདོད་པ་ཡི་བཟླས་པ་བྱ། །དེ་ནས་ཧཱུཾ་ནི་བཞི་པ་ཡིས། །སྔགས་ཤེས་པས་ནི་ཕུར་བུ་དབྱུང༌། །དེ་ནས་ཕུར་བུའི་ཁུང་བུ་ནི། །ཚོན་སྣ་ལྔ་ཡིས་དགང་བར་བྱ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །གོ་རིམས་བཞིན་དུ་ཚོན་རྩི་དགྱེ། །མདོར་ན་དཀར་པོ་སྔོན་པོ་དང༌། །དེ་བཞིན་དུ་ནི་དམར་དང་ལྗང༌། །སེར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །དབུས་སུ་འཁོར་ལོ་རྩིབས་བརྒྱད་པ། །ཚོན་རྩི་སྔོན་པོས་བྲི་བར་བྱ། །ཤར་གྱི་ཕྱོགས་ནི་དཀར་པོ་སྟེ། །ལྷོར་ནི་སྔོན་པོ་ཡང་དག་ལྡན། །ནུབ་ཀྱི་ཆར་ནི་དམར་པོ་སྟེ། །བྱང་དུ་ལྗང་གུ་ཡིན་པར་བཤད། །བསྟན་བཅོས་མཐོང་ཞིང་བློ་ལྡན་པས། །འབད་དེ་དེ་ལྟར་བྲི་བར་བྱ། །དེ་ནས་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་སྟེང་དུ་འདེག་པར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་སོར་མོ། །བཀན་ནས་གྱེན་དུ་འདེག་པར་བྱ། །ཨོཾ་སརྦ་བིད་ཨུཏྟིཥྛ་བཛྲ་ཧཱུཾ། དཀྱིལ་འཁོར་འདེག་པའི་སྔགས་དང་ཕྱག་རྒྱའོ། །དཀྱིལ་འཁོར་བྲི་བའི་ཆོ་གའོ། །དེ་ནས་མཆོད་པ་ལྔ་ཡིས་ནི། །བུམ་པ་སྟ་གོན་གནས་བྱ་སྟེ། །གསུས་ཆེ་ཁ་དོག་མི་གནག་ལ། །མགྲིན་པ་མཐོ་ཞིང་ཁ་གྱེད་པ། །སྤོས་ཆུ་ཡིས་ནི་བཀད་བ་ལ། །ལྡུམ་བཅས་ལྕུག་མས་ཁ་རྒྱན་བྱ། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང༌། །སྙིང་པོ་ལྔ་དང་ཡང་དག་ལྡན། །རས་མཆོག་མེ་ཏོག་ཕྲེང་གི་མགུལ། །བཅིངས་པ་ཀུ་ཤ་གསར་པ་གཞག །མེ་ཏོག་ཕྲེང་བ་མཛེས་པ་ཡི། །མེ་ཏོག་ཕྲེང་བས་བརྒྱན་པར་བྱ། །རིགས་ཀྱི་མཚན་མས་མཚན་བྱས་ལ། །བ་དན་ལ་ཡང་བསྒྲེང་བར་བྱ། །ཆོ་ག་རིམ་པ་བཞིན་བྱས་ལ། །སློབ་དཔོན་གྱིས་ནི་གཞག་པར་བྱ། །ནས་དང་འབྲས་ཡོས་ཏིལ་དང་ནི། །ཙནྡན་དཀར་པོ་དང་ལྡན་ཞིང༌། །མེ་ཏོག་ཀུན་དང་འོ་མར་བཅས། །མཆོད་ཡོན་སྣོད་དུ་གཞག་པར་བྱ། །གསེར་གྱི་སྣོད་དུ་བརྟགས་པ་ཡི། །ལྷ་བཤོས་སྣོད་ནི་གཡས་སུ་གཞག །སྤོས་ཀྱི་བདུག་སྤོས་ཐུལ་བ་དང༌། །སྔགས་དང་ཕྱག་རྒྱས་སྤྱན་དྲང་ངོ༌། །ཛཿ་ཧཱུཾ་བཾ་ཧོཿ་འི་སྔགས་དང་ནི། །དེ་ཉིད་ཀྱི་ནི་ཕྱག་རྒྱ་བྱ། །དེ་ནས་


DTG068_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱ་ནི། །ལྡན་པའི་མཆོད་ཡོན་དབུལ་བར་བྱ། །སྔགས་པ་རྡོ་རྗེ་དྲིལ་འཆང་བས། །ལག་པ་གཡས་པ་དེར་གཏུགས་ལ། །རང་རང་གིས་ནི་གསང་སྔགས་རྣམས། །ལན་ནི་བརྒྱ་རྩ་བརྒྱད་དུ་བཟླ། །བུམ་པ་སྟ་གོན་དུ་གནས་པའི་ཆོ་གའོ།། །།དཀྱིལ་འཁོར་གྱི་ནི་རབ་གནས་པ། །མར་གྱི་ངོ་ལ་བརྟག་པར་བྱ། །དཀྱིལ་འཁོར་གྱི་ནི་ཤར་ཕྱོགས་སུ། །མཆོད་པ་ལྔ་དང་ལྡན་པར་བྱ། །ཁྲུ་གང་ཡང་ན་ཁྲུ་དོ་ནི། །ཐབ་ཁུང་ཡོངས་སུ་བརྟག་པར་བྱ། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །ཁ་ཁྱེར་ལ་སོགས་མཛེས་པར་བྱ། །ཕྱག་མཚན་གྱི་ནི་ཁ་དོག་སོགས། །མཁས་པ་ཡེས་ནི་ངེས་པར་བཟུང༌། །སྔར་ནི་ཇི་སྐད་བཤད་པ་བཞིན། །རྣལ་འབྱོར་གསུམ་ནི་ངེས་པར་བསྒོམ། །དེ་ནས་དཀྱིལ་འཁོར་པ་རྣམས་ལ། །ཕྱིར་ཟློག་ཁྲུས་ནི་སོ་སོར་བྱ། །འོ་མ་ཅན་གྱི་ཡམ་ཤིང་ལ། །གཙུབ་ཤིང་ལས་ནི་མེ་སྦར་ཏེ། །མེ་ཡི་ལྷ་ནི་སྤྱན་དྲངས་ཏེ།། སྔར་བཤད་རྫས་ནི་རིམ་བཞིན་དབུལ། །དེ་ནས་སྔར་བཤད་ཆོ་ག་ཡིས། །མཆོད་ཡོན་བསང་གཏོར་སྣོད་གཉིས་གཞག །ཆུ་དེ་ཉིད་ཀྱིས་བསང་གཏོར་བྱ། །མེ་ནི་འབར་བ་དག་ལ་བསྟིམ། །དེ་ནས་འཁོར་ལོའི་རྒྱ་བཅིངས་ལ། །མདུན་དུ་གཞུག་པར་བསམ་པར་བྱ། །དེ་ནས་མེ་ཡི་དབུས་སུ་ནི། །དཀྱིལ་འཁོར་པ་རྣམ་བསམ་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེ་ཆུང་མདུད་པ་ནི། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །སྔགས་ནི་ཨོཾ་སརྦ་བིད་བཛྲ་ཙཀྲ་སིདྡྷི་ཧཱུཾ། དེ་ནས་ཕྱག་རྒྱ་བསྡུ་བ་ཡིས། །རྡོ་རྗེ་སེ་གོལ་བརྡབ་པར་བྱ། །ཛཿ་ཧཱུཾ་བཾ་ཧོཿ། དེ་ནས་བིལ་བ་སུ་མུ་ཁ། །ནཱ་ག་གེ་སར་པྲི་ཡང་ཀུ། །ཏིལ་ནག་དང་ནི་ནས་ཐུག་དང༌། །འབྲས་ཆན་ཞོ་དང་བཅས་པ་དང༌། །འབྲས་བུ་རྣམ་པ་སྣ་ཚོགས་དང༌། །སྦྲང་རྩི་མར་དང་ལྡན་པ་རྣམས། གཙུག་ཏོར་དགུ་ལ་རང་སྔགས་ཀྱིས། །བརྒྱ་རྩ་བརྒྱད་ནི་དབུལ་བར་བྱ། །དཀྱིལ་འཁོར་པ་ཡི་ལྷག་མ་ནི། །སོ་སོར་སྲེག་བླུགས་བདུན་བདུན་དབུལ། །སྒེག་མོ་ལ་སོགས་རྣམ་བརྒྱད་དང༌། །དེ་བཞིན་མཆོད་པ་ཉི་ཤུ་མཆོད། །དཀྱིལ་འཁོར་པ་ཡི་སྔགས་ཤེས་པས། །བཟླས་བརྗོད་དག་ཀྱང་ཅི་ནུས་བྱ། །ས་


DTG068_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སློབ་མ་ཞི་དོན་དུ། །མཐར་ནི་དགང་བླུགས་དབུལ་བར་བྱ། །སེམས་ཅན་ཀུན་ལ་སྙིང་བརྩེ་བས། །ཅི་འདོད་པ་ཡི་སྨོན་ལམ་གདབ། །དཀྱིལ་འཁོར་གྱི་སྦྱིན་སྲེག་གི་ཆོ་གའོ།། །།ལྷོ་སྒོ་ཡི་ནི་ས་ཡི་ཆར། །ཁྲུ་གང་བ་ལ་གྲུ་བཞི་པ། །སྟེགས་བུ་ལེགས་པར་བརྩིགས་ནས་ནི། །མ་ལྷུང་བ་ཡི་ལྕི་བས་བྱུག །བ་ཡི་རྣམ་ལྔས་བྱུང་ནས་ནི། །སྙིང་པོ་ལྔ་ཡང་གཏོར་བར་བྱ། །ཆོ་ག་བཞིན་དུ་ཡོངས་སུ་བརྟག །ཙནྡན་དཀར་པོ་དག་གིས་ནི། །མཁས་པས་དཀྱིལ་འཁོར་ཡང་དག་བྲི། །སྤོས་དང་མེ་ཏོག་ལྷ་བཤོས་བྲི། །རྣམ་པ་སྣ་ཚོགས་དབུལ་བར་བྱ། །དེ་ནས་བུམ་པ་ཀུ་ཤ་ནི། །སྔོ་དང་བཅས་པ་གཞག་པར་བྱ། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང༌། །འདབ་བཅས་ལྕུག་མས་བརྒྱན་པར་བྱ། །མགུལ་བར་རས་ནི་སྔོན་པོ་ཡིས། །དེ་ཉིད་ལ་ནི་མཛེས་པར་བརྒྱན། །དེ་ནས་ཕྱིར་བཟློག་བྱ་བ་ནི། །ཡུངས་ཀར་གྱིས་ནི་བྱ་བ་ཡིན། །ཡུངས་ཀར་མེ་ཏོག་དང་ལྡན་པ། །གསང་སྔགས་ཟློས་ཤིང་བརྡེག་པར་བྱ། །རུས་པའམ་གོས་སམ་མིང་ལ་ནི། །རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ། །སྡིག་པ་བཀྲུ་བའི་སྔགས་ཀྱིས་ནི། །སྲིད་གསུམ་དྲི་མ་བཀྲུ་བར་བྱ། །དེ་ལ་བརྡེག་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པ་ཡ། བི་ཤོ་དྷ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་ཝ་ར་ཎི་ནི་བྷཥྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎི་བཛྲ་ཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱི་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར། སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ། སརྦ་ཨཱ་ཝ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་བི་དྲ་བ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་གྒ་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། སྔགས་འདིས་ཡང་དག་བརྡེག་ན་ནི། །ངན་སོང་ཐམས་ཅད་རྣམ་པར་འཇིག །བཀྲུ་བ་ཡི་ནི་སྔགས་གསུངས་པ། །ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ།


DTG068_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎཱ་བི་ཤུདྡྷེ་སྭཱ་ཧཱ། འགྲོ་བ་ཡང་དག་པར་ལམ་བསྟན་པའི་སྔགས་གསུངས་པ་ནི། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་སཾ་བྷཱ་བ་རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བ་ཤུདྡྷེ་ཤུདྡྷོ་ཡ་སརྦ་པཱ་པཾ་ཧཱུཾ། ལམ་སྦྱངས་པའི་སྔགས་གསུངས་པ་ནི། ཨོཾ་པདྨེ་པདྨེ་མ་ཧཱ་པདྨེ། པདྨོད་བྷ་བ་སུ་ཁ་བ་ཏི་གཙྪནྟུ་སྭཱ་ཧཱ། སླར་ཡང་བཀྲ་ཤིས་ཚིགས་བཅད་ཀྱིས། །དུས་གསུམ་དུ་ནི་ཁྲུས་བྱའོ། །དེ་ནས་མེ་ཏོག་སྤོས་ལ་སོགས། །ཐམས་ཅད་ཀྱང་ནི་དབུལ་བར་བྱ། །ལམ་སྦྱངས་པ་ཡི་སྔགས་ཀྱིས་ནི། །མེ་ཏོག་ཆར་ནི་དབབ་པར་བྱ། །དེ་ལྟར་ཞག་ནི་གཉིས་གསུམ་ནས། །ཞག་བརྒྱད་པ་ཡི་བར་དུ་བྱ། །ས་བཟུང་ཉི་མ་ནས་བརྩམས་ཏེ། སློབ་མ་གཞུག་པའི་བར་དུ་བྱ། །རབ་ཏུ་གནས་པའི་དུས་སུ་ནི། །བུམ་པ་ལ་སོགས་གཤེགས་སུ་གསོལ། །དེ་ནས་དེ་ཡི་ཆ་རུ་ནི། །སྔར་བཤད་པ་ཡི་རིམ་པ་ནི། །པདྨ་དཀར་པོ་ལ་གནས་པའི། །འཁོར་ལོ་རྩིབས་བརྒྱད་མཛེས་པར་བྲི། །དེ་ལ་སློབ་མ་བཞག་ནས་ནི། །བུམ་པ་བཟང་པོ་དཀར་བཅས་པས། །སྔར་བཤད་ཆོ་ག་བཞིན་དུ་ནི། །འབད་དེ་དབང་བསྐུར་སྦྱིན་པར་བྱ། །དེ་ནས་ཡིད་ལ་ཅི་འདོད་ཀུན། །ཕོངས་པ་མེད་པར་དབུལ་བར་བྱ། །གཏན་པ་མེད་པའི་མཆོད་སྦྱིན་གྱིས། །ཀུན་ལ་རྣམ་པར་སྦྱིན་པར་བྱ། །འཁོར་བའི་སྡུག་བསྔལ་གྱིས་བཅིངས་པའི། །འགྲོ་བ་རིགས་དྲུག་ལ་གནས་པའི། །དཀྱིལ་འཁོར་དུ་ནི་བཀྲུས་ཙམ་གྱིས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །འཇུག་པ་དང་ནི་མཐོང་བ་ཡི། །དེ་ཡི་བསོད་ནམས་ཚད་མེད་པས། །དམྱལ་བ་ཡི་དགས་བྱོལ་སོང་གི །འགྲོ་བ་ཀུན་ལས་དེ་ཟློག་ནས། །སུམ་ཅུ་རྩ་གསུམ་ཡང་ན་ནི། །དགའ་ལྡན་གནས་སུ་ཡང་དག་སྐྱེ། །ལྷོ་ཕྱོགས་ཀྱི་སྒོར་བྱ་བའི་ཆོ་གའོ།། །།དེ་ནས་སྔོན་བཞིན་དཀྱིལ་འཁོར་ལ། །མཆོད་པ་བྱས་ནས་རྫོགས་པར་བྱ། །རང་གི་བསྐྱེད་པ་སྙིང་གར་བསྡུ། །སྤྱན་དྲངས་ལྷ་ནི་གཤེགས་སུ་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སངས་རྒྱས་ཡུལ་དུ་གཤེགས་ནས་


DTG068_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། །སླར་ཡང་སེམས་ཅན་དོན་ལ་གཤེགས། །ཞེས་བརྗོད་སེ་གོལ་ལན་གསུམ་བརྡེག །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ད་མུཿ། ཞེས་བྱ་བས་དཀྱིལ་འཁོར་བསྡུས་ནས་སུ། །ས་ཚོན་ཆུ་བོ་ཆེན་པོར་བསྐྱལ། །ཞལ་བསྲོ་ཁུང་བུ་དགང་བ་དང༌། །སྦྱིན་སྲེག་འཁོར་ལོ་ནོར་གང་ཡོད། །དེ་ཀུན་སློབ་དཔོན་ཁོ་ནའི་དབང༌། །དེ་ལྟར་རྡོ་རྗེ་འཛིན་པས་གསུངས། །དཀྱིལ་འཁོར་ས་ལ་འོ་མ་དང༌། །བ་ཡི་ལྕི་བས་བྱུགས་བྱས་ཏེ། །རྡུལ་ཚོན་དཀར་པོ་གཅིག་པུ་ཡིས། །པདྨ་འདབ་བརྒྱད་བྲིས་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་སྟོན་ཏེ། །ས་བདག་སློབ་མ་ཕྱོགས་སྐྱོང་རྣམས། །ཞི་བར་བྱ་བའི་དོན་དུ་ཡང༌། །གོང་དུ་གསུངས་པའི་སྲེག་རྫས་ཀྱིས། །སློབ་མའི་ལག་ཏུ་བཟུང་ནས་སུ། །ཞི་བའི་སྦྱིན་སྲེག་བྱ་བའོ། །སེམས་ཅན་དོན་སོགས་བྱ་བ་ལ། །གྲོགས་པོར་གྱུར་ཕྱིར་ལྷ་རྣམས་ལ། །གསོལ་བ་བཏབ་ནས་དགེ་རྩ་ནི། །ཡོངས་སུ་བསྔོས་ནས་རྫོགས་པར་བྱ། །དཔལ་ལྡན་ངན་སོང་སྦྱོང་བ་ཡི། །ཆོ་ག་ཤཱཀྱ་མགོན་གྱིས་གསུངས། །དཀྱིལ་འཁོར་ཆོ་ག་མ་ལུས་པ། །ཡོངས་སུ་ཉམས་པར་གྱུར་པར་མཐོང༌། །བླ་མ་རྡོ་རྗེ་ཅན་དྲིན་གྱིས། །དཀྱིལ་འཁོར་ཆོ་ག་སྦྱར་བ་ལས།། བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་སེམས་ཅན་མ་ལུས་ཀུན། །ཀུན་མཁྱེན་ཡེ་ཤེས་མངའ་བརྙེས་ནས། །སངས་རྒྱས་དང་ནི་འདྲ་བར་ཤོག །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཀུན་དགའ་སྙིང་བོས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཨཱ་ཙཱཪྻ་བུདྡྷ་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག། ཀུན་དགའ་སྙིང་པོ།next