རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ།
ཇོ་བོ་སྨྲྀ་ཏི།
རྒྱ་གར་སྐད་དུ། བཛྲ་བིདཱ་ར་ཎ་ནཱ་མྡྷཱ་ར་ཎི་བྲྀཏྟི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །གདུལ་དཀའ་རྣམས་ཀྱི་གཉེན་པོ་གང༌། །མཆོག་ཏུ་ཟབ་པའི་ཆོས་ཉིད་ཅན། །རྡོ་རྗེ་རྣམ་འཇོམས་སྐུ་ལ་འདུད། །རེ་ཞིག་ཡོངས་སུ་ཤེས་པར་བྱ་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། རྗེས་སུ་བསྒྲུབ་པར་བྱ་བ་སྔགས་ཀྱི་ཐེག་པ་གཉིས་སོ། །སྔགས་ལ་ཡང་རྡོ་རྗེ་འཆང་གིས་བཀའ་སྩལ་བའི་རྒྱུད་དང༌། དེ་དང་མི་འགལ་བའི་བླ་མ་དམ་པའི་གདམས་ངག་གོ །རྒྱུད་ལ་རྣམ་པར་གཞག་པ་དང༌། །བཤད་པའི་ཚུལ་གྱིས་རྟོགས་པར་བྱ་སྟེ། རེ་ཞིག་སྤྱི་རྒྱུད་ཀྱི་རྣམ་པར་གཞག་པ་ནི། གང་ཞིག་རྒྱུན་ཆགས་པ་དེའི་རྒྱུད་དེའོ། །རྒྱུད་ལས་ཇི་སྐད་དུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་ལས་འདས་རྒྱུད་ཕྱི་མ། །ཞེས་གསུངས་སོ། །གཞན་ཡང༌། མ་ཚང་མེད་དང་འབྲེལ་བ་དང༌། །ཞེས་བྱ་བ་ལ་སོགས་པའི་དོན་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟ་བུའི་རྒྱུད་དེ་ལ་ཡང་གདུལ་བྱའི་ཁྱད་པར་དང་བརྗོད་བྱ་དོན་གྱི་ཁྱད་པར་གྱིས་རྣམ་པ་བཞིའོ། །དེ་ཡང་གང་ཞེ་ན། བྱ་བ་དང་སྤྱོད་པ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །གཞན་དག་རྒྱུད་གོང་མའི་ལྟ་བ་སྟོན་ཅིང་འོག་མའི་སྤྱོད་པ་སྟོན་པ་གཉིས་ཀའི་རྒྱུད་དང་ལྔའོ་ཞེས་འདོད་པ་ནི་མི་འཐད་དེ། དེ་ལྟ་ན་རྒྱུད་ལ་ལ་ནས་རྒྱུད་ཕལ་ཆེར་གྱི་དོན་
ཚང་བར་གསུངས་པ་ཡང་ཡོད་པས་རྒྱུད་སྡེ་ལྔ་ལས་ཀྱང་ལྷག་པར་འགྱུར་ཏེ། ཉེས་པ་འདི་ཡང་སྤང་བར་དཀའོ། །དེའི་ཕྱིར་རྒྱུད་དེ་ནི་བཞི་ཁོ་ནའོ། །འདིར་ནི་བྱ་བའི་རྒྱུད་སྟོན་པའི་སྐབས་ཡིན་པས་དེ་བརྗོད་པར་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་གཙུག་ཏོར་ལས་འོད་ཟེར་དང་བཅས་པའི་ཁྲོ་བོ་ཞིག་བྱུང་སྟེ་ཞུས་པ་ལ་བཤད་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱུད་ཅེས་བྱའོ། །དེ་བཞིན་དུ་ཞལ་ཁྲོ་བོ་མེ་ལྕེ་འབར་བ་དང༌། ཤངས་དང༌། དཔུང་པ་དང༌། ཐུགས་ཀ་དང༌། གསང་བ་དང༌། ཞབས་ཀྱི་བོལ་གོང་ལ་སོགས་པ་ནས་སྤྲུལ་པའི་ཞུ་བ་པོ་ལ་གསང་བའི་སྤྱི་རྒྱུད་དང༌། དཔུང་པ་བཟང་པོ་ལ་སོགས་པའི་རྒྱུད་རྣམས་བཤད་དོ། །དེ་དག་ཐམས་ཅད་ཀྱི་དོན་ཟབ་མོ་མདོར་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གསུངས་པ་ནི་རྡོ་རྗེ་རྣམ་པར་འཇོམས་པ་སྟེ། ལེ་ལག་གི་རྒྱུད་དམ་མན་ངག་གི་རྒྱུད་ཅེས་ཀྱང་བྱའོ། །དེ་ལྟར་ན་མདོར་བསྡུས་ཏེ་རྒྱུད་ཀྱི་རྣམ་པར་གཞག་པའི་བཤད་པའོ། །དེ་ནས་རྒྱུད་ཀྱི་བཤད་པའི་ཚུལ་བརྗོད་པར་བྱའོ། །དེ་ལ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སྟེ། སྟོན་པ་དང༌། གནས་དང༌། དུས་དང༌། །ཆོས་དང༌། འཁོར་རོ། །དེ་ལ་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གནས་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངོ༌། །དུས་ནི་འཛམ་བུའི་གླིང་དུ་ཆོས་ཀྱིས་འཁོར་ལོ་གསུམ་གསུངས་བའི་རྗེས་ལའམ་བསམ་གྱིས་མི་ཁྱབ་པའི་དུས་སུའོ། །ཆོས་ནི་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་རྒྱུད་རྣམས་སོ། །འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པའོ། །དེ་ལྟན་རྒྱུན་བཤད་པའི་ཚུལ་ལོ། །ད་ནི་གཞུང་གི་དོན་ལ་འཇུག་པར་བྱ་སྟེ། དེ་ཡང་གཉིས་ཏེ་དྲང་བའི་དོན་དང་ངེས་པའི་དོན་ཡི་གེ་ལྟར་བཤད་པ་དང༌། གདམས་ངག་གི་དོན་ཕྱི་དང༌། ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་དབྱེ་བས་ཁྲུས་བཞི་བསྟན་པའོ། །དེ་ལ་རེ་ཞིག་ཡི་གེའི་དོན་བརྗོད་པར་བྱ་སྟེ། དེ་ལ་ཡང་དང་པོར་ངེས་པའི་དོན་བརྗོད་པར་བྱའི། ཡི་གེའི་དོན་བརྗོད་པ་ནི་སྒྲ་ཇི་བཞིན་དུ་འོག་ནས་བརྗོད་པར་བྱའོ། །ངེས་པའི་དོན་དུ་སྦྱར་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསྒྱུར་ཞིང་བཅོས་སུ་མི་ཡི་གེའི་དོན་བརྗོད་པར་བྱ་སྟེ། དེ་ལ་ཡང་དང་པོར་ངེས་པའི་པའི་དོན་དུ་འདི་སྐད་ཅེས་བྱ་བ་གསུངས་སོ། །ཡང་དག་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མ་གཡོས་ཤིང་
དེ་ཁོ་ན་ཉིད་ཡིན་པས་ན་བདག་གིས་ཞེས་བྱའོ། །འོ་ན་དེ་བཞིན་ཉིད་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་རང་བཞིན་མེད་པས་ཇི་ལྟར་རྟོགས་པར་རུང་སྙམ་པ་ལ་དེའི་ཕྱིར། བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །ཞེས་གསུངས་པ་ནི་ཐོས་པ་ཞེས་བྱའོ། དེ་ཡང་དཔེ་ལ་སོགས་པའི་སྒོ་ནས་བླ་མས་མཚོན་པ་ལས་རིམ་གྱིས་ངེས་པར་སྐྱེ་བར་འགྱུར་གྱི་ཅིག་ཅར་དུ་རང་གི་ངོ་བོར་ཐོས་པའམ། རྟོགས་པ་མ་ཡིན་ནོ། །དེ་ལྟ་བུའི་བླ་མ་དམ་པ་རྙེད་དཀའ་ཞིང་དེས་རྗེས་སུ་བཟུང་ཡང་དེ་ཁོ་ན་ཉིད་མྱུར་དུ་རྟོགས་པར་དཀའ་སྟེ་རིམ་གྱིས་སྦྱངས་པ་ལ་སྣ་མ་ཞིག་རྟོགས་པར་འགྱུར་བས་ན་དུས་གཅིག་ན་ཞེས་གསུངས་སོ། །གང་གིས་དེ་ལྟར་རྟོགས་པའི་དོན་དེ་ལ་ནི་གྲུབ་པའི་མཐའ་ཞེའམ་ལྟ་བ་ཞེས་ཀྱང་ཟེར་རོ། །དེ་ལྟར་རྟོགས་པའི་དོན་ལ་གནས་ཏེ་འདྲིས་ཤིང་གོམས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱ་བའམ་རྣལ་འབྱོར་ཞེས་ཀྱང་ཟེར་རོ། །དེ་ལྟ་བུའི་བསྟན་པ་དང་གོང་ནས་གོང་དུ་ཕོགས་དབྱུང་བའི་གནས་སྐབས་ལ་ནི་ས་དང་ལམ་གྱི་རིམ་པ་ཞེས་ཟེར་རོ། །དེ་རབ་ཏུ་གསལ་ཞིང་ཁྱད་པར་དུ་གྱུར་པའི་གནས་སྐབས་ན་སྒྲུབ་པ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་ཟེར་རོ། །དེ་ཡང་ཉོན་མོངས་པའི་སེམས་ཀྱིས་མི་འཇུག་ཅིང་རང་གིས་ཉམས་སུ་མྱོང་བ་ལ་གནོད་པའི་ལས་མི་བྱེད་པ་ནི་སྤྱོད་པ་ཞེས་བྱའོ། །དེ་ལྟར་ན་ལྟ་བ་དང༌། །དེ་ལ་གནས་པ་དང༌། སྒོམ་པ་དང༌། དེ་དང་མི་འགལ་བའི་ལས་སྤྱོད་པ་སྟེ་དེ་དག་དང་ལྡན་པ་ནི་བརྩོན་འགྲུས་ཀྱི་ཁྱད་པར་གྱི་སྐྱེ་བ་གཅིག་གམ་གཉིས་ལ་སོགས་པ་ཅི་རིགས་པར་རང་འདོད་པའི་འབྲས་བུ་འཐོབ་པར་གྱུར་པས་འབྲས་བུ་བསྟན་པ་ནི་བཅོམ་ལྡན་འདས་གསུངས་ཏེ། དེ་ནི་ཐོབ་པར་འདོད་པའི་ཕྱིར་འབྲས་བུའོ། །གནས་སྐབས་ཀྱི་འབྲས་བུའི་དྲང་བའི་དོན་བརྗོད་པའི་སྐབས་སུ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་འཇོམས་པའི་སྐལ་བ་ཅན་ཏེ་བྷ་ག་ཞེས་བྱ་བའི་དོན་ནི་སྐལ་བའམ་འཇོམས་པ་ཡིན་པའི་ཕྱིར་རོ། །གང་འཇོམས་ཤེ་ན་བདུད་བཞི་འཇོམས་པ་སྟེ་སྐྱེ་བ་ནི་ཕུང་པོ་ལྔ་མངོན་པར་ལེན་པས་ན་ཕུང་པོའི་བདུད་དོ། །རྒས་པ་ནི་ལེགས་པ་ལས་ཉམས་པས་ན་ལྷའི་བུའི་བདུད་དོ། །ན་པ་ནི་བདེ་བས་ཕོངས་ཤིང་ཉོན་མོངས་པས་ན་ཉོན་མོངས་པའི་བདུད་དོ། །འཆི་
བ་ནི་ཉིད་མཚམས་སྦྱོར་བར་འགྱུར་བ་སྟེ་འཆི་བདག་གི་བདུད་དོ། །བདུད་དེ་རྣམས་གང་ལས་བྱུང་ཞེ་ན། ཉོན་མོངས་པས་བསྐུལ་བ་ལས་བྱུང་བའོ། །དེ་ཡང་གང་ལས་བྱུང་ཞེ་ན་བག་ཆགས་དང་བཅས་པའི་སེམས་ལས་བྱུང་བས་ན་སེམས་དེ་ནི་ཉེས་པ་ཐམས་ཅད་འབྱུང་བའི་རྩ་བར་གྱུར་བས། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་སོ། །གཞན་ཡང་དེ་ལེགས་བར་རྟོགས་ཤིང་སེམས་དེའི་རང་བཞིན་ཁོང་དུ་གོམས་པས་བདག་དང་གཞན་ལ་ཕན་པ་དང་བདེ་བ་ཐམས་ཅད་ཀྱང་དེ་ལ་འབྱུང་བས་དེའི་ཕྱིར། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་བྱའོ། །རྒྱུད་ཐམས་ཅད་དུ་ཡང་དོན་འདི་རྟོགས་པའི་ཐབས་གཞན་དང་གཞན་གསུངས་བར་ཟད་ཀྱི་དོན་གྱི་གཙོ་བོ་ནི་འདི་ཉིད་ཡིན་པའི་ཕྱིར་ཡང༌། རྒྱུད་དོ་ཅོག་གིས་རྩ་བ་སྟེ། །ཞེས་གསུངས་སོ། །དེ་ལྟ་བས་ན་གཞོམ་ཞིང་གདུལ་བར་བྱ་བ་ནི་རང་གི་སེམས་ཡིན་ཏེ། མ་བཅོས་ན་ཉེས་པའི་རྒྱུད་དོ་ཅོག་ཡིན་ལ། བཅོས་པ་ནི་ལེགས་པའི་དཔལ་ཀུན་ཐོབ་པར་བྱེད་པའི་ཕྱིར་རོ། །འོ་ན་གང་གིས་གཞོམ་ཞེ་ན། དེ་ལ་གསུམ་སྟེ། ཇི་ལྟར་གཞོམ་པ་དང༌། གང་གཞོམ་པ་དང༌། གང་གིས་བཅོམ་པའོ། །ཇི་ལྟར་གཞོམ་པ་ནི་རྟོགས་པའི་དོན་རྗེས་སུ་བསྒྲུབ་པ་མཐར་ཕྱིར་པས་སོ། །གང་གཞོམ་པ་ནི་བདུད་བཞི་ལ་སོགས་པའི་རྒྱུད་དོ་ཅོག་གི་རྩ་བའོ། །གང་གིས་བཅོམ་པ་ནི་དབང་གི་རིམ་པ་དང་མཐུན་པའི་ཁྲུས་ཀྱིས་སོ། །དེ་ལྟར་བཅོམ་པས་དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་པ་དང་ལྡན་པར་འགྱུར་རོ། །དེ་གང་གིས་བཅོམ་པ་ལ་རྣམ་པར་རྟོག་པ་མེད་ཅིང་གང་ལ་ཡང་མི་གནས་པ་ཞེས་བྱའོ། །རྡོ་རྗེ་ལ་བཞུགས་ཞེས་བྱ་བ་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ལས་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཆེ་བའི་རང་བཞིན་དང་ཡོན་ཏན་ནི་འོག་ནས་མི་ཆོད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེའི་དོན་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། གང་གི་བླ་མ་ལ་བརྟེན་ཏེ་དེ་ཁོ་ན་ཉིད་རྟོགས་པ་མངོན་དུ་བྱས་པའི་འབྲས་བུ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ལས་སྨིན་པའི་ཚུལ་དུ་དོན་མཛད་ཅིང་བཞུགས་སོ་ཞེས་རིག་པར་བྱའོ། །དེའི་ཡང་བཅོམ་ལྡན་འདས་ཞེས་བྱ་བས་ནི་ཆད་པའི་མཐའ་བསལ་ཏེ་རྫོགས་པའི་སངས་རྒྱས་ལ་ཟག་པ་མེད་པའི་རང་བཞིན་ཅན་བདེ་བ་ཆེན་པོའི་
ཡེ་ཤེས་མངའ་བར་བསྟན་ཏོ། །རྡོ་རྗེ་ལ་བཞུགས་ཞེས་བྱ་བས་ནི་རྟག་པའི་མཐའ་བསལ་ཏེ། ཆོས་ཀྱི་དབྱིངས་སྟོན་བ་ཉིད་བསྟན་པའོ། །དེ་ལྟར་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་ཡེ་ཤེས་རྟོག་བ་མེད་པར་མར་ལ་མར་ཞུགས་པའམ། ཆུ་ལ་ཆུ་ཐིམ་པ་ལྟ་བུར་གྱུར་པ་སྟེ་དེ་ལ་ཆོས་ཀྱི་སྐུ་ཞེས་ཀྱང་བྱ། སངས་རྒྱས་བཅོམ་ལྡན་འདས་ཞེས་ཀྱང་བྱ། རྡོ་རྗེ་འཆང་ཞེས་ཀྱང་བྱ། བྱང་ཆུབ་ཆེན་པོ་ཞེས་ཀྱང་བྱའོ། །སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ལ་སངས་རྒྱས་ནི་འདས་མ་ཐག་པར་བཤད་པ་ཉིད་དོ། །མཐུ་ནི་ཆོ་འཕྲུལ་ཏེ་ནམ་མཁའི་ཆོ་འཕྲུལ་སྤྲིན་ལ་སོགས་པ་སྣ་ཚོགས་འབྱུང་བ་ལྟ་བུའོ། །གང་ལ་ནང་དུ་དོན་མི་གཡེང་བའི་ཡང་ལག་ཏུ་ཕྱག་ཏུ་དེ་མཚོན་བྱེད་ཀྱི་ཕྱག་མཚན་བསྣམས་པ་ལ་དེ་སྐད་དཀུ་བ་རྗོད་དེ་ལག་ན་རྡོ་རྗེའང་ནང་གི་སྟོང་པའི་ངང་ལ་མི་ཡེངས་པའི་བརྗེད་བྱང་དུ་རྡོ་རྗེ་ལག་ཏུ་ཐོགས་པས་ལག་ན་རྡོ་རྗེའོ། །རྣམ་པར་སྨིན་པ་ལས་གྲུབ་པ་ལས་གྲུབ་བ་དང་ཏིང་ངེ་འཛིན་གྱི་ལུས་ལ་ནི་ལུས་ཐམས་ཅད་ཅེས་གསུངས་སོ། །རྡོ་རྗེ་བྱིན་གྱིས་བརླབས་ཞེས་བྱ་བ་ནི་སྟོང་པ་ཉིད་སྒོམ་པའི་སྣོད་དུ་རུང་བར་བྱས་ཤིང་སྟོང་པ་ཉིད་ཀྱིས་གདམས་ངག་གནང་བའོ། །རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་ལག་ན་རྡོ་རྗེས་གདམས་བ་དེ་ལྷུར་བླངས་ཏེ་སྒྲུབ་ཅིང་གནས་བའོ། ཞེས་རིག་པར་བྱའོ། །གདམས་པ་གང་ཞེ་ན་སྟོང་པ་ཉིད་དང་ལྡན་བའི་ཁྲུས་བཞིའོ། །དེ་དག་ནི་ཡི་གེའི་དོན་ངེས་པའི་དོན་དུ་མདོར་བསྡུས་ཏེ་བཀོད་པའོ། །ད་ནི་གདམས་ངག་གི་དོན་བརྗོད་པར་བྱའོ། །དེ་ལ་བཞི་སྟེ། གཟུངས་སྔགས་ཀྱི་ཚུལ་ཟློས་པའི་ཕྱིའི་ཁྲུས་དང༌། རིག་སྔགས་ཀྱི་ཚུལ་དུ་ཟློས་པ་ནང་གི་ཁྲུས་དང༌། གསང་སྔགས་སུ་ཟློས་པ་གསང་བའི་ཁྲུས་དང༌། སྙིང་བོར་ཟློས་བ་དེ་ཁོ་ན་ཉིད་ཀྱི་ཁྲུས་སོ། །ཁྲུས་དེ་དག་ཀྱང་རིམ་པ་བཞིན་དུ་ཉན་ཐོས་དང༌། རང་རྒྱལ་དང༌། སེམས་ཙམ་པ་དང༌། དབུ་མ་པ་རྣམས་ལ་སྦྱར་བར་བྱའོ། །དེ་ལ་དང་པོར་ཕྱིའི་ཁྲུས་ཀྱིས་ནི་ལུས་དག་པར་བྱེད་ལ། ནང་གི་ཁྲུས་ཀྱིས་ནི་ངག་དག་པར་བྱེད་ཅིང་གསང་བའི་ཁྲུས་ཀྱིས་ནི་སེམས་དག་པར་བྱེད། དེ་ཁོ་ན་ཉིད་ཀྱི་ཁྲུས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ལུས་ངག་ཡིད་གསུམ་དབྱེར་མེད་པ་ཉིད་དུ་འགྱུར་རོ། །ད་ནི་ཕྱིའི་ཁྲུས་བྱ་བར་འདོད་པ་རྣམས་ལ་དེ་བཤད་པར་བྱ་སྟེ། དང་པོར་སྔགས་པ་སྙིང་
རྗེ་ཆེ་ཞིང་བྱ་བ་ལ་མཁས་པས་ཕྱི་དང་ནང་གི་དྲི་མ་དག་པར་བྱས་ཏེ་གོས་སར་པ་བགོས་ལ་མདུན་དུ་བུམ་པ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་སྲོག་ཆགས་མེད་ཅིང་གཙང་བའི་ཆུ་བླུགས་ནས་སྐུའི་རྟགས་སུ་སྨན་ལྔ་དང༌། གསུང་གི་རྟགས་སུ་སྤོས་ལྔ་དང༌། ཐུགས་ཀྱི་རྟགས་སུ་སྙིང་པོ་ལྔ་དང༌། ཕྲིན་ལས་ཀྱི་རྟགས་སུ་འབྲས་བུ་ལྔ་དང༌། ཡོན་ཏན་གྱི་རྟགས་སུ་རིན་པོ་ཆེ་ལྔ་དང༌། ད་བཞིན་ཉིད་ལ་ཉེས་པའི་དྲི་མས་མ་གོས་པའི་རྟགས་སུ་མགུལ་གོས་གཙང་མས་དགབ་ཅིང་བཞག་སྟེ། དེའི་ནང་དུ་སྐད་ཅིག་མ་ལ་བསྐྱེད་པའི་ལྷའི་སྐུ་དང༌། གསུང་དང༌། ཐུགས་དང༌། ཕྲིན་ལས་དང༌། ཡོན་ཏན་རྣམས་མཚོན་པའི་ཕྱིར་རྫས་དེ་རྣམས་བུམ་པར་སྩོལ་ལོ། །སྔགས་པ་བདག་ཉིད་ཀྱང་ཡོན་ཏན་དེ་དག་ཐོབ་པར་བྱ་བའོ་ཕྱིར། རྟག་ཏུ་ཡིད་ལ་དྲན་བའི་གཟུངས་ཐག་གདགས་པར་བྱ་སྟེ། སྲད་བུ་དཀར་པོ་གཙང་མ་ལ་སྐུ་གསུངས་ཐུགས་ཀྱི་རང་བཞིན་སུམ་སྒྲིལ་དུ་བྱ་བ་བཟུང་སྟེ་མ་ཡེངས་པར་འདི་ལྟར་བཟླས་པ་དང་བསྒོམ་པ་ལ་སོགས་པ་བྱའོ། །གོང་དུ་བརྗོད་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་ཡུད་ཙམ་གྱིས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྟོང་པ་ཉིད་ལ་མཉམ་པར་གཞག་བ་འཇའ་ཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པའི་སྤྲུལ་སྐུ་བཞུགས་པར་བསམས་ལ། རང་ཉིད་ཡུད་ཙམ་གྱིས་ལག་ན་རྡོ་རྗེར་མོས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདག་ལུས་ཐམས་ཅད་རྡོ་རྗེ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །གསོལ་བ་བཏབ་པས་ལུས་རྡོ་རྗེར་བྱིན་གྱིས་བརླབས་པས་སྟོང་པ་ཉིད་དུ་གྱུར་པ་ལ་ཅུང་ཟད་གནས་པར་བྱའོ། །དེ་ནས་སྟོང་པའི་ངང་ལས་རང་ཉིད་ཡུད་ཙམ་གྱིས་རྡོ་རྗེ་རྣམ་འཇོམས་སྔོན་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་ན་རྡོ་རྗེ་གདེངས་པ་གཡོན་ན་དྲིལ་བུ་དཀུ་ལ་བུ་བརྟེན་ནས་བཞེངས་ཤིང་འགྱིང་བག་བཅས་པའི་ཞལ་ཁྲོ་ཞིང་མཆེ་བ་གཙིགས་པའི་སྐུ་འཇའ་ཚོན་ལྟ་བུར་བསམས་ལ། མདུན་གྱི་ཁམས་གསུམ་རྣམ་པར་དག་པའི་རང་བཞིན་བུམ་པའི་ནང་དུ་ཡང་ཡུད་ཙམ་གྱིས་རང་དང་མཐུན་པའི་སྐུ་བསྐྱེད་ལ་དེའི་ཐུགས་ཀར་གཟུངས་ཐག་གི་སྣ་ཟུག་པར་བསམས་ལ་སྔགས་ཀྱི་སྒྲ་འབྲུག་ལྟ་བུར་སྟོང་གསུམ་གང་བར་བསམ་ཞིང་ངག་ཏུ་གདོན་པར་བྱའོ། །སྔགས་ཀྱི་ཕྲེང་བ་གཟུངས་
ཐག་ལ་འཁྲིལ་ཞིང་བུམ་བར་ལྷའི་ཐུགས་ཀར་ཕོག་པར་བསམ་པར་བྱའོ། །གྲངས་ནི་ཐུན་རེ་ལ་བརྒྱ་རྩ་བརྒྱང་ལ་སོགས་པ་ཅི་ནུས་སུ་བཟླས་ནས་དེའི་རྗེས་ལ་བསྟོད་པ་ཡང་བྱ་སྟེ། རྡོ་རྗེ་ཡེ་ཤེས་ཉོན་མོངས་འཇོམས་པའི་སྐུ། །ཐུགས་རྗེ་བྱམས་པས་མ་རིག་སེལ་བའི་གསུང༌། བདེ་ཆེན་མི་གཡོ་མཆོག་ཏུ་གསལ་བའི་ཐུགས། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་ཟིན་པ་དང་ལྷ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ་བདག་དང་གཞན་ལ་ཁྲུས་བྱ་ཞིང་སྔགས་ཀྱི་མཐར་ཕྲིན་ལས་ཀྱི་སྤེལ་བ་དང་བཅས་པར་བཟླའོ། དེ་ནི་ཕྱིའི་ཁྲུས་ཏེ་ལུས་དག་པ་ཕུང་པོ་ལྷག་མ་མེད་པའི་ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་གྱུར་རོ། །དེ་ནས་ནང་གི་ཁྲུས་བཤད་པར་བྱའོ། །བུམ་པ་ནི་རང་གི་ལུས་ཏེ་ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་ངོ༌། །རྫས་ནི་དོན་སྙིང་རྣམ་ལྔ་དང༌། སྣོད་རྣམ་དྲུག་དང༌། ཕུང་པོ་ལྔ་དང་དབང་པོ་ལྔ་དང༌། འབྱུང་བ་བཞི་ལ་རིམ་པ་བཞིན་དུ། སྨན་དང༌། སྤོས་དང༌། འབྲུ་དང༌། སྙིང་པོ་དང༌། རིན་པོ་ཞེ་རྣམས་སུ་མོངས་བར་བྱས་ལ་སྙིང་གར་ཡུད་ཙམ་གྱིས་ལྷ་བསྐྱེད་པའི་བར་དུ་གསོལ་བ་གདབ་པ་ལ་སོགས་བསྡམ་བཞིན་ནོ། །རང་ཉིད་ཟས་དཀར་གསུམ་ལ་སོགས་པ་གཙང་མ་ཟོས་པ་ནི་ཆུའོ། །གོས་གཙང་མ་གྱོན་པ་ནི་མགུལ་ཆིངས་སོ། །དྲན་བ་མ་ཡེངས་པ་ནི་གཟུངས་ཐག་གོ །སྔགས་ནི་སྒྲ་མི་ཆེ་བར་བཟླས་པར་བྱ་སྟེ་རིག་སྔགས་ཞེས་བྱའོ། །ཟིན་པ་དང་སྙིང་གའི་ལྷ་ལ་སོགས་པ་ཞུ་ནས་རྡོ་རྗེ་ནོར་བུ་ནས་བྱུང་བའི་རང་འབྱུང་གི་བདུད་རྩིས་བཀྲུ་བར་བྱའོ། །དེ་ནས་ཁྲུས་བཤད་དེ། དེས་ནི་ཕྱི་ཡུལ་ལ་རྒྱུ་བ་བཀག་པས་ཆོས་ཀྱི་བདག་གཟུང་བའི་ཕྱོགས་གཅིག་ལ་བདག་མེད་པ་རྟོགས་པས་ངག་དག་པ་སྔགས་ཀྱི་ནུས་པ་ཐོབ་ནས་རང་སངས་རྒྱས་ཀྱི་འབྲས་བུ་མི་དམའ་བ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་གསང་བའི་ཁྲུས་བརྗོད་པར་བྱའོ། །གསོལ་བ་གདབ་པ་ལ་སོགས་པ་སྔ་མ་ལྟར་བྱས་ནས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་ནོ་ཞེས་ལྷག་པར་མོས་པར་བྱས་ལ། སེམས་དེའི་རང་བཞིན་ནི་འོད་གསལ་བ་ཡིན་མོད་ཀྱི་གནས་སྐབས་ཉོན་མོངས་པས་བསྒྲིབས་པ་དེ་གསལ་བའི་དོན་དུ་སེམས་དེ་ལུས་ངག་ཡིད་གསུམ་གྱི་རྣམ་པ་ཡི་གེ་ཨོཾ་ཨཱཿ་ཧཱུཾ་
གསུམ་དུ་བསམས་ལ་ཡི་གེ་གསུམ་ལས་སྔགས་ཀྱང་གསང་སྔགས་ཀྱི་ཚུལ་དུ་ལན་བདུན་ཡིད་ཀྱིས་བརྗོད་དེ་ཡི་གེ་གསུམ་པོ་རིམ་གྱིས་ཨོཾ་དང་ཨཱཿདང་ཧཱུཾ་ལ་འདུས་ཏེ་ཧཱུཾ་དེ་ཡང་ནཱ་དའི་བར་དུ་ཐིམ་སྟེ། ནཱ་ད་དེ་མར་མེ་ལྟར་རབ་ཏུ་གསལ་བར་འགྱུར་བས་ནི་སེམས་ཀྱི་སྒྲིབ་པ་དག་པར་བྱས་ནས་སེམས་ཡོངས་སུ་དག་པ་སེམས་ཙམ་གྱི་འབྲས་བུ་ཐོབ་སྟེ་གསང་བའི་ཁྲུས་ཞེས་བྱའོ། །ལྡང་བར་འདོད་ན་ལུས་སེམས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་དབྱེར་མེད་པ་ལ་མོས་པས་སྤྱོད་ལམ་བྱའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་ཁྲུས་བརྗོད་པར་བྱའོ། །ཆོས་ཐམས་ཅད་སེམས་སུ་ལྷག་པར་མོས་པར་སེམས་ཉིད་ཡི་གེ་གསུམ་དུ་བསམས་ལ་སྐུ་གསུམ་དུ་མོས་པ་བྱ་བཞིན་ཁམས་གསུམ་པ་རྣམས་ཀྱང་ཡི་གེ་གསུམ་ལས་བྱུང་ཞིང་དེ་ལ་སླར་ཐིམ་པར་གྱུར་པའོ་ཞེས་མོས་པར་བྱའོ། །དེ་ནས་ཡི་གེ་ཨོཾ་ནི་ཨཱཿ་ལ་ཐིམ་པས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞི་ན་ངག་གི་སྒྱུ་མ་ལྟ་བུར་མི་བདེན་ཞེས་མོས་པ་བྱའོ། །དེ་མ་ཐག་ཏུ་ཧཱུཾ་ཡང་ཨཱཿལ་ཐིམ་པས་སྤྲུལ་བའི་སྐུའི་རང་བཞིན་ལུས་ཀྱང་སྒྱུ་མ་ལྟ་བུ་སྟེ། ཡང་དག་པར་མ་གྲུབ་ཅེས་བསམས་ཞིང་དེ་མ་ཐག་ཏུ་ཡི་གེ་ཨཱཿདེ་ཡང་གསལ་བར་བལྟར་ཏེ། དག་ཏུ་ཡང་ཨཱཿཞེས་བྱ་བ་ཉི་ཤུ་རྩ་གཅིག་བརྗོད་པ་ནི་སྙིང་པོའི་ཚུལ་དུ་སྔགས་བཟླས་པའོ། །དེ་ལྟར་བརྗོད་པས་བརྗོད་ཡལ་དུ་གྱུར་ཏེ་དེ་ནས་ཨཱཿལ་སེམས་གསལ་བར་གཏད་པས་སེམས་ཉིད་རང་བཞིན་གྱིས་མ་སྐྱེས་པ་རྐྱེན་གྱིས་མི་འགག་པའི་ཆོས་ཉིད་བརྗོད་དུ་མེད་པ་རང་དུ་གནས་ཏེ། ཨཱའི་མིང་ཙམ་ཡང་མི་དམིགས་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ནམ་མཁའ་ལྟ་བུ་ཟག་པ་མེད་པའི་བདེ་བ་དང་སྤྲོས་པ་མེད་པའི་ཆོས་ཉིད་རོ་གཅིག་ཏུ་གྱུར་པ་བརྗོད་དུ་མེད་པའི་ཡེ་ཤེས་ཀྱི་ངལ་ཇི་སྲིད་འདོད་པས་གནས་པར་བྱའོ། །དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པས་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་ཀྱང་གསུངས་སོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་ཁྲུས་ཏེ་སྐོ་གསུམ་དག་པ་དབྱེར་མེད་པ་དབུ་མའི་ལམ་མཐར་ཕྱིན་པའི་ཆོས་ཀྱི་སྐུ་ཐོབ་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་ཡང་སྐད་ཅིག་ལས་ཁས་གསུམ་པའི་ངོ་བོ་ཨ་ལས་སྐུར་མོས་བ་བྱ་སྟེ་སྤྱོད་ལམ་བྱའོ། །ཏིང་ངེ་འཛིན་དེའི་ཆེ་བ་ནི་དེ་ནས་ཞེས་བྱ་བ་ནས་རབ་ཏུ་སྨྲས་སོ་
ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟར་ན་གདམས་ངག་གི་དོན་བརྗོད་པའོ། །ད་ནི་ཡི་གེའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོར་རེ་ཞིག་ངེས་པའི་དོན་བཤད་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་བར་སླའོ། །རྡོ་རྗེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །གལ་ཏེ་དེ་ནི་ཁྲོ་བར་མི་འཐད་དོ་ཞེ་ན་སྤྲོས་པ་དང་མཚན་མ་ལ་སོགས་པ་འཁོར་བའི་ཆོས་ཐམས་ཅད་ལ་སྟོང་པ་ཉིད་དེ་ཁྲོ་ཞིང་གཏུམ་ལ་དེ་དག་འཇོམས་པ་ན་དེའི་ཕྱིར་དེ་ལ་ཁྲོ་བོ་ཞེས་གསུངས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་བྱུང་བས་ན་རྡོ་རྗེ་ཁྲོ་པོ་ལས་བྱུང་བ་ཞེས་གསུངས་སོ། །གང་འབྱུང་ཞེ་ན་རྡོ་རྗེ་སྙིང་པོ་སྟེ། ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཁྱད་པར་གསུངས་པ་ཡིན་ནོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་འཁོར་བ་དང་མྱ་ངན་ལས་འདས་པའི་དོངས་བོ་ཐམས་ཅད་ནི་རྒྱུད་དོ་ཅོག་གི་རྩ་བར་རང་གི་སེམས་ལས་བྱུང་ལ། སེམས་དེ་ཡང་ཤིན་ཏུ་རྟོགས་པར་དཀའ་བས་སོ་སོ་སྐྱེ་བོ་ནས་བྱུང་ཆུབ་སེམས་དཔའ་ལ་སོགས་པའི་བར་དུ་རྟོགས་པའི་བྱེ་བྲག་ཐ་དད་པ་སྣ་ཚོགས་འབྱུང་ངོ༌། །དེ་ཡང་དམུས་ལོང་གིས་རྟ་དང་གླང་པོ་ལ་དཔྱད་པ་བཞིན་དུ་དེ་དག་གིས་ཀྱང་ཆ་ཤས་ཀྱང་རྩམ་ལ། རང་རང་གི་གྲུབ་མཐའ་དང་ལྟ་བར་འདོགས་པས་ཟད་དེ་གྲུབ་མཐའ་ཐ་དད་ཀྱང་སེམས་ཉིད་དེ་བཞིན་ཉིད་ལ་ནི་ཐ་དད་པའམ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ་ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སེམས་དེ་ཡང་རྒྱུད་དོ་ཅོག་གི་རྩ་བ་ཇི་ལྟར་ཡིན་ཞེ་ན་ལུང་ལས་ཆོས་ཐམས་ཅད་སེམས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པའི་ལུང་དང་རིགས་པ་མང་མོད་ཀྱི། འདིར་ནི་བླ་མའི་གདམས་ངག་ལ་གཙོ་བོ་ཡིན་ནོ། །གལ་ཏེ་གདམས་པ་ལྟར་ན་ཡང་སེམས་ཅིའི་ཕྱིར་ན་རྒྱུད་དོ་ཅོག་གི་རྩ་བ་ཡིན་སྙམ་པ་ལ། ཆོས་ཐམས་ཅད་ནི་སེམས་སུ་འདུས་ལ་སེམས་ཀྱི་རང་བཞིན་ལེགས་པར་མ་རྟོགས་བས་འཁོར་བའི་རྒྱ་མཚོ་ཡང་བྱུང་ལ། རྟོགས་ཤིང་གོམས་པས་མྱ་ངན་ལས་འདས་པའི་བདེ་བ་ཡང་བྱུང་བའི་ཕྱིར་སེམས་ནི་རྒྱུད་དོ་ཅོག་གི་རྩ་བ་ཡིན་ནོ། །མ་རྟོགས་པ་ལས་འཁོར་བ་ཇི་ལྟར་འབྱུང་ཞེ་ན། མ་རིག་པའི་རྐྱེན་གྱིས་འཁོར་བ་ཞེས་བྱ་བ་སྟེ། དེའི་
རྒྱུ་དང༌། རྐྱེན་དང༌། རང་བཞིན་དང༌། དབྱེ་བའོ། །སེམས་དེ་ལེགས་པར་རྟོགས་ཤིང་བསྒྲུབ་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ཇི་ལྟར་འབྱུང་ཞེ་ན། རང་བྱུང་གི་ཡེ་ཤེས་ཆེན་པོའི་རྐྱེན་གྱིས་མྱ་ངན་འདས་པ་ཞེས་བྱ་བ་སྟེ། རྒྱུ་དང་རྐྱེན་དང་རང་བཞིན་དང་དབྱེ་བའོ། །དེ་དག་ཞིབ་ཏུ་བླ་མའི་ལུང་ལས་ཤེས་པར་བྱའོ། །དེ་ལྟར་ན་རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་རྡོ་རྗེ་སྙིང་པོ་སེམས་ཀྱི་དེ་བཞིན་ཉིད་དེ་ལས་རྒྱུན་དུ་གནས་ཤིང་བརྟན་པ་ཐོབ་པས་ནི་རྣམ་པར་རྟོག་པས་བར་དུ་མི་ཚོད་པ་ཞེས་བྱ་སྟེ་ཆོས་ཀྱི་སྐུའོ། །འདུས་མ་བྱས་པར་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ལྟ་བུའི་སྐུ་ཡིན་པའི་ཕྱིར་རྐྱེན་གྱིས་མི་ཤིགས་པའོ། །ཡང་དག་བའི་དོན་ལ་སླུ་བ་མེད་པས་ན་བདེན་པའོ། །དོན་ན་རྟོགས་པ་དང་ཐོག་པར་དཀའ་བས་ན་སྲ་བའོ། །རྡོ་རྗེ་སྙིང་པོ་དེ་ངན་སོང་དུ་གནས་པའི་ཚེ་དམན་པར་མི་འགྱུར་ལ་ཉ་ངན་ལས་འདས་པའི་དུས་ན་བཟང་བར་མི་འགྱུར་བས་ན་བརྟན་པའོ། །གང་གི་རྡོ་རྗེ་སྙིང་པོ་དེ་རྟོགས་པས་ནམ་མཁའ་ལྟར་ཅིའི་ངོ་བོར་ཡང་མ་གྲུབ་བས་ན་ཐོགས་པ་མེད་པའོ། །སྟོང་པ་ཉིད་ནམ་མཁའ་ལྟ་བུ་དེ་ལ་གང་གིས་ཀྱང་མི་ཚུགས་ཤིང་གླགས་མི་རྙེད་པས་ན་ཐམས་ཅད་དུ་མ་ཕམ་པའོ། །རྡོ་རྗེ་གནས་བདུན་པོ་དེས་ཅི་ཕལ་ཆེར་བདག་གི་དོན་ཡུལ་ཆོས་ཀི་དབྱིངས་བསྟན་ཏོ། །ད་ནི་ཕལ་ཆེར་གཞན་གྱི་དོན་གྱི་དབང་དུ་མཛད་ནས་ཡེ་ཤེས་ཀྱི་ཁྱད་པར་གསུངས་བ་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཕྲིན་ལས་བཅོ་བརྒྱད་ནི་དྲང་བའི་དོན་ལྟར་ན་འཁྲུལ་འཁོར་བྲིས་ཏེ་སྒྲ་ཇི་བཞིན་ནོ་ཞེས་འཆད་པར་འགྱུར་རོ། །འདིར་ངེས་པའི་དོན་ལྟར་ན་བཅོ་བརྒྱད་པོ་དེ་ནི་ལམ་གྱི་རིམ་པས་ནི་སྟོང་པ་ཉིད་བཅོ་བརྒྱད་ཡིན་ཞིང་འབྲས་བུའི་དུས་ན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་རིག་པར་བྱའོ། །དེ་ལ་སེམས་ནི་རང་རིག་པ་དེ་ལུས་ལ་བརྟེན་པས་ན་སེམས་ཅན་ནོ། །ཐམས་ཅད་ནི་ཇི་སྙེད་པ་མ་ལུས་པའོ། །སྐྲག་པར་བྱེད་ཅེས་བྱ་བ་ནི་སྟོང་བ་ཉིད་ཀྱི་ཡེ་ཤེས་ཀྱི་མེས་རང་གི་སེམས་ཀྱི་ཉོན་མོངས་པ་སྐྲག་པའོ། །སེམས་ཅན་ནི་སྔར་བཞིན་ནོ། །འཇིལ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བ་རྣམས་སོ། །རིག་སྔགས་ནི་ཕྱིའི་ཡུལ་རྣམས་སོ། །གཅོད་པ་ནི་སེམས་ལས་གཞན་པའི་དོན་མ་གྲུབ་པར་རྟོགས་པའོ། །རིག་སྔགས་ནི་སྔ་མ་བཞིན་ཏེ་གནོན་པའི་ཡུལ་ལ་
འཕྲོ་བ་བཀག་པའོ། །ལས་ནི་འབད་བ་དང་རྩོལ་བའོ། །སྟོང་པ་ཉིད་ལ་འབད་ཅིང་སྒྲུབ་པའི་ལས་བྱེད་པས་ན་འཇོམས་བའོ། །ད་ལྟར་བ་གཞན་པའི་ལས་སྔོན་གྱི་ལས་སོ། །འཇིག་པ་ནི་ཟད་ཅིང་ཞི་བར་བྱེད་པའོ། །གདོན་ནི་རྣམ་པར་རྟོག་བའོ། །ཐམས་ཅད་ནི་བཟང་ངན་ལ་སོགས་པའོ། །བརླག་པ་ནི་དོན་རྟོགས་པས་རང་བཞིན་གྱུར་བའོ། །གདོན་ནི་སྔ་མ་བཞིན་ནོ། །ཐར་པ་ནི་སླར་མི་སྐྱེ་བ་སྐྱེ་སྟེ་གཏན་སྦངས་པའོ། །འབྱུང་པོ་ནི་དབུགས་རྒྱུ་རླུང་ལ་སོགས་པ་འབྱུང་བ་བཞིའོ། །འགུགས་པ་ནི་རླུང་ལ་སོགས་བ་སྟེ་སྟོང་པའི་ཏིང་ངེ་འཛིན་ལ་གནས་པའི་སྟོབས་ཀྱིས་རང་བཞིན་གྱི་རྒྱུ་བ་ཆད་དེ་བསྟན་པའོ། །རིག་སྔགས་ཡུལ་རྣམས་སོ། །ལས་ཐམས་ཅད་ནི་སྣང་བར་བསྒྱུར་བ་སྟེ་འབྱུང་བ་ལ་དབང་ཐོབ་པས་སོ། །མ་གྲུབ་པ་ནི་ཏིང་ངེ་འཛིན་མི་གསལ་བའོ། །གྲུབ་བར་བྱེད་པ་ནི་དེ་ཁོ་ན་ཉིད་ལ་སོགས་པའི་ཁྲུས་ཀྱིས་དེ་བཞིན་ཉིད་གསལ་ཞིང་བརྟན་པའོ། །གྲུབ་པ་ནི་ཏིང་ངེ་འཛིན་ཉིད་དོ། །ཆུད་མི་ཟ་བ་ནི་སླར་མི་ཉམས་པའོ། །ཆོས་སྐུ་ལས་གཟུགས་སྐུར་འཆར་ཞིང་དེས་ཡིད་ལ་བསམས་པ་ལྟར་ཕན་འདོགས་པས་ན་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ཏིང་ངེ་འཛིན་དེ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བས་ན་འདོད་པ་ཐམས་ཅད་སྦྱིན་པའོ། །སེམས་ཅན་ནི་གདུལ་བྱའོ། །སྲུང་བ་ནི་འཁོར་བ་ལས་སོ། །ཇི་ལྟར་སྲུང་ཞེ་ན་ཉོན་མོངས་པ་བཞི་དང༌། །རྗེས་སུ་མཐུན་པའི་ཕྲིན་ལས་བཞེས་སོ། །གང་ཞེ་ན་འདོད་ཆགས་ཅན་དང་ཞེ་སྡང་ཅན་དང༌། གཏི་མུག་ཅན་དང་ཆ་མཉམ་པ་ལ་ཞི་བ་དང༌། མངོན་སྤྱོད་དང་དབང་དང་རྒྱས་པ་རྣམས་གོ་རིམས་ལྟར་སྦྱར་རོ། །རེངས་པར་བྱེད་པ་ནི་ཞེ་སྡང་ཅན་ལའོ། །རྨུགས་པར་བྱེད་པ་ནི་གཏི་མུག་ཅན་ལའོ། །གཞན་ཡང་ཞི་བ་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་སོ། །རྒྱས་པ་ལ་ནི་མངོན་དུ་གྱུར་པའི་ཆོས་ཀྱི་སྐུའོ། །རེངས་པ་ནི་མངོན་སྤྱོད་དེ་བདེ་བ་ཆེན་པོ་ལ་མངོན་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ།། རྨུགས་པ་ནི་ཡེ་ཤེས་ལ་སོགས་བ་མི་མངའ་བའི་ཕྱིར་སྤྲུལ་སྐུར་རིག་པར་བྱའོ། །ཞི་བ་ནི་ཐབས་གང་གིས་སེམས་ཅན་གྱི་རྒྱུ་བ་རགས་པ་རྣམས་ཞི་ནས་གནས་བའོ། །རྒྱས་བ་ནི་དེ་ལས་ལྷག་པའི་མྱོང་བ་མཐོང་བའམ་རྟོགས་པའོ། །རེངས་པ་ནི་ཞི་བར་གནས་ཤིང་ལྷག་པས་མཐོང་བས་སེམས་
ཉིད་མྱོང་བར་མི་འགྱུར་བས་དེའི་ཕྱིར་རེངས་པ་ཞེས་བྱའོ། །དེའི་ངང་ལ་གནས་ན་དམིགས་པའི་ཡུལ་ཅི་ཡང་མ་གྲུབ་ཅིང་མཐོང་བའམ་རྟོགས་པའམ་བྱེ་བྲག་ཕྱེད་པའི་དངོས་བོར་འགྱུར་བ་ཅི་འང་མེད་བའི་ཕྱིར་རྨུགས་པ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་ངང་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱ་བ་ནི་སྔར་བརྗོད་པའི་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ་དེ་ནི་ངོ་བོ་ཉིད་ཀྱིས་གསང་བའམ་སྦས་པ་ལྟ་བུར་གནས་ཤིང་རྟོགས་པར་དཀའ་བས་གསང་སྔགས་ཞེས་བྱའོ། །དེའི་མཐུ་ནི་ཆོས་ཉིད་བདེན་པའི་ནུས་བའོ། །ཆེན་པོ་ནི་དངོས་པོ་དང་མཚན་མའི་ཚོགས་ཆེན་པོ་ཡང་འཇོམས་ལ་མཚན་མས་སླར་གཞོམ་པའམ་གླགས་མི་རྙེད་པ་སྟེ། ཇི་ལྟར་ཉི་མས་མུན་པ་འཇོམས་ཀྱི་མུན་པ་དེ་ལྟར་མ་ཡིན་པ་བཞིན་ནོ། །རབ་ཏུ་སྨྲས་ཞེས་བྱ་བ་ནི་དོན་ཟབ་མོ་རྟོགས་པའི་ཡན་ལག་ཏུ་རེ་ཤིག་ཚིག་དང་ཡི་གེ་གསུངས་པར་ཟད་དེ། རྡོ་རྗེ་སྙིང་པོའམ་ཡང་དག་པའི་དོན་ལ་ནི་སྨྲ་བའམ་བསྟན་པར་མི་ནུས་ཏེ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་དོན་ནི་བྱིན་གྱི་རླབས་ཆུང་བར་འགྱུར་བས་ན་མ་ཕྱེའོ། །དེ་ལྟར་བསྟན་པའི་དོན་དེས་ཅིར་འགྱུར་ཞེ་ན། རྒྱུད་དོ་ཅོག་གི་རྩ་བ་མ་རིག་པ་ལ་སོགས་པའི་ཉེས་པ་རྣམས་ཞི་ནས་ཉེས་པའི་འབྲས་བུ་སྡུག་བསྔལ་ཐམས་ཅད་མི་འབྱུང་སྟེ་དེ་ལ་དགོངས་ནས། སྡུག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། ཅེས་གསུངས་སོ། །འདི་སྐད་དུ་གསུངས་པ་ཡིན་ཏེ་གང་ཞིག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འདི་དག་ནི་སྔོན་རང་རང་གི་སྡིག་པ་མི་དགེ་བ་སྤྱད་པ་ལས་བྱུང་བས་ཏེ་སྡིག་པ་མི་དགེ་བའི་ལས་དེ་ཡང་སེམས་ལ་གནས་བས་ན་གང་གིས་སེམས་ཀྱི་རང་བཞིན་འོད་གསལ་བ་རྟོགས་པ་དེའི་ཚེ་བག་ཆགས་ཀྱི་དྲི་མ་དག་པས་སྡིག་པ་ཐམས་ཅད་དག་པར་གྱུར་ནས་དེའི་འབྲས་བུ་ལས་ཀྱི་རྣམ་སྨིན་སྡུག་བསྔལ་ལ་སོགས་པ་མྱོང་བར་འགྱུར་བ་ཐམས་ཅད་ཀྱང་མེད་པར་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཕུན་སུམ་ཚོགས་པ་སྟོན་ཏེ། འདིར་གསང་སྔགས་ཀྱི་འབྲས་བུ་ཉན་ཐོས་ལ་སོགས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོ་རངས་ཀྱི་མར་མེ་ཤི་བ་ལྟར་མི་འདོད་བས་ཡོན་ཏན་གྱི་དབང་དུ་མཛད་དེ། དཔལ་ཀུན་གྱིས་ནི་ལེགས་
པར་བརྒྱན། །ཞེས་གསུངས་སོ། །དེས་ནི་ངེས་པའི་དོན་རྣམས་བཤད་ཟིན་ཏོ། །ད་ནི་དྲང་བའི་དོན་བརྗོད་པར་བྱ་སྟེ། དེ་ལ་ཕྲིན་ལས་ཀྱི་བྱེ་བྲག་བཅོ་བརྒྱད་དོ། །མདོར་བསྡུས་ན་ཕྲིན་ལས་བཞིའོ། །དེ་ལ་ལྷའི་རྣལ་འབྱོར་དང་ལྡན་པས་ལས་འདི་དག་བསྒྲུབ་པར་བྱའི་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །དེ་ཡང་ཚེས་གསུམ་དང་ལྡན་པའི་སྔགས་པས་འགྲུབ་པར་རྗེ་བཙུན་གསུངས་ཏེ་དེ་གང་ཞེ་ན་རྟོགས་པའི་གདེངས་དང་ལྡན་པ་དང་ལྷ་ལས་སུ་རུང་པ་དང༌། བཟླས་པ་མཐར་ཕྱིན་པའོ། །དེ་ལྟ་བུའི་སྔགས་པས་སྒྲུབ་པ་ནི་སྙིང་བརྩེ་བ་སྔོན་དུ་འགྲོངས་བྱའི་གཞན་དུ་ན་དམ་ཚིག་དང་འགལ་བར་འགྱུར་བའི་ཕྱིར། །དེ་ལ་དང་པོར་ལས་བཅོ་བརྒྱད་ལ་ཕྲིན་ལས་བཞིའི་འཁྲུལ་འཁོར་བྲི་བར་བྱ་སྟེ་འཁྲུལ་འཁོར་གྱི་རྒྱུ་དང་དུས་དང་ཁ་དོག་དང་དབྱིབས་སོ། །དེ་ལ་ཞི་བའི་འཁྲུལ་འཁོར་ནི་རྒྱུ་རས་ལ་སོགས་པ་ལའོ་མ་དང་ཙནྡན་ལ་སོགས་པས་སོ། །དུས་སྔ་དྲོའོ། །མདོག་དཀར་པོའོ། །དབྱིབས་ཟླུམ་པོ་སྟེ་པདྨ་རྒྱས་པ་ལྟ་བུའོ། །རྒྱས་པའི་འཁྲུལ་འཁོར་ནི་རྒྱུ་ཤིང་ཤུན་ལ་སོགས་པ་ལ་གི་ཝང་ལ་སོགས་པས་སོ། །དུས་ཉའམ་ཕྱེད་གང་དུའོ། །མདོག་སེར་པོའོ། །དབྱིབས་གྲུ་བཞི་པའོ། །དབང་གི་རྒྱུ་ནི་རས་སམ་ཤིང་ཤུན་ལ་མཚལ་དང་ལི་ཁྲི་ལ་སོགས་པས་སོ། །དུས་ཕྱི་དྲོའོ། །མདོག་དམར་པོས་སོ། །དབྱིབས་ནི་ཟླ་གམ་མོ། །མངོན་སྤྱོད་ཀྱི་རྒྱུ་ནི་རོ་རས་སམ་ཞིང་ཆེན་ལ་དུག་དང་ཁྲག་གིས་བྲིས་པའོ། །དུས་ནི་དགྲ་ལ་མཚན་ཕྱེད་ནའོ། །བགེགས་ལ་ཉིན་ཕྱེད་ནའོ། །དབྱིབས་དང་ཁ་དོག་ནི་ནག་པོ་གྲུ་གསུམ་མོ། །སྔགས་དང་ཏིང་ངེ་འཛིན་ནི་ལུང་ལས་ཤེས་པར་བྱའོ། །སེམས་ཅན་ནི་གང་ཡང་རུང་བའོ། །དབང་པོ་ནི་རྣམ་པར་ཤེས་པ་སྐྱེ་བའི་རྟེན་མིག་ལ་སོགས་པའོ། །ཉམས་པ་ནི་མི་གསལ་བའམ་དམན་བར་གྱུར་པའོ། །འོག་ནས་གནོད་པ་དང་ཞེས་བྱ་བ་ཐམས་ཅད་ལ་སྦྱར་ཏེ་དབང་པོ་ཉམས་པའི་གནོད་པ་དང་ཞེས་བྱ་བར་རིག་བའོ། །གནོད་པ་དེ་དག་ཁྲུས་བཞི་པོ་སྔར་བསྟན་པ་ལ་གནས་པས་ཞི་བར་ཞེས་རིག་པར་བྱའོ། །ཚུལ་ཇི་ལྟར་གནས་པས་ཞེ་ན་སྒྲུབ་པ་པོ་གང་དག་ཡིད་དགེ་བ་ནི་ཀུན་ལ་ཕན་པར་འདོད་པས་སོ། །སེམས་དང་བ་ནི་ཆོས་ལ་གུས་པ་དང་སྤྲོས་པས་སོ། །དམ་ཚིག་དང་སྡོམ་པ་མ་ཉམས་པ་ནི་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཞེས་བྱའོ། །མཉན་པར་བྱ་
ཞེས་འབྲེལ་ཏེ་གང་ཞེ་ན་མདོ་སྡེ་དམ་པའོ། །ཇི་ལྟ་བུ་ཞེ་ན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའོ། །འདི་ནི་སློབ་དཔོན་ལ་ལུང་བླངས་པ་ལས་འབྲས་བུ་འཐོབ་ཀྱི་རང་དགས་ནི་མ་ཡིན་ཞེས་དགོངས་པའོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མདོར་བསྡུས་ཏེ་གསུངས་པས་ན་མདོ་སྡེའོ། །དེ་ལ་ཉན་ཅིང་རྗེས་སུ་བསྒྲུབས་པས་གནས་སྐབས་ཀྱི་འབྲས་བུ་ཡང༌། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་ནད་ཞི་ཞེས་བྱ་བ་ནི་གང་དག་ཉམས་སུ་ལེན་པ་རྣམས་ཀྱིའོ། །དྲང་བའི་དོན་བཤད་ཟིན་ཏོ། །ད་ནི་རྫས་དང་སྔགས་ཀྱི་གྲངས་གསུངས་པ་ནི། ནོར་བུ་ཡུངས་ཀར་དཱུར་བ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ་ནོར་བུ་ཞེས་བྱ་བ་ནི་མུ་ཏིག་ལ་སོགས་པ་རིན་པོ་ཆེ་ལྔ་མཚོན་པའོ། །ཡུངས་ཀར་ཞེས་བྱ་བ་ནི་འབྲུ་ལྔའི་བརྡའོ། །དཱུར་བ་ཞེས་བྱ་བ་ནི་སྙིང་པོ་ལྔའོ་།རྨ་མེད་པ་ནི་ཉམས་པ་སྟེ་ཙནྡན་གང་ལ་མ་ཉམས་བའི་དྲི་ཡོད་པ་དེ་ནི་དཀོན་ཞིང་དྲིའི་མཆོག་སྟེ་སྤོས་ལྔའི་མཚོན་པའོ། །བཅས་ཞེས་བྱ་བ་ནི་དྲི་དེ་མ་རྙེད་ན་དྲི་གཞན་ཡང་རུང་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་ཞེས་བྱ་བ་ནི་སྨན་ལྔའི་བརྡའོ། །སྨན་ལ་སོགས་པ་ལྔ་པོ་དེ་དག་ཅིའི་དོན་དུ་བུམ་པར་གཞུག་ཅེ་ན། ཟག་བཅས་ཀྱི་ཕུང་པོ་ལྔ་དང༌། ས་ལ་སོགས་པའི་ཁམས་ལྔ་དང་རོལ་སོགས་པའི་ཡུལ་ལྔ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྔ་རྣམས་ཡོངས་སུ་དག་ནས་ཟག་པ་མེད་པའི་ཕུང་པོ་ལྔ་དང་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པའི་སྐུ་དང༌། གསུང་དང༌། ཐུགས་དང༌། ཕྲིན་ལས་དང༌། ཡོན་ཏན་དེ་དག་གི་དོན་རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་རོ། །རིན་པོ་ཆེ་ལྔ་ལ་སོགས་པ་དབུལ་པོས་མི་འབྱོར་རོ་སྙམ་པ་ལ་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་རྫས་གསུམ་གསུངས་ཏེ། ཤེལ་དང་རྡོ་རྗེ་མེ་ཏོག་གམ། །ཞེས་བྱ་བ་ནི་གཞན་མི་རྙེད་ན་ཞེས་བྱ་བའི་དོན་ཏོ། །དེ་ནི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་རང་བཞིན་སྐུ་གསུམ་ཐོབ་པའོ་ཞེས་མཚོན་པ་སྟེ་སྒོ་གསུམ་དག་པ་ལས་སྐུ་གསུམ་འབྱུང་བ་ཡང་སེམས་དག་ཅིང་དྲི་མ་མེད་པ་ཤེལ་ལྟ་བུའི་ཆོས་ཀྱི་སྐུ་དང༌། རྡོ་རྗེ་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འགྲོ་བ་ཐམས་ཅད་ལ་ཡིད་དུ་འོང་ཞིང་མཛེས་པའི་མེ་ཏོག་ལྟ་བུ་སྤྲུལ་པའི་སྐུ་སྟེ་དེ་དག་མཚོན་པའི་ཕྱིར་རོ། །གལ་ཏེ་
མཆོག་ཏུ་དབུལ་བས་གསུམ་མི་འབྱོར་རོ་ཞེ་ན་དེའི་ཕྱིར། ཆུ་ཡི་གསེར་རམ་ཡང་ན་ནི། །ཞེ་བྱ་བ་གསུངས་ཏེ། དེ་ཙམ་ལ་བརྟེན་ཞེས་པའོ། །དེ་ལ་གསེར་ནི་བསྲེགས་པ་ལ་སོགས་པས་རང་བཞིན་སེར་པོ་བསྒྱུར་བར་མི་ནུས་པ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཡང་དེ་དེ་ལྟར་མཚོན་བའི་བརྡའོ། །རམ་ཡང་ན་ནི་ཞེས་བྱ་བ་དེ་དག་གང་ཡང་མི་རྙེད་པས་བུམ་པ་རིན་པོ་ཆེ་ལས་གྲུབ་ཙམ་ལ་བརྟེན་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན། དངུལ་གྱི་བུམ་པ་དག་ཀྱང་རུང༌། །ཞེས་གསུངས་སོ། །ཀྱང་ཞེས་བྱ་བ་ནི་ས་ལ་སོགས་པའི་སྣོད་མཚོན་པའོ། །འདིར་རྟོགས་པར་བྱ་བ་ནི་འདི་ཡིན་ཏེ་དངུལ་གྱི་བུམ་པ་ནི་དཀར་ཞིང་དྲི་མ་མེད་པ་དང་རིན་པོ་ཆེ་ཡིན་ཞིང་མཉེན་པ་ལྟར་བྱང་ཆུབ་ཀྱི་སེམས་འགྲོ་བ་ཀུན་ལ་ཁྱབ་པའི་དོན་གྱི་སྙིང་པོ་དེ་ཁོ་ན་ཉིད་ཀྱང་རྣལ་འབྱོར་བ་གང་གིས་མངོན་དུ་བྱས་ནས་མ་རིག་པའི་མུན་པ་ཞི་བ་དང་ཉོན་མོངས་པའི་དྲི་མ་དག་བ་དང་རིན་པོ་ཆེ་བཞིན་དུ་འདོད་པ་ཐམས་ཅད་འབྱུང་བ་དང་ལམ་གྱི་དུས་ན་ལུས་དང་སེམས་མཉེན་ཞིང་ལས་སུ་རུང་བ་སྟེ། དེ་ལྟར་དངུལ་དང་བྱང་ཆུབ་ཀྱི་སེམས་ཆོས་མཚུངས་པའོ། །ཞེས་གསུངས་པར་རིག་པར་བྱའོ། །གཙང་མའི་གོས་ཀྱིས་ཞེས་བྱ་བ་ཇི་ལྟར་གོས་ཀྱིས་ལྷགས་པ་དང་ངོ་ཚལ་སོགས་པ་ལས་སྐྱོབ་པ་བཞིན་དུ། རྣལ་འབྱོར་པའི་དམ་ཚིག་དང་སྡོམ་པ་ཡང་འཁོར་བ་དང་ངན་སོང་ལས་སྐྱོབ་པའོ་ཞེས་བྱ་བའི་ཐ་ཚིག་གོ །གཙང་མའི་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་བའི་སྐྱོན་མེད་དེ་མ་ཉམས་པའོ་ཞེས་རིག་པར་བྱའོ། །བཟླས་པའི་དབང་དུ་མཛད་དེ་ཐུན་རེ་རེ་ལ་གཟུངས་རིང་པོ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དོ། །ཡང་སྙིང་བཟླས་པར་འདོད་ན་བརྒྱ་རྩ་བརྒྱད་ཡན་ཆད་དོ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་ནི་སེམས་ཏེ་བག་ཆགས་ཀུན་གྱི་གཞི་ཡིན་ལ་བརྟན་པས་རྒྱལ་པོ་དང་ཆོས་མཚུངས་སོ། །དེ་ཁྲུས་བྱས་པས་སྒྲིབ་པ་ཐམས་ཅད་དང་བྲལ་ནས་མ་བཅོས་པ་གཉུག་མའི་ངང་ལ་གནས་པར་འགྱུར་རོ་ཞེས་དགོངས་པའོ། །བློན་པོ་ལྟ་བུ་ཉོན་མོངས་པ་ཡིད་དང་འབངས་ལྟ་བུའི་ཚོགས་དྲུག་ཀྱང་རྒྱལ་པོ་ནི་ཞི་བས་ཞི་བར་འགྱུར་རོ། །དེ་ལྟ་བས་ན་གང་ཞིག་འཁོར་བའི་སྡུག་བསྔལ་ལས་ཐར་པར་འདོད་པས་སེམས་ཀྱི་རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག་ཅེས་གསུངས་སོ། །རྡོ་རྗེ་སྤུན་དང་དམ་ཚིག་འདི་ལ་མོས། །དེ་ཡི་ངོར་བྱས་
བླ་མ་དམ་པའི་གསུང༌། །ཤེས་རབ་མཐུ་ཡིས་བདག་གིས་རྣམ་པར་བཀོད། །དགེ་བ་ཐོབ་དེ་བྱང་ཆུབ་མཆོག་ཏུ་བསྔོ། །ཉེས་པར་གྱུར་ན་རྣམ་འཇོམས་ཉིང་ལ་བཤགས། །རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་བ་ཇོ་བོ་སྨྲྀ་ཏིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་བོ་དེ་ཉིད་ཀྱིས་བསྒྱུར། ཕྱི་དང་ནང་དང་དེ་ཁོ་ན་ཉིད་ཀྱི་ཁྲུས་གསུམ་ནི་ཐེག་པ་གསུམ་དང་ཇི་བཞིན་དུ་སྦྱར་རོ།།