འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེ་གསལ་བབ།
སངས་རྒྱས་གསང་བ།
རྒྱ་གར་སྐད་དུ། ཨཱཪྻ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎཱི་ཊཱི་ཀཱ་རཏྣ་བྷ་སྭ་ར་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བ། རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དོན་དམ་དབྱིངས་ཉིད་མཉམ་མེད་ཆོས་སྐུ་མཆོག་ཏུ་གསང་བའི་བདག །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་བསྐྱེད་མཛད་རྡོ་རྗེའི་སྐུ། །སྣ་ཚོགས་དོན་རྣམས་
འབྱོར་པ་སྐུ་གསུམ་ཡེ་ཤེས་བདག་གྱུར་པའི། །འཇམ་དཔལ་གསུང་གི་དབང་ཕྱུག་ལ་ནི་སྤྱི་བོས་རབ་ཏུ་འདུད། །རྡོ་རྗེས་ཐམས་ཅད་འཇོམས་མཛད་ཅིང༌། །ཁྱད་པར་གདུག་པ་ཀུན་འདུལ་ཕྱིར། །རྡོ་རྗེའི་སྐུར་གནས་རྣམ་འཇོམས་དང༌། །བླ་མ་གཞོན་ནུའི་སྔ་ལ་བསྟོད། །སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །དོན་གྲུབ་རྡོ་རྗེ་རྣམ་འཇོམས་ནི། །བླ་མ་ལྷས་ནི་བྱིན་བརླབས་ནས། །འཇམ་དཔལ་གོ་ཆས་གསོལ་བཏབ་བཤད། །སངས་རྒྱས་མཆོག་གིས་ཆོས་གསུངས་པ། །མདོ་སྡེ་མངོན་པ་འདུལ་བ་དང༌། །རིག་པ་འཛིན་པའི་སྡེ་བཞིར་གནས། །དེ་ཡང་བཞི་སྟེ་བྱ་བའི་རྒྱུད། །སྤྱི་དང་བྱེ་བྲག་དེ་ལ་གཉིས། །རྟོག་པ་བདག་ནི་ལས་སུ་བཤད། །རིགས་གསུམ་ཕྱེ་ལ་རྡོ་རྗེ་སྟེ། །མི་བསྐྱོད་ཕྱག་རྡོར་བདུད་རྩི་དང༌། །མཱ་མ་ཀཱི་དང་ལུ་གུ་རྒྱུད། །དེ་དག་དོན་སྟོན་རྡོ་རྗེ་ནི། །རྣམ་པར་འཇོམས་གཟུངས་གསུངས་པ་ནི། །ལོག་པའི་སྙིང་པོ་གདུལ་ཕྱིར་དང༌། །མ་འོངས་པ་ལ་ཕན་ཕྱིར་གསུངས། །འདི་ནི་རྩ་བའི་རྒྱུད་ཆེན་ཏེ། །རྡོ་རྗེ་ལྷུན་པོའི་རི་རབ་ཟོམ། །རྒྱུད་དོ་ཅོག་ནི་བརྒྱ་རྩ་བརྒྱད། །དེ་ཡི་དང་པོར་འདི་གསུངས་པས། །རྩ་བའི་བཤད་པར་རབ་ཏུ་གྲགས། རྒྱུད་ཆེན་དེ་ཡི་དོན་རྣམས་ཀུན། །མདོར་བསྡུས་ཟབ་མོར་སྟོན་པས་ན། །མདོ་སྡེར་བདེ་བར་གཤེགས་པས་གསུངས། །དེ་ཡི་དོན་རྣམས་མདོར་བསྡུ་ན། །སྔོན་བྱུང་སངས་རྒྱས་འཕྲུལ་པ་དང༌། །རྗེས་འཇུག་མངོན་རྟོགས་མན་ངག་གོ །དང་པོ་ལ་ནི་རྣམ་བཞི་སྟེ། །རྒྱུ་དང་རྐྱེན་དང་འབྲས་བུ་དང༌། །དེ་ཡི་མཇུག་ནི་བསྡུ་བར་འདོད། །དང་པོ་ལྔ་ཡིན་གཉིས་པ་ལ། །གཉིས་ཏེ་དེ་དག་གཉིས་གཉིས་གསུངས། །གསུམ་པ་གསུམ་སྟེ་དང་པོ་ལ། །གཉིས་གཉིས་དག་ཏུ་ཤེས་པར་བྱ། །བཞི་པ་གཉིས་བསྡུས་དང་པོ་གཉིས། །གཉིས་པ་བཞི་རུ་ཤེས་པར་བྱ། །དང་པོ་གཉིས་པ་མན་ངག་བཞིན། །དབང་པོ་རབ་འབྲིང་ཐ་མ་ལ། །བཤད་པ་རྣམ་པ་གསུམ་བྱའོ། །དགོས་པ་རྣམ་པ་གཉིས་སུ་བསྟན། །ཚིག་དོན་བརྒལ་ལན་མཚམས་སྦྱར་བ། །རྣམ་པ་ལྔར་ནི་འདིར་ཤེས་བྱ། །དེ་ལ་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དེ། དེ་ཡང་རིག་པ་འཛིན་པའི་སྡེ་སྣོད་གསལ་བའོ་ཞེས་
གསུངས་པ་དང༌། སྔགས་ཉིད་ལྷ་སྟེ་དེ་ཉིད་སྔགས། །ཞེས་གསུངས་སོ། །དེ་ལྟ་བུ་དེ་ལ་མདོ་སྡེར་ཡང་གྲགས་ཏེ། །དོན་ཉིད་མདོར་སྟོན་མདོ་སྡེ་ཞེས་པ་དང༌། །གསང་སྔགས་མདོ་སྡེའི་ཚུལ་དུ་དས་བཤད་ཉོན། །ཞེས་གསུངས་སོ། །དེ་བཤད་པར་བྱ་བ་ནི་ལྔ་སྟེ། བརྗོད་པར་བྱ་བ་ནི་སྟོང་པ་ཉིད་ཀྱི་དོན་རྡོ་རྗེ་རྣམ་པར་འཇོམས་པའི་ཐབས་དང་བཅས་པའོ། །རྗོད་པར་བྱེད་པ་ནི་གཞུང་གི་ཚོགས་སོ། །དེའི་དགོས་པ་ནི་རྒྱལ་པོ་ལོག་པའི་སྙིང་པོ་དང༌། །གདོན་མ་རུངས་པ་འདུལ་བ་དང༌། མ་འོངས་པའི་སྐྱེ་བོ་བྱང་ཆུབ་ལ་གནས་པར་བྱའོ། །དགོས་པའི་ཡང་དགོས་པ་ནི་དེ་དག་ཀྱང་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པའོ། །འབྲེལ་བ་ནི་བརྗོད་བྱ་རྗོད་བྱེད་དག་ཐབས་དང་ཐབས་ལས་བྱུང་བ་སྟེ། དེ་ཡང༌། ཐབས་དང་ཐབས་བྱུང་ཇི་ལྟ་བུ། །ཞེས་གསུངས་སོ། །ད་ནི་རྒྱུད་ཀྱི་དོན་ཉིད་བཤད་པར་བྱ་སྟེ། དེ་ཡང་ཤེས་རབ་དང་ལྡན་པ་ལ་མཚན་ཉིད་བསྟན་པས་གོ་ལ། དེ་ཡང་ཕན་པའི་ཕྱིར་མཇུག་ནས་དྲང་བར་བྱ་སྟེ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་སྨོས་ཏེ། དེ་ལ་རྡོ་རྗེ་ནི་མི་ཕྱེད་ཅིང་མི་ཤིགས་པའི་ཕྱིར་ན་རྡོ་རྗེ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ལྷ་དང་གཟུངས་ལ་གདགས་པར་བྱ་སྟེ། དེ་ཡང་རྡོ་རྗེ་ཞེས་བརྗོད་པས། རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། ཅེས་པ་དང༌། ལྷ་དང་སྔགས་ནི་རྡོ་རྗེར་འདུས། ཞེས་གསུངས་སོ། །དེས་ནི་བདག་གི་དོན་གྲུབ་པར་བྱེད་པ་སྟེ་འོག་གནས་སྟོན་ཏོ། །རྣམ་པ་ནི་དངོས་པོ་མ་ལུས་པ་སྟེ། དེ་ཡང་འབྱུང་པོ་ལ་སོགས་པ་དང༌། རྣམ་པར་རྟོག་པའོ། །དེ་དག་སྔགས་དང་རྡོ་རྗེའི་ཚིག་བླ་དགས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཇོམས་པ་ནི་མེད་ཅིང་བརླག་པར་མཛད་པའོ། །དེ་ཡང༌། འཇོམས་ཕྱིར་ཡེ་ཤེས་བརྗོད་པ་ཡིན། །ཞེས་སོ། །དེས་ནི་གཞན་དོན་འགྲུབ་པར་བྱེད་པ་ཡིན་ཏེ། དེ་ཡང་འཆད་པར་འགྱུར་རོ། །ཡང་རྡོ་རྗེ་རྣམ་པར་འཛིན་པ་ཞེས་བྱ་སྟེ། དོན་དང་རྣམ་པའི་སྒོ་ནས་བརྗོད་དོ། །གཉིས་ཀའི་དོན་སྒྲུབ་པ་ནི་གཟུངས་ཏེ་དེ་ཡང་ཉམས་པ་ལས་འཛིན་ཅིང་མི་བརྗེད་ལ་དོན་ཐམས་ཅད་འགྲུབ་པས་ནའོ། །དེ་ཡང་གཉིས་ཏེ། དོན་ནི་བརྗོད་པར་བྱ་བས་འབྱུང་པོ་དང་འཁོར་བ་ལས་
སྐྱོབ་ལ། ཚིག་གིས་ཀྱང་དེ་དག་འབྱུང་བའོ། །དེ་ཡང༌། ཉམས་པ་ལས་ནི་སྐྱོབ་པས་གཟུངས། །དེ་ཡང་དོན་དང་ཚིག་ཏུ་འདུས། །ཞེས་གསུངས་སོ་ཞེས་བྱ་བ་ནི་མིང་སྟེ་འདི་ཞེས་པའོ། །འདི་དག་གིས་ནི་གཞུང་གི་དོན་མ་ལུས་པ་སྟོན་པར་བྱེད་པས། གསུངས་པ་དང་མི་འགལ་བ་ཡིན་ནོ། །མ་འོངས་པ་དག་གིས་ནི་རྡོ་རྗེ་རྣམ་པར་འཇོམས་པ་ནན་ཏན་དུ་བྱས་པས་བདག་དང་གཞན་གྱི་དོན་རྫོགས་པར་བྱེད་དོ་ཞེ་ཤེས་པར་བྱའོ། །དེ་ལྟར་མཚན་བརྗོད་ནས། ད་ནི་རྡོ་རྗེའི་མདོའི་དོན་བསྟན་པར་བྱ་བ་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔོན་གྱི་དབང་དུ་བྱས་ནས་རྡོ་རྗེའི་མདོ་འབྱུང་བའི་རྒྱུ་ཡིན་ལ། མ་འོངས་པ་ལ་ནི་འབྲས་བུར་ཡང་འགྱུར་རོ། །དེ་ཡང་མ་ཚང་བ་མེད་པའི་ཕུན་སུམ་ཚོགས་པ་ལྔར་འགྱུར་ཏེ། དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་སྡུད་པ་པོ་བསྟན་ཏེ། སྔོན་མཐོང་ཞིང་རྗེས་སུ་གནང་བའི་བཀའ་ཡིན་པས་འགལ་བ་མེད་དོ། །དེ་ལ་ཇི་ལྟར་ཐོས་ཤེ་ན། དེ་ལ་འདི་སྐད་ཐོས་ཞེས་པ་ནི་གཞུང་འདིའི་དོན་དང་ཚིག་མ་ལུས་པ་ལ་འཇུག་པར་བྱེད་དེ་ཉེ་བར་མངོན་སུམ་དང་མ་བཅོས་པ་སྟེ། སྒྲོ་སྐུར་དང་བྲལ་བའོ། །སུས་ཐོས་ཞེས་པ་ནི་བདག་གིས་ཐོས་པ་ནི་སྡུད་པ་པོ་ཡང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མཛད་པ་སྟེ། བདག་གསང་བ་ཐམས་ཅད་འཛིན་པའི་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་རྣམ་བས་མངོན་སུམ་དུ་སྒྲ་དོན་གྱི་རྣམ་པར་ཐོས་ཏེ། བརྒྱུད་པ་མ་ཡིན་པའོ། །ད་ནི་དུས་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ཡང་དུས་ཇི་ཙམ་ན་ཐོས་ཤེ་ན། དུས་གཅིག་ན་ཐོས་ཏེ་མི་འདའ་བས་དུས་དེ་ཀུན་ཚོགས་པའོ། །དེས་ནི་དཀོན་པར་བསྟན་པའོ། །ཡང་ན་དུས་ནི་སྐད་ཅིག་མ་སྟེ། ཤེས་རབ་ཆེ་བར་སྟོན་ཏོ། །གང་ལས་ཐོས་ཤེ་ན། བཅོམ་ལྡན་འདས་ལས་ཐོས་ཏེ་ཞེས་གསུངས་ཏེ། དེས་ནི་སྟོན་པ་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདུད་བཞི་བཅོམ་ཞིང༌། ཡོན་ཏན་དྲུག་དང་ལྡན་པའི་སྟོན་པ་མཆོག་ཏུ་གྱུར་པ་ལས་ཐོས་པར་སྟོན་ཏོ། །འོ་ན་འདི་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ་རྡོ་རྗེ་རྣམ་པར་འཇོམས་པས་
སྨྲས་པ་ན་བཅོམ་ལྡན་འདས་ལས་ཐོས་པ་ཞེས་པ་འདི་ཇི་ལྟར་རུང་ཞེ་ན། འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ཏེ། ཁྲོ་བོ་གཉིས་པ་ཉིད་དེ་ཉིད་ཀྱི་ངོ་བོ་ཡིན་པ་དང༌། དེ་ལ་དེའི་ནུས་པ་ཞུགས་པ་ཡིན་པས་འགལ་བ་མེད་དེ་མདོ་གཞན་བཞིན་ནོ། །གང་དུ་ཐོས་ཤེ་ན། གནས་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་ལ་བཞུགས་པ་ལས་ཐོས་པ་སྟེ། དེ་ཡང་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། རྣམ་པ་ནི་རྡོ་རྗེ་རིན་པོ་ཆེའི་གནས་རི་རབ་ཀྱི་བྱང་ཤར་ནས་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་ཞེས་བྱ་བའི་ས་ཕྱོགས་ལ་སོགས་པའི་རྡོ་རྗེར་གཏམས་པར་ཐོས་པའོ། །རྡོ་རྗེ་གདན་ནི་མ་ཡིན་ཏེ་རྡོ་རྗེ་གདན་དུ་སྔགས་གསུངས་པ་ནི་མེད་དེ། དེ་ཡང་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དང་པོ་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཡང་དེར་ཆོས་གསུངས་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་བདུད་འདུལ་བ་ལས་སེམས་ཅན་གཞན་འདུལ་བའི་དོན་དུ་ནི་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་དེ་ད་ལྟའི་སེམས་ཅན་རྣམས་ཀྱིས་མ་རྟོགས་པའི་ཕྱིར་རོ། །ཞེས་གསུངས་པའི་ལུང་དང་འགལ་བའི་ཕྱིར་རོ། །དེར་བཞུགས་པ་ནི་གནས་ཤིང་བརྟེན་པར་སྟོན་ཏེ་མཛད་པ་རྣམ་པ་གསུམ་གྱིས་རྡོ་རྗེའི་སྐྱིལ་ཀྲུང་དུ་རྡོ་རྗེ་དང་སེང་གེའི་གདན་ལ་བཞུགས་སོ། །དེ་ནི་བཞི་པའི་དོན་ལས་གསུམ་པ་སྟེ་ཆོས་སྟོན་པའི་དོན་དུའོ། །འཁོར་གང་དང་ལྷན་ཅིག་ཏུ་ཐོས་ཤེ་ན། ཕྱག་ན་རྡོ་རྗེ་ཞེས་པ་ཐོག་མར་དྲངས་ནས་བསྟེན་ཏོ། །དེ་ཡང་མ་སྨོས་ཀྱང་རྒྱལ་པོ་ལྟ་བུ་སྟེ་དེའི་དུས་ན་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་མིང་ཅན་དུ་གྲགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་དཔག་ཏུ་མེད་པ་དང༌། འོད་སྲུངས་ལ་སོགས་པའི་དགྲ་བཅོམ་པ་དང༌། གཞན་ཡང་ལྷ་ལ་སོགས་པ་གྲངས་མེད་པ་དང༌། ལྷན་ཅིག་ཏུ་ཐོས་པར་སྟོན་ཏེ། རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་གྱི་མདོ་བཞིན་ནོ། །དེ་དག་གིས་ནི་རྡོ་རྗེའི་མདོ་འདི་རྒྱུད་དང་མདོ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། མ་འོངས་པའི་གང་ཟག་དག་
རིག་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་དབང་དང་དམ་ཚིག་ཐོབ་ཅིང་ཡོན་ཏན་དང་ལྡན་པས་འཁོར་བཟང་པོ་དང་ལྷན་ཅིག་ཏུ་གནས་ལེགས་པར་དུས་བཟང་པོ་ལ་གནས་ཏེ། ཡོ་བྱད་དང་ལྡན་པས་མཎྜལ་བྱས་ལ་འོག་ནས་འབྱུང་བའི་བུམ་པ་བཅས་པ་སྟེ་བསྒྲུབ་པར་བྱའོ་ཞེས་པའོ། །དེ་ཡང༌། སྔགས་པས་གནས་བཟང་གནས་ཏེ་དུས་དང་ལྡན། །འཁོར་དང་འབྱོར་པ་རྟེན་དང་ལྡན་པས་བསྒྲུབ། །ཅེས་གསུངས་སོ། །དེ་ལྟར་རྡོ་རྗེའི་མདོ་ལས་འབྱུང་བའི་རྒྱུ་བཤད་ནས། ད་ནི་དེའི་རྐྱེན་གླེང་བསླང་པ་བསྟན་པ་ནི་དེ་ནས་སངས་རྒྱས་ཀྱིས་མཐུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་འཁོར་གྱི་གཙོ་བོ་ཏིང་ངེ་འཛིན་ལ་གནས་པའི་གླིང་བསླང་གི་རྒྱུ་རུ་གྱུར་པའོ། །དེ་ཡང་དུས་དེར་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ཆོས་གསུངས་པ་ནི་ཐོག་མར་དགེ་བ་ལ་སོགས་པ་སྟེ། འཛམ་བུའི་གླིང་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ཞེས་ཀྱང་གྲགས། ལོག་པའི་སྙིང་པོ་སྐྱེས་ཙམ་ན་རྐང་པ་ལ་ལྕགས་ཀྱི་སྡིག་པའི་གཟུགས་ཅན་དེས་ཁ་ནས་མཱ་ར་ཡ་འདོན་ཅིང་མ་དང་ཕ་བསད་དེ་འཁོར་མི་དགེ་བ་བཅུ་ལ་བཙུད་པས་མི་མ་ཡིན་པ་ཐམས་ཅད་འཁྲུགས་པས་ནད་ལ་སོགས་པ་སྣ་ཚོགས་བྱུང་ངོ༌། དེས་སེམས་ཅན་ཐམས་ཅད་སྡུག་བསྔལ་ནས་སྐྱབས་སོ་སོ་ལས་འདོད་ཞིང་སྨྲའོ། །དེ་རྒྱལ་པོ་བཞིས་གཟིགས་ནས་བཅོམ་ལྡན་འདས་ལ་བསྐྱབས་པས་ཅང་མི་གསུངས་པར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ་རྡོ་རྗེ་གསོར་ཞིང་ཁས་བླངས་ཏེ་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་གྲངས་མེད་པ་བཅས་ཏེ། དེས་སྔགས་གསུངས་པས་འབྱུང་པོ་དང་ལོག་པའི་སྙིང་པོ་བཏུལ་ཏེ་འདི་ལ་ཞུགས་པས་བྱང་ཆུབ་ཐོབ་པར་མདོ་ནས་བཤད་དོ། །དེ་ཡང་བྲམ་ཟེ་ནི་མ་ཡིན་ནོ། །དེ་ལ་སངས་རྒྱས་ནི་ཉོན་མོངས་པའི་གཉིས་ལས་སད་ཅིང༌། ཡེ་ཤེས་པདྨ་ལྟར་གྱུར་པ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ནི་ཤཱཀྱ་ཐུབ་པར་བསྟན་ཏེ་དེས་བསྐུལ་བའོ། །དེའི་མཐུ་ནི་ནུས་པ་སྟེ་དེའི་སྟོབས་ཀྱིས་ནུས་པ་དང་ལྡན་པའོ། །གང་ཞེ་ན། ལག་ན་རྡོ་རྗེ་ཞུགས་སོ་ཞེས་བྱ་བར་འབྲེལ་པའོ། །དོན་གཉིས་སུ་མེད་པའི་ཡེ་ཤེས་
འཆང་བ་ཡིན་ལ། རྣམ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང༌། གསང་བ་གསུམ་སྟོན་པ་དྲག་པོའི་རྡོ་རྗེ་ཐོགས་པ་སྟེ། འཁོར་གྱི་གཙོ་བོ་གནོད་སྦྱིན་ཁྲོ་བོ་འཇིགས་པ་མཐུ་སྟོབས་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པར་གྲགས་པ་འདིའོ། །གང་ལྟར་ཞེ་ན་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་པའོ། །དེ་ཡང་ལུས་ནི་སྤྱི་བོ་ལ་སོགས་པའོ། །ཐམས་ཅད་ཅེས་པ་ངག་དང་ཡིད་ཀྱང་ངོ༌། །རྡོ་རྗེ་ནི་དེ་དག་དང་སྟོང་པ་ཉིད་དང་ཐོགས་པ་མེད་ཅིང་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པ་ནི་བསྒྱུར་བ་སྟེ་ནུས་པ་ཅན་དུའོ། །དེས་ནི་ཁྲོ་བོར་གྱུར་པར་བསྟན་ཏོ། །དེས་ནི་མ་འོངས་པའི་རྣལ་འབྱོར་པས་སྲུང་བའི་འཁོར་ལོ་བྱའོ་ཞེས་པའི་ཐ་ཚིག་གོ །གང་ལ་ཞེ་ན། རྡོ་རྗེའི་ཏིང་ངེ་འཛིན་ལ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་དང་ཐོགས་པ་མེད་པ་ལ་རྩེ་གཅིག་པར་སྙོམས་པར་ཞུགས་པ་ནི་མཉམ་པར་གཞག་པའོ། །མདོར་ན་སྟོང་པ་ཉིད་ལས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས་པ་གདོན་པར་ཐུགས་རྩེ་གཅིག་པར་དགོངས་པ་སྟེ། ཁྱད་པར་དུ་བསྟན་པའི་ཕྱིར་རོ། །ཐུགས་ཀྱི་སྤྲུལ་པ་དངོས་པོས་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྲས་སོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལ་དེ་ནས་ནི་འདས་མ་ཐག་པའོ། །ལག་ན་རྡོ་རྗེ་ནི་བཤད་དོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཐམས་ཅད་ཀྱི་མཐུ་ནི་ནུས་པའོ། །བྱིན་གྱིས་བརླབས་པ་ནི་རང་བཞིན་གྱི་ཤུགས་ཀྱིས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྟེ་དེ་ཡང་དོན་དམ་པའི་འབྲས་བུ་གཉིས་སུ་མེད་པ་ལ་སྨོན་པ་དང་འཇུག་པས་གནས་པའོ། །དེ་ཡང༌། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །དེ་ལ་སེམས་དཔའ་གང་ཡིན་པ། །བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་བྱ་བ་དང། བྱང་ཆུབ་ནི་དོན་དམ་པའོ། །སེམས་དཔའ་ནི་ཀུན་རྫོབ་ཅེས་གསུངས་སོ། །དེ་ཡང་སེམས་དཔའ་ཆེན་པོ་ཞེས་སྦྱར་རོ། །ཐམས་ཅད་ནི་མ་ལུས་པ་སྟེ་རྡོ་རྗེ་སྤྱན་རས་གཟིགས་ལ་སོགས་པའོ། །དེ་དག་གིས་ཀྱང་བྱིན་གྱིས་བརླབས་ཏེ། དེས་ན་ཏིང་ངེ་འཛིན་གཞན་ལས་ཁྱད་པར་
དུ་འཕགས་པ་བསྟན་ཏོ། །ལག་ན་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཁྲོ་བོ་གདུག་པའི་ཚུལ་དགུ་དང་ལྡན་པར་འབྱུང་བ་ནི་རྡོ་རྗེ་ཁྲོ་བོའོ། །ལས་བྱུང་བ་ནི་དེས་སྤྲུལ་བ་སྟེ་བཞི་པའོ། །གང་བྱུང་ཞེ་ན་རྡོ་རྗེ་སྙིང་པོ་སྟེ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲོ་བོ་རྡོ་རྗེ་བསྣམས་པ་ནི་ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེས་རབ་ཏུ་སྨྲས་པ་ནི་མྱུར་བར་རབ་ཏུ་སྔགས་གསུངས་པ་སྟེ་གསུམ་པའོ། །འོ་ན་འདི་ནི་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་རྣམ་པར་འཇོམས་པས་སྨྲས་པས་བཅོམ་ལྡན་འདས་ཀྱི་བཀའ་མ་ཡིན་ཞེ་ན། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་དང༌། ཐ་མི་དད་པའི་ཕྱིར་ཏེ། དཔེར་ན་མདོ་གཞན་བཞིན་ནོ། །དེ་དག་ནི་ཕྱག་ན་རྡོ་རྗེས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་བཅས་འོག་ནས་སྤྲུལ་ཏེ་མདུན་ན་གནས་པ་ལ་བཀའ་བསྒོས་ན། དེས་རྡོ་རྗེ་རྣམ་འཇོམས་སྔགས་ཀྱིས་འབྱུང་པོ་འདུལ་བར་བྱེད་པ་གསུངས་པའོ། །ཕྱག་ན་རྡོ་རྗེ་སྨྲས་པ་ནི་མ་ཡིན་ཏེ། རྒྱུད་དང་འགལ་བའི་ཕྱིར་རོ། །འདིས་ནི་འདི་སྐད་ཅེས་སྟོན་ཏེ། རྣལ་འབྱོར་པས་ཁྲུས་ལ་སོགས་པ་བྱས་ཏེ། ཁྲོ་བོ་མི་འཆི་བ་དང་གནོད་པ་མེད་པར་བྱས་ཏེ། སྟན་ལ་གནས་ནས་སྲུང་བ་བྱས་ལ་ཚོགས་བསགས་ཏེ། རྡོ་རྗེ་གདན་ལ་གནས་པས་བྱིན་གྱིས་བརླབ་པར་གསོལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པས་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པའི་ལྷ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང༌། མདུན་དུ་བུམ་པ་ལྷ་དྲུག་འཁོར་དང་བཅས་པ་བསམ་པ་དང༌། སྤྱན་དྲང་བ་དང༌། མཆོད་པ་ལ་སོགས་པ་རྒྱུད་ལ་བརྟེན་པ་སྒྲུབ་ཐབས་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་རྒྱུད་ལས། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །བུམ་པར་བསྐྱེད་སོགས་རྫོགས་བྱས་ལ། ནོར་བུ་སྤྱོད་ལམ་སྔགས་བཟླས་ཏེ། ཤ་ལ་སོགས་པ་བདུན་སྤོང་ངོ༌། །ཞེས་གསུངས་སོ།། །།དེ་ལྟར་གླེང་བ་སླང་བའི་རྒྱུ་བསྟན་ནས། ད་ནི་གླེང་བསླང་བ་དངོས་བསྟན་
པའི་ཕྱིར། མི་ཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་འདི་རྣམས་ནི་རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་ཀྱི་ཡོན་ཏན་འདི་ལྟ་བུ་ཞེས་ཚིག་ཏུ་གསུངས་པ་དངོས་ཏེ། དེ་ལ་ཡང་གཉིས་ལས་བདག་གི་དོན་ཕུན་སུམ་ཚོགས་པ་ནི་རྡོ་རྗེའི་ཚིག་བདུན་གྱིས་སྟོན་ཏོ། །དེ་ལ་སྟོང་པ་ཉིད་དང་སྔགས་དང་ཏིང་ངེ་འཛིན་རྡོ་རྗེ་སྟེ་ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་ལ་ཆོས་བདུན་ཡོད་པ་དང་འདྲ་བར་འདི་ལ་འབྱུང་བས་དུམ་བུར་མི་ཆོད་ཅིང་སྙིང་པོ་ཡོད་པའོ། །དེ་ལ་ཆུས་ཕྱེ་མར་མི་ཤིགས་ཤིང་མི་ཕྱེད་པའོ། །བདེན་པ་ནི་གནས་པ་སྟེ་མེས་ཐལ་བར་མི་འགྱུར་བའོ། །སྲ་བ་ནི་གཞིག་པར་དཀའ་བ་སྟེ་རླུང་གིས་གཏོར་དུ་མེད་པའོ། །ཚིག་དེ་དག་གིས་རྡོ་རྗེ་ཡེ་ཤེས་དེ་ལ་སྐྱེ་བ་ལ་སོགས་པ་བཞི་དང༌། མཐའ་བཞི་དང་བྲལ་བར་ཤེས་པར་བྱའོ། །དེས་ན་མཚན་མའི་དངོས་པོ་དང༌། །གདོན་ཐམས་ཅད་ལ་ཐོགས་པ་མེད་པ་སྟེ་གཅོད་ཅིང་འཇོམས་ལ་བེམས་པོ་མ་ཡིན་པའོ། །དེའི་ཕྱིར་མི་འགྱུར་པར་གནས་པས་བརྟན་པ་ཞེས་སྦྱར་རོ། །ཚུར་ལ་ཚུགས་སམ་ཞེ་ན། ཐམས་ཅད་དུ་མ་ཕམ་པ་སྟེ་རང་ལ་ཉམས་པ་མེད་ཅིང་མ་བཅོམ་ལ་རྒྱལ་བས་སོ། །དེ་ཡང༌། སྲ་བརྟན་སྙིང་ལྡན་ཁོང་སྟོང་མེད། །མི་ཕྱེད་མི་ཤིགས་མི་འཚིག་པས། །རྡོ་རྗེ་ཞེས་ནི་བརྗོད་པའོ། །ཞེས་གསུངས་སོ། །དེ་དག་གིས་ནི་སྔོན་བྱུང་བ་རྒྱལ་པོ་ལོག་པའི་སྙིང་པོ་ལ་སོགས་པས་ཉམས་སུ་བླངས་ནས་བདག་གི་དོན་ཆོས་སྐུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་ལྟ་བུ་གྲུབ་པའོ། །མ་འོངས་པས་ནི་སྔོན་དུ་བསྙེན་པ་རྫོགས་པས་བདག་དོན་འགྲུབ་པར་ཤེས་པར་བྱའོ་ཞེས་བསྟན་ཏོ། །བདག་གི་དོན་གྲུབ་ནས་གཞན་གྱི་དོན་མེད་དམ་ཞེ་ན། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བཅོ་ལྔས་སྤྲུལ་པའི་སྐུ་རྡོ་རྗེ་ལྟ་བུས་གཞན་གྱི་དོན་འགྲུབ་པར་སྟོན་ཏོ། །དེ་ཡང་བསྡུ་ན་ལས་བཞིའོ། །དེ་ཡང༌། བདེ་གཤེགས་ལས་ནི་སྣ་ཚོགས་པ། །བསྡུ་ན་ཞི་སོགས་ལས་བཞིའོ། །མངོན་སྤྱོད་བརྒྱད་དུ་རྣམ་པར་གྲགས། །ཚར་གཅད་དང་ནི་རྗེས་གཟུང་ངོ༌། །ཞེས་གསུངས་སོ། །དེ་ལ་སེམས་ཀྱི་ཀུན་གཞི་སྲོག་དང་བཅས་ཤིང་
ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་སྟེ་སྐྱེ་གནས་བཞི་ས་བསྡུས་པ་འགྲོ་བ་རིགས་དྲུག་པོ་ཐམས་ཅད་དོ། །དེ་དག་སྐྲག་པར་བྱེད་པ་ནི་ལུས་སེམས་འཇིག་ཅིང་དང་ངས་ཏེ་དྲག་པོ་ཚར་གཅོད་པར་བྱེད་པའི་རིག་སྔགས་འདི་སྨྲས་སོ་ཞེས་བྱ་བར་སྦྱར་རོ། །འཇིལ་བ་ནི་ལུས་སེམས་སྦ་བཀོད་ནས་འགུལ་མི་ནུས་པའོ། །དེ་ཡང་གསང་སྔགས་དང་ལྷ་འདིས་བྱེད་པའོ། །དེ་ཡང་དྲག་པོའོ། །རིག་པ་ནི་ལྷ་སྟེ་དེའི་སྔགས་ནི་ནུས་པ་ཅན་དེ་ཤེས་ནས་སྐྱོབ་པའོ། །དེ་ཡང་གཞན་ཐམས་ཅད་ཀྱི་སྦྱར་བ་སྟེ་དེ་དག་གཅོད་པ་ནི་ནུས་པའི་རྒྱུན་མེད་པར་བྱེད་པའོ། །དེ་ཡང་དྲག་པོའོ། །གནོན་པར་བྱེད་པ་ནི་ནུས་པ་མེད་ཅིང་ཟིལ་གྱི་ས་མནན་ནས་མི་གཡོ་བ་སྟེ། སྒྱུ་མ་མཁན་བཟང་པོའི་སྒྱུ་མ་བཞིན་ནོ། །དེ་ནི་དབང་ངོ༌། །ཞི་བའི་ལས་ནི་ལས་ཐམས་ཅད་འཇོམས་པར་བྱེད་པ་སྟེ་ཕ་རོལ་གྱི་སྦྱོར་བ་ངན་པ་བྱད་སེམས་ལ་སོགས་པ་དང་གོས་པའི་ནང་ལ་སྟེ་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་དོ། །དེ་དག་པར་བྱེད་ཅིང་བཟློག་པའོ། །གཞན་ནི་ཕ་རོལ་ཏེ་འབྱུང་པོ་སེམས་ཅན་ནོ། །དེ་དག་གི་ལས་ནི་ནད་ལ་སོགས་པ་དང་སྒྲིབ་པ་སྟེ་འཇིག་པ་ནི་བརླག་པར་མཛད་པའོ། །གདོན་ནི་གནོད་པར་བྱེད་པ་སྟེ་ལྷ་ལ་སོགས་པ་བཅོ་བརྒྱུད་པ་ལ་སོགས་པ་ཐམས་ཅད་དོ། །དེ་དག་བརླག་པ་ནི་ཐལ་བར་བྱེད་པ་སྟེ་དྲག་པོའོ། །ཐར་པ་ནི་སྔར་བཟུང་པ་ལས་གྲོལ་བའོ། །དེ་ནི་ཞི་བའོ། །གཞན་ཡང་དབང་ནི་འབྱུང་པོ་སྟེ་སེམས་ཅན་ཐམས་ཅད་དེ་ཁམས་གསུམ་དུ་འབྱུང་བས་སོ། །དེ་དག་འགུགས་པ་ནི་འདྲེན་པ་སྟེ་དབང་དུ་བྱས་ནས་བསྟན་པ་ལ་གནས་པར་བྱེད་པའོ། །རིག་སྔགས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །ལས་ནི་མ་ལུས་པ་སྟེ་ཞི་བ་ལ་སོགས་པ་ཐམས་ཅད་འདིས་མྱུར་དུ་བྱེད་དུ་འཇུག་པ་སེ་ལས་ལ་འཛུད་པའོ། །དེ་ཡང་དབང་ངོ༌། །སྔར་མ་གྲུབ་པ་ནི་མངོན་དུ་མ་གྱུར་པ་སྟེ་ལྷ་རྣམ་པ་གཉིས་ཀྱི་དངོས་གྲུབ་པོ། །དེ་དག་འདིས་གྲུབ་པར་བྱེད་པ་ནི་མངོན་སུམ་དུ་གྱུར་པའོ། །སྔར་གྲུབ་ཟིན་པ་ནི་འབྲས་བུ་དེ་ཡང་པར་ཆད་ཀྱིས་མི་ཁྱེར་བར་བྱེད་ཅིང་དོན་ཡོད་པ་ཆུད་མི་ཟ་བའོ། །འདོད་པ་ནི་ཡིད་ཀྱིས་མངོན་པར་འདོད་ཅིང་དོན་དུ་གཉེར་བ་སྟེ་ནོར་ལ་སོགས་པ་
ཕུན་སུམ་ཚོགས་པ་ཐམས་ཅད་དོ། །དེ་དག་འདིས་སྦྱིན་པ་འདི་ལས་བྱུང་ཞིང་སྟེར་བའོ། །དེ་དག་ནི་རྒྱས་པའོ། །སྲུང་བ་ནི་ནད་དང་གདོན་ལ་སོགས་པ་སྔར་མ་འོངས་པ་དག་ཕྱིས་མི་འོང་བར་བྱེད་ཅིང་སྡོམ་པའོ། །དེ་ཡང་ཞི་བའོ། །མཇུག་བསྡུ་བ་ནི་ཞི་བ་སྟེ་ནད་ལ་སོགས་པ་ཐམས་ཅད་མེད་པར་བྱེད་པའོ། །རྒྱས་པ་ནི་ཚེ་ལ་སོགས་པ་མ་ལུས་པ་ཐམས་ཅད་འཕེལ་བར་བྱེད་པ་སྟེ། དེ་གཉིས་དང་དབང་ནི་རྗེས་སུ་གཟུང་བའོ། །གཞན་ཐམས་ཅད་ནི་ཚར་གཅོད་པའོ། །དྲག་པོའི་ལས་འབྱུང་པོ་དང་སེམས་ཅན་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དེ་དག་རེངས་པར་བྱེད་པ་ནི་མི་གཡོ་བ་སྟེ་ངག་དང་ལུས་སོ། །རྨུགས་པ་ནི་སེམས་རྨོངས་པ་སྟེ་ཅི་ཡང་མི་ཤེས་པར་བྱེད་པའོ། །གསུམ་པའི་སྒྲ་དང་འོག་གི་ཚིག་ནི་རེ་རེ་ལ་སྦྱར་རོ། །ཡང་ན་ཚིག་དེ་རྣམས་ནི་མན་ངག་གི་འོག་གི་སྔགས་རེ་རེ་ལ་སྦྱར་བར་བྱའོ་ཞེས་བསྟན་པའོ། །དེ་ལྟ་བུ་འདི་རྡོ་རྗེ་རྣམ་པར་འཇོམས་པས་ཁྲོ་བོའི་ཚིག་ཏུ་སྨྲས་སོ་ཞེས་སྦྱར་ཏེ་བརྗོད་པའོ། །གང་གིས་བརྗོད་ཅེ་ན་ལག་ན་རྡོ་རྗེ་སྟེ་འདིར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བྱའི། ཕྱག་ན་རྡོ་རྗེ་དངོས་མ་ཡིན་ནོ། །གང་གིས་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་ནུས་པས་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱི་མཐུ་སྟེ། དེ་ཡང༌། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །ཞེས་པ་ལ་སོགས་པ་དང༌། ཡང་སྟོན་ཅིང་འཆད་པ་རྣམས་ནི་སངས་རྒྱས་ཀྱི་མཐུའོ་ཞེས་བསྟན་པའི་ཕྱིར་རོ། །གང་ལྟ་བུ་ཞེ་ན། གསང་སྔགས་ཏེ་སྦ་ཞིང་དམན་པ་ལ་མི་བསྟན་པས་ནུས་པ་ཁྱད་པར་དུ་འཕགས་པའོ་ཞེས་བྱ་བའི་ཐ་ཚིག་གོ །ནུས་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་བྱུང་བའི་འོག་གི་རྡོ་རྗེའི་སྔགས་ནི་མཐུ་ཆེན་པོ་འདི་ཞེས་པ་སྟེ་དེ་དག་སྨྲས་པའོ། །དེ་དག་གིས་ནི་སྔོན་གྱི་འཁོར་ལ་ཡོན་ཏན་ནི་གཞན་དོན་ཐམས་ཅད་འགྲུབ་པར་བསྟན་ལ་མ་འོངས་པ་ལ་ནི་སྔོན་དུ་བསྙེན་པ་རྫོགས་པས་སྒྲུབ་ཐབས་བཞིན་བྱས་པས་དེ་དག་འགྲུབ་པར་འགྱུར་རོ་ཞེས་པའོ། །འདི་སྐད་སྟོན་ཏེ་དེ་ལྟར་མཆོད་པ་ལ་སོགས་པ་རྫོགས་ནས་སྔགས་ཀྱི་ནོར་བུ་བཟུང་སྟེ། སྔགས་ཀྱི་གནས་དང་ལྡན་པས་
རྡོ་རྗེའི་ཚིག་དང་ཁྲོ་བོའི་ངག་དུ་བཟླས་པས་བདག་དང་གཞན་གྱི་དོན་སྒྲུབ་པའི་སྤྲོ་བསྡུ་བྱ་སྟེ། དེ་ཡང་བསྙེན་པ་དང་ལས་སྦྱོར་གྱི་དུས་སུ་སྒྲིབ་པ་ལ་སོགས་པ་མེད་པའི་སྦྱོར་བས་སྤྱོད་ལམ་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་རྒྱུ་དང་རྐྱེན་རྣམ་པ་གཉིས་བསྟན་ནས། ད་ནི་དེའི་འབྲས་བུ་གང་བསྟན་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྒྱུད་དངོས་རྡོ་རྗེའི་སྔགས་ཟབ་མོ་སྔར་གྱི་ཡོན་ཏན་ཅན་དེ་བསྟན་པའི་ཕྱིར། ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དེ་དག་གིས་ངག་གི་དོན་རྟོགས་སླ་བའི་ཕྱིར་བརྗོད་པར་བྱ་སྟེ། སྔོན་བྱུང་བ་ལ་ནི་རྡོ་རྗེའི་སྔགས་འདི་དག་བཀྲ་ཤིས་པ་བདག་པོ་ལ་མཆོད་པ་བརྗོད་ནས་རྣམ་པར་འཇོམས་པའི་རྡོ་རྗེ་གསུངས་པས་འབྱུང་པོ་ཐམས་ཅད་ལ་རྣམ་པ་བཞིས་ཚར་གཅད་པ་དང༌། རྗེས་སུ་བཟུང་བས་སངས་རྒྱས་ལ་སྐྱབས་སུ་འདོད་པ་ལ་སོགས་པའི་ཚུལ་གྱིས་དཀྱིལ་འཁོར་དུ་བཙུད་དེ་ནད་ལ་སོགས་པ་ཞི་བས་མི་དག་སངས་རྒྱས་ལ་སོགས་པ་ལ་དད་དེ། རྒྱལ་པོ་ལོག་པའི་སྙིང་པོ་ཡང་གནས་དེར་འོད་ཟེར་ལ་ཞོན་ཏེ་འོངས་ནས། དེ་བཞིན་དུ་བྱས་པས་བཀྲ་ཤིས་ལ་ཐར་པ་ལ་གནས་སོ། །དེ་ཡང་འོག་ནས་རྒྱལ་པོ་ཞེས་པས་སོ། །བསྐྲད་པ་དང༌། ལས་བཞི་དང༌། ཁྲོ་བོ་བཞི་དང༌། བཅུ་བསྐུལ་བ་དང༌། གཙོ་བོ་ལ་སོགས་པ་དྲུག་པོ་བསྐུལ་བའི་ཚུལ་གྱིས་སོ། །མ་འོངས་པའི་སྒྲུབ་པ་པོས་ནི་སྔོན་དུ་བསྙེན་པ་ལ་སོགས་པ་བསྲུང་པ་དང༌། བསྙེན་པ་ལ་སྔགས་ཚིག་གསུམ་གང་ཡང་རུང་བ་བཟླས་པ་དང༌། ལས་སྦྱོར་ལ་གཉིས་སུ་བྱ་བ་དང༌། ལས་སྒྲུབ་ན་གཙོ་བོ་དང་འབྲེལ་པ་དང་འཁོར་དང་གཉི་ག་དང་འབྲེལ་པ་གསུམ་གྱིས་ཞི་བ་ལ་སོགས་པའི་ལས་ཀྱིས་ལྷ་དང་རྫས་དང་བསམ་པ་དང༌། ཕྱོགས་དང་དུས་དང་སྔགས་དང་འཁོར་ལོ་དང་ཏིང་ངེ་འཛིན་དང་བྱ་བས་སྒྲུབ་པ་ནི་སྒྲུབ་པའི་ཐབས་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང༌། རྣལ་འབྱོར་བསྙེན་པ་གསུམ་དུ་བྱ། །ལས་ལ་གཉིས་ཏེ་ལས་ལ་གསུམ། །གཙོ་དང་འཁོར་དང་འདུལ་བ་ནི། །ལས་བཞི་སྔགས་སོགས་དབྱེ་བར་བྱ། །ཞེས་འདིའི་བཤད་པའི་རྒྱུད་ལས་གསུངས་སོ། །ད་ནི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་དང་
པོ་བཀྲ་ཤིས་པའི་དོན་རྣམ་པ་གཉིས་ཀྱིས་ཕྱག་བྱ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བ་ལ་སོགས་པས་གཙོ་བོ་གསུམ་ལ་འདུད་པའོ། །དེ་དག་ནི་སྔགས་ཀུན་ལ་ཤེས་པར་བྱའོ། །འབྲུ་ནི་དོན་ཉམས་པའི་ཕྱིར་བཤད་པར་མི་བྱ་སྟེ་རང་ཉིད་ཀྱི་སྒྲས་ཤེས་བར་བྱས་ལ་དོན་ཡིད་ལ་དྲན་པར་བྱའོ། །དེ་ནས་ཚར་གཅོད་ཅིང་བསྲུང་བའི་སྔགས་ནི་ཏདྱ་ཐཱ་ཨོཾ་ལ་སོགས་པ་སྟེ་ཉེ་བར་བསྟན་པའོ། །དེ་ཡང་དང་པོ་དང་ཐ་མར་ཡེ་ཤེས་དང་དྲག་པོ་དང་ཤིས་པ་བཞི་འཇུག་པ་ཅན་ཏེ་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་གཟུངས་ལ་གསུམ་ལས་དང་པོ་རྒྱས་པ་སྟེ་དེ་ཡང་གཙོ་བོའི་སྔགས་ནི་སརྦ་བིདྱཱ་བཛྲ་བཛྲ་ཞེས་པ་ལ་སོགས་པ་སྟེ་བསྟོད་ཅིང་བོད་པའོ། །མ་འོངས་པས་ནི་འདི་ལ་སྔགས་གདགས་པར་ཤེས་པར་བྱའོ། །གཙོ་བོའི་ལས་དང་འབྲེལ་པ་ནི་མན་ངག་བཞིན་དུ་ཞི་བའི་སྔགས་ནི་ཧེ་ཕུ་ལུ་ཞེས་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །ཙ་ར་ནི་ཙ་ར་ལ་སོགས་པ་ནི་རྒྱས་པའིའོ། །ཀཱི་ལི་ཀཱི་ལཱ་ཡ་ལ་སོགས་པ་ནི་དབང་གིའོ། །མཱ་ར་ཡ་ལ་སོགས་པ་ནི་བསད་པའོ། །ཚིནད་ཚིནད་ལ་སོགས་པ་ནི་རིག་སྔགས་བཅད་པའོ། །བྷིནྡ་ལ་སོགས་པ་ནི་རིག་སྔགས་མནན་པའོ། །དེ་བཞིན་དུ་སྐྲག་པར་བྱེད་པ་ལ་སོགས་པ་ལ་ཡང་མན་ངག་བཞིན་དུ་སྦྱར་རོ། །ད་ནི་འཁོར་གྱི་སྔགས་བསྟན་པ་ནི། ཙུ་རུ་ཞེས་པ་ལ་སོགས་པ་སྟེ། སྔ་མ་བཞིན་དུ་བྱས་པ་ནི་རྡོ་རྗེ་ཕུར་པའི་སྔགས་སོ། །ཏྲཱ་ས་ཡ་ལ་སོགས་པ་ནི་རྡོ་རྗེ་བེ་ཅོན་གྱིའོ། །ཧ་ར་ལ་སོགས་པ་ནི་རྡོ་རྗེ་ཐོ་བོའིའོ། །པྲ་ཧ་ར་ལ་སོགས་པ་ནི་རྡོ་རྗེ་གཏུམ་པོའིའོ། །དེ་དག་ལ་བསྟོད་ཅིང་སྐུལ་བར་བྱེད་པ་ནི་ཨེ་ཧྱེ་ལ་སོགས་པའི་སྔགས་བཏགས་ཏེ་བཟླས་པར་བྱའོ། །དེ་དག་དང་འབྲེལ་བའི་ལས་སྔགས་ལ་ཞི་བའི་སྔགས་ནི་མ་ཏི་སྠིར་བཛྲ་ཞེས་བྱ་བ་ལ་སོགས་པའོ། །རྒྱས་པའི་སྔགས་ནི་དྷ་ར་དྷ་ར་ཞེས་པ་ལ་སོགས་པའོ། །དབང་གི་སྔགས་ནི་ན་མཿས་མཱནྟ་ཞེས་པ་ལ་སོགས་པའོ། །གསོད་པའི་སྔགས་ནི་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པའོ། །རིག་སྔགས་བཅད་པའི་སྔགས་ནི་མཧཱ་བ་ལེ་ཞེས་པ་ལ་སོགས་པའོ། །རིག་སྔགས་མནན་པ་ནི་ད་ཧ་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་
ཐམས་ཅད་སྔ་མ་བཞིན་དུ་བྱས་པས་ལས་ཀུན་འགྲུབ་པར་འགྱུར་ཏེ་སྦྱར་བ་གསུམ་ཤེས་པར་བྱའོ། །དེ་ཡང་རྡོ་རྗེའི་གསང་སྔགས་འདི་ཡིན་ཏེ། ལས་ཀུན་ཐོགས་པ་མེད་པར་འགྲུབ། །ཅེས་གསུངས་སོ། །འདིར་མན་ངག་གིས་གཙོ་བོ་ཡབ་ཡུམ་གྱི་སྔགས་ནི་དང་པོ་ཨོཾ་དང་ཐ་མའི་ཡན་ལག་བོར་ལ་ཛྲ་ལ་ལ་སོགས་པའི་ན་བྱིན་ཏེ་ཡ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་བྱའོ། །སྟེང་དང་འོག་ཀྱང་དེ་བཞིན་དུ་བྱས་ལ་འཁོར་གྱི་རྒྱས་པའི་སྐུ་ལ་ལ་ཞི་བ་ལ་མ་བོར་ཏེ་ཕྱག་འཚལ་བ་ན་བྱིན་ཏེ་རྒྱས་པའི་དྷ་རའི་ར་ལ་ཨི་བྱིན་ལ་གཙོ་བོའི་རིག་པ་འཕྲོག་ལ་གཉིས་སུ་བྱའོ། །ཡང་ན་འདི་ལྟར་ཡང་ཡིན་ཏེ། ཐམས་ཅད་སྔ་མ་བཞིན་ལ་བསྐྲད་པའི་ཤ་ལ་སཾ་གྱི་སྟོང་ཕྲོགས་ཏེ་བྱིན་ལ་གཙོ་བོ་ཞི་བའི་ཀུ་རུ་གཉིས་ཀྱིས་ཨུ་ཕྱི་མ་ལ་ཨེ་བྱིན་ཏེ་འཁོར་གྱི་ལྷའི་མ་ཧཱ་དང་དབང་གི་ས་མན་གྱི་ན་བསང་བའི་ཡ་གསོས་ལ་ཨེ་བྱིན་པ་ནི་གཅིག་སྟེ། དེ་གཉིས་གང་ཡང་རུང་བས་དམ་ཚིག་བསྟན་ཅིང་བསྟན་པར་བྱ་བ་ཡིན་ནོ། །ཞེས་བླ་མས་བསྟན་ཏོ། །ཡང་ན་དེ་རྣམས་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་པ་ལ་སོགས་པ་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ་ཞེས་དགོངས་སོ། །ད་ནི་སྙིང་པོ་བསྡུས་པ་བསྟན་པའི་ཕྱིར། ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ལྷ་ལྔ་པོའི་འཁོར་ན་གནས་པའི་ཐུགས་ཀྱི་ཁྲོ་བོ་བཅུ་སྔོན་ནི་བསྐུལ་ལ། མ་འོངས་པ་ལས་བཞི་འགྲུབ་པ་ཡིན་པས་དེ་བཤད་པ་ནི། ཧ་ར་ནི་ཧཱུཾ་མཛད་བསྐུལ་བ་སྟེ་དྲག་པོའོ། །མ་ཐ་ནི་རྣམ་པར་རྒྱལ་བ་བསྐུལ་བ་སྟེ་དེ་ཡང་དྲག་པོའོ། །དྷུ་ན་ནི་དབྱུག་སྔོན་ཅན་དེ་དབང་ངོ༌། །ད་ཧ་ནི་གཤིན་རྗེ་མཐར་བྱེད་དེ་དེ་ཡང་དབང་ངོ༌། །པ་ཙ་ནི་མི་གཡོ་བ་སྟེ་དྲག་པོའོ། །དྷཱ་ར་ནི་རྟ་མཆོག་སྟེ་ཞི་བའོ། །དཱ་ར་ཡ་ནི་གཞན་གྱིས་མི་ཐུབ་པ་སྟེ་རྒྱས་པའོ། །དཱ་རུ་ཎ་ནི་བདུད་རྩི་འཁྱིལ་པ་སྟེ་ཞི་བའོ། །ཙྪིནྡ་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བ་སྟེ་རིག་སྔགས་གཅད་པའོ། །བྷིནྡ་ནི་སྟོབས་པོ་ཆེའི་སྔགས་ཏེ་དེས་རིག་སྔགས་མནན་པ་འགྲུབ་པའོ། །དེ་དག་གིས་བྱ་བ་ཀུན་སྔ་མ་བཞིན་དུ་སྦྱར་བས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་ལྷ་རྣམས་ཀྱི་ཡང་སྙིང་ཤིན་ཏུ་
ཡང་བསྡུས་པ་གསུངས་པ་ནི་ན་མ་ཞེས་པ་ལ་སོགས་པ་སྟེ་དེ་ཡང་གཙོ་བོ་རྣམ་གཉིས་ལ་མཆོད་ཅིང་དེའི་སྙིང་པོའོ། །ཧུ་ལུ་ནི་རྡོ་རྗེ་ཀཱི་ལ་ཡའི་སྟེ་བྱས་པའོ། །ཏིཥྛ་ནི་རྡོ་རྗེ་བེ་ཅོན་གྱི་ཞི་བའིའོ། །བནྡྷཱ་ནི་རྡོ་རྗེ་ཐོ་བ་སྟེ་དབང་གིའོ། །ཧ་ན་ནི་རྡོ་རྗེ་གཏུམ་པོ་སྟེ་དྲག་བོའིའོ། །ཨ་མྲྀ་ཏེ་ནི་ཕོ་ཉ་དང་མངག་པ་ཡབ་ཡུམ་ཁྲོ་བོ་མི་འཆི་བ་དང༌། ལུ་གུ་རྒྱུད་མའི་སྔགས་ཏེ་ཁྲུས་དང་བསྐྲད་པ་ལ་ཤེས་པར་བྱ་སྟེ་དེ་དག་གིས་ཀྱང་དེ་བཞིན་དུ་འགྱུར་རོ། །འདི་སྐད་སྟོན་ཏེ་སྔོན་དུ་བསྙེན་པ་ལ་ནི་གསུམ་པོ་གང་ཡང་རུང་བ་བཟླས་ལ་སྒྲུབ་པ་ལས་ལ་སྦྱར་བ་ནི་གཉིས་སུ་མེད་པར་ཤེས་པར་བྱ་སྟེ་ལས་སྒྲུབ་པ་ལ་ནི་མན་ངག་བཞིན་དུ་སྦྱར་རོ། །དེ་ཡང་བསྙེན་པ་གསུམ་སྟེ་སྒྲུབ་པ་གཉིས། །ལས་སྒྲུབ་སོ་སོར་ཤེས་པར་བྱ། །ཞེས་གསུངས་སོ། །ད་ནི་དེ་དག་གི་མཇུག་བསྡུ་བའི་ཆོ་ག་ཕན་ཡོན་དང་བཅས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་སྡུག་བསྔལ་ཐམས་ཅད་བྲལ་བར་བྱེད་པའི་ཕན་ཡོན་ནི། །སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་བྱ་ལ་སོགས་པ་གསུངས་ཏེ། དེ་དག་གི་སྔོན་བྱུང་དུ་རྒྱལ་པོ་ལོག་པའི་སྙིང་པོ་ལ་སོགས་པའི་འཁོར་རྣམས་ཐེ་ཚོམ་སྐྱེས་པ་ལ་དེ་དག་བྲོད་པ་བསྐྱེད་པའི་ཕྱིར་གསུངས་ལ། མ་འོངས་པ་ལ་ནི་སྒྲུབ་པའི་ཕན་ཡོན་དུ་སྦྱར་རོ། །དེ་ལ་སྡིག་པ་ནི་སྒྲིབ་པས་ན་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་སོ། །ཐམས་ཅད་ནི་དེ་དག་དང་ཉེ་བ་མ་ལུས་པའོ། །འདིས་དེ་དག་བྱང་བར་བྱས་པ་ནི་དག་པར་བྱེད་པའོ། །གཞན་ཡང་དེར་མ་ཟད་དེ་ལུས་ངག་ཡིད་གསུམ་ཟུག་རྡུས་གཟིར་བས་ན་སྡུག་བསྔལ་ཏེ་འགྱུར་པ་ལ་སོགས་པ་གསུམ་མམ་བརྒྱད་དོ། །མེད་པར་བྱེད་པ་ནི་སེལ་བར་བྱེད་པའོ། །དེ་ནས་སེམས་ཅན་ཞེས་བྱ་བ་ལ་སོགས་པར་འབྲེལ་ཏེ། སེམས་ཅན་གང་དག་སྔོན་གྱི་ལས་དང་རྐྱེན་དང་འབྱུང་པོས་མིག་ལ་སོགས་པའི་དབང་པོ་དྲུག་ཉམས་པ་ནི་ལོང་བ་ལ་སོགས་པ་སྟེ། དེ་ལ་སྔགས་འདིས་བཀྲུས་ནས་ཉམས་པ་ལས་སོས་ཏེ་ཐར་ཞེས་པར་འབྲེལ་ཏོ། །དེ་བཞིན་དུ་ཚེ་ནི་འཚོ་བ་སྟེ་དེ་ཟད་པ་ནི་དུས་ལ་བབ་པ་སྟེ་དེ་ཡང་རིང་བར་འགྱུར་རོ། །ཚེ་ཉམས་པ་ནི་རྐྱེན་གྱི་ཚེ་ཚད་ལས་
ཐུང་བར་གྱུར་བ་སྟེ་དེ་ཡང་ཚད་དུ་འཚོའོ། །ཕུན་སུམ་ཚོགས་པ་ནི་མ་ཚང་བ་མེད་པ་སྟེ་ནོར་ལ་སོགས་པ་ཡིན་ལ། དེ་དག་མ་ཚོགས་པའི་བྱུར་ནི་མིན་པ་སྟེ་དེས་སེམས་ཅན་གང་ལ་ཆགས་པ་ནི་གང་ལ་བྱུང་ཞིང་གནས་པ་ཡང་ཕུན་སུམ་ཚོགས་པར་འགྱུར་རོ། །ལྷ་རྣམས་ནི་མཐུ་དང་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་སྟེ། དེ་དག་བསྒྲུབས་ཀྱང་འཕངས་ནས་འགྲུབ་པར་མི་སྟེར་བ་ནི་རྒྱབ་ཀྱིས་ཏེ་ཕྱོགས་པ་ནི་རིང་བའོ། །དེ་ཡང་ཉེ་བར་བྱེད་དོ། །བདག་དང་ཡིད་གཅུགས་ཤིང་ཡིད་དུ་འོང་བ་ནི་མཛའ་སྡུག་སྟེ་སོ་སོར་གནས་པས་སྐྱེ་བོ་སྟེ་བདེན་པ་མ་མཐོང་བའོ། །དེ་སྡང་བ་ནི་བྱམས་པ་དང་བྲལ་བ་སྟེ་དེ་ཡང་བྱམས་པའོ། །བྲན་ནི་འཁོར་བཟང་པོའོ། །བཟའ་མི་ནི་ཆུང་མ་ལ་སོགས་པའོ། །སོགས་པ་ནི་མ་ལུས་པའི་ཉེ་བའོ། །དེ་དག་འབྱུང་པོས་གཙེས་པ་ནི་སྐྲག་ཅིང་བཅོམ་པ་སྟེ་དེ་ཡང་མི་འཚེ་བའོ། །ཡང་ན། བྲམ་ཟེ་ལ་སོགས་གཙེས་པ་དང༌། །ཞེས་གླེགས་བམ་ལ་ལན་གནས་ཏེ། འཇིག་རྟེན་ན་བྲམ་ཟེ་དང་རྒྱལ་པོ་དང་རྗེའི་དང་དམངས་ཀྱིས་བདག་གཙེས་པ་ལས་ཐར་པའོ། །ཡང་ན་བདག་གིས་བྲམ་ཟེ་དང་དགེ་སློང་ལ་སོགས་པ་ནུས་པ་ཅན་དང་ཞིང་དག་པས་གཙེས་པ་ཡང་ནུས་པ་བཟློག་ལ་སྡིག་པ་འདག་པར་འགྱུར་རོ། །ཡང་ན་བྲམ་ཟེས་ཁྱེར་བ་ཞེས་པ་སྟེ་གཟའ་སྐར་ངན་པ་ལ་ཤི་བ་ཡང་ཆོ་གས་ཕན་ནོ། །བདག་དང་གཞན་གཉིས་ནི་ཕན་ཚུན་ཏེ་དེ་དག་མི་མཐུན་པ་ནི་སེམས་མི་གཅུགས་ཤིང་ངག་དང་ལུས་འཐབ་བ་སྟེ་མཐུན་པར་འགྱུར་རོ། །སྔར་ལོངས་སྤྱོད་ཆེ་བ་ལ་ཕྱིས་བྱིན་པ་ཡིན་པས་ནོར་ཏེ་གསེར་ལ་སོགས་པའོ། །འགྲིབ་པ་ནི་བྲི་པའོ། །དེས་རྒྱུད་ལ་སྡུག་བསྔལ་བསྐྱེད་པས་གནོད་པའོ། །མྱ་ངན་ངལ་དང་གནོད་པ་ནི་གདུངས་པས་དུབ་པ་སྟེ་དེ་ལ་གདོན་གྱིས་ཚུགས་པར་སླའོ། །ཡང་ན་དང་ཞེས་སྦྱར་ཏེ་དུབ་པས་གནོད་པ་དང་ཕལ་པར་གནོད་པ་ཐམས་ཅད་དོ། །གཞན་ཡང་སྐྲག་ཅིང་བག་ཚ་བ་ནི་འཇིགས་པ་སྟེ་རྒྱལ་པོའི་ཆད་པ་ལ་སོགས་པ་བརྒྱད་དོ། །ཕོངས་པ་ནི་སྔ་ནས་དབུལ་བའོ། །གཞན་ཡང་གདུག་ཅིང་འཛིན་པས་
གཟའ་སྟེ་པ་བ་སངས་ལ་སོགས་པས་གནོད་ཅིང་ད་དག་ངན་པ་ལ་བབ་པའོ། །རྒྱུ་སྐར་ནི་ནམ་མཁའ་ལ་སོ་སོར་འཐོར་ནས་རྒྱུ་བ་སྟེ་སྨིན་དྲུག་ལ་སོགས་པའོ། །དེ་དག་ལ་ཁྲུས་བྱས་ཏེ་བཟློག་པས་ཞི་བར་འགྱུར་རོ། །བྱད་སྟེམས་ཞེས་པ་ནི་རིག་སྔགས་ངན་པའི་འཁྲུལ་འཁོར་གྱིས་མིང་བཅུག་སྟེ་གསོད་པར་འདོད་པའོ། །མི་བཟད་པའི་གདོན་ནི་ནད་ལ་སོགས་པ་ཚབས་ཆེར་འདེབས་པ་སྟེ་རྫུ་འཕྲུལ་ཆེ་བའི་ལྷ་ལ་སོགས་པའོ། །དེ་དག་གིས་ཉེན་པས་ནི་བཏབ་པའོ། །མྱ་ངན་ནི་ལུས་ངག་ཡིད་གསུམ་གདུངས་པའི་ཁྱད་པར་ཏེ་དེས་ཕུང་པོ་ངལ་ཏེ་གཉིད་ལོག་པའམ། དངོས་སུ་འབྱུང་པོ་བྱུང་བའོ། །དེའི་སྟོབས་ཀྱིས་གཉིད་ལོག་པས་སེམས་རྨོངས་ཏེ་ཡིད་ཀྱི་རྣམ་ཤེས་རྒྱུ་བས་རྨི་ལམ་སྟེ། དེར་སྡིག་པ་མཐོང་བས་ནི་ངན་པ་སྟེ་བཙོན་ར་ལ་སོགས་པའོ། །ཡང་ཞེས་པ་བཟླས་པ་སྟེ་ཀུན་ལ་སྦྱར་རོ། །ཡང་ན་དང་ཞེས་པ་སོ་སོར་སྦྱར་རོ། །དེ་དག་ཐམས་ཅད་ཀྱང་འདིའི་སྒོ་ནས་སེལ་ཅིང་དེ་དག་ལས་ཐར་བར་འགྱུར་རོ་ཞེས་སྦྱར་རོ། །དེ་དག་གི་རྒྱུད་ལས་འབྱུང་བ་ཐམས་ཅད་སེལ་བའོ། །ད་ནི་རྒྱུད་ལ་བདེ་བ་ཐམས་ཅད་ལྡན་པར་བྱེད་པ་གསུངས་པ་ནི། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་པ་བླང་ངོ༌། །དེ་ཡང་སྔོན་འབྱུང་དུ་ནི་འབྲེལ་ཅིང་རྒྱུན་ཆགས་པས་རྒྱུད་དེ་རྒྱུད་དོ། །ཅོག་ནི་མ་ལུས་པའོ། །རྩ་བ་ནི་གཞན་ལ་མ་ལྟོས་ཤིང་གཞན་སྐྱེད་པར་བྱེད་པ་སྟེ། དེ་ནི་རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ཅེས་བྱ་བ་ལེའུ་བརྒྱ་དང་བརྒྱད་པའི་ལེའུ་དང་པོར་འདི་གསུངས་ལ། དེས་འདི་བཤད་པའོ། །རྒྱུད་དེ་བདག་གིས་མཐོང་ངོ༌། །མ་འོངས་པ་ལ་ནི་བདག་གི་ཡོན་ཏན་མ་ལུས་པ་ནི་རྒྱུད་དོ་ཅོག་ཡིན་ལ་དེ་ལས་འབྱུང་བས་རྩ་བའོ། །ཡང་ན་ཆོས་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པས་སོ། །ལ་ལ་དག་རྒྱུད་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་བ་སྟེ། དེ་ཡང་ཆུ་ལ་རག་ལས་པས་ཞེས་འཆད་དེ་མ་ཡིན་ནོ། །གཞན་ཡང་དཔལ་ཀུན་ཏེ་བསྟེན་པར་འོས་ཤིང་ཡོན་ཏན་ཆེ་བ་སྟེ། འབྱོར་བ་དང་བུ་ལ་སོགས་པའམ་ཚོགས་གཉིས་སོ། །དེས་ལེགས་པར་བརྒྱན་པ་ནི་དེ་དག་ཡོངས་སུ་རྫོགས་ཤིང་ཚང་བ་འདིའི་སྒོ་ནས་བྱེད་པ་
ཡིན་ནོ། །དེ་ནས། ཚེ་དང་བསོད་ནམས་འཕེལ་བར་འགྱུར། ཞེས་པར་སྦྱར་ཏེ་བསོད་ནམས་ནི་གྲགས་པ་དང་ལོངས་སྤྱོད་དེ་ཡིད་བདེ་ཞིང་ལུས་ངག་རྒྱས་པར་བྱེད་པའོ། །སྡིག་པ་ཀུན་ནི་གོང་དུ་བསྟན་པའོ། །དེ་ལ་ཐར་བ་ནི་གྲོལ་བ་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་ཐོབ་པར་འགྱུར་པའོ་ཞེས་དགོངས་སོ། །དེ་དག་ནི་སྤྱིའི་བྱ་བའི་ཆོ་གའི་ཕན་ཡོན་ནོ། །ཡང་ན་ལས་དེ་དག་ལ་བྱ་བ་སོ་སོར་སྦྱར་བར་ཤེས་པར་བྱའོ། །དེ་ལྟར་ཕན་ཡོན་འབྱུང་བ་བཤད་ནས་ད་ནི་ཆོ་ག་བཤད་པར་བྱ་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྒྲུབ་པ་པོ་དང་བསྒྲུབ་བྱ་དག་སྟ་གོན་ལ་གནས་པའོ། །འདི་དག་གིས་ནི་འདས་པ་ལ་འདི་ལྟར་གྱིས་ཤིག་ཅེས་གདམས་ལ་མ་འོངས་པ་ལ་ཆོ་ག་བྱ་བ་དངོས་ཡིན་ནོ། །དེ་ལ་སྒྲུབ་པ་པོ་དང་བསྒྲུབ་བྱ། དེས་ནི་རབ་བསྐྲུས་གཙང་མ་ཡིན། །ཞེས་གསུངས་ཏེ། ཕྱིའི་ཁྲུས་ནི་ཆུ་དང་སས་ལེགས་པར་བཀྲུས་པས་དྲི་མ་དག་པར་བྱ་བ་སྟེ་ལན་གསུམ་དུའོ། །གཙང་མའི་གོས་ནི་གཞན་དུ་ལོངས་མ་སྤྱད་པའི་གོས་སར་པ་ལན་གསུམ་དུ་བརྗེའོ། །དེ་བཞིན་དུ་ཟས་དཀར་གསུམ་བཟའ་བ་དང༌། ཞག་གཅིག་སྨྱུང་བར་གནས་པར་བྱས་ལའོ། །ནང་གི་ཁྲུས་ནི། གང་དག་ཡིད་དགེ་སེམས་དང་ཞིང༌། ཞེས་པ་སྟེ་ལུས་དང་ངག་དང་ཡིད་གསུམ་གྱིས་མི་དགེ་བ་བཅུ་མི་བྱེད་པར་སྔོམ་པ་ལ། སེམས་དང་བ་ནི་དད་པའོ། །དེ་དག་གིས་ནི་རྟེན་གྱི་གང་ཟག་དང་སྟ་གོན་ལ་གནས་པ་བསྟན་ཏོ། །དེ་ནས་ས་བླང་བ་ལ་སོགས་པ་ཆོ་ག་དང་སྒྲུབ་ཐབས་ལས་བྱུང་བ་བཞིན་དུ་དཀྱིལ་འཁོར་འབྱོར་བའི་བྱེ་བྲག་གིས་བྲིས་ལ་རྫས་བཀོད་དེ་བསྒྲུབ་པར་བྱའོ། །ཞེས་བྱ་བའི་བར་དུའོ། །དེ་ཡང་དང་པོ་སྟ་གོན་གནས་པ་ཡིས། །ས་ཡི་ཆོ་ག་རྫོགས་བྱས་ཏེ། །འབྱོར་པ་དཀྱིལ་འཁོར་བྲི་བྱས་ལ། རྟེན་ལ་བརྟེན་དེ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དེའི་འོག་དུ་ཁྲུས་ལ་སོགས་པ་སྔོན་དུ་སོང་བས་ལྷ་བསྐྱེད་པ་ནི་མདོ་སྡེ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྔོན་བྱུང་ལ་ནི་མདོ་སྡེ་ཟབ་མོ་སངས་རྒྱས་ཀྱི་གསུངས་པ་འདི་མཉན་པར་བྱ་བ་དང༌། དེའི་ཕན་ཡོན་བསྟན་པ་ལ་རྗེས་སུ་འཇུག་པ་ནི་ལྷ་བསྐྱེད་པ་དང་སྔགས་བཟླས་
པའི་ཐབས་སུ་འགྱུར་རོ་ཞེས་དགོངས་པའོ། །དེ་ལ་མདོ་སྡེ་ནི་རྒྱུད་དང་གཅིག་པ་སྟེ་དོན་ཟབ་མོ་སྡེར་སྟོན་ལ་ཚིག་གི་མདོ་ཙམ་དུ་གསུངས་པས་སོ། །ཡང་ན་གནས་དང་སྟོན་པ་ལ་སོགས་པ་གསུངས་པའོ། །དེ་ཡང༌། གནས་རྣམས་དང་ནི་མཚན་ཉིད་དང༌། ཆོས་དོན་སྨོས་ཕྱིར་མདོ་སྡེའོ། །ཞེས་པ་དང༌། ཚིག་ཉུང་བ་ལ་དོན་རྒྱས་པའི། །མདོ་སྡེ་དམ་པ་བལྟ་བར་བྱ། །ཞེས་གསུངས་སོ། །དོན་དུ་བྱ་ན་གཟུངས་སྔགས་ཐམས་ཅད་དང་བཅས་པ་སྟེ་དམ་པ་ནི་མཆོག་གོ །མཉན་པར་བྱ་བ་ནི་གདམས་པ་སྟེ་སངས་རྒྱས་དང་བླ་མ་ལ་རྣ་བས་ཐོས་ཤིང་ཤེས་པར་བྱ་བའོ། །དེ་ཉིད་གཞན་གྱིས་རྟོགས་པར་དཀའ་བས། ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཏེ། སངས་རྒྱས་ཀྱིས་གསུངས་པའོ། །ཡང་ན་ཆོས་ཉིད་སྟོང་པའི་ལྷ་ལ་སོགས་པ་དྲུག་པོ་ཟབ་ཅིང་དེས་སངས་རྒྱས་ཀྱི་སྐུ་སྟེ་སྤྱོད་ཡུལ་དུ་བསྐྱེད་པའོ། །དེས་ནི་བསྙེན་པ་སྒྲ་ལ་གནས་པའི་བསམ་གཏན་གྱི་སྔགས་བཟླས་པ་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉན་བྱེད་ན་ནི་ཐོས་ནའོ། །གཟི་བརྗིད་ནི་འོད་ཟེར་ཏེ་དཔལ་གང་ཡིན་པའོ། །ཡང་ན་ལྷ་དྲུག་པོའི་དོན་ནི་མདོ་སྡེ་ཡིན་ལ་དེ་ཉན་པ་ནི་སྒོམ་པའོ། །ད་ནི་བཟླས་པའི་བསམ་གཏན་ནི་ནོར་བུའི་ཕྲེང་བ་དང་ལྡན་པས་མདོ་སྡེའི་ལྷ་རྣམས་ཀྱི་ཐུགས་ཀ་ན་གནས་པའི་ཟླ་བ་དང༌། རྡོ་རྗེ་དང་སྔགས་སོ། །དེའི་འོད་ཟེར་གྱིས་སྤྲོ་བསྡུ་ནི་གཟི་བརྗིད་དོ། །དེས་ཇི་ལྟར་བསམས་ན་སྲོག་ཆགས་ཏེ་རླུང་ནང་ན་གནས་པ་འཚོ་བའོ། །མི་བཟད་པའི་ནད་ནི་འཚོ་བར་དཀའ་བའི་མཛེ་སྟེ་འབྱུང་བ་ལས་གྱུར་པ་དང༌། ཀླུའི་གདོན་ནོ། །ཀྱང་ཞེས་པ་ནི་མི་མཐུན་པའི་རྐྱེན་ཏེ་དེ་ཡང་ཞི་ན་གནས་གཞན་སྨོས་ཅི་དགོས་ཞེས་པའི་དོན་ཏོ། །ཞི་བར་བལྟ་ནི་ཞི་བར་འགྱུར་བའོ། །ཡང་ན་ཞི་བར་བལྟ་ནི་སྔགས་བཟླས་སོ། །དེ་ནི་ཁྲོ་བོའི་ངག་ཏུ་ལས་སྦྱོར་གྱི་སྔགས་བཟླས་པར་བསྟན་ཏོ། །ད་ནི་རྟེན་གང་ལ་བརྟེན་ཏེ་སྒྲུབ་པ་ནི་གསེར་རམ་ཡང་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །བསྙེན་པ་ལ་བུམ་པ་གཅིག །ལས་ལ་ལྔའོ། །དེའི་རྒྱུ་ནི་རིན་པོ་ཆེ་གསེར་ནི་རབ་བོ། །ཡང་ན་ནི་ཞེས་ཕྱོགས་གཞན་སྟོན་པ་སྟེ་དངུལ་ནི་འབྲིང་ངོ༌། །ཀྱང་རུང་ཞེས་པ་ནི་བསྡུ་བ་སྟེ་ཟངས་ནི་ཐ་མའོ། །དེ་ལྟར་མ་
འབྱོར་ནས་ལས་བུམ་པ་དམར་པོ་ནག་པོ་ར་རི་མེད་པར་བྱའོ། །དེ་ཡང༌། བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང༌། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ནི་བུམ་པའི་རྒྱུ་བསྟན་ཏོ། །འདི་དག་ནི་སྔོན་གྱི་དུས་དང་རྗེས་ཀྱི་དུས་འདྲ་བའོ། །ད་ནི་སྙིང་པོ་དང་རྒྱན་ནི་ཆུ་ཡིས་དགང་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་འདིར་ཆུ་བོ་ཆེན་པོའི་ཆུ་དང་འོ་མས་ནང་དགང་བ་སྟེ་བཀྲུ་བ་དང་བསང་བས་བྱའོ། །འདིར་ཆུ་ཡི་གསེར་རམ་ཞེས་བྱ་བར་འདོད་དེ་འདི་ནི་རྨོངས་པས་མི་ཤེས་པར་བལྟའོ། །དེ་ནས་གཞན་དུ་ལོངས་མ་སྤྱད་པའི་རས་ཀྱི་གཙང་མས་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །དེར་སྙིང་པོ་ནི་ནོར་བུ་སྟེ་ཡིད་དུ་འོང་བའི་མུ་ཏིག་མིག་མེད་པ་དང༌། ཡུངས་ཀར་ཏེ་སྒྲུབ་པའི་རྫས་བགེགས་བསྐྲད་པ་སྣོད་དམ་པར་བླུགས་ཏེ་སྟེང་དུ་གཞག་གོ །དཱུར་བ་ནི་རམ་པ་སྟེ། བཀྲ་ཤིས་པས་ལོ་མ་དང་བཅས་པ་དང༌། ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་བདུན་བུམ་པའི་ཁར་གཟུགས་སོ། །དཀོན་པས་ན་རིན་ཆེན་ཏེ་དེ་དག་རྨ་མེད་པ་ནི་མ་སྤྱད་ཅིང་མ་རྙིངས་པའི་སར་པའོ། །ཡང་ན་མིག་མེད་པ་སྟེ་གསེར་ལ་སོགས་པ་ལྔ་དང༌། ཙནྡན་ནི་དྲི་དང་ལྡན་པ་དཀར་པོ་སྟེ། དེ་ལ་སོགས་པ་དྲི་ལྔ་དང་བཅས་པ་ནི་ལྷན་ཅིག་དོན་ཏེ་ཏིལ་ལ་སོགས་པ་འབྲུ་ལྔ་དང༌། ཧ་ས་དེ་བ་ལ་སོགས་པ་སྨན་ལྔ་དང༌། བུ་རམ་ལ་སོགས་པ་སྙིང་པོ་ལྔ་གསང་བ་སྤྱི་རྒྱུད་བཞིན་དུ་བླུགས་པར་བྱའོ། །དེར་ཡང་ཤེལ་དང༌། རྡོ་རྗེ་ཕ་ལམ་དང་མེ་ཏོག་སྔོན་པོ་བཅུག་ལ་དེའི་ཕྲེང་བས་ཁ་ལ་བརྒྱན་ནོ། །དེའི་ཁར་ནི་བཀྲ་ཤིས་པའི་ཤིང་མྱ་ངན་མེད་པ་ལ་སོགས་པ་འབྲས་བུ་ཅན་གྱིས་བརྒྱན་ལ། རྡོ་རྗེ་གཞག་སྟེ་བཀྲ་ཤིས་པའི་ཐག་པས་བཏགས་ཏེ་ལས་ལ་སྔར་གཞུག་གོ །དེ་དག་ནི་སྙེན་པ་ལ་ཡང་ཤེས་པར་བྱའོ། །དེ་ཡང་རིན་པོ་ཆེ་ལ་སོགས་པའི་ཡོན་ཏན་ཤེས་པར་བྱ་སྟེ། ལྷའི་མཚན་མ་ནི་དགོད་པ་མ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཟླས་པའི་གྲངས་བསྟན་པའི་ཕྱིར་སླན་གྲངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནས་ཡང་དུ་བསྐྱར་བས་ལན་གྲངས་ཏེ་གཟུངས་རིངས་ནི་ཉི་ཤུ་རྩ་གཅིག་ལ། སྙིང་པོ་དང་ཡང་སྙིང་ནི་བརྒྱ་རྩ་བརྒྱད་དུ་བཟླས་སོ། །སུ་ནི་བྱེད་པ་གསུམ་པའི་
གསུམ་པ་སྟེ་དེ་ནས་ཁྲུས་བྱ་ཞེས་པའོ། །འདི་སྐད་སྟོན་ཏེ་འདས་པ་ལ་ནི་གྲངས་དེས་ཆོག་པ་ཡིན་ལ། མ་འོངས་པ་ལ་ནི་སྔོན་དུ་བསྙེན་པ་འབུམ་རྫོགས་ནས་ལས་ལ་བསམ་གཏན་དང་ལྡན་པས་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ །ལས་ལ་སྦྱར་བ་དངོས་བསྟན་པའི་ཕྱིར་རྒྱལ་པོ་ཞེས་གསུངས་ཏེ། སྔོན་བྱུང་བ་ལ་ནི་ལྷའམ་མི་ཆེ་བས་རྒྱལ་པོ་སྟེ་ལོག་པའི་སྙིང་པོའོ། །དེ་ནི་འཁོར་ཉེ་བའི་གདུལ་བྱ་ལ་དགོངས་པ་སྟེ་འཁོར་གཞན་ཡང་བཀག་པ་ནི་མ་ཡིན་ནོ། །རྗེས་འཇུག་ལ་ནི་རྒྱལ་པོ་བསོད་ནམས་ཆེ་བས་སྨོས་ཏེ། རྒྱལ་པོ་ལ་སོགས་པ་ཐམས་ཅད་ཅེས་སྦྱར་རོ། །རྟག་ཏུ་ནི་དུས་གསུམ་དུའོ། །བུམ་པའི་ཆུ་དེས་ཁྲུས་ཀྱིས་ཤིང་དང་ཞེས་གདམས་པའོ། །དེ་ལྟར་བྱས་ན་གོང་གི་ཕན་ཡོན་ཐོབ་པར་འགྱུར་རོ་ཞེས་སྦྱར་རོ། །དེས་ན་རྣལ་འབྱོར་པ་དུས་གསུམ་དུ་བཀྲུ་ལ། བསྒྲུབ་བྱ་ལ་ནི་མ་ཞེ་བར་དུ་ཁྲུས་བྱ་བ་དང༌། བྱ་བའི་རྒྱུད་ཡིན་པར་བསྟན་ཏོ། །དེ་ཡང༌། རྟེན་མཆོག་དག་དང་ལྡན་བྱས་ནས། །མཁས་པ་གང་ལ་བཀྲུ་བྱས་ན། །མངོན་མཐོ་ངེས་ལེགས་འབྱུང་བར་འགྱུར། ཞེས་གསུངས་སོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། སྔོན་དུ་བསྙེན་པ་རྫོགས་ནས་སྟ་གོན་ལ་གནས་པས་སའི་ཆོ་གས་དཀྱིལ་འཁོར་འབྱོར་པའི་བྱེ་བྲག་གིས་བྲིས་ཏེ་བུམ་པ་དགོད་ཅིང་ལྷར་བསྐྱེད་ལ་སྔགས་དང་ཏིང་ངེ་འཛིན་དང་ལྡན་པས་བཟླས་ཏེ་ཁྲུས་ཀྱི་མན་ངག་བཞིན་བྱ་བ་དང༌། བསྲུང་བ་དང་བཀྲུ་བ་ལ་སོགས་པ་བྱས་ཏེ་འབྱོར་པ་ཆུང་བས་དཔའ་བོ་གཅིག་པ་བསྟན་པར་བྱའོ་ཞེས་དགོངས་སོ། །རྫོགས་པ་ནི་ཡང་དག་པར་ཐོབ་པ་སྟེ་རྒྱུད་ཆེན་པོ་ནས་ཕྱུང་ཞེས་པའོ། །འདི་ལྟར་རྡོ་རྗེའི་གདམས་ངག་འདི། །ང་ཡིས་སྔོན་དུ་དོན་མཐོང་གིས། །ཐེ་ཚོམ་མེད་པར་སྒྲུབས་ཤིག་དང༌། །དཔག་མེད་བསམ་པ་རྫོགས་པར་བྱེད། ལྷ་དང་བླ་མས་བསྐུལ་བའི་ཕྱིར། །འགྲེལ་པ་དྲི་མ་མེད་པ་འདི། །སངས་རྒྱས་གསང་བས་བྱས་པ་སྟེ། །འདི་ཡིས་ཀུན་ཀྱང་དེ་གྲོལ་ཤོག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བ། བྱ་བའི་རྒྱུད་ཀྱི་གྲུབ་པ་སངས་རྒྱས་གསང་བས་མཛད་
བ་རྫོགས་སོ།། །།མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དབས་མཉྫུ་ཤྲཱི་ཝརྨས་བསྒྱུར་བའོ། །ཕྱིས་པཎྜི་ཏ་འཇོན་ཏེ་ཏའུ་ལ་དང༌། ལོ་ཙཱ་བ་འོག་བསོད་ནམས་མོས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།