Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མབ།  ཡེ་ཤེས་རྡོ་རྗེ།
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མབ། ཡེ་ཤེས་རྡོ་རྗེ།next

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མབ།
ཡེ་ཤེས་རྡོ་རྗེ།


DTG071_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཕཊ་ལ་ཀྲ་མ་བྷཱ་ཥ་བྲྀཏྟི་པྲ་དཱི་པཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཉེས་


DTG071_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དང་རྣམ་བྲལ་ཞིང༌། །སེམས་ཅན་ཀུན་ལ་ཕན་བཞེད་པ། །རྟག་ཏུ་དངོས་པོ་ཀུན་བདག་གྱུར། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཚིག་དང་ཡི་གེ་ཤིན་ཏུ་ཉུང་བ་ལ། །རབ་ཏུ་དོན་རྫོགས་རྡོ་རྗེ་རྣམ་འཇོམས་གཟུངས། །དེ་རྟོགས་དེང་སང་སྐྱེ་བོ་དགའ་ཙམ་སྲིད།། དེ་བས་དེ་དོན་བདག་གིས་རབ་བཤད་འདོད། །གཟུ་ལུམས་རས་ཆོད་རང་དགར་བརྩམས་པ་མ་ཡིན་ཏེ། །བདེ་གཤེགས་བཀའ་དང་བླ་མའི་གདམས་ངག་ལ་བརྟེན་ནས། དེའི་དོན་རིམ་པར་ཕྱེ་ནས་གསལ་སྒྲོན་གྱི། །དེ་དོན་རྒྱ་ཆེར་རབ་ཏུ་བཤད་པར་འདོད། །དེ་ལ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྒྱ་ཆེར་བཤད་པར་བྱ་སྟེ། དེ་ཡང་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཡིན་པ་ལ། །མ་རིག་པའི་ལིང་ཏོག་གིས་བསྒྲིབས་ནས་དེ་མ་རྟོགས་པས། ཁམས་གསུམ་འཁོར་བར་འཁོར་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཕེལ་ཏེ། དེ་སྤང་བའི་གཉན་པོ་དང༌། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བྱ་བ་དེ་རྟོགས་པའི་ཐབས་སུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་ཡང་བསྡུ་ན་མཚན་ཉིད་ཀྱི་ཐེག་པ་དང༌། གསང་སྔགས་ཀྱི་ཐེག་པའོ། གསང་སྔགས་ཀྱི་ཐེག་པའོ། །དེ་ཡང་མཚན་ཉིད་ཀྱི་ཐེག་པ་ལ་ནི་མདོའི་མིང་གིས་བཏགས་ལ། གསང་སྔགས་ཀྱི་ཐེག་པ་ལ་ནི་རྒྱུད་ཀྱི་མིང་གིས་བཏགས་སོ། །མཚན་ཉིད་ཀྱི་ཐེག་པ་ལ་མདོ་སྡེ་རུ་འདོགས་པའི་རྒྱུ་མཚན་ནི་དངོས་པོའི་གནས་ལུགས་འགའ་ཞིག་གཏན་ལ་འབེབས་པའི་མཚན་ཉིད་མདོར་བསྡུས་ནས་བསྟན་དུ་རུང་བས་ན་ཡང་མདོ་སྡེ་ཞེས་བྱ་ལ། གཉེན་པོ་རྣམས་འགལ་བར་སྤོང་བའི་སྒོ་ནས་མདོ་སྡེ་ཞེས་བྱའོ།། རྒྱུན་ཆགས་ཕྱིར་ན་རྒྱུད་ཅེས་བྱ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསུངས་སོ། །ཡང་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་ཀྱང༌། རྒྱུད་ཅེས་བྱ་བ་རབ་འབྲེལ་ཏེ། དེ་ཡང་རྣམ་པ་གསུམ་ཡིན་ཏེ། །གཞི་དང་ཐབས་དང་འབྲས་བུའོ། །དེ་བཞིན་འབྲས་བུའི་བསྡུ་བ་མེད། །ཅེས་གསུངས་ཏེ། འདིར་ཡང་རྒྱུད་རྣམ་གསུམ་དུ་ཤེས་པར་བྱ་སྟེ། སྦྱང་བར་བྱ་བ་རྒྱུའི་རྒྱུད་དང༌། སྦྱངས་པ་འབྲས་བུའི་རྒྱུད་དང༌། སྦྱོང་བར་བྱེད་པ་ཐབས་ཀྱི་རྒྱུད་དོ། །རྒྱུའི་རྒྱུད་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པས་དེ་རྣམས་སོ། །འབྲས་


DTG071_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རྒྱུད་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་དེ་རྣམས་སོ། །ཐབས་ཀྱི་རྒྱུད་ནི་སེམས་ཅན་གྱི་ཁམས་དང་དབང་པོ་དང༌། བག་ལ་ཉལ་སྣ་ཚོགས་པ་ཡོད་པས། བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་བཞི་གསུངས་ཏེ། དེ་ཡང་བྱ་བའི་རྒྱུད་དང༌། སྤྱོད་བའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །བྱ་བའི་རྒྱུད་ལ་སྤྱི་དང་བྱེ་བྲག་གི་རྒྱུད་ལས་བྱེ་བྲག་གི་རྒྱུད་དོ། །དེ་ལ་སྐུ་ཏ་ཐཱའི་རིགས་ཀྱི་རྒྱུད་དང༌། །གསུང་པདྨའི་རིགས་ཀྱི་རྒྱུད་དང༌། ཐུགས་རྡོ་རྗེའི་རིགས་ཀྱི་རྒྱུད་ལས། འདི་ཐུགས་རྡོ་རྗེ་རིགས་ཀྱི་རྒྱུད་དོ། །དེ་ཡང་སྤྱི་དང་བྱེ་བྲག་ལས། འདི་བྱེ་བྲག་གི་རྒྱུད་དོ། །དེ་ལ་འདི་ནི་རྡོ་རྗེ་ཁྲོ་བོ་རིགས་ཀྱི་རྒྱུད་དོ། །རྡོ་རྗེ་རིགས་ཀྱི་ཁྲོ་བོའི་རྒྱུད་འདིས་ནི་རྟོགས་པ་ཡིན་པ་ལ། གཟུངས་ཀྱི་མིང་གིས་བཏགས་སོ། །དེ་ནི་སྤྱིའི་རྣམ་པར་གཞག་པའོ། །དེ་ཡང་རང་དང་གཞན་གྱི་དོན་བསྟན་པའི་སྒོ་ནས། མཚན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པ་དང༌། རྒྱུད་རྒྱས་པར་བཤད་པའོ། །དེ་ལ་དང་པོ་བཤད་དེ། རྡོ་རྗེ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །རྣམ་པར་འཇོམས་པ་ཞེས་བྱ་བ་ནི། མཛད་པ་བཞིའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའོ། །གཟུངས་ཞེས་བྱ་བ་ནི་གཉི་གའི་དོན་ཕུན་སུམ་ཚོགས་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་རྡོ་རྗེར་འདོགས་པའི་རྒྱུ་མཚན་དང༌། དགོས་པ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རྡོ་རྗེར་འདོགས་པའི་རྒྱུ་མཚན་ནི། འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་དང་ཆོས་མཐུན་པ་རྣམས་ཡོད་དོ། །རྡོ་རྗེ་ཕ་ལམ་ལ་མི་ཆོད་པ་བྱ་བ་ནས། མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་པ་དེ་བཞིན་དུ། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་མི་ཆོད་པ་བྱ་བ་ནས། ཐམས་ཅད་དུ་མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་དོ། །འོ་ན་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དེ་ལ་ཇི་ལྟར་ས་ཡིས་མི་ཆོད་ཅེ་ན། འབྱུང་བ་ཆེན་པོ་ས་ཡིས་བཅད་པ་དང་གཏུབ་པར་མི་ནུས་པས་ན། །མི་ཆོད་པ་ཞེས་གསུངས་སོ། །ས་དག་གཅད་པར་མི་ནུས་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་ལ་འབྱུང་བ་ཆེན་པོ་ཆུ་ཡིས་སྤྲུལ་པ་ལ་སོགས་པ་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་གནོད་པར་མི་ནུས་པས་ན་མི་ཤིགས་པ་ཞེས་གསུངས་སོ། །དེ་གཉིས་


DTG071_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། འབྱུང་བ་མེས་ཐལ་བའམ། སོལ་བར་བསྲེག་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་བསྲེག་པར་མི་ནུས་བས་ན་བདེན་པ་ཞེས་གསུངས་ཏེ། དེ་གསུམ་གྱིས་ཀྱང་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། རླུང་སྤུ་གྲི་ལྟ་བུས་ཀྱང་གཞིག་པར་མི་ནུས་སམ་ཞེ་ན། དེས་གཞིག་པར་མི་ནུས། ཞེས་གསུངས་སོ། །དེ་བཞིན་ད་ལྟར་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། ལོའམ་བསྐལ་པར་ལོན་ནས་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེ་བཞིན་དུས་ད་ལྟར་གནོད་པར་བྱ་བར་མི་ནུས་པ་བཞིན་དུ། དུས་སམ་གནས་སྐབས་ཐམས་ཅད་དུ་མི་འགྱུར་བས་ན་བརྟེན་ཞེས་གསུངས་སོ། །འོ་ན་རྡོ་རྗེ་ཕ་ལམ་དེ་ལ་ཚུར་ལ་དང༌། གང་གིས་ཀྱང་མི་གནོད་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། དཔེར་ན་ཐོག་དང་འདྲ་སྟེ་དངོས་པོ་ཐམས་ཅད་འབིགས་པར་བྱེད་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པར་མི་འགྲོའམ་ཞེ་ན། མ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་ཕ་ལམ་དེས། ཕར་མི་ཐམས་ཅད་འཇོམས་པར་ནུས་ལ། རང་ལ་ཚུར་གནོད་པར་མི་ནུས་པས་ན། ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་སོ། །དཔེར་ན་རྡོ་རྗེ་ཕ་ལམ་ལ་གཞན་གྱིས་གནོད་པར་བྱ་བར་མི་ནུས་པ་དེ་བཞིན་དུ། སྟོང་པ་ཉིད་ཀྱི་རྡོ་རྗེ་དེ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན། མི་ཆོད་པ་ལ་སོགས་པ་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་སྐྱེ་བ་སྔ་མ་ནས་འདི་རུ་སྐྱེས། འདི་ནས་ཕྱི་མར་སྐྱེ་བས། སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པས་ན། སྟོང་པ་ཉིད་ལ་སྐྱེ་བ་མེད་པས། སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན། མི་ཆོད་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་རྣམ་པ་གཞན་ནས་གཞན་དུ་འགྱུར་བ་ཡོད་པས། རྒས་པའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པ་ལ། སྟོང་པ་ཉིད་དེ་ལས་རྣམ་པ་གཞན་ནས་གཞན་དུ་འགྱུར་བ་མེད་པས། རྒས་པའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན། མི་ཤིགས་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་དེ་ཉིད་མཚམས་སྦྱོར་བའི་ཚེ། སྐྱེ་གནས་ཀྱི་དང་པོར་མིང་


DTG071_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་གྲུབ་ནས་ཐ་མར་མ་ཤིའི་བར་དུ་སྡུག་བསྔལ་རྣམ་པ་གསུམ་མམ། བརྒྱད་ལ་སོགས་པས་གདུངས་པས་ན། གནས་པའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་བ་ལ། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་གཟུགས་ཀྱི་དངོས་བོར་གྲུབ་པ་མེད་པས། སྡུག་བསྔལ་རྣམ་པ་གསུམ་དང་བརྒྱད་ལ་སོགས་པས་གཅོད་པར་མི་ནུས་པས་ན་བདེན་པ་བའི་སྡུག་བསྔལ་ཡོད་པས་འཆི་བའི་སྡུག་བསྔལ་གྱིས་ཆོད་ཅིང་རྒྱུན་ཆད་དེ་འགྲོ་བས་འཆི་བའི་དུས་ན་གནད་གཅོད་པའི་ཚོར་བའི་སྡུག་བསྔལ་ཡོད་པས་འཆི་བའི་སྡུག་བསྔལ་གྱིས་ཆོད་ཅིང་འདུག་པ་ལས། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་སྐྱེ་བ་མེད་པས་ཐ་མ་འགགས་ཏེ་རྒྱུན་ཆད་པ་མེད་པས་འཆི་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན་སྲ་བ་ཞེས་གསུངས་སོ། །འོ་ན་སྟོང་པ་ཉིད་དེ་ལ་དུས་ད་ལྟར་སྡུག་བསྔལ་རྣམ་པ་བཞི་པོ་དེས་མི་གནོད་པར་འདུག་པ་ལ། ལོའམ་བསྐལ་པ་ཁོ་ནས་གནོད་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དུས་ད་ལྟར་མི་གནོད་པ་བཞིན་དུ། དུས་དང་གནས་སྐབས་ཐམས་ཅད་དུ་གནོད་པར་མི་ནུས་པས་ན། བརྟན་པ་ཞེས་གསུངས་སོ། །འོ་ན་སྟོང་པ་ཉིད་དེ་ལ། སྡུག་བསྔལ་རྣམ་པ་བཞི་པོ་དེ་དག་གིས་ཀྱང་གནོད་པར་མི་ནུས་པར་འདུག་སྟེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དེས་ནི། །བདག་དང་གཞན་ཡང་འཇིག་པར་བྱེད། །འཁོར་བ་དང་མྱ་ངན་ལས་འདས་པ་ཡང་འཇིག་པར་བྱེད། །གཟུང་བ་དང་འཛིན་པ་ཡང་འཇིག་པར་བྱེད། །དངོས་པོ་ལས་མངོན་པར་ཞེན་པ་ཐམས་ཅད་འཇིག་པར་བྱེད་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་ན་མ་ཕམ་པ་ཞེས་གསུངས་ཏེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་ཚུར་ལ་གང་གིས་ཀྱང་གནོད་བར་མི་ནུས་ལ། ཕར་ལ་ཐམས་ཅད་འཇོམས་པས་ན་མ་ཕམ་པ་ཞེས་གསུངས་སོ། །དེས་ན་སྟོང་པ་ཉིད་དེ་རིན་པོ་ཆེའི་རྡོ་རྗེ་ཕ་ལམ་དང་ཆོས་མཐུན་པས་ན། སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བཏགས་སོ། །སྟོང་པ་ཉིད་ལ་རྡོ་རྗེར་བཏགས་པའི་དགོས་པ་ནི། སྟོང་པ་ཉིད་དེ་ལ་ཡང་ཡོན་ཏན་


DTG071_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚོ་དང་ལྡན་པར་ཤེས་པར་བྱ་བའི་དགོས་པའོ། །དེ་ལྟར་ཤེས་པ་དེ་ཐོབ་པར་བྱ་བའི་དོན་དུ་གཞན་དག་སྒྲུབ་པ་དང༌། །སྒོམ་པ་ལ་འཇུག་པར་འགྱུར་བའི་དགོས་པའོ། །དེས་ན་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་གསུངས་སོ། །རྣམ་པར་འཇོམས་པ་ཞེས་པ་ནི། གཟུགས་སྐུ་རྣམས་པ་གཉིས་ཀྱིས་མཛད་པ་བཞི་བསྟན་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པས་ན་རྣམ་པར་འཇོམས་པ་ཞེས་གསུངས་སོ། །འོ་ན་རྣམ་པར་འཇོམས་པ་ནི་མངོན་སྤྱོད་ཀྱི་མིང་གི་རྣམ་གྲངས་ཡིན་ན། མཛད་པ་རྣམ་པ་བཞི་ལ་རྣམ་པར་འཇོམས་པའི་མིང་གིས་སྟོན་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུད་འདི་ནས་སྟོན་པའི་མཛད་པ་བཞི་པོ་འདི་ནི། རྒྱུད་གཞན་ནས་བཤད་པའི་མཚན་ཉིད་མ་ཡིན་ཏེ། འདི་ནས་བསྟན་པ་ནི་དྲག་པོའི་ལས་རྣམས་དང་དབྱེ་བ་ཡིན་ཏེ། དྲག་པོའི་སྒོ་ནས་ཞི་བ་དང་དབང་དང་རྒྱས་པར་འགྱུར་རོ། །དེས་ན་མཛད་པ་རྣམ་པ་བཞིའི་རྣམ་པར་འཇོམས་པ་ཞེས་གསུངས་པ་མི་འགལ་ལོ། །གཟུངས་ལ་གཉིས་ཏེ། རིག་སྔགས་ཀྱི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་ལས། འདི་ནི་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་ཡང་གསུམ་སྟེ། ངོ་བོ་དང་ངེས་ཚིག་དང༌། །དབྱེ་བའོ། །གཟུངས་ཀྱི་ངོ་བོ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། །སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་ནོ། །ཐ་མ་གཉིས་ནི་སྒོ་མཐའ་ཡས་པའི་གཟུགས་འགྲེལ་ལས། གཟུངས་ནི་རྣམ་གསུམ་གང་ཕྱིར་གཟུངས། །དོན་དང་ཚིག་དང་གཉི་གའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་པར་བྱེད་པ་དེ་ཕྱིར་གཟུངས། །ཞེས་གསུངས་སོ། །དབྱེ་བ་ནི་གསུམ་སྟེ། དོན་དང་ཚིག་དང་གཉི་གའི་གཟུངས་སོ། །དོན་གྱི་གཟུངས་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞེས་བྱ་བ་ནས། །བདུད་རྩི་འཁྱིལ་བས་ས་བསྡུས་ཤིག་པའི་བར་དུའོ། །རྒྱས་པར་འདིའི་འགྲེལ་པ་གཞན་ལས་གསལ་ལོ། །ཚིག་གི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུའོ། །གཉི་གའི་གཟུངས་ནི། མིང་དོན་གཅིག་ཏུ་བསྲེས་ནས། སྒྲ་དང་དོན་དུ་སྤྲེལ་ནས་འཛིན་པའོ། །ཡང་ཨ་ལ་སོགས་པའི་དབྱངས་ཡིག་ལ་ནི་དོན་གྱི་གཟུངས་


DTG071_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ལ། ཀ་ལ་སོགས་པའི་གསལ་བྱེད་ལ་ནི་ཚིག་གི་གཟུངས་ཞེས་བྱའོ། །ཨ་དང་ཀ་གཉི་ག་ཐ་མི་དད་པ་ལ་ནི་གཉི་གའི་གཟུངས་ཞེས་བྱའོ། །ངེས་པའི་ཚིག་ནི་ལེགས་པ་ལས་ནི་ཉམས་པས་ན། འཛིན་པར་བྱེད་པས་དེའི་ཕྱིར་གཟུངས། །ཞེས་གསུངས་པས། ཐར་པ་དང་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ། གསང་སྔགས་ཀྱི་དམ་ཚིག་དང༌། །ཉན་ཐོས་ཀྱི་འདུལ་འཁྲིམས་དང༌། །བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སེམས་དཔའོ། །དེ་ཚོ་ལས་ཉམས་ན་ངན་འགྲོར་འགྲོ་བ་སྟེ། འདིའི་ཆོ་ག་ཕུན་སུམ་ཚོགས་པ་བྱས་ཏེ། ཁྲུས་བྱས་ལ་དམ་ཚིག་ཉམས་པ་ལ་སོགས་པ་སླར་གསོས་ཏེ། དེ་རུ་འགྲོ་རུ་མི་སྟེར་བས་ན། འཛིན་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་དོན་ཚིག་མང་པོ་འཛིན་པས་གཟུངས་སོ། །རྡོ་རྗེ་རྩེ་མོ་ལས་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་པ་བྱེད་པས་ན་ཡང་གཟུངས་སོ། །ཡང་ན་མི་བརྗེད་པའི་དོན་གྱིས་ན་གཟུངས་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ནི། སངས་ཞེས་བྱ་བ་ནི། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ནས། མ་རིག་པའི་གཉིད་ལས་སངས་པས་ན་སངས་ཞེས་བྱའོ། །དཔེར་ན་སྐྱེས་བུ་གཉིད་ལས་སངས་པ་བཞིན་ནོ། །རྒྱས་ཞེས་བྱ་བ་ནི། ཤེས་བྱ་མཐའ་དག་ལ་ཡེ་ཤེས་རྒྱས་པས་ན་རྒྱས་ཞེས་གསུངས་སོ། །དཔེར་ན་ཀུ་མུ་ད་རྒྱས་པ་ལྟ་བུའོ། །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཉེས་པའི་སྐྱོན་ཐམས་ཅད་བྱང་ཤིང་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་ཆུབ་བས་ན་བྱང་ཆུབ་བོ། །འགྲོ་བའི་དོན་ལ་སེམས་པས་ན་སེམས་སོ། །བདུད་དང་མུ་སྟེགས་ཐམས་ཅད་ཚར་གཅོད་བས་ན་དཔའ་བའོ། །ཡང་བདེ་བ་གཉིས་ཀྱི་དོན་ལ་ཡང་ནས་ཡང་དུ་བྱ་ཞིང་བདེན་པ་གཉིས་ཀྱི་དོན་ལ་ཆུབ་པས་ན་བྱང་ཆུབ་བོ། །བདེན་པ་གཉིས་ཀྱི་དོན་ལ་ཡང་ནས་ཡང་དུ་སེམས་པས་ན་སེམས་དཔའ་ཞེས་བྱའོ། །དེའི་དོན་ལ་སྲན་ཚུགས་པས་ན་དཔའ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པ། ཉོན་མོངས་པའི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་སྤངས་པས་ན་བྱང་ཞེས་བྱ་ལ། ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པས་ན་ཆུབ་ཅེས་བྱའོ། །སེམས་ཞེས་བྱ་བ་ནི། ཡེ་ཤེས་


DTG071_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཆོས་ཀྱི་དབྱིངས་ལ་སེམས་པ་དང༌། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་སེམས་པས་ན་སེམས་ཤེས་བྱའོ། །དཔའ་བ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་ཅིང་སེམས་ཅན་གྱི་དོན་བྱ་བ་ལ་ཕྱིར་མི་ལྡོག་ཅིང་སྲན་ཚུགས་བས་ན་དཔའ་བའོ། །ཐམས་ཅད་ཅེས་བྱ་བ་ནི་རྒྱུ་དང་འབྲས་བུར་བཅས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །ཕྱག་འཚལ་ཞེས་པ་ནི་ལུས་ངག་ཡིད་གསུམ་དང་བས་སོ། །ལོ་ཞེས་བྱ་བ་ནི་ཤིས་པ་བརྗོད་པའོ། །དེས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་སྒོ་ནས་མཚན་གྱི་དོན་བཤད་ཟིན་ཏོ།། །།ད་ནི་རྒྱུད་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། རྒྱུད་འབྱུང་བའི་གླེང་གཞི་ཕུན་སུམ་ཚོགས་པ་དང་བཅས་ཏེ་བསྟན་པ་དང༌། རྒྱུད་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ་རྐྱེན་གླེང་སློང་པ་དང༌། གླེང་གཞི་དངོས་སོ། །དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་པས་ནི། རྐྱེན་གླེང་སློང་བ་བསྟན་ཏོ། །དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། གླེང་གཞི་དངོས་བསྟན་ཏོ། །བཅོམ་ལྡན་འདས་རྩྭ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདའ་ཀར། འཁོར་རྣམས་ཀྱིས་ཞུས་པ། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ན། ངེད་ཀྱི་སྟོན་པ་ནི་སུས་བྱེད། །གནས་ནི་སུ་ལ་འཆལ། །མུ་སྟེགས་ཀྱི་སྟོན་པ་དྲུག་ནི་སུས་འདུལ། །སྡེ་སྣོད་བསྡུས་པའི་དབུར་ནི་ཇི་སྐད་བྱ་ཞེས་ཞུས་པས། །གསུངས་པ་བྱེད་ཀྱི་སྟོན་པ་ནི་སོ་སོར་ཐར་པ་འདི་ཉིད་ཀྱིས་ཀྱིས་ཤིག་ཅེས་གསུངས་ཏེ། དེ་ཡང༌། ད་ནི་མྱ་ངན་ལས་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རབ་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་འདུན་ཚོགས་མདུན་བསྟོད། །ཅེས་གསུངས་སོ། །གནས་ནི་དྲན་པ་དང་ཤེས་བཞིན་ལ་ཆོས་ཤིག་ཅེས་གསུངས་སོ། །མུ་སྟེགས་ཀྱི་སྟོན་པ་དྲུག་ནི་རང་ཞིར་འགྲོའི་གསུང་ངོ༌། །སྡེ་སྣོད་བསྡུས་པའི་དབུར་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ག་གེ་མོ་ན་བཞུགས་ཏེ། འཁོར་འདི་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་ཀྱིས་ཤིག །ཅེས་མྱ་ངན་ལས་འདས་པའི་མདོ་ལས་གསུངས་སོ། །རྒྱུད་ཀྱི་རྒྱུར་འགྲོ་བའི་རྒྱུ་མཚན་ནི། འདི་སྐད་བདག་གིས་ཐོས་པ་བྱ་བས། འོད་སྲུངས་ལ་སོགས་པའི་འཁོར་རྣམས་ལ། རྣམ་པར་རྟོག་པ་རྣམ་པ་ལྔ་སྐྱེས་ཏེ། དྲི་བ་ལྔ་ཞུས་ཏེ། འདི་སྐད་བདག་གིས་ཐོས་ཟེར་བ། དུས་གང་གི་ཚེ་ཐོས། །སྟོན་པ་གང་ལ་ཐོས། །གནས་གང་དུ་ཐོས། འཁོར་གང་དང་ལྷན་ཅིག་ཏུ་ཐོས། བརྗོད་བྱ་ཕུན་སུམ་ཚོགས་པ་གང་ལ་ཐོས།


DTG071_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅེས་དྲིས་སོ། །དེའི་ལན་དུ་གླེང་གཞི་བྱུང་ངོ༌། །ད་ནི་ཚིག་གི་དོན་བཤད་དེ། འདི་སྐད་ཅེས་པ་ནི་ངེས་པར་བྱས་ནས་རང་དང་གཞན་རྗེས་སུ་མཐུན་པའི་ཤེས་པས། ངེས་པར་བཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ངེས་པར་སྟོན་པ་ལ། གཅིག་ཏུ་ངེས་པར་བྱས་ནས་ཕྱིན་ཅི་མ་ལོག་པར་སྨྲ་བའོ། །བདག་གིས་ཐོས་ཞེས་བྱ་བ་ནི། བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལས་བདག་ཉིད་ཀྱིས་མིང་དང་དོན་དང་གཞུང་འདི་དག་ཐོས་ཀྱི་བདག་གིས་རང་དགར་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་ལྟར་བསྡུས་པ་ཡིན་པར་ཤེས་སོ། །དེ་ལྟར་ཤེས་པས་ཤུགས་ལ་རང་དགར་བྱས་ལ་བཀག་གོ །དེ་ལྟར་བསྡུས་ནས་འདུག་པས་བསྒྲུབས་ན་འབྲས་བུ་ཡང་འབྱུང་ལ། །དངོས་པོའི་གནས་ལུགས་ཀྱང་སྟོན་པར་ཤེས་ནས་གང་ཟག་རྣམས་འཇུག་པར་འགྱུར་རོ། །ཡང་ན་བདག་གིས་ཐོས་ཞེས་པས། །བདག་རང་གི་མོས་པའི་དབང་གིས་ཐོས་ཀྱི། གཞན་གྱིས་ནི་གཞུང་གཞན་དུ་ཡང་ཡིན་ཏེ། འཆད་པར་འགྱུར་བའི་འཁོར་བསྟན་པས་སོ། །འདི་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ། །སློབ་དཔོན་མ་ཁོལ་གྱིས་ཀྱང༌། །གསུང་གཅིག་གིས་ཀྱང་བསྟན་མོད་ཀྱང༌། །དུ་མ་ཉིད་དུ་རྟོགས་མཛད་པར། །བདག་ལ་ཉེ་བར་སྟོན་ནོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། །ཞེས་གསུངས་སོ། །བཅོམ་ལྡན་འདས་ལ་གསུང་གི་ཆེ་བ་མང་པོ་ཡོད་པར་བསྟན་ཏེ། གསུང་གཅིག་ལ་ཡང་དུ་མར་སྣང་བའོ། །ཡང་ན་བདག་གིས་ཐོས་ཞེས་པ། །འཆད་པར་འགྱུར་བའི་བཅོམ་ལྡན་འདས་ལས། འཇིག་རྟེན་དབང་ཕྱུག་ལ་སོགས་པ་ལས་གཅིག་ནས་གཅིག་ཏུ་བརྒྱུད་ནས་ཐོས་པ་ཡང་མ་ཡིན་ཏེ། དངོས་སུ་བཅོམ་ལྡན་འདས་ལས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཐོས་ཞེས་བྱ་བར་ཤེས་སོ། །དེ་ལྟར་ཤེས་པས་ཤུགས་ལས་བརྒྱུད་ནས་ཐོས་པ་བཀག་གོ །ཐོས་པ་ཞེས་བྱ་བ་ནི། བདག་ཉིད་ཉན་པའི་དུས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་བསྟན་ལ་སྡུད་པའི་དུས་ནས་སངས་རྒྱས་ཉིད་ཡིན་ནོ། །འདི་ནི་བཟླས་ནས་བསྟན་པས་ཤིན་ཏུ་ཡང་ཚད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་དུ་ཐོས་པ་ལ་ཡང་འདི་ལྟར་ཤེས་པར་བྱ་སྟེ། སློབ་དཔོན་མེད་པར་འདིའི་བྱ་བ་


DTG071_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ་ཞེས་ཡང་དག་པར་གསུངས་པར་ཤེས་པར་བྱའོ། །དེ་ལྟར་བསྟན་ནས་གང་གི་ཚེ། །གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང༌། དེའི་རིམ་པ་བཞིན་བསྟན་པའི་ཕྱིར། །དུས་གཅིག་ན་ཞེས་བྱ་བ་བསྟན་ཏེ། འདི་ཤིན་ཏུ་དཀོན་པ་ཉིད་དང༌། བདག་ཉིད་མང་དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དོ། །ཡང་ན་དུས་གཅིག་ན་ཞེས་པ་ཆོས་དང་སྦྱར་ན། དུས་གཅིག་གི་ཚེ་ན་བདག་གིས་འདི་ཐོས་བྱས་ནས། འདི་ལྟ་བུའི་ཕྱིན་ཅི་མ་ལོག་པའི་ངོ་མཚར་ཆེ་བའི་ཆོས་ནི་དུས་གཞན་གྱི་ཚེ་བསྟན་པ་མི་སྲིད་པའོ་ཕྱིར་རོ་ཞེས་པས་ཡང་ནས་ཡང་དུ་འབྱུང་བར་དཀའ་བར་ཤེས་སོ། །ཤུགས་ལས་ལན་གཅིག་ལས་ལན་གཉིས་སམ་གསུམ་དུ་གསུངས་པ་བཀག་གོ །ཡང་ན་དུས་གཅིག་ན་ཞེས་པ་གང་ཟག་དང་སྦྱར་ན་དུས་གང་གི་ཚེ་བདག་གིས་འདི་ཐོས་ཀྱིས། གཞན་གྱི་ཚེ་གཞན་དང་གཞན་པའི་མདོ་ཐོས་སོ་ཞེས་མང་དུ་ཐོས་པ་ཉིད་དུ་བསྟན་ཏེ། སྟོན་པས་ཀྱང་ལན་གཅིག་ལས་མ་གསུངས་པར་འདུག་ལ། ཉན་པའི་འཁོར་གྱིས་ཀྱང་ལན་གཅིག་ལས་མ་ཐོས་པར་འདུག་པ་ལ། གཟུངས་འདི་བསྡུས་ནས་འདུག་པས་གང་ཟག་འདི་ནི་མི་བརྗེད་པའི་གཟུངས་ཐོབ་པ་དང་ལྡན་པའི་གང་ཟག་ཅིག་ཏུ་འདུག་པར་ཤེས་སོ། །དེ་ལྟར་ཤེས་པས་གང་ཟག་འདི་ནི་གཟུངས་ཐོབ་པ་དང་ལྡན་པ་གཅིག་ཏུ་འདུག་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་ལྟར་བསྡུས་པ་ཡོད་པས། །བསྒྲུབས་ན་ནུས་པ་ཡང་འབྱུང་ལ། དངོས་པོ་གནས་ལུགས་ཀྱང་ཡིན་པར་ཤེས་ནས་གང་ཟག་རྣམས་འཇུག་པར་འགྱུར་རོ། །ཤུགས་ལས་ལན་གཉིས་གསུམ་དུ་ཐོས་པ་བཀག་གོ །ད་ནི་གླེང་གཞི་དངོས་རྒྱུད་ཀྱི་རྒྱུ་རུ་འགྲོ་བ་བསྟན་ཏེ། དེ་ལ་གླེང་གཞི་ཕུན་སུམ་ཚོགས་པ་ནི། དུས་དང་སྟོན་པ་དང༌། གནས་དང༌། འཁོར་དང༌། ཆོས་ཕུན་སུམ་ཚོགས་པའོ། །རྒྱུད་གསུངས་པ་དེ་ཡང་དུས་ཁྱད་པར་དུ་འཕགས་པ་ཅིག་ཡོད་ན་གསུང༌། །མེད་ན་མི་གསུང་བས་ན། །དུས་ཕུན་སུམ་ཚོགས་པ་རྒྱུད་འབྱུང་བའི་རྒྱུར་གསུངས་སོ། །གང་གི་ཚེ་གསུངས་ན་བདུད་བཏུལ་བའི་དུས་ན་གསུངས་སོ། །དེས་ན་དུས་གཅིག་ན་ཞེས་གསུངས་སོ། །དེ་ཡོད་ཀྱང་འཆད་པ་པོའི་


DTG071_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཁྱད་པར་ཅན་ཅིག་ཡོད་ན་གསུང༌། མེད་ན་མི་གསུང་བས་ན་སྟོན་པ་ཕུན་སུམ་ཚོགས་པ་རྒྱུད་འབྱུང་བའི་རྒྱུར་གསུངས་སོ། །གང་ལས་ཞེས་དྲིས་ན་བཅོམ་ལྡན་འདས་ལས་ཞེས་གསུངས་ཏེ། བཅོམ་ཞེས་པ་ནི་བདུད་བཞི་བཅོམ་སྟེ། དེ་ཡང༌། ཉོན་མོངས་བདུད་སོགས་འཇོམས་པ་དང༌། །བཅོམ་པའི་ཕྱིར་ན་བཅོམ་པར་བཤད། །ཉོན་མོངས་ཤེས་རབ་དང་འབྲེལ་བས། །དེ་བས་ཤེས་རབ་བཅོམ་པར་བཤད། །ཅེས་གསུངས་སོ། །བདུད་བཞི་ནི་ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུ་དང༌། ཉོན་མོངས་པའི་བདུད་དོ། །དེ་བཅོམ་པའོ། །བདུད་བཞི་བཅོམ་པ་ལ་ལུགས་གཉིས་ཏེ་གཟུགས་སྐུ་དང༌། ཆོས་སྐུའོ། །དང་པོ་ཉོན་མོངས་པའི་བདུད་བཅོམ་པ་ནི། །སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པའོ། །ཕུང་པོའི་བདུད་བཅོམ་པ་ནི་ཟག་བཅས་ཀྱི་ཕུང་པོ་མི་ལེན་པ་ཙམ་མོ། །ལྷའི་བུའི་བདུད་བཅོམ་པ་ནི་རྡོ་རྗེ་གདན་གྱི་སྤོ་ལ་བདུད་བཏུལ་བའོ། །འཆི་བདག་གི་བདུད་བཅོམ་པ་ནི་འཇིག་རྟེན་པ་རྟག་ཏུ་རེ་བ་སུན་འདོན་པའི་དོན་དུ། ལོ་བརྒྱད་ཅུ་ཐམ་པ་ལ་སྐུ་མྱ་ངན་ལས་འདས་པ་ལ་བྲམ་ཟེ་སུ་ཀ་ཏོས་སྐྱེ་བར་འཕྱི་ནས། དཀར་པོའི་ཆོས་མ་ཤེས་ནས། དེས་མེ་ཏོག་ཨུཏྤལས་ལྔ་ཕུལ་ནས། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས། ལོ་གཉིས་དེའི་ངོར་བཞུགས་ནས། བརྒྱད་ཅུ་རྩ་གཉིས་ལ་མྱ་ངན་ལས་འདས་ཏེ། ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་བཅོམ་མོ། །ཆོས་སྐུས་བདུད་བཅོམ་པ་ནི། ལྷའི་བུའི་བདུད་དང༌། ཉོན་མོངས་པའི་བདུད་བཅོམ་པ་འདྲའོ། །ཕུང་པོའི་བདུད་བཅོམ་པ་ནི་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་འགགས་པའོ། །ཆོས་སྐུ་ལ་འགག་པ་མེད་པས་འཆི་བདག་གི་བདུད་བཅོམ་པའོ། །ལྡན་ཞེས་པ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །དབང་ཕྱུག་ཅེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བྱ་སྟེ། དག་པའི་ཁམས་དང༌། མ་དག་པའི་ཁམས་གཉིས་ལས། མ་དག་པའི་ཁམས་ནི་སོ་སོའི་སྐྱེ་བའི་ཆོས་ཉིད་དེ། དེ་ལ་དམིགས་ནས་བསྒོམས་ན་ཐུན་མོང་དང༌། ཐུན་མོང་མ་ཡིན་


DTG071_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་སྐྱེད་པ་ལ་དབང་བྱེད་པས་དབང་ཕྱུག་ཅེས་བྱའོ། །དག་པའི་ཁམས་ཞེས་བྱ་བ་ནི་ཕྱུག་པོ་ནོར་ལ་དབང་བྱེད་པ་བཞིན་དེ་བཞིན་གཤེགས་པའི་རྒྱུད་ལ་ལྡན་པའི་ཡོན་ཏན་ལ་དབང་སྦྱོར་བའི་ཚུལ་དུ་དབང་བྱེད་པས་ན་དབང་ཕྱུག་ཅེས་བྱའོ། །གཟུགས་བཟང་ཞེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱ་སྟེ། །འབྲས་བུའི་མིང་རྒྱུད་ལ་བཏགས་ནས། །གཟུགས་བཟང་ཞེས་བྱའོ། །གཟུགས་བཟང་བ་ནི་མཚན་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བཟང་པོ་བརྒྱད་ཅུས་འགྲོ་བ་སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་སྐུ་ངེས་པར་བསྟན་པར་མཛད་པ་སྟེ། ཁ་ཅིག་གིས་དེ་བཞིན་གཤེགས་པ་ལ་ཁ་དོག་སྔོན་པོར་མཐོང༌། །ཁ་ཅིག་གིས་ཁ་དོག་སེར་པོར་མཐོང༌། འགྲོ་བ་གང་ལ་གང་འདུལ་བ་དེ་དང་དེར་སྣང་བ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་བྱུང་བས་ན། དེ་ལ་གཟུགས་བཟང་ཞེས་བྱའོ། །དེ་ལ་གཟུགས་བཟང་ཞེས་བཏགས་པའི་དགོས་པ་ནི། སེམས་ཅན་ལ་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུར་སྣང་བ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་འབྱུང་བར་ཤེས་པར་དགོངས་སོ། །དཔལ་དང་གྲགས་དང་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ས་དང་པོ་མཐོང་ནས་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་དུས་སུ། བདག་དང་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཤེས་པ་ཐོབ་ནས། །བདག་སྡུག་བསྔལ་ལས་ཐར་བར་འདོད་ཅིང་བདེ་བ་འདོད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལ། བདེ་བ་ལ་དགོད་པས་ན་བདེ་བ་དང་ཕན་པ་བསྐྱེད་པར་བྱེད་པའི་རྒྱུ་ཡིན་པས་ན་དཔལ་ཞེས་བྱའོ། །བདག་དང་གཞན་མཉམ་པོར་བྱེད་པས་སྐྱེས་བུ་འདི་འདྲ་བའི་འཇིག་རྟེན་གྱི་ཁམས་ན་མེད་དོ་ཞེས་ཕྱོགས་བཅུར་སྙན་པ་ཆེན་པོ་དང༌། གྲགས་པ་ཕུན་སུམ་ཚོགས་པ་འབྱུང་བས་ན་འདི་ལ་གྲགས་ཞེས་བརྗོད་དོ། །འབྲས་བུའི་མིང་རྒྱུ་ལ་བཏགས་སོ། །ཡེ་ཤེས་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ལ་བྱ་སྟེ། འཇིག་རྟེན་


DTG071_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་དོན་མཛད་དེ། དེས་ན། བྱང་ཐང་ཆེན་པོའི་མེ་དང་འདྲ། །གསུང་ངོ༌། །དེ་དྲུག་གི་སྐལ་བ་དང་ལྡན་པས་སོ། །འདས་ཞེས་བ་ནི་འཁོར་བ་དང་མྱ་ངན་ལས་འདས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོས་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པ་དང༌། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་པས་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་མི་འདའོ། །ཤེས་རབ་ཆེན་པོས་སེམས་ཅན་གྱི་དོན་བྱེད་ཅིང་འཁོར་བ་ན་གནས་ཀྱང་དེའི་ཉེས་པས་མི་གོས་ཏེ། དཔེར་ན་པདྨ་འདམ་ལ་གནས་ཀྱང་དེ་ཡིས་མི་གོས་པ་དང་འདྲའོ། །དེ་གཉིས་ཡོད་ཀྱང་གནས་ཁྱད་པར་དུ་འཕགས་པ་ཅིག་ཡོད་ན་གསུང་མེད་ན་མི་གསུང་པ་ན། དེ་དེའི་རྒྱུ་རུ་གསུངས་སོ། །གནས་གང་དུ་ཐོས་ཞེས་འདྲི་ན། རྡོ་རྗེ་ལ་བཞུགས་ཏེ། ཞེས་གསུངས་སོ། །དེ་ནས་གནས་ནི་རྡོ་རྗེའི་གདན་བྱང་ཆུབ་ཀྱི་ཤིང་དྲུང་ངོ༌། །དེ་གསུམ་ཀ་ཡོད་ཀྱང་རྒྱུད་བཤད་པའི་སྣོད་དུ་རུང་བ་ཅིག་མེད་ན་མི་གསུང་ངོ༌། །ཡོད་ན་གསུང་བས་ན། དེ་དེའི་རྒྱུ་རུ་གསུང་ངོ༌། །གང་དང་ལྷན་ཅིག་ཐོས་ཞེས་འདྲི་ན། བདག་གིས་ཐོས་ཞེས་གསུང་ངོ༌། །འཁོར་ནི་བདུད་བཏུལ་བའི་དུས་ཀྱི་ཚེ་ན་ཡོད་པའི་ཕྱག་ན་རྡོ་རྗེ་ལ་སོགས་པ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པའོ། །དེ་བཞི་ཀ་ཡོད་ཀྱང་ཆོས་ཕུན་སུམ་ཚོགས་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། །དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡོངས་སུ་རྫོགས་པ། གསལ་བ། ཚངས་པར་སྤྱོད་པ་ལ་སོགས་པ་ཅིག་ཡོད་ན་གསུང༌། མེད་ན་མི་གསུང་བས་ན་དེའི་རྒྱུ་རུ་གསུངས་སོ། །གླེང་གཞི་གསུངས་པའི་དགོས་པ་ནི། ཕྱི་རབས་ཀྱི་གང་ཟག་རྣམས་འཇུག་པར་འགྱུར་བའི་དགོས་པའོ། །རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་རྐྱེན་གླེང་སློང་བ་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་རྒྱུད་དངོས་སྟོན་ཏེ། དེ་ལ་བཞི་སྟེ། བསྙེན་སྒྲུབ་རྣམ་པ་གཉིས་ཀྱི་སྔོན་དུ་འགྲོ་བའི་ཆོ་ག་ཡན་ལག་དྲུག་གིས་བདག་ཉིད་ལྟར་ཇི་ལྟར་བསྐྱེད་པའི་ཚུལ་བསྟན་པ་དང༌།


DTG071_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གདུལ་བྱ་བསྟན་པ་དང༌། བསྙེན་པའི་དུས་སུ་མཆོག་ཏུ་སྒྲ་ལ་གནས་པའི་བསམ་གཏན་ལ་བཅོམ་ལྡན་འདས་དགྱེས་པས། སྒྲ་ལ་གནས་པའི་བསམ་གཏན་བྱ་བར་བསྟན་པ་དང༌། སྒྲུབ་པའི་དུས་སུ་བུམ་པའི་མཚན་ཉིད་བཟླས་བརྗོད་བྱ་བའི་གྲངས་ངེས་པས་ཁྲུས་བྱས་བའི་གང་ཟག་ཉེ་བར་མཚོན་ཏེ་བསྟན་པའོ། །དེའི་དང་པོ་ལས་དཔྱོད་དམིགས་དྲུག་ཡོད་དེ་སྐབས་སྐབས་སུ་ངོ་སྤྲད་དོ། །གསང་སྔགས་སྤྱིའི་རྣམ་པར་གཞག་པ་ཅིག་བཤད་དེ། བསམ་གཏན་ཕྱི་མ་ལས། །ལྷ་ཡི་སྐུ་ཡི་གནས་དེ་ལ། དང་པོ་ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམས་ན་ནི། །ཕྱི་ནས་ཡན་ལག་རྣམ་པར་གྲོལ། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། བློ་ཡི་སྤྱོད་པ་མདུན་ན་གནས། །བདག་ཉིད་འདི་འབྲ་བཞག་ནས་ནི། །གསང་སྔགས་རྣམ་པར་ཤེས་པས་བསྒོས། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡུས། །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་གསུངས་སོ། །དེ་ཡང༌། ལྷ་ཡི་དྲུང་ནས་མཆོད་ནས་ནི། །བྱ་བའི་བར་ཚིག་རྐང་གཉིས་ཀྱིས་ཚོགས་བསགས་པ་བསྟན་ཏོ། །རྣལ་འབྱོར་བྱ་བ་བསམས་ནས་ནི། །ཚིག་རྐང་གཉིས་ཀྱིས་ནི། འདུག་ཐབས་དང་གསོལ་བ་བཏབ་སྟེ། ཕྱི་ནས་བྱ་བ་ནས་བཞག་ནས་ནི་བྱ་བའི་བར་གྱིས་ཚིག་རྐང་ལྔ་ལས་མི་རྟོགས་པའི་ལྷ་བསྒོམ་པ་བསྟན་ཏོ། །གསང་སྔགས་རྣམ་པར་ཤེས་པས་བསྒོས། །ཞེས་པ་ནི་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བ་དང༌། ལྷའི་གཞི་བསྒོམ་པ་བསྟན་ཏོ། །བསྔགས་ནས་ཏིང་ངེ་འཛིན་ལ་གནས། །ཞེས་པ་ནས། རྣམ་པར་བསམ་བྱ་བའི་ཚིག་རྐང་བ་གསུམ་གྱིས་ནི་ཏིང་ངེ་འཛིན་གྱི་ལྷ་བསྒོམ་པ་བསྟན་ཏོ། །སངས་རྒྱས་གསང་སྔགས་ནི་དེ་དེ་ལྟར་གསལ་བར་བསམས་གཏན་ཕྱི་མའི་ཊཱི་ཀར་གསུང་ངོ༌། །གཟུངས་འདི་དང་སྦྱར་ན། བཅོམ་ལྡན་འདས་བྱ་བ་ནས། བྱིན་གྱིས་བརླབས་ནས་ཞེས་པས་ལྷ་དྲུག་སྒོམ་པའི་སྔོན་དུ་གསོལ་བ་བཏབ་པ་བསྟན་ཏོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་རྣམ་


DTG071_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་རྟོག་པའི་ལྷ་བསྒོམ་པ་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་ཞེས་པ་ནས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པས་སྟོང་པ་ཉིད་ལས་སྡང་བའི་ཐབས་བསྟན་ཏོ། །རྡོ་རྗེ་སྙིང་པོས་ཞེས་པ་ནས། ལག་ན་རྡོ་རྗེས་རབ་ཏུ་སྨྲས་ཞེས་པས་ལྷ་དྲུག་གི་ཡོན་ཏན་བསྟན་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ། སྒྲའི་ལྷ་དང་ཡི་གེའི་ལྷ་བསྟན་ཏོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །བྱ་བ་ནས། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །བྱ་བས་གཟུགས་ཀྱི་ལྷ་བསྒོམ་པ་བསྟན་ཏོ། །ཕྱག་རྒྱ་ཏིང་ངེ་འཛིན་གྱི་ལྷ་ནི་སྤྱིའི་རྒྱུད་ལས་ཤེས་པར་བྱའོ། །དེ་ལས་གཟུངས་འདིའི་མངོན་རྟོགས་ཀྱི་རིམ་པ་ཉམས་སུ་བླང་བ་ནི་དང་པོར་ཕྱི་ནང་གི་ཁྲུས་རྣམ་པ་གཉིས་བྱས་ལ། ཀུ་ཤའི་སྟེང་དུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། དེའི་ཆར་གཏོགས་པ་འཐོར་འཐུང་དང་ཉེ་རེག་བྱས་ལ། བདག་ཉིད་སྐད་ཅིག་གིས་ལྷ་གང་རུང་དུ་བསྐྱེད་ལ། མིག་གཉིས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་བསམས་ལ། དེའི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་ཀྱི་འོད་ཟེར་ཅན་རེ་རེ་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་བགེགས་ཐམས་ཅད་བསྲེགས་པར་བསམས་ལ། ངག་ཏུ་ཧུའཾ་རིང་བརྗོད་ཅིང་བགེགས་ཐམས་ཅད་བསྐྲད་ཅིང་མཚམས་བཅད་པ་དང༌། ནང་གི་ཁྲུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ལ། བདག་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེ་ཡང་དང་པོར་ཀྲྀ་ཡ་དོན་གྱི་ལྷ་དྲུག་བསྒོམ་པར་བྱ་སྟེ། །དེ་ལ་དང་པོར་བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔའམ། ཡང་ན་ཐ་མལ་པའི་ལུས་སམ། ལྷ་གང་རུང་ཅིག་ཏུ་མོས་པ་བྱས་ལ། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདུད་བཏུལ་ནས་ས་གནོན་གྱི་ཕྱག་རྒྱ་ཅན། སེང་གེའི་ཁྲི་ལ་བཞུགས་པ་ཅིག་ཏུ་སྐད་ཅིག་གིས་བསམས་ལ། བཅོམ་ལྡན་འདས་ཀྱིས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་པས། དེས་ཀྱང་བདག་ཉིད་ཀྱི་ལུས་སྟོང་པར་བྱིན་གྱིས་བརླབས་པར་བསམས་ཏེ། དངོས་པོ་ཐམས་ཅད་གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་ཞི་བ་ཕྱོགས་གཅིག་པ་འབའ་ཞིག་


DTG071_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འགྲོ་བའི་དོན་བྱ་བར་མི་ནུས་པ་དང༌། ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་དང་ཁྱད་པར་མེད་པར་སོང་སྟེ་དོགས་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་འོད་ཟེར་རམ་ཕྱག་གིས་རེག་ནས་མངོན་སུམ་དུ་བསླང་ངམ། ཡང་ན་དེ་གཉིས་ཏིང་ངེ་འཛིན་ལ་ཞུགས་པའི་དབང་གིས། བདག་ཉིད་སྟོང་པ་ཉིད་ལས་བསླང་ངོ༌། །གལ་ཏེ་སྐུར་བསླང་ངམ་ཞེ་ན། མ་ཡིན་ཏེ། སྟོང་པ་ཉིད་ཀྱི་སེམས་རྩེ་གཅིག་པའི་རྣམ་པ་མ་དོར་བ་ལ། སྟོང་པ་ཉིད་ཀྱི་སེམས་དཔྱོད་པ་དང་བཅས་པ་ཅིག་ཏུ་བསླང་ངོ༌། །ཇི་ལྟར་དཔྱོད་ན་བདག་གི་དེ་ཁོ་ན་ཉིད་ནི། གཟུང་བ་མེད་པ། འཛིན་པ་མེད་པ། སྤོས་པ་ཐམས་ཅད་དང་བྲལ་བར་འདུག་ན། ལྷའི་དེ་ཁོ་ན་ཉིད་ཇི་ལྟར་འདུག་པར་དཔྱད་པས། ལྷའི་དེ་ཁོ་ན་ཉིད་དེ་ཡང་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་པར་འདུག་པར་ཤེས་སོ། །དེ་ལྟར་ཤེས་པས་སྟོང་བ་ཉིད་ཀྱི་རྣམ་པ་ལ་དབྱེ་བ་མེད་ལས་གཅིག་ཅིང་ཐ་མི་དད་པ་མེད་པ་ཡིན། དེ་མེད་ཙམ་ན་བདག་དང་ལྷའི་དེ་ཁོ་ན་ཉིད་དེ་ཡང་གཅིག་ཅིང་ཐ་མི་དད་པར་འདུག །དེ་ལྟར་འདུག་ཙ་ན་བདག་གི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ལྷའི་དེ་ཁོ་ན་ཉིད་ཡིན་ལ། ལྷའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་གི་དེ་ཁོ་ན་ཉིད་ཡིན་པར་ཤེས་སོ། །དེ་ཤེས་པས་རང་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཅིང་ཐ་མི་དད་པར་རོ་གཅིག་ཏུ་གྱུར་པར་བསམ་མོ། །གཅིག་ཅིང་ཐ་མི་དད་པར་བསམས་པ་དེ་ལས་ཡོན་ཏན་གང་ཐོབ་ན། ལྷའི་དེ་ཁོ་ན་ཉིད་ལ་རང་གི་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང༌། གཞན་གྱི་ཕུན་སུམ་ཚོགས་པ་དེ་མཛད་པ་རྣམ་པ་བཞི་ཡོད་པ་དེ་དག་གི་དེ་ཁོ་ན་ཉིད་ལ་བསྒོས་ནས་ལྡན་པར་བསམ་མོ། །བདག་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཏུ་བསྲེས་པས་དགོས་པ་གཉིས་འབྱུང་སྟེ། བདག་དང་ལྷ་རུ་ཐ་དད་པའི་འདུ་ཤེས་ཀྱང་འགོག་པ། བདག་ཉིད་ཀྱི་ལུས་སེམས་བྱིན་རླབས་ཅན་ཅིག་ཏུ་བྱས་ཏེ་གཞག་གོ །རྣམ་པར་མི་རྟོག་པའི་ལྷ་སྒོམ་པ་རྫོགས་སོ།། །།ད་ནི་སྒྲའི་ལྷ་བསྒོམ་པར་བྱ་སྟེ། བདག་ཉིད་ཀྱི་སེམས་སྟོང་པ་ཉིད་ལ་གནས་པའི་རྗེས། སྐད་ཅིག་མ་གཉིས་པ་ལ། དཔེར་ན་ནམ་མཁའ་སྟོང་པ་ལ་གློ་བུར་དུ་འབྲུག་གི་སྒྲ་རྣམ་པ་དྲག་པོ་གྲག་པ་ལྟར་བསམས་ཏེ། རང་གི་སེམས་ཉིད་


DTG071_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། བྱ་བ་ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུ་སྒྲའི་རྣམ་པར་གྲགས་པར་བསམ་མོ། །སྒྲའི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ནས་རང་གི་སེམས་ཡི་གེའི་རྣམ་པར་གསལ་བར་སྣང་བ་ལ། ཀུན་རྫོབ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ཅིག་ཆགས་བར་བསམ་མོ། །དཔེར་ན་གསེར་ཕྱེ་མ་དངུལ་ཆུ་ལ་ཆགས་པ་བཞིན་ནོ། །དེ་ཡང་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བའི་གཟུགས་བརྙན་གྱི་རྣམ་པར་བལྟའོ། །ཡི་གེའི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ནས་ཟླ་བའི་སྟེང་དུ་གཟུངས་ལས་འོད་ཟེར་འཕྲོས་པས། དེའི་སྣ་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དཔག་ཏུ་མེད་པ། ནམ་མཁའི་མཐའ་གཏུགས་པ་ཁེངས་པ་བྱུང་སྟེ། མཛད་པ་རྣམ་པ་བཞིའི་སྒོ་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་གནས་སུ་འཕྲོས་པས། སོ་སོའི་ལས་ཀྱི་སྡིག་སྒྲིབ་སྦྱངས། སྡུག་བསྔལ་མེད་པར་བྱས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས་སླར་ཚུར་འདུས་ནས་ཟླ་བའི་སྟེང་གི་གཟུངས་ལ་ཐིམ། གཟུངས་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། ཞལ་གཅིག་པ། ཕྱག་གཉིས་པ། སྐུ་མདོག་སྔོན་པོ། །ཕྱག་གཡས་ཀྱིས་རྡོ་རྗེ་རྒྱ་གྲམ་ལས་རྭ་ཕྱོགས་གཅིག་མེད་པ་བསྣམས་པ་ཐུགས་ཀར་འཛིན་པ། གཡོན་པ་རྡོ་རྗེ་ཁུ་ཆུར་དཀུར་བསྟེན་པ། ཅུང་ཟད་ཁྲོ་བ་ལ་སྒེག་ཅིང་འགྱིང་བག་དང་བཅས་པ། དབུ་རྒྱན་རྩེ་ཕྲན་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་སྟེངས་ན་རྒྱལ་པོ་རོལ་པའི་ཚུལ་དུ་བཞུགས་པར་བསྒོམ་མོ། །གཟུངས་ཀྱི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ནས་ལག་པ་གཉིས་ཐལ་མོ་སྦྱར་ཏེ། སྲིན་ལག་གཉིས་ནང་དུ་བཅུག་ལ། གུང་མོ་གཉིས་བསྒྲེང་ལ། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་ནས་གང་ཙམ་གྱིས་མ་འབྱར་བར་བྱས་ལ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་བསྒྲེང་སྟེ། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་བ་


DTG071_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་ལ། ཨོཾ་བཛྲ་ཛྭ་ལཱ་ཡ་ཏྭ་ཞེས་བརྗོད་ཅིང༌། སྙིང་ག་དང༌། ལྐོག་མ་དང༌། སྤྱི་བོ་དང༌། དཔུང་པ་གཡས་གཡོན་དུ་གཏུགས་ཏེ་བྱིན་གྱིས་བརླབ་པོ། །དེ་ལྟར་བྱས་ནས། སྔར་ཀུན་བརྟགས་ཀྱི་ལྷ་ཡིན་པ་ལ། དེས་གཞན་དབང་གི་ལྷ་རྒྱུ་རྐྱེན་ལས་གྲུབ་པའི་ལྷ་དངོས་གཅིག་ཏུ་བསམ་མོ། །ཕྱག་རྒྱའི་ལྷ་རྫོགས་སོ།། །།དེ་ནས་སྐུ་མདོག་དང་ཕྱག་མཚན་གསལ་བར་ཡང་དང་ཡང་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ལྷའོ། །ཏིང་ངེ་འཛིན་གྱི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ལྟར་ན་ཀྲྀ་ཡ་ལུས་ཀྱི་ལྷ་དྲུག་བསྒོམ་པ་རྫོགས་སོ།། །།ཡང་ན་འདི་ལྟར་བྱ་སྟེ། ཕྱག་རྒྱ་ཞེས་བྱ་བ་ནི། མཚན་མ་ཡང་ཟེར་ལ། ལག་པའི་འདུ་བྱེད་ལ་ཡང་ཕྱག་རྒྱ་ཟེར་ཏེ། དེ་ལྟར་གཉིས་སུ་ཡོད་པ་ལས། འདིའི་སྐབས་སུ་མཚན་མའི་དབང་དུ་བྱས་ནས་ཕྱག་རྒྱའི་ལྷ་ལྔ་ལ་གཉིས་པའི་སྐབས་སུ་བསྒོམ་པར་བྱ་སྟེ། བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བ་ཡན་ཆད་འདྲའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པའི་རྗེས་ལ། བདག་ཉིད་ཀྱི་སེམས་དོན་དམ་པར་བྱང་ཆུབ་ཀྱི་སེམས་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་རྩེ་མོ་གྱེས་པ་ནག་པོ་ཞིག་ཏུ་བསམ་མོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་རིངས་སམ། ཡང་སྙིང་ངམ། རིགས་ཀྱི་སྙིང་པོ་བཀོད་ལ། དེ་ནས་བདག་ཉིད་ཀྱི་སེམས་སྒྲའི་རྣམ་པར་གྲག་པར་བསམས་ཏེ། ནམ་མཁའ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུ། སྒྲའི་རྣམ་པར་གྲག་པར་བསམ་མོ། །སྒྲའི་ལྷ་བསྒོམ་པ་རྫོགས་སོ།། །།དེའི་རྗེས་ལ་བདག་ཉིད་ཀྱི་སེམས་དེའི་ལྟེ་བའི་སྟེང་ན་གཟུངས་སྔགས་ཡི་གེའི་རྣམ་པར་གསལ་བར་སྣང་བ་ནི་ཡི་གེའི་ལྷའོ། །གཟུངས་ཀྱི་ལྷ་གོང་དང་འདྲའོ། །བར་འདིར་ཡང༌། ཕྱག་རྒྱ་གནས་ལྔར་བྱིན་གྱིས་བརླབ། །གསུང་ངོ༌། །དེ་ལྟར་བྱས་པས། ལྷ་བདུན་དུ་ཞེ་ན་མ་ཡིན་ཏེ་ཕྱག་རྒྱར་ངོ་བོ་གཅིག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་ལྷ་ཡང་སྔ་མ་དང་འདྲའོ། །ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་


DTG071_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནི། སྤྱིའི་རྒྱུད་ལས་ཁ་བསྐངས་པ་ལས། བྱེ་བྲག་གི་རྒྱུད་འདི་ནས་ནི་མ་བཤད་དོ། །ཀྲྀ་ཡའི་དོན་གྱི་ལུགས་རྫོགས་སོ།། །།ཡང་འདི་ལྟར་བྱ་སྟེ། འདི་ནི་ཤིན་ཏུ་ཡང་ལེགས་ཏེ། བླ་མ་ཡང་གསུང༌། རང་གི་འདོད་པ་དང་ཡང་མཐུན་པར་འདུག་པས་ན། དེས་ན་འདི་ལྟར་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་སྐད་ཅིག་གིས་མདུན་གྱི་ནམ་མཁར་བསམས་ཏེ། རང་ཡི་དམ་ལྷ་གང་ཡིན་པ་དེའི་ལུས་སུ་བྱིན་གྱིས་རློབ་པར་གསོལ་བ་གདབ་པར་བྱའོ། །དེ་ལ་གསོལ་བ་གདབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་བདག་གི་ལུས་ལྷ་གང་ཡང་རུང་པར་བྱིན་གྱིས་བརླབ་ཏུ་གསོལ་བྱས་ལ། སྙིང་ག་དང་ངག་དང༌། མིག་དང༌། དཔྲལ་བ་དང༌། སྤྱི་བོར་ཨ་དང༌། བྷི་དང༌། ར་དང༌། ཧཱུཾ་དང༌། ཁཾ་སྟེ། དཔའ་བོ་འབྲུ་ལྔར་བྱིན་གྱིས་བརླབ་པར་བྱའོ། །ཡང་ན་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱས་ནས། བདག་ཉིད་ཀྱི་ལུས་དང་ལྷ་རུ་དབྱེར་མི་ཕྱེད་པ་ཅིག་ཏུ་བསམ་མོ། །ཡང་ན་རྡོ་རྗེ་ལུས་ཅན་ནམ། མི་ཆོད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་བསམ་མོ། །བྱིན་རླབས་དང་པོ་ནི་བྱ་བའི་རྒྱུད་ཀྱི་ལུགས་སོ། །དེ་ལྟར་བྱས་ནས་བདག་ཉིད་ལྷ་གང་ཡང་རུང་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཅིག་བསམ། དེའི་སྟེང་དུ་ཧཱུཾ་མཐིང་ནག་ཅིག་བསམ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ནག་པོ་ཅིག་ཏུ་བསམ་མོ། །དེའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད་ལ། ཁྲོ་བོའི་རྡོ་རྗེ་དེ་ལ་དམིགས་པ་རྩེ་གཅིག་ཏུ་སེམས་གཏད་དེ་ཅུང་ཞིག་མཉམ་པར་གཞག་པ་དེ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་སོ། །འོ་ན་གལ་ཏེ་བདག་ཉིད་ལྷ་གཞན་ཞིག་ཏུ་བསྒོམས་ནས། མདུན་དུ་ལྷ་གཞན་ཞིག་བསྒོམས་ནས་བཟླས་བརྗོད་བྱེད་པ་མི་འགལ་ལམ་ཞེ་ན། དེ་ནི་འགལ་བ་མེད་དེ། མི་གཡོ་བའི་རྟོག་པ་ལས་ཀྱང་བདག་ཉིད་ཁྲོ་བོ་མི་གཡོ་བར་བསྒོམས་ལ། མདུན་དུ་ཤཱཀྱ་ཐུབ་པ་བསྒོམས་ལ། དེ་གཉིས་ཀྱི་ཐུགས་ཀར་ཡི་གེ་འབྲུ་བཅུ་པའི་སྔགས་བཀོད་ལ་བཟླས་བརྗོད་བྱའོ་ཞེས་གསུངས་པ་དང༌། ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་བདག་ཉིད་


DTG071_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བ་ལས་ཤཱཀྱ་ཐུབ་པར་བསྒོམས་ལ། མདུན་དུ་ངན་སོང་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་བསྒོམས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཤོ་དྷ་ན་ལ་སོགས་པའི་སྔགས་བསམས་ལ། འོད་ཟེར་འཕྲོ་འདུས་བཟླས་བརྗོད་བྱའོ་ཞེས་གསུངས་པ་དང༌། གཅེས་པ་བསྡུས་པ་ལས་ཀྱང་ཆོ་ག་འདི་བཞིན་དུ་རྫོགས་པར་བྱ་བར་མི་བདེན་ན་ཡང༌། རང་གི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་བསྒྱུར་བ་ལས་དགོངས་པ་མཉམ་པར་བྱ་སྟེ། མཆོད་རྟེན་དང་མཆོད་པའི་ཡོ་བྱད་ལ་སོགས་པ་ཐམས་ཅད། རང་བཞིན་གྱིས་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དགོངས་ཏེ། མཆོད་རྟེན་ལ་ཡང་ཆོ་ག་རྒྱས་པར་བྱ་བ་དང་འགལ་བ་མེད་དོ་ཞེས་གསུངས་པ་དང་འདྲ་བར་འགལ་བ་མེད་དོ། །དེ་ལྟར་བདག་གི་ཆོ་ག་ཡན་ལག་དྲུག་གིས་ལྷར་བསྐྱེད་པ་རྫོགས་ནས། གཞལ་ཡས་ཁང་བསྐྱེད་པ་དང་བུམ་པའི་ནང་དུ་གདན་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་དང༌། དེ་ནས་ལྷའི་ཕྱི་ནས་འོངས་པའི་བགེགས་དང་ཀཱི་ལི་ཀཱི་ལཱའི་སྔགས་ཀྱིས་བསྐྲད་པ་དང༌། རིག་པས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང༌། གདན་བསྟན་པ་དང༌། བྱེ་བྲག་ཏུ་སྤྱན་དྲངས་པ་མ་འཁྲུལ་བར་བྱ་བའི་ཕྱིར་ཉིད་ཀྱི་རྩ་བའི་ཕྱག་རྒྱ་བསྟན་པ་དང༌། དེ་ནས་མཆོད་པ་རྣམས་རིམ་པ་བཞིན་དུ་དབུལ་བ་དང༌། དེ་ནས་བགེགས་དང་ཕྱོགས་སྐྱོང་ལ་གཏོར་མ་བྱིན་ནས། དེ་ནས་བཟླས་པ་བྱས་ཏེ། བསྙེན་པའི་དུས་སུ་སྒྲ་ལ་གནས་པའི་བསམ་གཏན་བྱའོ། །སྒྲུབ་པའི་དུས་སུ་བཟླས་བརྗོད་དམིགས་པ་གསུམ་དང། ཡན་ལག་བཞིས་བྱའོ། །དེ་ཡང་ནོར་བུ་ལག་པ་གཡས་པས་བླངས་ལ། སྙིམ་པར་བཅུག་ལ། བདུད་རྩི་ཐབ་སྦྱོར་བའི་སྔགས་བཟླས་ལ། དེའི་འོག་ཏུ་ཡུམ་གྱི་སྔགས་བཟླས་སོ། །ནོར་བུ་རེ་རེ་ནས་དྲང་ཞིང་མགོ་མཇུག་ཏུ་ཡང་ཕྱག་བྱའོ། །རང་གི་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དང༌། ལྷའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ། རང་གིས་བཟླས་པར་བྱའོ། །སྔགས་ཀྱི་ཡི་གེ་རིམ་པ་བཞིན་དུ་བཀོད་ནས། མངོན་སུམ་དང་འདྲ་བར་བལྟས་ཏེ། །རྡོ་རྗེའི་ཚིག་གམ། ཤུ་བུའི་སྦྱོར་བས། །ཧ་ཅང་མི་མྱུར་མི་དལ་བར་སྔགས་ཀྱི་ཡི་གེ་


DTG071_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་བཟླས་བརྗོད་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས་འདི་སྐད་ཅེས། །བློ་ལ་སྐྱོན་མེད་བྱས་ནས་སུ། །སྔགས་ཀྱི་ཡི་གེ་དག་པ་ལ། །མཉམ་པར་གཞག་པས་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ། །ཞེས་གསུངས་སོ། །དེ་ལ་འདི་ནི་ཚིག་ཡིན་ཏེ། །སོ་དང་མཆུ་ནི་ལེགས་སྦྱར་ཏེ། ལྕེ་རྩེ་ཧ་ཅང་མི་བསྐྱོད་པར། །སྒྲ་སྤངས་པ་ནི་རྡོ་རྗེའི་ཚིག །ཆོ་ག་ཀུན་ལ་སྦྱར་བར་བྱའོ། །ཤུ་བུའི་བཟླས་བརྗོད་ནི། །འདི་ལྟར་བདག་ཉིད་སྔགས་ཀྱི་ཡི་གེ་འདོན་པ་ན། དྲུང་ན་འདུག་པ་སུས་ཀྱང་མི་ཐོས་ཙམ་དུ་བྱའོ། །རྟོག་པ་ངན་པ་རྣམས་བསལ་ཏེ།། ཡིད་ཀྱིས་གསང་སྔགས་མཚན་ཉིད་ནི། །ཡང་ནས་ཡང་དུ་མངོན་བསམས་ཏེ། །མཁས་པས་བཟླས་བརྗོད་བརྩམ་པར་བྱ། །བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང༌། །སྒྲ་ཆེ་མ་ཡིན་ཧ་ཅང་ཆུང་བའང་མིན། །སྒྲ་བཞིན་མ་ཡིན་གཞན་དུ་ཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚེག་དྲག་ཉམས་པར་མིན། །ཚུལ་ནི་དེ་ལྟར་བྱས་ན་ཡོན་ཏན་ནི། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྤར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་བསྐལ་པའི་སྡིག་དཔུང་བསྲེག །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཚམས་མེད་ལྔ་ལ་སོགས་ཏེ་མི་དགེ་བཅུ་སྤྱད་པའི། །སྡིག་པ་གང་ཡིན་བཟླས་བརྗོད་བྱས་པས་འབྱང་བར་བྱེད། །ཅེས་འབྱུང་ངོ༌། །གསང་སྔགས་དངོས་སུ་བདག་ཉིད་འདོན་ཀྱང༌། །ལྷའི་སྐུས་འདོན་པར་བསམ་མོ། །བཟླས་བརྗོད་ཚར་རེ་ཞིང་སྤྲོ་བསྡུས་སེམས་ཅན་གྱི་དོན་བྱེད་ཅིང་བཟླས་སོ། །ཡང་ན་རྡོ་རྗེ་ལྟེ་བའི་ས་བོན་ལས། །འོད་ཟེར་ཁ་དོག་ལྔ་དང་ལྷའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པར་སྤྲོས་པས། བགེགས་དང་ལོག་འདྲེན་ཐམས་ཅད་དང༌། མངོན་པར་ཞེན་པ་ཐམས་ཅད་བསྲེགས་པར་བསམ་ཞིང་ལྷའི་སྐུ་དེ་ཚོའི་ཞལ་ནས་གསང་སྔགས་འདོན་ཙམ་ན། དེ་རྣམས་ཀྱི་རྣ་བར་རྒྱོབ་རྒྱོབ་སོད་སོད་ཟེར་བར་ཐོས་པར་བསམ་མོ། །དེ་ལྟར་བཟླས་བརྗོད་ཟིན་ནས། བསྟོད་པའི་རྒྱལ་པོ་གང་ཡང་རུང་བས་བསྟོད་དོ། །དེ་ནས་ཁྲུས་ལ་སོགས་པ་ཁྲུས་ཀྱི་ཆོ་ག་ལས་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། རང་ལྷའི་


DTG071_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱིས་གནས་པར་བྱའོ། །སྤྱི་རྒྱུད་ཐམས་ཅད་བསྒོམ་པའི་ལུགས་རྫོགས་སོ།། །།སྤྱིའི་རྒྱུད་ཀྱི་རྣམ་པར་གཞག་པ་དང༌། མངོན་རྟོགས་ལམ་གྱི་རིམ་པ་རྫོགས་སོ།། །།དང་པོར་བདག་ཉིད་ཆོས་དྲུག་གིས་ལྷར་བསྐྱེད་པའི་སྔོན་དུ་ཇི་ལྟར་བྱིན་གྱིས་བརླབས་པའི་གསོལ་བ་གདབ་པའི་ཐབས་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པ་ནི། མཚན་གྱི་དོན་གྱི་སྐབས་སུ་བཤད་པ་དང་འདྲའོ། །རྡོ་རྗེ་ལ་བཞུགས་ཞེས་པ་ནི། དེ་གཤེགས་པའི་གནས་དེ་ལ་རྡོ་རྗེ་ཞེས་པ་ནི། དཔེར་ན་རྡོ་རྗེ་ཕ་ལམ་ལ། འབྱུང་བ་ཆེན་པོ་ལྔས་གནོད་པར་བྱ་བར་མི་ནུས་པ་དེ་བཞིན་དུ་དེ་ལ་མེ་བདུན་ཆུ་གཅིག་གིས་བཤིགས་པར་མི་ནུས་པས་ན། རྡོ་རྗེ་ཞེས་གསུངས་སོ། །རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི། ཀྲྀ་ལ་སྤྱིའི་རྒྱུད་ལས་བཞུགས་ཚུལ་གསུམ་སྟེ། བཀྲ་ཤིས་པའི་སྐྱིལ་ཀྲུང་དང༌། པདྨའི་སྐྱིལ་ཀྲུང་དང༌། རྡོ་རྗེའི་སྐྱིལ་ཀྲུང་དང་གསུམ་ལས་འདི་ནི་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ཡང་ན་རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི། བཞུགས་པ་རྣམ་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང༌། འཆད་པས་བཞུགས་པ་དང༌། སྙོམས་པར་འཇུག་པས་བཞུགས་པ་དང༌། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །སྐུའི་ཕྲིན་ལས་སུ་བགྲངས་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཆོས་འཆད་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་དེ་དག་ལས་བཞུགས་པ་གཉིས་ཏེ། རྟག་ཏུ་མཉམ་པར་བཞུགས་པའི་ཕྱིར་ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་བཞུགས་པའོ། །ནང་དུ་ཡང་དག་འཇོག་གིས་བཞུགས་པ་ནི། ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་གཟིགས་པ་དང༌། ལྷ་ལ་སོགས་པ་འོང་བ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པའོ་ཞེས་པ་ནི་གདན་དེ་ལ་བཞུགས་ཏེ། གཟུངས་འདིས་བདུད་བཏུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་བྱེད་ཅེས་པའི་དོན་ཏོ། །བདུད་ཇི་ལྟར་བཏུལ་ན། བཅོམ་ལྡན་འདས་ཀྱིས་སྲོད་ལ་བདུད་བཏུལ་ནས། ཕྱག་གཡས་པ་ལན་གཉིས་སུ་མཉམ་གཞག་གི་


DTG071_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱབ་ཤིག་སྟེ། ལན་ཅིག་བདུད་ཀྱི་དམག་བྱུང་སྟེ། ཕྱག་སྤྱི་བོ་ལ་བསྐོར་བས་རལ་གྲི་མེ་ཆེན་པོ་མཆེད། རབ་ཏུ་མཆེད་ཀུན་དུ་མཆེད་པ་ཅིག་ཏུ་བདུད་རྣམས་ཀྱིས་མཐོང་སྟེ་བདུད་ཀྱི་དམག་ཕམ་པར་བྱས་སོ། །ལན་ཅིག་བདུད་ཀྱིས་ངན་སྨྲས་བྱས་ནས། ཁྱོད་ཡང་དང་པར་སངས་རྒྱས་མ་ཡིན་ཞིང༌། བརྫུན་པོའི་སངས་རྒྱས་ཡིན་ཏེ། སངས་རྒྱས་པ་ལ་བསྐལ་བ་གྲངས་མེད་པ་གསུམ་གྱི་བར་དུ་ཚོགས་རྣམ་པ་གཉིས་ཀྱང་བསགས་དགོས་ལ། ས་བཅུ་ཡང་མཐར་ཕྱིན་དགོས་སོ་ཟེར་རོ། །དེ་ལྟར་བྱས་སོ་གསུངས་པས། འོ་ན་ཁྱོད་ལ་ཆེ་བཞི་དང༌། དབང་པོ་སུ་ཡོད་ཟེར། དེའི་ཚེ་ང་ལ་ཆེ་བཞི་དང་དབང་པོ་ས་ཆེན་པོ་འདི་ཡོད་ཅེས་གསུངས་ཏེ། ཕྱག་གཡས་པས་ལན་ཅིག་བརྡབས་པས། ས་གསེབ་ནས་སའི་ལྷ་མོ་སྐུ་ལྟེ་བ་ཡན་ཆད་འཐོན་ཏེ། བཅོམ་ལྡན་འདས་མད་དོ། །བདེ་བར་གཤེགས་པ་མད་དོ། །བརྫུན་གྱི་སངས་རྒྱས་མ་ཡིན་ཏེ། ཡང་དག་པའི་སངས་རྒྱས་ཡིན་ཏེ། ས་ཆེན་པོ་འདིའི་སྟེང་དུ་ཚོགས་རྣམ་པ་གཉིས་ཀྱང་བསགས་སོ། །བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུའོ། །ས་བཅུ་ཡང་རིམ་གྱིས་བགྲོད་དེ། མཐར་ཕྱིན་པར་བྱས་ཟེར་རོ། །དེས་ན་བཅོམ་ལྡན་འདས་ས་གནོན་གྱི་ཕྱག་རྒྱ་ཅན་ཅིག་བསམ་མོ། །སངས་རྒྱས་ཀྱི་མཐུས་ཞེས་པ་ནི། བྱིན་གྱིས་རླབས་ཀྱིས་སོ། །ལག་ན་རྡོ་རྗེ་ཞེས་པ་ནི། ལག་ན་རྡོ་རྗེ་ཐོགས་པས་ན་ལག་ན་རྡོ་རྗེའོ། །དེ་ཡང་ཡེ་ཤེས་རྣམ་པ་ལྔ་གསང་བའི་ཐིག་ལེས་འཛིན་པས་ན་ལག་ན་རྡོ་རྗེར་བཤད་དོ། །ཡང་ན་ལག་ན་རྡོ་རྗེ་ཞེས་བྱ་བ་ནི། ཀུན་ཏུ་བཟང་པོ་ལ་གསང་བ་དང༌། མིང་གི་དབང་བསྐུར་བའི་དོན་དུ། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་རུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་ཅིག་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐབས་ཅིག་ཏུ་མོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། ཀུན་ཏུ་བཟང་པོའི་ལག་ཏུ་གཏད་པ་ཙམ་གྱིས་གསང་བའི་དབང་ཐོབ་སྟེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་


DTG071_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསང་བ་དཔག་ཏུ་མེད་ཅིང༌། བསམ་གྱིས་མི་ཁྱབ་པ་བསྟན་མི་དགོས་པར་དུས་གཅིག་ཏུ་སྐད་ཅིག་ལ་རྟོགས་པས་གསང་བའི་དབང་ཐོབ་བོ། །དེའི་མོད་ལ་བརྒྱ་བྱིན་ལ་སོགས་པའི་གནས་སུ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཕྱག་ན་རྡོ་རྗེ་གྱུར་ཏེ་ཞེས་བྱ་བའི་སྒྲ་བྱུང་སྟེ། དེའི་མོད་ལ་དེ་རྣམས་ཀྱིས་ཀྱང༌། མཆོད་པའི་ཚོགས་ཆེན་པོ་ཁྱེར་ནས་འོངས་ཏེ། མཆོད་པ་ཆེན་པོས་མཆོད་དོ། །དེས་ནི་མིང་གི་དབང་ཐོབ་པའི་རྟགས་སུ་ལག་ཏུ་རྡོ་རྗེ་གཏད་པས་ཀྱང་ལག་ན་རྡོ་རྗེ་ཞེས་བཤད་དོ། །ལུས་ཐམས་ཅད་ཅེས་བྱ་བ་ནི། དེའི་དུས་ནའོ། །ད་ལྟར་ནི་སྒྲུབ་པ་པོའམ་ལས་ཀྱི་ལྷ་རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བ་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་པ་ནི་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་ནས། རྣམ་པར་མི་རྟོག་པའི་ལྷ་བསྒོམ་མོ་ཞེས་པའི་དོན་ཏོ། །དེས་ནི་ཆོ་ག་ཡན་ལག་དྲུག་གིས་བདག་ཉིད་ལྷར་བསྐྱེད་པའི་སྔོན་དུ་ཇི་ལྟར་བྱིན་གྱིས་རློབ་པའི་གསོལ་བ་གདབ་པའི་ཐབས་བསྟན་པའོ། །ད་ནི་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ལྷ་བསྒོམ་པའི་ཞར་ལ་འབྱུང་བལ་དང་བའི་ཐབས་དང་བཅས་པ་བསྟན་ཏེ། དེ་ཡང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་ཏེ། ཞེས་པ་ནི་ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་དམིགས་པ་སེམས་རྩེ་གཅིག་ཏུ་ཡང་ནས་ཡང་དུ་གཏོད་པར་བྱེད་པས་ཏིང་ངེ་འཛིན་ཏོ། །རྡོ་རྗེའི་ཏིང་ངེ་འཛིན་ཞེས་གསུངས་པ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་མངོན་པར་ཞེན་པས། དབྱེར་མི་ཕྱེད་པས་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཡང་ན་སྟོང་པ་ཉིད་དང་བདག་ཉིད་ཀྱི་ཡང་དབྱེར་མེད་པས་ན་ཡང་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ཡང་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། བཤད་ལུགས་དང་པོ་དང་གཉིས་པའི་སྐབས་སུ་ནི། རྣམ་པར་མི་རྟོག་པའི་ལྷ་བསྒོམ་པ་ལ་བྱའོ། །བཤད་ལུགས་ཐ་མའི་སྐབས་སུ་རང་ལྷ་གང་རུང་དུ་བསྐྱེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ཡིག་བལྟས་ཏེ་དེ་འཕྲོ་འདུ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ཅིག་བསམས་ལ། དེ་ལ་དམིགས་པ་རྩེ་གཅིག་ཏུ་ཡང་ནས་ཡང་དུ་སེམས་གཏད་ནས།


DTG071_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཞིག་མཉམ་པར་གཞག་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་སྒོམ་པའི་གནས་སྐབས་ན། བྱིང་རྒོད་ཀྱི་རྙོག་མ་དང་བྲལ་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་རྣམས་མི་འབྱུང་བར་རྒྱ་མཚོ་ཆེན་པོ་ལྟར་དང་སྟེ། མ་སྙོམས་པ་མེད་དེ། སྙོམས་པར་གནས་སོ། །དེ་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་དགོངས་སོ། །དེ་ནས་ཞེས་པ་ནི། སྟོང་པ་ཉིད་བསྒོམས་པའི་རྗེས་དེ་ནས་ཞེས་པའོ། །ལག་ན་རྡོ་རྗེ་ཞེས་པ་ནི། གོང་དང་མཐུན་ནོ། །སངས་རྒྱས་ཀྱི་མཐུས་ཞེས་པ་ནི། དངོས་སུ་འོད་ཟེར་རམ། ཕྱག་གིས་རེག་པའམ། སེ་གོལ་གྱི་བརྡས་བླང་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི། དེ་གཉིས་ཏིང་ངེ་འཛིན་ལས་སྙོམས་པར་ཞུགས་པའི་དབང་ངམ་སྟོབས་ཀྱིས། བདག་ཉིད་ཏིང་ངེ་འཛིན་ལས་བསླང་པའོ། །དཔེར་ན་ས་བཅུའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་བདེ་བ་ལ་ཆགས་པས། སེམས་ཅན་གྱི་དོན་བྱ་བར་མི་ནུས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་གྱིས་བསྐུལ་ནས། སྟོང་པ་ཉིད་ལས་བསླང་ནས་སེམས་ཅན་གྱི་དོན་བྱེད་དུ་བཅུག་པ་བཞིན་ནོ། །རྡོ་རྗེ་ཁྲོ་བོ་ཞེས་པ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་རྡོ་རྗེ་ཁྲོ་བོ་ཞེས་བཏགས་ནས་བཤད་དོ། །འོ་ན་སྟོང་པ་ཉིད་དེ་ལ་རྡོ་རྗེ་ཁྲོ་བོ་ཞེས་བཏགས་བ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་དང་ཆོས་མཐུན་པ་ཡོད་དེ། འདོགས་པའི་རྒྱུ་མཚན་ནི་འདྲ་བ་རྒྱུ་མཚན་དུ་བྱས་ནས། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །ཡང་ན་ཁྲོ་བོ་རྡོ་རྗེ་དངོས་ལ་ཁྲོ་བོ་ཞེས་བཤད་དོ། །དེ་ཡང་དཔེར་ན་རྡོ་རྗེ་རིན་པོ་ཆེ་ཕ་ལམ་དེས་ཕར་ལ་ནི་རིན་པོ་ཆེ་ཐམས་ཅད་འབིགས་ཤིང་འཇོམས་ལ་ཚུར་ལ་ནི་གནོད་པར་མི་ནུས་པ་དང༌། ཁྲོ་བོ་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པས་ཀྱང་ཕར་ལ་ནི་དངོས་པོ་དང་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་འཇིག་ཅིང་འཇོམས། ཚུར་ལ་ནི་གང་གིས་ཀྱང་གནོད་པར་མི་འགྱུར་བ་བཞིན་དུ་ཆོས་ཀྱི་སྐུ་སྟོང་པ་ཉིད་དེས་ཀྱང་ཕར་ལ་དངོས་པོ་དང༌། མཚན་མར་འཛིན་པའི་མཐའ་དང་བདག་དང་གཞན་གྱི་མཐའ་དང༌། རྟག་པ་དང་ཆད་པའི་མཐའ་དང༌། གཟུང་བ་དང་འཛིན་


DTG071_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་དང༌། ཡོད་པ་དང་མེད་པའི་མཐའ་ཐམས་ཅད་འཇིག་ཅིང་འཇོམས་ལ། ཚུར་ལ་ནི་གང་ཆོས་ཀྱི་སྟོང་པ་ཉིད་ལ་གང་གིས་ཀྱང་བཤིག་ཅིང་འཇོམས་པར་མི་ནུས་པས་ན་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །དེ་ཡང་བཤད་ལུགས་དང་པོའི་སྐབས་སུ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །བར་བའི་སྐབས་སུ་ཐུགས་མཚན་རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །བཤད་ལུགས་ཐ་མའི་སྐབས་སུ་ནི། བདག་ཉིད་ཐུགས་ཀར་ཡི་གེ་ཧཱུཾ་གི་སྤྲོ་བསྡུ་ལས། ཁྲོ་བོའི་རྡོ་རྗེ་རྩེ་གཅིག་པ་བསམས་ལ། རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །ལས་བྱུང་བ་ཞེས་པ་ནི་དང་པོའི་སྐབས་སུ། དེ་ཁོ་ན་ཉིད་བསྲེ་བ་ལ་སོགས་པ་སྟེ། སྔ་མའི་སྟོང་པ་ཉིད་ལ་མཉམ་པར་གཞག་པའི་སེམས་ལས། སྟོང་པ་ཉིད་སྤྱོད་པ་དང་བཅས་པའི་སེམས་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བའི་སེམས་ཕྱི་མ་བྱུང་བའོ། །བར་བའི་སྐབས་སུ་སྒྲའི་ལྷ་བསྒོམ་པ་ལ་སོགས་པ་བྱུང་བའོ། །ཐ་མའི་སྐབས་སུ་བདག་ཉིད་ཀྱིས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཉེ་བར་ལེན་པའི་རྒྱུ་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ་ཁྲོ་བོ་རྡོ་རྗེ་ལྟེ་བའི་ཡི་གེ་ལས། འོད་ཟེར་ཁ་དོག་སྣ་ལྔ་པ་དང༌། ལྷའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཁེངས་པ་བྱུང་ངོ༌། །བྱུང་ནས་ཅི་མཛད་ཅེ་ན་འཕགས་པ་མཆོད་པ་དང༌། སེམས་ཅན་གྱི་དོན་བྱེད་དོ། །དེས་ན་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ལྷ་བསྒོམ་པ། ལྡང་བའི་ཐབས་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་ལྷ་དྲུག་གི་ཡོན་ཏན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་རྗེས་ལ། བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པ་ལས། ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་གང་ཐོབ་པ་བསྟན་ཏེ། ཡོན་ཏན་ནི་གཉིས་ཏེ་རང་གི་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པ་རྣམ་པ་བཞི་བསྟན་པའོ། །དེ་ཡང་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ་ཞེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལ་བྱ་སྟེ། རྡོ་རྗེ་ནི་སྟོང་པ་ཉིད་དོ། །སྙིང་པོ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་ནས་མྱ་ངན་ལས་འདས་པའི་མཐའ་


DTG071_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་གནས་པའོ། །ཡང་ན་སྙིང་པོ་ཞེས་བྱ་བ་ནི། རིམ་པ་དུ་མའི་ནང་ན་འདུག་པ་ལ་ཡང་ཟེར་ལ། འབྲས་བུར་གྱུར་པ་ལ་ཡང་ཟེར་ལ། མཆོག་ཏུ་གྱུར་པ་ལ་ཡང་ཟེར་བ་ལས། འདིར་ནི་མཆོག་ཏུ་གྱུར་པས་ན་སྙིང་པོ་ཞེས་གསུངས་ཏེ། ཇི་ལྟར་མཆོག་ཏུ་གྱུར་ན། ཞི་བས་མི་ཐུལ་བའི་འགྲོ་བ་རྣམས་ལ། ཁྲོ་བོའི་སྐུར་སྤྲུལ་ནས་ཀྱང་འདུལ་བར་བྱེད་དོ། །དེ་ཡང་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་སོ། །ཡང་ན་མཆོག་ཏུ་གྱུར་པ་ནི། རིག་སྔགས་དང་གསང་སྔགས་གཞན་ཁོ་ན་ལས་མཆོག་ཏུ་གྱུར་ཏེ། གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་ནི་རིག་སྔགས་ལ་སོགས་པ་གཞན་ཐམས་ཅད་གཅད་པ་དང༌། མནན་པར་ཡང་ནུས་ལ་རིག་སྔགས་ལ་སོགས་པ་གཞན་གྱིས་གཅད་པ་ལ་སོགས་པ་བྱས་པ་ལས་ཀྱང་གྲོལ་བར་བྱེད་པ་དང༌། བདག་ཉིད་ལ་རིག་སྔགས་གཞན་གྱིས་གཅད་པ་ལ་སོགས་པ་བྱ་བར་མི་ནུས་པས་ན་ཡང༌། མཆོག་ཏུ་གྱུར་པའོ། །འོ་ན་རྡོ་རྗེ་སྙིང་པོས་སྨྲས་སོ། །མི་གསུང་བར་སྨྲས་ཏེ་གསུངས་པ་འགལ་ལམ་ཞེ་ན། ཏེ་ཞེས་ནི་སྒྲ་རྣམ་པ་གཉིས་ལ་འཇུག་པ་ལས། འདིར་ཚིག་གི་ལྷག་མ་ལུས་པའི་སྒྲ་ཡིན་ཏེ། ཚིག་གི་ལྷག་མ་གང་ཡིན་ཞེ་ན། ཚིག་གི་ལྷག་མ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་སྟོང་པའི་སྒྲའོ། །ཡོན་ཏན་རྣམ་པ་གཉིས་པ་ནི། རང་གི་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པ་རྣམ་བཞིའོ། །རྡོ་རྗེའི་ཆོས་བདུན་ནི་མི་ཆོད་པར་བྱ་བ་ནས། ཐམས་ཅད་དུ་མ་ཕམ་པ་བྱ་བའི་བར་དུའོ། །མཛད་པ་རྣམ་པ་བཞི་ནི། དྲག་པོ་དང༌། དབང་དང༌། རྒྱས་པ་དང༌། ཞི་བའོ། །དེའི་དང་པོ་དྲག་པོའི་མཛད་པ་ནི། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང༌། བྱ་བ་ནས། གདོན་ཐམས་ཅད་རླག་པར་བྱེད་པ་བྱ་བའི་བར་དུ་ཚིག་རྐང་བརྒྱད་ཀྱིས་བསྟན་ཏོ། །དབང་གི་མཛད་པ་ནི་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་པའི་ཚིག་རྐང་གཉིས་བསྟན་ཏོ། །རྒྱས་པའི་མཛད་པ་


DTG071_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མ་གྲུབ་པ་ཐམས་ཅད་གྲུབ་པར་བྱེད་པ་བྱ་བ་ནས། རྒྱས་པ་བྱ་བའི་ཚིག་རྐང་པ་བཞིས་བསྟན་ཏོ། །ཞི་བའི་མཛད་པ་ནི། སེམས་ཅན་ཐམས་ཅད་སྲུང་པ། ཞི་བར་བྱ་བའི་བར་དུ་ཚིག་རྐང་གཉིས་ཀྱིས་བསྟན་ཏོ། །རྨུགས་པར་བྱེད་པ་དང༌། རེངས་པར་བྱེད་པ་གཉིས་ནི་སྔ་མའི་བརྒལ་ལན་གྱི་སྒོ་ནས་བཤད་པ་ཡིན་ནོ། །ཡང་ན་རྒོལ་ཏེ། གསང་སྔགས་སྤྱིའི་རྒྱུད་ཀྱི་ལུགས་ཀྱིས་རྣམ་པར་མི་རྟོག་པའི་ལྷ་བསྒོམས་པའི་རྗེས་ལ། སྒྲའི་ལྷ་བསྒོམ་པ་ལ་སོགས་པ་སྟོན་པ་ཡིན་ན། གཟུངས་འདིའི་ནང་དུ་རྣམ་པར་མི་རྟོག་པའི་ལྷ་བསྒོམས་པའི་རྗེས་ལ། སྒྲའི་ལྷ་སྒོམ་པ་མི་སྟོན་པར། ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་གསུངས་པ་ཅི་ལས་དགོངས་ཤེ་ན། དེ་ལྟར་གསུངས་པའི་དགོངས་པ་ནི། རྣམ་པར་མི་རྟོག་པའི་ལྷ་དེ་ཡོན་ཏན་ཕུན་སུམ་ཚོགས་པ་གཉིས་དང་ལྡན་བཞིན་དུ་སྒྲའི་ལྷ། ན་མོ་རཏྣ་ཏྲ་ཡཱ་ཡ། བྱ་བ་ལ་སོགས་པ་གཞན་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པར་ཤེས་པར་བྱ་བའི་དོན་དུ་རྣམ་པར་མི་རྟོག་པའི་ལྷ་བསྒོམས་པའི་རྗེས་ལ། ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་གསུངས་ཀྱི་སྒྲའི་ལྷ། ན་མོ་རཏྣ་ཏྲ་ཡཱ་ཡ། བྱ་བ་ལ་སོགས་པ་ལྷ་གཞན་བསྒོམ་པ་ལ་སོགས་པ་ནི། དེ་ལ་དགོངས་པའོ། །ཡང་ན་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པ་ལས། ལྷ་དྲུག་ལ་ཡོན་ཏན་གཉིས་དང་ལྡན་པ་དེའི་བདག་གི་དེ་ཁོ་ན་ཉིད་ལ་ལྡན་པར་ཤེས་པར་བྱ་བའི་དོན་དུ། རྣམ་པར་མི་རྟོག་པའི་ལྷ་བསྒོམས་པའི་རྗེས་ལ། ལྷ་དྲུག་གི་རང་དང་གཞན་གྱི་ཡོན་ཏན་རྣམ་པ་གཉིས་གསུངས་ཀྱི། སྒྲའི་ལྷ་ལ་སོགས་པ་མ་གསུངས་པ་ནི། དེ་ལ་དགོངས་པའོ། །དེ་ལ་རྡོ་རྗེའི་ཆོས་བདུན་ནི། མི་ཆོད་པ་བྱ་བ་ནས། མ་ཕམ་པ་བྱ་བའི་བར་དུ། ཚིག་རྐང་བདུན་གྱིས་བསྟན་ཏེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་སྐྱེ་བའི་སྡུག་བསྔལ་གྱིས་མི་གནོད་པས་ན། མི་ཆོད་པ་ཞེས་གསུངས་སོ། །རྒས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན་མི་ཤིགས་པ་ཞེས་གསུངས་སོ། །ན་བའི་སྡུག་བསྔལ་གྱིས་མི་གནོད་པས་ན། བདེན་པ་ཞེས་གསུངས་སོ། །འཆི་བའི་སྡུག་བསྔལ་གྱིས་མི་གནོད་པས་ན་སྲ་བ་ཞེས་གསུངས་སོ། །


DTG071_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་དུས་དང༌། གནས་སྐབས་ཐམས་ཅད་འཁོར་བ་དང༌། སྡུག་བསྔལ་གྱིས་མི་གནོད་པས་ན། བརྟན་པ་ཞེས་གསུངས་སོ། །མཚན་མའམ་དངོས་པོ་ཐམས་ཅད་འཇོམས་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་འཁོར་བའི་སྡུག་བསྔལ་གྱིས་མི་གནོད་པ་ལ། དངོས་པོར་ལྟ་བའི་མཚན་མ་ཐམས་ཅད་འཇོམས་པས་ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་སོ། །དེས་ནི་རང་གི་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་བཤད་ཟིན་ཏོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བཞིའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ཡང་དང་པོ་དྲག་པོའི་མཚན་ཉིད་བཤད་དེ། སེམས་ཅན་ཐམས་ཅད་ཅེས་པ་ནི་རྒྱ་གར་གྱི་སྒྲ་ལས་དྲངས་ནས། སརྦ་མ་ནུ་ཤཱ་ཞེས་བྱ་བ་སྟེ། སྣོད་ཀྱི་འཇིག་རྟེན་ཇི་ཙམ་ཁྱབ་པ་ཐམས་ཅད། བཅུད་ཀྱི་འཇིག་རྟེན་གྱིས་ཀྱང་ཁྱབ་པས་སྐྱེ་འགྲོ་སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱའོ། །སྐྲག་པར་བྱེད་པ་ཞེས་བྱ་བ་ནི། གསང་སྔགས་བདག་མེད་ཀྱི་དོན་སྟོན་པ་འདི་བསྒྲགས་པས། སེམས་ཅན་ཐམས་ཅད་འཇིགས་པ་དང༌། བག་ཚ་བ་དང༌། སྤུ་ཟིང་ཞེས་བྱ་བ་དང༌། ཡིད་མི་དགའ་བ་ལ་སོགས་པ་བྱས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཛུད་དོ། །དཔེར་ན་བདུད་རྣམས་བསྟན་པ་ལ་འཛུད་པའི་དོན་དུ། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་ཏེ། བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེ་རི་རབ་རིའི་རྩེ་མོ་ཁོང་བུ་བརྩེགས་པའི་ནང་དུ། ཕྱེད་ཀྲུང་དུ་བཞུགས་པའི་ཞབས་གཡས་པའི་མཐེ་བོང་དང༌། སྨིན་མཚམས་གཉིས་ནས། ཁྲོ་བོ་ཤིན་ཏུ་ཁྲོ་ཞིང་གཏུམ་པ་གསུམ་སྤྲུལ་ཏེ། བདུད་ཀྱི་ཁང་པར་གཏང་སྟེ། ཁྲོ་བོ་དེ་གསུམ་གྱིས་བ་སྤུའི་བུ་ག་ནས་འོད་ཟེར་བཀྱེ་སྟེ། དེ་རྣམས་ཀྱི་ཁང་པར་མེ་རབ་ཏུ་འབར་ཀུན་ཏུ་འབར། ཤིན་ཏུ་འབར་བར་བྱས་ནས། དེ་རྣམས་ཀྱི་ལུས་ཤིན་ཏུ་ཉམ་སྨད་པར་བྱས་ནས། སྡུག་བསྔལ་ཆེན་པོ་དང་ལྡན་པར་བྱས་པས། དེ་རྣམས་ན་རེ་རྒྱུ་དང་རྐྱེན་མེད་པར་གཞལ་མེད་ཁང་འདི་དག་མི་གཡོན། འདི་སུའི་རྫུ་འཕྲུལ་དང༌། ཆོ་འཕྲུལ་ཡིན། བདག་ཅག་གིས་བལྟ་གོར་མ་ཆག་སྙམ་སྟེ། བལྟས་པས་ལྷའི་བུ་དེ་རྣམས་


DTG071_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་པར་ཤེས་པ་ཡོད་པས་གཽ་ཏ་མས་ཁང་བུ་བརྩེགས་པའི་གཟུངས་གསུངས་པའི་ཆོ་འཕྲུལ་ཡིན་པར་མཐོང་སྟེ། གཽ་ཏ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན། དེ་ལ་སྐྱབས་ཚོལ་དུ་འོད་ཟེར་ཏེ། གཽ་ཏ་མའི་དྲུང་དུ་འདོད་ཟེར་ནས། གཽ་ཏ་མའི་དྲུང་དུ་ཕྱིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་བསྐྱབ་ཏུ་གསོལ་བྱས་པས། ངས་བསྐྱབ་པར་མི་ནུས་པས་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་སོང་ཞིག་གསུངས་པ་དང༌། དེ་རྣམས་ཀྱིས་དེའི་དྲུང་དུ་ཕྱིན་ཏེ། བདག་ཅག་བསྐྱབ་ཏུ་གསོལ་བྱས་པས། ངས་བསྐྱབ་པར་མི་ནུས་པས། ངས་སྤྲུལ་པའི་ཁྲོ་བོ་གསུམ་ཡོད་པས། དེའི་དྲུང་དུ་སོང་ཤིག་གསུངས་པ་དང༌། དེ་གསུམ་གྱི་དྲུང་དུ་ཕྱིན་པ་དང༌། བདག་ཅག་ལ་བསྐྱབ་ཏུ་གསོལ་ཞེས་ཞུས་པ་དང༌། ངས་བསྐྱབ་པར་ག་ལ་ནུས་ཀྱིས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཤིག །སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་པ་མི་བྱེད་པར་ཁས་ལོང་ཤིག །བྱང་ཆུབ་ཏུ་སེམས་བསྐྱེད་ཅིག །སྡུག་བསྔལ་ལས་ཐར་པར་འགྱུར་རོ། །བྱས་པ་དང༌། དེ་རྣམས་ཀྱིས་མགྲིན་གཅིག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡང་བྱས། སངས་རྒྱས་ཀྱི་བསྟན་པ་ལ་བར་ཆད་མི་བྱེད་པར་ཁས་བླངས་སོ། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དོ། །དེ་ལྟར་བྱས་པས་སྡུག་བསྔལ་ལས་ཐར་རོ། །དེ་ལྟར་བྱས་པའི་སྒོ་ནས་བསྟན་པ་ལ་བཙུད་པ་བཞིན་དུ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པའི་སྒོ་ནས། སེམས་ཅན་གྱི་དོན་བྱེད་དོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་ལ་སྦྱོར་བས་ན། སེམས་ཅན་ཐམས་ཅད་སྐྲག་ཅིང་འཇིགས་པ་དང༌། སྔངས་པར་གྱུར་ཏེ། དཔེར་ན་གཅན་གཟན་གྱི་རྒྱལ་པོས་སྒྲ་བསྒྲགས་པས། གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་པ་ལྟ་བུའོ། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་པ་ནི། བདག་ཉིད་ལ་རྒྱལ་པོའི་ཆད་པ་དང༌། བདུད་དང་ལོག་འདྲེན་གྱི་གནོད་པ་བྱེད་དུ་འོང་བའི་སྦྱོར་བ་བརྩམས་པ་ཐམས་ཅད་རྩེ་འཇིལ་བར་བྱེད་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱོར་བྱས་ན། རྒྱལ་པོའི་ཆད་པ་ལ་


DTG071_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། བདུད་དང་མུ་སྟེགས་ཀྱི་དོན་ལ་བྱ་བར་སེམས་པའི་ཤེས་པ་ཐམས་ཅད་ཕྱིར་ནུར་ནས། ཤེས་པ་རྩེ་འཇིལ་བར་འགྱུར་བ་སྟེ། དཔེར་ན་དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོར་བྱས་ཏེ། རྩེ་འཇིལ་བ་ལྟ་བུའམ། འཁོར་ལོས་སྒྱུར་བའི་རྒྱལ་པོས་དམག་གི་དཔུང་འཇོམས་པ་ལྟ་བུའོ། །རིག་སྔགས་ཐམས་ཅད་ཅེས་པ་ནི། ལྷ་མོའི་སྐུ་མདོག་དང༌། གཟུགས་དང༌། དབྱིབས་ཀྱི་ལྷ་དང༌། དེའི་སྟོན་པའི་སྒྲ་དང༌། ཕྱག་རྒྱ་ལ་སོགས་པའོ། །གཅོད་པར་བྱེད་པ་ཞེས་པ་ནི། དེ་སྦྱིན་སྲེག་གི་སྒོ་ནས་གཅོད་པར་བྱེད་པ་སྟེ། དེ་ཡང་གཞན་གྱི་རིག་སྔགས་གྲོ་གའམ་ཤིང་ཤུན་ལ་བྲིས་ཏེ། ཐབ་ཁུང་གྲུ་གསུམ་མཐའ་མ་ཟླུམ་པོ་བྱས་ལ། དེའི་ནང་དུ་ཚེ་རམ་ཅན་གྱི་ཤིང་ལ་མེ་བཏང་ལ། མེ་ལྷ་ཤིན་ཏུ་ཁྲོ་བ་ཅིག་སྤྱན་དྲངས་ཏེ། དེ་ལ་གཞན་གྱི་རིག་སྔགས་ལ་སོགས་པ་ཕུལ་ལ། དེའི་ཐུགས་ཀར་ལྷའི་ཕོ་བྲང་བཅས་ལ། མེ་ལྷའི་ཁ་ན་མར་ལ་བརྒྱུད་ནས་ལྷ་ལ་ཕུལ་ཚེ། གཞན་གྱི་རིག་སྔགས་དབུལ་པོའི་རལ་གྲིས་གཏུབས་ཏེ། དུག་ཆུར་བཅུག་ནས་མེ་རུ་བསྲེག་ཅིང༌། ཨོཾ་བཛྲ་ཛྭཱ་ལཱ་ན་ཡཱ་ཆེ་གེ་མོའི་རིག་སྔགས་ཙྪིནྡ་ཙྪིནྡ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མེའི་ནང་དུ་བསྲེག་གོ །དེ་ལྟར་ལན་ཉི་ཤུ་རྩ་གཅིག་གམ། ལན་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་གི་ལས་བྱས་ན། གཞན་གྱི་རིག་སྔགས་གཅོད་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱིན་སྲེག་བྱས་ན། གང་གཅད་པར་བྱ་བའི་འདོད་པ་དེ་ཐམས་ཅད་ཉེ་བར་གྲུབ་པར་འགྱུར་ཏེ་དཔེར་ན། སྐྱེས་བུས་མཚོན་རྣོན་པོ་ལ་ལེགས་པར་མ་བཟུང་བ་ལྟ་བུའོ། །རིག་སྔགས་ཐམས་ཅད་ཅེས་པ་ནི། གོང་དང་འདྲའོ། །གནོད་པར་བྱེད་བ་ཞེས་པ་ནི། རིག་སྔགས་མནན་པར་བྱ་བའི་དོན་ཏེ། །དེ་ཡང་རིག་སྔགས་གྲོ་ག་ལ་སོགས་པ་ལ་ལྡོང་རོས་ཀྱིས་བྲིས་ཏེ། དྲིལ་ལ་སྐུད་པ་སེར་པོས་དཀྲིས་ཏེ། རྡོ་ལེབ་གཉིས་ལ་རྡོ་རྗེ་རྒྱ་གྲམ་རེ་རེ་བྲིས་ལ། དེ་གཉིས་ཀྱི་བར་དུ་བཅུག་ལ། རི་རབ་ལྕོག་བརྒྱད་དང་བཅས་པ་ཅིག་གིས་མནན་ཞིང་སྔགས་ཀྱི་མཇུག་ལ། ཆེ་གེ་མོའི་རིག་སྔགས་སྟཾ་བྷ་ཡ་སྟཾ་བྷ་ཡ་ནན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མནན་ན། རིག་སྔགས་ཐམས་ཅད་


DTG071_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པར་འགྱུར་རོ། །དེ་གཉིས་ནི་མཚོན་པ་ཙམ་ཡིན་ཏེ། བཅིངས་པ་དང༌། གདབ་པར་ཡང་བྱའོ་གསུང་ངོ༌། །རིག་སྔགས་བཅིང་བར་འདོད་ན། བུ་མོ་གཞོན་ནུ་མ་དམ་ཚིག་དང་ལྡན་པ། གྲོང་བའི་ཆོས་ཀྱིས་མ་ཕོག་པ་ཅིག་ལ། ཚོན་སྣ་ལྔའི་སྐུད་པ་འཁལ་དུ་བཅུག་ལ། གཅིག་ཏུ་བསྒྲིམས་ཏེ། རྡོ་རྗེའི་མདུད་པ་བརྒྱབ་ཅིང༌། གཞན་གྱི་རིག་སྔགས་བྲིས་པ་དེ་རུ་གཞུག་ཅིང༌། སྔགས་ཀྱི་མཇུག་ཏུ་ཆེ་གེ་མོའི་རིག་སྔགས་བནྡྷ་བནྡྷ་ཧཱུཾ་ཕཊ་ཅེས་བརྗོད་ཅིང༌། མདུད་པའི་བར་དུ་བཅུག་པས་རིག་སྔགས་ཐམས་ཅད་བཅིངས་པར་འགྱུར་རོ། །ཕུར་བུས་གདབ་པར་འདོད་ན་གཞན་གྱི་རིག་སྔགས་ཀྱི་གཟུགས་སྤྲ་ཚིལ་ལ་བྱས་ཏེ། དེའི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཕུར་བུས་གཟུགས་ཏེ། སྔགས་ཀྱི་མཇུག་ལ་ཆེ་གེ་མོ་ལྷའི་གཟུགས་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་སྙིང་གར་བཙུགས་ན་རིག་སྔགས་ཐམས་ཅད་ཕུར་བུས་བཏབ་པར་འགྱུར་རོ། །རིག་སྔགས་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང༌། གསང་སྔགས་དང༌། སྒྲུབ་པ་པོའི་ངག་དང་ལྷའི་གཟུགས་ལ་སོགས་པ་ཐམས་ཅད་ལ་ཡང་གཅད་པ་ལ་སོགས་པ་བྱ་གསུང་ངོ༌། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི་ལས་སྔགས་དང་སྦྱར་ཏེ་མནན་པའི་ལས་བྱས་ན། གང་མནན་པར་འདོད་པ་དེ་ཐམས་ཅད་ཉེ་བར་མནན་པར་འགྱུར་ཏེ། དཔེར་ན་རི་རབ་ལྟ་བུའོ། །ལས་ཐམས་ཅད་ཅེས་པ་ནི་ཕྲིན་ལས་རྣམ་པ་བཞིའོ། །འཛོམས་པར་བྱེད་པ་ཞེས་པ་ནི། གསང་སྔགས་ལ་ཡོད་པའི་ཡོན་ཏན་གྱིས་བདག་ལ་གནོད་པ་བྱེད་དུ་འོང་བ་རྣམས་འཇིག་པར་བྱེད་དོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི་ལས་སྔགས་དང་སྦྱར་ཏེ་དྲག་པོའི་ལས་སྦྱོར་བྱས་ན། མི་མ་ཡིན་གྱི་གནོད་པ་གང་འཇོམས་པར་འདོད་པ་དེ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པ་སྟེ། དཔེར་ན་ཆོམ་རྐུན་གྱི་རྩར་བལྟ་བུའོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ཞེས་པ་ནི། སྒྲུབ་པ་པོ་ལ་ཡོད་པའི་ཡོན་ཏན་གྱིས། །བསྐྲད་པ་ཙམ་དང་རྡོ་རྗེས་བྱབས་པ་ཙམ་གྱིས། བདག་ཉིད་བཅིང་པ་ལ་སོགས་པ་ཐམས་ཅད་ཀྱིས་མི་ཚུགས་པས་ན།


DTG071_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི། ལས་སྔགས་དང་སྦྱར་ཏེ་དྲག་པོའི་ལས་སྦྱོར་བྱས་ན་སྒྲུབ་པ་པོ་གཞན་གྱི་ལས་ཐམས་ཅད་འཇིག་པར་འགྱུར་ཏེ། དཔེར་ན་འདམ་བུའི་ཁྱིམ་ལ་གླང་པོ་ཆེས་འཇིག་པར་འགྱུར་བ་ལྟ་བུའོ། །གདོན་ཐམས་ཅད་ཅེས་པ་ནི། གདོན་ཆེན་པོ་བཅོ་བརྒྱད་ལ་སོགས་པའོ། །རླག་པར་བྱེད་པ་ཞེས་པ་ནི་བདག་ཉིད་ལ་གནོད་པར་བྱེད་དུ་འོང་བ་ཐམས་ཅད་འདིས་འཇོམས་པར་བྱེད་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱོར་བྱས་ན་བེ་ནཱ་ཡ་ཀ་ལ་སོགས་པའི་གདོན་ཐམས་ཅད་ལ་གསད་པའི་ལས་བྱས་ན། ངེས་པར་ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏེ། དཔེར་ན་གྲོང་ཁྱེར་ཆེན་པོ་ལ་མེ་ཤོར་བ་ལྟ་བུའོ། །གདོན་ཐམས་ཅད་ཅེས་པ་ནི་གྲོང་གི་ཚེའོ། །ཐར་བར་བྱེད་ཅེས་པ་ནི། གང་ཟག་འགའ་ཞིག་ལ་གདོན་དེ་ཚོས་བརླབས་པ་ཡིན་ན། འདིའི་བསྙེན་པ་སྔོན་དུ་སོང་བས་འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་དྲུང་དུ་ཁྲུས་ཀྱི་ཆོ་ག་འདི་བྱས་ཏེ། བསྐྲད་པ་ཙམ་དང༌། རྡོ་རྗེ་བྱབས་པ་ཙམ་གྱིས་ཐར་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི། ལས་སྔགས་དང་སྦྱར་ཏེ། དྲག་པོའི་ལས་སྦྱོར་བྱས་ན། བསྐྲད་པ་ཙམ་དང༌། རྡོ་རྗེས་བྱབས་པའི་ལས་བྱས་ན་གང་གདོན་གྱིས་ཟིན་པ་དེ་ལས་ངེས་པར་ཐར་བར་འགྱུར་ཏེ། དཔེར་ན་བཙོན་ར་དང༌། ཁྲི་མོན་དང༌། ལྕགས་སྒྲོག་དང༌། ཤིན་སྒྲོག་ལས་ཐར་པ་བཞིན་ནོ། །དེ་ཚོས་ནི་དྲག་པོའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་དབང་གི་མཚན་ཉིད་བཤད་དེ། འབྱུང་པོ་ཐམས་ཅད་ཅེས་པ་ནི་ཚོགས་བདག་གླང་པོ་ཆེའི་སྣ་ཅན་ལ་སོགས་པའོ། །ཐམས་ཅད་ཅེས་པ་ནི་མང་པོ་ཡོད་པས་ན་ཐམས་ཅད་དོ། །འགུགས་པར་བྱེད་པ་ཞེས་པ་ནི། དབང་དུ་བྱ་བའི་དོན་ཏེ། བདག་ཉིད་ནག་པོ་ཆེན་པོ་འགུགས་པར་འདོད་ན། བདག་ཉིད་མཚན་མོ་དུར་ཁྲོད་དུ་སོང་སྟེ། འབྲས་ཐུགས་པོ་ཆེའི་གཏོར་མ་བྱ་སྟེ། ཁྱིའི་ཤ་ཁྲག་དང༌། རའི་ཤ་ཁྲག་དང༌། དམ་རྫས་རྣམས་བསགས་ཏེ། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པར་བྱས་ཏེ། གསང་སྔགས་ཀྱི་མཇུག་ལ་


DTG071_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྲོག་སྙིང་བཏགས་ཏེ་བགྲངས་ན། དེ་ཉིད་ཨ་ཅི་བྱ་ཟེར་ནས་བདག་ཉིད་ཀྱི་དྲུང་དུ་འོང་བར་འགྱུར་རོ། །དེས་དེ་ལ་ཁྱོད་འདི་ཁྱེར་ཟོ་ལ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གསུམ་གྱི་དབུ་འཕང་སྨོད་པ། དམ་ཉམས་པའི་ཆེ་གེ་མོ་ཞེས་བྱ་བ་འདི། དཀོན་མཆོག་གསུམ་གྱི་ཁ་ཐབས་སུ་མ་བཏང་བར། དུས་འདི་ཙམ་ལས་མི་འདའ་བར་ཚེའི་འདུ་བྱེད་སྐུལ་ཅིག་ཅེས་བསྒོའོ། །དེས་དེའི་བཀའ་མཉན་ནས་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །དེ་བཞིན་དུ་དཔལ་ལྷ་མོ་ལ་སོགས་པ་ལ་ཡང༌། གཏོར་མ་དང༌། དམ་རྫས་དང༌། སྲོག་གི་སྙིང་པོ་ལ་སོགས་པ་ལ་དྲངས་པ་ཡང་ལས་བྱེད་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདིའི་ལས་སྔགས་དང་སྦྱར་ཏེ། དགུག་པའི་ལས་སྦྱོར་བྱས་ན་ཉེ་བར་ལྷ་དང༌། ཀླུ་དང༌། རྒྱལ་པོའི་བུ་མོ་ལ་སོགས་པ་ལ་ཡང་ཉེ་བར་ཀྲུགས་པར་འགྱུར་བ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྦྱིན་བདག་གི་དྲུང་དུ་སྐྱེ་བོ་སླང་མོ་པ་རྣམས་འདུ་བ་ལྟ་བུའོ། །བཀུག་ནས་ཅི་བྱེད་ཅེ་ན། རིག་སྔགས་ཀྱི་ལས་ཐམས་ཅད་ཅེས་པའི་ཕྱིན་ལས་རྣམས་བསྟན་ཏོ། །བྱེད་དུ་འཇུག་པ་ཞེས་པ་ནི། བདག་ཉིད་ཀྱི་སྒྲ་ལ་གནོད་སྦྱིན་དང་སྲིན་པོ་རྣམས་ཀྱང་བྲན་བཞིན་དུ་བསྒོ་བ་ལྟར་ངག་ཉན་ཏེ། རང་དབང་མེད་པར་ལས་བྱེད་པར་འགྱུར་ཏེ། གསད་པ་དང་འགུགས་པ་ལ་སོགས་པ་བྱེད་དུ་འཇུག་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། དབང་དུ་བྱ་བའི་ལས་སྦྱོར་བྱས་ན། དེ་རྣམས་ཀྱིས་དབང་དུ་བྱ་བའི་ལས་ཐམས་ཅད་ངེས་པར་བྱེད་པར་འགྱུར་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཏང་སྙོམས་སུ་འདུག་ཅིང༌། བཀའ་ཐོབ་པའི་བློན་པོ་ལས་ཀུན་བྱེད་པ་ལྟ་བུའོ། །དེས་ནི་དབང་གི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་རྒྱས་པའི་མཚན་ཉིད་བཤད་པར་བྱ་སྟེ། མ་གྲུབ་པ་རྣམས་ཞེས་པ་ནི་བདག་ཉིད་ཀྱི་ཡི་དམ་གྱི་ལྷ་ལ་སོགས་པ་བསྒྲུབས་པས། གཞན་གྱི་རིག་སྔགས་བཅད་པ་ལ་སོགས་པ་བྱས་པས་མ་གྲུབ་པའོ། །གྲུབ་པར་བྱེད་ཅེས་པ་ནི་གཞན་གྱི་རིག་སྔགས་ཀྱིས་བདག་གི་རིག་སྔགས་ལ་སོགས་པ་གཅད་པ་ལ་སོགས་པ་བྱས་པ་ཡིན་ན། བདག་


DTG071_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རིག་སྔགས་ལ་སོགས་པ། གྲོ་གའམ། ཤིན་ཤུན་ནམ། རས་ལ་གུར་གུམ་མམ། གི་ཝང་གིས་བྲིས་ཏེ། འདིའི་བསྙེན་པ་སྔོན་དུ་སོང་བས། འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་སྔོན་དུ་བཞག་སྟེ། དེ་ལ་མར་ཁུའམ། འོ་མས་ཁྲུས་ཞག་བདུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་ཁྲུས་བྱས་ན། རིག་སྔགས་ལ་སོགས་པས་བཅད་པ་ལ་སོགས་པ་བྱས་པ་ལས་ཐར་པར་འགྱུར་རོ། །དེ་ལྟར་བྱས་ནས་བསྒྲུབས་ནས་མ་གྲུབ་ན། བདག་ཉིད་ཀྱི་ལྷ་ལ་ཕུར་བུས་བཏབ་པ་ཡིན་པས་ན། དེའི་ཆོ་ག་ནི་ས་གཙང་མ་ལ་ལྷའི་སྐུ་མདོག་དང༌། ཕྱག་མཚན་ལ་སོགས་པ་བྱས་ལ། འདིའི་དཀྱིལ་འཁོར་བྱས་ལ། ཕྱག་ན་རྡོ་རྗེའི་གཟུགས་ཀྱི་མདུན་དུ་བཞག་སྟེ། མར་ཁུའམ། འོ་མས་ཁྲུས་ཞག་བདུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས་ན། ཕུར་པ་བཏབ་པ་ལས་གྲོལ་བར་འགྱུར་རོ། །དེ་བྱས་ན་བསྒྲུབས་ཀྱང་མ་གྲུབ་ན། བདག་ཉིད་ཀྱི་ངག་བཅིང་བ་ལ་སོགས་པ་བྱས་པ་ཡིན་པས། སྒྲུབ་པ་པོ་བདག་ཉིད་ཀྱི་ངག་བཅིངས་ན། འདིའི་བསྙེན་པ་སྔོན་དུ་སོང་བས་འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་བདག་ཉིད་ལ་ཁྲུས་འདི་བྱས་པས། བདག་ཉིད་ཀྱི་ངག་བཅིང་བ་ལ་སོགས་པ་བྱས་པ་ལས་གྲོལ་བར་འགྱུར་རོ། །གཞན་གྱིས་བདག་ཉིད་ཀྱི་རིག་སྔགས་བཅད་པ་ལ་སོགས་པ་བྱས་ཀྱང༌། དེ་ལྟར་བྱས་ནས་བསྒྲུབས་ན་འགྲུབ་པར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ་རྒྱས་པའི་ལས་སྦྱོར་བྱས་ན། གང་མ་གྲུབ་པ་རྣམས་ངེས་པར་འགྲུབ་པར་འགྱུར་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེས་བུ་བརྒྱད་པ་ལྟ་བུའོ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་པ་ནི། བདག་ཉིད་ཀྱི་ལྷ་འགའ་ཞིག་བསྒྲུབས་པས་གྲུབ་པའི་སྒོ་ནས། དངོས་གྲུབ་སྟེར་བར་བྱེད་པ་སྟེ། མི་མ་ཡིན་པ་ལ་སོགས་པས་དངོས་གྲུབ་འཕྲོག་ཏུ་འོང་བ་ལའང༌། ཁྲུས་ཀྱི་ཆོ་ག་འདི་བྱས་པས་འཕྲོས་པར་མི་ནུས་སོ། །དེས་ན་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྒྱས་པའི་ལས་སྦྱོར་བྱས་ན། གང་བསྒྲུབས་པ་


DTG071_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཆུད་མི་ཟ་བར་བྱེད་པ་སྟེ། དཔེར་ན་འགྲོ་བ་བཟང་མོ་ལྟ་བུའོ། །དེ་ལྟར་བྱས་པས་ཅི་འབྱུང་ཞེ་ན། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་གསུངས་ཏེ། འདོད་པ་ཐམས་ཅད་ཅེས་པ་ནི་བདག་ཉིད་ཀྱི་བསམ་པ་ལ་ཅི་དང་ཅི་འདོད་པའོ། །སྦྱིན་པ་ཞེས་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྟེར་བར་བྱེད་དོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྒྱས་པའི་ལས་སྦྱོར་བྱས་ན། ཡིད་ལ་ཅི་དང་ཅི་འདོད་པ་ཐམས་ཅད་འབྱུང་བར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྒྱས་པ་ཞེས་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པའོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྒྱས་པའི་ལས་སྦྱོར་བྱས་ན། ཚེ་དང་ཡེ་ཤེས་དང༌། ལོངས་སྤྱོད་དང༌། བསོད་ནམས་མཉེས་པར་རྒྱས་པར་འགྱུར་ཏེ། དཔེར་ན་ལྷའི་དྲི་རྒྱས་བ་ལྟ་བུའོ། །དེས་ནི་རྒྱས་པའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་ཞི་བའི་མཚན་ཉིད་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཅེས་པ་ནི། འགྲོ་བ་རིགས་ལྔའོ། སྲུང་བ་ཞེས་པ་ནི། དེ་དག་ལ་མི་མ་ཡིན་པ་འགའ་ཞིག་གནོད་པ་བྱེད་དུ་འོང་བ་ལ། རྡོ་རྗེ་རྣམ་པར་འཇོམས་པ་འདིའི་བསྙེན་པ་སྔོན་དུ་སོང་བས། དཀྱིལ་འཁོར་བྱས་ཏེ། ཁྲུས་དང༌། བྱ་བ་དང༌། བསྐྲད་པ་དང༌། སྲུང་བ་ལ་སོགས་པ་བྱས་ནས། དེ་ལ་མི་མ་ཡིན་ལ་སོགས་པས་གནོད་པ་བྱ་བར་མི་ནུས་སོ། །དེས་ནི་སེམས་ཅན་ཐམས་ཅད་སྲུང་བ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། ཞི་བའི་ལས་སྦྱོར་དབང་བསྐུར་བ་དང༌། བྱ་བ་པ་དང༌། སྲུང་བ་བྱས་ན་གང་ཟག་ལ་གདོན་གྱིས་མི་ཚུགས་པར་འགྱུར་ཏེ། དཔེར་ན་རྩི་མ་གྷིའི་ནུས་པའི་མཐུ་ལྟ་བུའོ། །ཞི་བ་ཞེས་པ་ནི། དེ་དག་ལ་མི་མ་ཡིན་པ་ལ་སོགས་པས་གནོད་པ་བྱས་ནས། ལུས་སེམས་སྡུག་བསྔལ་བར་གྱུར་ཀྱང་འདིའི་དཀྱིལ་འཁོར་བྱས་ལ། ཁྲུས་ཀྱི་ཆོ་ག་བྱས་པས། ཕྱི་ནང་གི་བགེགས་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། ཞི་བའི་ལས་སྦྱོར་


DTG071_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་དང༌། བྱབ་པ་དང༌། སྲུང་བ་དང༌། བསྐྲད་པའི་ལས་བྱས་ན། གང་ཟག་གི་གདོན་དང༌། ཉོན་མོངས་པ་ངེས་པར་ཞི་བར་འགྱུར་ཏེ། དཔེར་ན་ཚ་བའི་རིམས་ལ་སོགས་པ་ལ། ག་པུར་ལ་སོགས་པའི་བསིལ་སྨན་སྩལ་བ་ལྟ་བུའོ། །ཞི་བའི་མཚན་ཉིད་བཤད་ཟིན་ཏོ།། །། ད་ནི་མཛད་པ་རྣམ་པ་གཉིས་སྔ་མའི་བརྒལ་ལན་དུ་བསྟན་པ་ནི། དེ་ཡང་དང་པོའོ། །འོ་ན་འདི་དག་ཐམས་ཅད་འཇོམས་པར་བྱེད་ན། དེ་ལ་གཞན་གྱི་རིག་སྔགས་དང༌། གསང་སྔགས་ལ་སོགས་པས། །གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། གཞན་གྱི་རིག་སྔགས་དང༌། གསང་སྔགས་ཀྱི་སྒོ་ནས། ལུས་ཀྱི་གནོད་པ་བྱེད་དུ་འོང་བའི་ལུས་ཀྱི་ཀུན་ཏུ་སྦྱོར་བ་ངེས་པར་བྱེད་དོ། །ངག་གིས་གྱིས་ལ་ཤོག་ཟེར་བའི་ངག་གི་ཀུན་དུ་སྤྱོད་པ་རེངས་པར་བྱེད་དོ། །འོ་ན་སེམས་ཅན་ལ་དབང་ཐོབ་པས་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། སེམས་རྨུགས་པར་བྱེད་དོ། །རྨུགས་པར་བྱེད་ན། དེའི་སེམས་ནུས་པ་ཁྱད་པར་ཅན་དུ་མི་འབྱུང་ངོ༌། །ལུས་དང་ངག་རེངས་པར་བྱེད་པས་ན། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་གསུངས་སོ། །ཡང་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ་རེངས་པར་བྱེད་པའི་ལས་སྦྱོར་བྱས་ན། ངེས་པར་རེངས་པར་འགྱུར་བ་སྟེ། དཔེར་ན་མི་ཐུབ་པ་ནང་དུ་ཕྲད་པ་ལྟ་བུའོ། །དེ་ལ་དག་རེངས་པར་བྱ་བར་འདོད་པས། ཕ་རོལ་པོའི་གཟུགས་སྤྲ་ཚིལ་ལ་བྱས་ཏེ། ཁ་ཚེར་མས་བཀང་སྟེ། ངག་བཅིང་བའི་ཚེ་ག་བྱས་ན། ཕ་རོལ་པོའི་ངག་རེངས་ནས་སྨྲ་བ་ལན་མི་ཐེབས་པར་འགྱུར་རོ། །ཕ་རོལ་པོའི་ལུས་རེངས་པར་འདོད་ན། རྣལ་འབྱོར་བའི་འདུག་ས་གང་ཡིན་པའི་སར་རང་གི་ཆག་གང་བརྐོས་པའི་གཏིང་ནས། ས་རློན་པ་བླངས་ནས་གུ་གུལ་ནག་པོས་བདུགས་ལ། སྔགས་རེ་རེ་ལ་ཡུངས་ཀར་རེ་རེ་བསྣུན་པར་བྱའོ། །དེ་ལྟར་སྔགས་སྟོང་རྩ་བརྒྱད་རྫོགས་པ་དང༌། ས་དེ་ཁམ་ཕོར་སྲུབས་མེད་པའི་ནང་དུ་བླུགས་ལ། ཕུར་བུའི་དཀྱིལ་དུ་བཅུག་ལ་སྨྱུག་མ་ཤོང་ཙམ་ཅིག་བཅུག་ལ། དེའི་ནང་དུ་ཡུངས་ཀར་སྟོང་ལ་སྔགས་དེ་ཐེམ་པ་དང༌། དེ་ཤིང་གདུག་པ་ཅན་གྱིས་བསྐོར་ལ་བསྲེག་གོ །ནང་གིས་དང་ཡུངས་ཀར་ཚིག་ཅིང་མདོག་འགྱུར་བ་དང༌། དེ་


DTG071_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་སྟེ་སྣོད་གཙང་མའི་ནང་དུ་བླུགས་ལ། ཇག་པ་དང་ཆོམ་རྐུན་བྱུང་བའི་དུས་སུ། རྐང་པའི་འོག་གི་ས་དང་བསྲེས་ནས་གཏོར་ན། དེ་རྣམས་རེངས་ཤིང་ལྡོངས་པར་འགྱུར་རོ། །སེམས་རྨོངས་པར་བྱེད་པས་ན་རྨུགས་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ལས་སྔགས་དང་སྦྱར་ཏེ། རྨུགས་པར་བྱ་བའི་ལས་སྦྱོར་བྱས་ན། ངེས་པར་མྱོས་པར་འགྱུར་ཏེ། དཔེར་ན་རིམས་ནད་ཆེན་པོས་བཏབ་པ་ལྟ་བུའོ། །དེ་ལ་དེའི་དྲན་པ་ཉམས་པར་འདོད་ན། ཕ་རོལ་པོའི་ལིངྒ་བྱས་ཏེ། དྷ་དུ་རའི་ཁུ་བ་དང༌། དུག་སྣ་ཚོགས་དང། ཆང་གིས་ཁ་ཕྲུ་བཏབ་པ་ན་ཡིད་དྲན་པ་ཉམས་པར་འགྱུར་རོ། །གསང་སྔགས་ཀྱི་ཞེས་པའི་ངོ་བོ་ནི། །ལྷའི་གཟུགས་དང༌། ཕྱག་རྒྱ་དང༌། ཚིག་དང༌། ཡི་གེ་དང༌། སྒྲ་དང༌། རྣམ་པ་དང་བཅས་པའོ། །གསང་སྔགས་ཀྱི་ངེས་པའི་ཚིག་དང༌། བཅོམ་ལྡན་འདས་ཉིད་ཀྱིས་མཛད་པ་ནི། འདིས་ཉོན་མོངས་པ་རྣམས་འཇོམས་པ་དང༌། ཕུན་སུམ་ཚོགས་པ་འཐོབ་པའམ། དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པས་ན་རིག་པ་སྟེ། ལྷ་རྣམ་པ་དྲུག་གི་རང་བཞིན་ལ་ཡང་གསང་སྔགས་ཞེས་བྱའོ། །ཡང་ན་རྒྱ་གར་གྱི་སྒྲ་ལས་དྲངས་ན། མནྟྲ་ཞེས་བྱ་སྟེ། ཤེས་པ་དང༌། སྐྱོབ་པའི་དོན་གྱིས་ནི། གསང་སྔགས་ཞེས་བྱའོ། །ཡང་ན་ཞེས་པ་དང་ལྡན་པས་ནའམ་གསང་སྟེ་བརྗོད་པའི་ཕྱིར་གསང་སྔགས་ཏེ། གསང་སྔགས་ནི་ཆོས་གསང་བ་ཉིད་ཀྱིས་གྲུབ་པར་ཤེས་པར་བྱའོ། །རྒྱ་གར་གྱི་ཡུལ་ན་དངོས་གྲུབ་འཕྲོག་པའི་ཆོ་ག་ཡོད་དེ། བསྒྲུབ་པར་བྱ་བའི་ཤ་དེའི་ཕྱག་རྒྱ་དང༌། གསང་སྔགས་མི་ཤེས་ན་འཕྲོག་ཏུ་མི་ཚུགས་པས་ན་གསང་ངོ༌། །མཐུ་ཆེན་པོ་འདི་ཞེས་པ་ནི། གང་གཟུངས་རིངས་སྟོང་པ་ཉིད་ཀྱི་སྙིང་པོར་བྱུང་བ་འདིས། བདག་གི་དོན་ཡང་སྒྲུབ་པར་ནུས་ལ། གཞན་གྱི་དོན་ཡང་བྱ་བར་ནུས་པས་ན་མཐུ་ཆེན་པོའོ། །ཡང་ན་གང་ཟག་ཕ་རོལ་པོ་རྗེས་སུ་བཟུང་སྟེ། གསོ་བ་ཐུན་མོང་མ་ཡིན་པའི་ལས་སྒྲུབ་པ་ལ། གང་ཟག་ཕ་རོལ་པོ་ཚར་བཅད་པ་དེ་བསད་པ་ཐུན་མོང་མ་ཡིན་པའི་ལས་ཀྱང་གྲུབ་པས་ན་ཡང་མཐུ་ཆེན་པོ་འདི་ཞེས་གསུངས་སོ། །འོན་ཏེ་གང་སུའི་མཐུས་སྨྲས་ན། སངས་


DTG071_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་མཐུས་སྨྲས་སོ་ཞེས་གསུངས་སོ། །སངས་རྒྱས་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །འོ་ན་དེ་གང་གིས་སྨྲས་ན། ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ་ཞེས་གསུངས་སོ། །ལག་ན་རྡོ་རྗེ་ཞེས་པ་ཡང་གོང་དུ་བཤད་ཟིན་ཏོ། །འོ་ན་གང་སྨྲས་ཤེ་ན། གསང་སྔགས་ཀྱི་མཐུ་ཆེན་པོ་འདི་རབ་ཏུ་སྨྲས་སོ་ཞེས་གསུངས་སོ། །གསང་སྔགས་ཞེས་པའང་གོང་དུ་བཤད་ཟིན་ཏོ། །འོ་ན་ཡོན་ཏན་དུ་དང་ལྡན་པ་ཅིག་སྨྲས་ཤེ་ན། བདག་དང་གཞན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་རྣམ་པ་གཉིས་དང་ལྡན་པ་ཅིག་སྨྲས་སོ། །དེ་ཡང་བཤད་ཟིན་ཏོ། །དེས་ནི་ལྷ་དྲུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་བཤད་ཟིན་ཏོ།། །།ད་ནི་སྒྲ་དང་ཡི་གེའི་མཚན་ཉིད་བཤད་དེ། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པའི་བར་གྱིས་སྒྲ་དང་ཡི་གེའི་ལྷ་གཉིས་ཀ་བསྟན་ཏོ། །སྔགས་དོན་རྣམ་པར་དབྱེ་བ་ནི་འདིར་ཡང་མ་བཤད་དེ། དེའི་དོན་མི་འཆད་པ་ནི། ནུས་པ་ཆུང་བར་འགྱུར་བའི་ཕྱིར་དང༌། །སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྔགས་དོན་རྣམ་པར་འབྱེད་པའི་འགྲེལ་བ་ལས་ཤེས་པར་བྱའོ། །དེས་ནི་སྒྲ་དང་ཡི་གེ་གཅིག་ཏུ་བསྡུས་ཏེ་བཤད་ཟིན་ཏོ།། །།ད་ནི་འོད་ཟེར་སྤྲོ་བསྡུ་ལས་གཟུགས་ཀྱི་ལྷ་བསྐྱེད་པའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ཡང་སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྡིག་པ་ཞེས་པ་ནི་རྒྱ་གར་གྱི་སྒྲ་ལས་དྲངས་ན་པཱ་པཾ་ཀ་ལས་དྲངས་ན་སྡིག་པ་ཞེས་བྱ་སྟེ། སྡིག་པའི་ངོ་བོ་ནི་མི་མཛེས་པར་འཇུག་པའོ། །ངེས་པའི་ཚིག་ནི་ཅི་ཕྱིར་སྡིག་པ་ཞེ་ན། རྣམ་པར་སྨིན་པ་ཡིད་དུ་མི་འོང་པ་འབྱིན་པར་བྱེད་པས་ན་སྡིག་པའོ། །ཡང་ན་སྡིག་པ་ཞེས་བྱ་བ་ནི། ལུས་ལ་སོགས་པ་ལས་བྱུང་བ་མི་འདོད་པའི་བག་ཆགས་སེམས་ལ་ཡོད་པར་བྱའོ་ཞེས་གསུངས་སོ། །ཡང་ན་སྡིག་པ་ཞེས་བྱ་བ་ནི། སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་དེ། རབ་ཏུ་བྱུང་བ་ཉིད་ཀྱིས་ཤིན་ཏུ་འཇོམས་པ་ཉིད་ཡིན་པའི་ཕྱིར་ན། སྡིག་པ་ཞེས་གསུངས་སོ། །ཡང་ན་སྡིག་པ་ཐམས་ཅད་ཅེས་པ་ནི། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་དོ། །བྱང་བྱས་ནས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱི་སྟེང་གི་གཟུགས་ལས་འོད་ཟེར་དང༌། ལྷའི་སྐུ་བསམ་གྱིས་མི་ཁྱབ་


DTG071_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང། དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བཀོད་པའོ། །དཔེར་ན་མེ་ཡིས་རྩྭ་བསྲེག་པ། །རླུང་གིས་ཐལ་བ་མྱུར་དུ་དེད། །དེ་བཞིན་ཚེ་རབས་སྔ་མ་ལ། །བསགས་པའི་སྡིག་པ་ཐམས་ཅད་བསྲེགས། །དཔེར་ན་ཆར་པ་བབ་གྱུར་ཏེ། །རི་ལས་འབབ་ཆུ་འབབ་པ་ཡིས། །ས་ཡི་སྟེང་གི་ཕྱག་དར་དང༌། ཉལ་ཉིལ་ཐམས་ཅད་འདེད་པར་འགྱུར། །དེ་བཞིན་གཟུངས་འདི་མཐོང་བ་དང༌། །ཐོས་པ་ཙམ་གྱིས་སྡིག་པ་འབྱང༌། །ཞེས་གསུངས་སོ། །སྡུག་བསྔལ་ཞེས་བྱ་བའི་ངོ་བོ་ནི། ལུས་དང་སེམས་ལ་གནོད་པའི་མཚན་ཉིད་བཀྲེས་པ་དང༌། སྐོམ་པ་དང༌། བསད་པ་དང༌། ཡིད་མི་བདེ་བ་ལ་སོགས་པའི་རང་བཞིན་ནོ། །ངེས་པའི་ཚིག་ནི་ཅིའི་ཕྱིར་ན་སྡུག་བསྔལ། ལུས་སེམས་ངལ་ཞིང་དུབ་བས་ན་སྡུག་བསྔལ་ལོ། །ཐམས་ཅད་ཅེས་པ་ནི་སྡུག་བསྔལ་གསུམ་མམ། བརྒྱད་ལ་སོགས་པ་ལ་བྱའོ། །སྡུག་བསྔལ་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །སྡུག་བསྔལ་བརྒྱད་ནི། །སྐྱེ་བའི་སྡུག་བསྔལ་དང༌། རྒས་པའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་དང༌། དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ་དང༌། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ་དང༌། འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་དང༌། ཡོད་པ་བརླག་གིས་དོགས་པའི་སྡུག་བསྔལ་ལོ། །མེད་པར་བྱེད་ཅེས་པ་ནི། རྒྱུ་ཉོན་མོངས་པ་མེད་པས། འབྲས་བུ་སྡུག་བསྔལ་མི་འབྱུང་ངོ༌། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །འོད་ཟེར་དང་ལྷའི་སྐུ་འཕྲོས་པ་ཚུར་བཏུས་པའི་དོན་ཏོ། །རྒྱུད་དོ་ཅོག་ཅེས་པ་ནི། །འོད་ཟེར་དང་ལྷའི་སྐུའི་རྒྱུད་ཐམས་ཅད་ཀྱིས་ནམ་མཁའི་ཁམས་གང་བས་ན། རྒྱུད་དོ་ཅོག་གསུངས་སོ། །ཀྱི་ཞེས་པ་ནི་དྲུག་པ་འབྲེལ་པ་སྟོན་པར་བྱེད་པའི་སྒྲ་སྐྱེས་བུའིའོ། །རྩ་བ་ཞེས་པ་ནི་ཟླ་བའི་སྟེང་གི་གཟུངས་རིངས་སོ། །སྟེ་ཞེས་པ་ནི་ལྷག་མ་ལུས་པའི་ཚིག་སྟེ། ཡང་འོད་ཟེར་དང་ལྷའི་སྐུ་སླར་ལ་ཚུར་འདུས་


DTG071_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེས་ན། རྒྱུད་དོ་ཅོག་གི་རྩྭ་བ་སྟེ། །ཞེས་གསུངས་སོ། །དཔལ་ཀུན་ཞེས་པ་ནི། འོད་ཟེར་དང་ལྷའི་སྐུ་ཡིས་སེམས་ཅན་གྱི་དོན་བྱས་པ་དང༌། འཕགས་པ་མཆོད་པས་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གྱིས་ཞེས་པ་ནི་དྲུག་པ་འབྲེལ་བར་བྱེད་པའི་སྒྲའོ། །ལེགས་པར་བརྒྱན་ཞེས་པ་ནི་ཟླ་བའི་སྟེང་ན་གཟུགས་ཚོགས་གཉིས་ཀྱི་ཡོན་ཏན་དང་ལྡན་པའམ། མཛེས་པར་བྱེད་པ་ནི། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་གསུངས་སོ། །དེས་ནི་འོད་ཟེར་སྤྲོ་བསྡུ་ལས། །གཟུགས་ཀྱི་ལྷ་བསྐྱེད་པ་བསྟན་ཏེ། བཤད་ཟིན་ཏོ། །ཡང་རྒོལ་ཏེ་གསང་སྔགས་སྤྱིའི་རྒྱུད་ཀྱི་ལུགས་ཀྱིས། ལྷའི་སྐུ་བསྒོམས་པས་སྐྱོན། བཟླས་བརྗོད་བྱ་བ་སྟོན་པ་ཡིན་པ་ལ། གཟུངས་འདིའི་ནང་དུ་ལྷའི་སྐུ་བསྒོམས་པའི་རྗེས་ལ། བཟླས་བརྗོད་བྱ་བ་མི་སྟོན་པར། འོད་ཟེར་སྤྲོ་བསྡུ་དང༌། བཟླས་བརྗོད་དང༌། བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གང་ཟག་སྟོན་པ་ཅི་ལས་དགོངས་ཤེ་ན། དེ་ལྟར་གཟུངས་ཀྱི་དགོངས་པ་ནི། འོད་ཟེར་སྤྲོ་བསྡུ་ཡང་སེམས་ཅན་དབང་པོ་ཉམས་པ་ལ་སོགས་པའི་གང་ཟག་འདི་དག་གི་དོན་དུ་བྱས་པའི་ཕྱིར་དང༌། འོད་ཟེར་སྤྲོ་བསྡུ་དང༌། བསྙེན་གྲུབ་བྱ་བ་ཡང་གང་ཟག་འདི་རྣམས་ཀྱི་དོན་དུ་བྱེད་པ་ཡིན་པའི་ཕྱིར་ན། ལྷའི་སྐུ་བསྒོམ་པ་གསུངས་པའི་རྗེས་ལ། ལྷའི་སྐུ་བསྒོམས་ནས། འོད་ཟེར་སྤྲོ་བསྡུ་དང་བཟླས་བརྗོད་དང༌། བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གང་ཟག་བསྟན་གྱི། བཟླས་བརྗོད་བྱ་བ་དང༌། བསྙེན་སྒྲུབ་བྱ་བ་མ་གསུངས་པ་ནི། དེ་ལ་དགོངས་པའོ། །ཡང་ན་ཚིག་ཚོགས་ཆུང་བར་བྱ་བའི་ཕྱིར་རོ། །ད་ནི་འོད་ཟེར་སྤྲོ་བསྡུ་གང་གི་དོན་དུ་བྱ་བའི་གདུལ་བྱ་བཤད་པར་བྱ་སྟེ། འོ་ན། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་གསུངས་ཏེ། གང་གི་སྡིག་པ་བྱང་བར་བྱས་ནས། སྡུག་བསྔལ་མེད་པར་བྱེད་ཅེ་ན། །སེམས་ཅན་དབང་པོ་ཉམས་པ་དང༌། །བྱ་བ་ལ་སོགས་པ་དེ་དག་གི་སྡིག་པ་བྱང་ནས། སྡུག་བསྔལ་མེད་པར་བྱེད་དོ། །སེམས་ཅན་ཞེས་པ་ནི་འགྲོ་བ་རིགས་དྲུག་ཐམས་ཅད་དོ། །དབང་པོ་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་དྲུག་དང༌། དད་པ་ལ་སོགས་པའི་དབང་པོ་ལྔའོ། །


DTG071_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་ཞེས་པ་ནི། གདོན་ཆེན་པོ་བརྒྱད་ལ་སོགས་པས་བྱིན་གྱིས་བརླབས་པའོ། །དེ་ལ་དབང་པོ་དྲུག་ཉམས་པ་ནི། མིག་ཏུ་ལིང་ཏོག་ཞུགས་པ་དང༌། །རྣ་བ་འོན་པ་ལ་སོགས་པའོ། །འོག་མ་ལྔ་ཉམས་པ་ནི་སྔར་དད་པ་ཆེ་བ་ལ། ཕྱིས་ཆུང་བར་སོང་བ་དང་སྔར་བརྩོན་འགྲུས་ཆེ་བ་ལ་ཕྱིས་ཆུང་དུར་སོང་བ་དང་སྔར་དྲན་པ་གསལ་པ་ལ་ཕྱིས་བརྗེད་པར་སོང་བ་དང༌། སྔར་ཏིང་ངེ་འཛིན་བཟང་པོ་ཡོད་པ་ལ་ཕྱིས་ངན་པར་སོང་བ་དང༌། སྔར་ཤེས་རབ་རྣོན་པོ་ལས། །ཕྱིས་ཤེས་རབ་རྟུལ་ཏུ་སོང་བའོ། །དེ་ཚོ་ཐམས་ཅད་ཀྱང་གདོན་གྱིས་བྱས་པར་དཔུང་བཟངས་དང༌། རིག་པ་མཆོག་ལས་གསུངས་སོ། །དེ་ཚོ་གང་ཉམས་ཀྱང་འདིའི་བསྙེན་པ་སྔོན་དུ་སོང་བས། འདིའི་དཀྱིལ་འཁོར་བྱས་ཏེ་ཁྲུས་དང༌། བྱབ་པ་དང༌། བསྐྲད་པ་དང༌། སྲུང་བ་ལ་སོགས་པ་བྱས་ནས་གྲོལ་བར་འགྱུར་རོ། །བསྙེན་སྒྲུབ་རྣམ་པ་གཉིས་ནི་འདི་དག་ཐམས་ཅད་ལ་སྦྱར་བར་བྱའོ། །ཚེ་ཟད་པ་དང༌། ཞེས་པ་ནི། སྔོན་གྱི་རྣམས་སྨིན་གྱིས་ཚེ་ཟད་པ་ལ་ཆོ་ག་འདི་བྱས་ཏེ། བསྐྲད་པ་དང༌། རྡོ་རྗེས་བྱ་བ་ཙམ་གྱིས། དེའི་ཚེ་ཡོངས་སུ་ཟད་པ་ལས་ཀྱང་རྣམ་པར་འཕེལ་ཏེ། རིང་དུ་བདེ་བར་འཚོ་བར་འགྱུར་རོ། །ཚེ་ཉམས་དང་ཞེས་པ་ནི། སྔོན་གྱི་རྣམ་སྨིན་གྱིས་ཚེ་མ་ཟད་ཀྱང་འཕྲལ་གྱི་རྐྱེན་གྱིས་སྲོག་གི་བར་ཆད་དུ་འགྱུར་བ་ལ་ཡང༌། འདིའི་ཆོ་ག་བྱས་ན་ཚེའི་བར་ཆད་དང༌། དུས་མ་ཡིན་པར་འཆི་བ་བརྒྱད་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ༌། །འབྱུང་བར་མི་འགྱུར་རོ། །དཔེར་ན་སྐམ་པོར་འགྲེ་ལྡོག་ཉ། །ཆུ་དང་བྲལ་བས་འཆི་སྒོར་འགྲོ། །ལ་ལས་སླར་ཡང་ཆུ་བོར་ན། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་པ་ཙམ་གྱིས་ཀྱང༌། མི་རྣམས་ཚེ་ནི་ཟློག་པར་བྱེད། །ཅེས་གསུངས་སོ། །ཕུན་སུམ་ཚོགས་པ་ནི། བཀྲ་ཤིས་པའམ། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པ་སྟེ། དེ་ལས་བཟློག་པ་སྟེ། ཕུན་སུམ་ཚོགས་མིན་ཞེས་གསུངས་སོ། །གང་ཆགས་དང་ཞེས་པ་ནི། གང་ཟག་དེའི་རྒྱུད་ལ་བཀྲ་ཤིས་མི་ཤིས་པ་ཐམས་ཅད་དང་ལྡན་པའོ། །ལྷ་རྣམས་ཞེས་པ་ནི། །འཇིག་རྟེན་པའི་ལྷ་དང༌། ཡེ་ཤེས་ཀྱི་ལྷ་མང་པོ་ཡོད་པས་ན་ལྷ་རྣམས་ཞེས་གསུངས་སོ། །རྒྱབ་ཀྱིས་ཕྱོགས་པ་དང་ཞེས་པ་ནི། །བདག་ཉིད་ཀྱི་སྐུ་


DTG071_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་དམ་ཚིག་ཉམས་པའི་དབང་གིས། །ལྷ་གཉིས་པོ་དེ་མ་རྗེས་ཏེ། བདག་ལ་མགོན་སྐྱབས་དང༌། དཔུང་གྱེན་མི་བྱེད་པ་དང༌། སྐྱབས་བྱིན་ལ་སོགས་པ་མི་བྱེད་པའོ། །འཇིག་རྟེན་པའི་ལྷ་རྒྱབ་ཀྱིས་ཕྱོགས་པ་ནི། །འཕངས་པ་སྟེ་བདག་གི་སྟོང་གྲོགས་མི་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ལྷ་རྒྱབ་ཀྱིས་ཕྱོགས་པ་ནི། །དབང་བསྐུར་བའི་དུས་སུ། །སློབ་དཔོན་གྱི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་ཡེ་ཤེས་སེམས་དཔའ་བསྟིམས་ནས་གཞན་པ་བདག་ཉིད་ཀྱིས་དམ་ཚིག་ཉམས་པའི་དབང་གིས་སྙིང་ག་དྲལ་ཏེ་གཤེགས་པའོ། །དེ་ལྟར་གྱུར་ན་ཡང༌། བདག་ཉིད་ལ་ཁྲུས་ཀྱི་ཆོ་ག་འདི་བྱས་པས། དམ་ཚིག་ཉམས་པ་ལས་བསྐོངས་ཏེ། བྱིན་གྱིས་རློབ་པ་ལ་སོགས་པ་བྱེད་པར་འགྱུར་རོ། །འཇིག་རྟེན་པའི་ལྷ་རིང་དུ་འཕངས་ཀྱང་ཁུགས་ཏེ། དཔུང་གཉེན་ལ་སོགས་པ་བྱེད་པར་འགྱུར་རོ། །མཛའ་བའི་སྐྱེ་བོ་ཞེས་པ་ནི། ཕེབས་པར་སྨྲ་བའམ། ཡིད་བཙུགས་པ་ལ་སོགས་པ་བྱེད་པའོ། །སྡུག་བའི་སྐྱེ་བོ་ཕེབས་པར་སྨྲ་བ་ལ་སོགས་པ་མ་ཡིན་གྱི་ཕན་ཚུན་གཅིག་ལ་གཅིག་ཡིད་དུ་འོང་བ་དང༌། སྙིང་དུ་སྡུག་པའོ། །སྡང་བ་ཞེས་པ་ནི། བདག་ཉིད་ཀྱིས་ཉེས་པ་ཅི་ཡང་མ་བྱས་པར། དེ་གཉིས་བདག་ལ་སྡང་བར་གྱུར་པ་ཡང་གདོན་གྱི་བྱས་པར་རིག་པ་མཆོག་གི་རྒྱུད་ལས་གསུངས་སོ། །བྲན་སོགས་ཞེས་པ་ནི་རང་གི་འཁོར་དང་གཡོག་ལ་སོགས་པའོ། །གཟའ་ལ་སོགས་ཞེས་པ་ནི། །རང་གི་བུ་དང་ཆུང་མ་དང་སོགས་པའོ། །གཙེས་པ་དང་ཞེས་པ་ནི། །དེ་ལ་དེ་ཚེ་གནོད་པ་བྱེད་པའོ། །ཕན་ཚུན་མཐུན་པ་མ་ཡིན་དང༌། ཞེས་པ་ནི། སྐྱེ་བོ་ནང་ཕན་ཚུན་གནོད་པ་དང༌། རྣམ་པར་རྩོད་པའོ། །རྩོད་པ་ནི་གཅིག་དང་ཤགས་འགྱེད་པའོ། །རྣམ་པར་རྩོད་པ་ནི། །གཡུལ་བཤམས་ནས་འཐབ་པའོ། །ནོར་འགྲིབས་པས་ནི་གནོད་པ་དང༌། ཞེས་པ་ནི། །བདག་ཉིད་སྔར་ཕྱུག་པ་ལས། ཕྱིས་དབུལ་པོར་གྱུར་པའམ། ཚོང་བྱས་ཀྱང་ལེགས་པར་མི་འོང་བ་དང༌། སོ་ནམས་བྱས་ཀྱང་འབྲས་བུ་ལ་སོགས་པ་མང་པོའི་མི་འབྱུང་བའོ། །མྱ་ངན་ལས་བྱུང་བའི་གནོད་པ་ཞེས་བྱ་བ་ནི། །དཔེར་ན་རྒན་མོ་ཅིག་གི་བུ་གཅིག་པ་ཤི་སྟེ། ཡིད་ལ་བུའི་ཁ་དོག་


DTG071_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དང། དབྱིབས་ཀྱི་རྣམ་པ་ཡིད་ལ་བྱས་ཤིང༌། ངག་ཏུ་བུ་ཞེས་བརྗོད་པས། བུ་ལ་སེམས་ཟིན་ནས་བུ་ཤི་བའི་གཟུགས་མིག་སྔར་བྱུང་བས། ངའི་བུ་ཁྱེར་བའི་འདྲེ་བྱུང་ངོ་ཟེར་བའི་ལོག་པའི་ཤེས་པ་ལ་བརྟེན་ནས། གདོན་ལ་སོགས་པ་འཇུག་གོ །ངལ་བ་ལས་བྱུང་བའི་གནོད་པ་དང་ཞེས་པ་ནི། བདག་ཉིད་ཀྱི་ལུས་དང་སེམས་དུབ་པར་གྱུར་ནས་ཡིད་འཁྲུལ་ནས། འདྲེ་ལ་སོགས་པས་ཁྱེར་བ་ཡིན་ནམ་སྙམ་པའི་ལོག་པའི་ཤེས་པ་ལ་བརྟེན་ནས། གདོན་ལ་སོགས་པ་འཇུག་པར་འགྱུར་རོ། །འཇིགས་པ་དང་ནི་ཞེས་པ་ནི། སྤྲུལ་དང་གླང་པ་ཆེའི་འཇིགས་པ་ལ་སོགས་པ་བརྒྱད་ཡོད་དོ། །ཡང་ན་དམྱལ་བའི་འཇིག་རྟེན་མཐའ་ཡས་པ་དང༌། ཡི་དགས་ཀྱི་འཇིག་རྟེན་མཐའ་ཡས་པ་དང༌། དུད་འགྲོའི་འཇིག་རྟེན་མཐའ་ཡས་པ་དང༌། གཤིན་རྗེའི་འཇིག་རྟེན་མཐའ་ཡས་པ་དང༌། བགྲོད་དཀའ་བའི་འཇིག་རྟེན་མཐའ་ཡས་པ་དང༌། སྐྱེ་བའི་འཇིག་པ་མཐའ་ཡས་པ་དང༌། ན་བའི་འཇིགས་པ་མཐའ་ཡས་པ་དང༌། འཆི་བའི་འཇིགས་པ་མཐའ་ཡས་པའོ། །ཕོངས་པ་དང་ཞེས་པ་ནི། །བདག་ཉིད་དང་པོ་ནས་དབུལ་བར་གྱུར་པའོ། །གཟའ་དང་ཞེས་པ་ནི་གཟའ་ཆེན་པོ་རཱ་ཧུ་ལ་ལ་སོགས་པ་བརྒྱད་དོ། །རྒྱུ་སྐར་ཞེས་པ་ནི་སྨིན་དྲུག་ལ་སོགས་པ་ཉི་ཤུ་རྩ་བརྒྱད་དོ། །གཟའ་སྐར་ངན་པ་ལ་ན་བ་དང༌། ཤི་བ་དང༌། སྐྱེས་པ་ལ་སོགས་པ་བྱུང་ན། ཡང་འདིའི་ཆོ་ག་བྱས་ན་ངེས་པར་ཞི་བར་འགྱུར་རོ། །བྱང་སྟེམས་དང་ཞེས་པ་ནི། །འཁྲུལ་འཁོར་ལ་སོགས་པར་བདག་གི་མིང་རུས་ལ་སོགས་པ་བཅུག་པའམ། མི་བཟད་གདོན་གྱི་ཞེས་པ་ནི་ལྷའི་གདོན་ལ་སོགས་པ་གདོན་ཆེན་པོ་བཅོ་བརྒྱད་ལས་དགེ་སློང་དང༌། རྒྱལ་པོ་ལ་འཛིན་པའི་སྲིན་པོའི་གདོན་ལ་སོགས་པའི་གདོན་ཆེན་པོ་བཞིའོ། །ཉན་པ་ཞེས་པ་ནི། །སེམས་ཅན་གྱི་ལུས་སམ། སེམས་ལ་ཞུགས་པའི། །མྱ་ངན་ངལ་ནས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །ཞེས་པ་ནི། གང་གི་རང་གི་རྨི་ལམ་དུ་བྱུང་བ་སྟེ། རྨི་ལྟས་ངན་པ་སུམ་ཅུ་རྩ་གཉིས་པོ་གང་བྱུང་ཡང་འདིའི་ཆོ་ག་བྱས་ན་བཟློག་གོ །སྡིག་པ་མཐོང་ན་ཡང་ཞེས་པ་བཀའ་མི་ཤིས་པའི་མཚན་མ་ལ་སོགས་


DTG071_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་བའོ། །དེ་ཚོ་གང་བྱུང་ཡང་བཟླས་བརྗོད་བྱས་པས་སྒོ་ནས། འོད་ཟེར་སྤྲོ་བསྡུ་དང༌། ཁྲུས་ཀྱི་ཆོ་ག་བྱས་པས། དེ་དག་ཐམས་ཅད་ལ་གྲོལ་བར་འགྱུར་རོ། །དེས་ནི་བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གདུལ་བྱ་བསྟན་ཏོ། །ད་ནི་བསྙེན་པའི་དུས་ན་སྒྲ་ལ་གནས་པའི་བསམ་གཏན་བསྟན་ཏེ། དེ་ལ་གསུམ། སྦྱོར་བའི་ཆོ་ག་སྔོན་དུ་བྱ་བ་དང༌། སྒྲ་ལ་གནས་པའི་སྦམ་གཏན་དངོས་དང༌། དེ་བྱ་བའི་ཕན་ཡོན་ནོ། །དང་པོ་ནི། དེ་ནི་རབ་བཀྲུས་གཙང་མ་ཡིན། །བྱ་བ་དང༌། གང་དག་ཡིད་དགེ་སེམས་དང་ཞིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །བྱ་བའི་ཚིག་རྐང་གསུམ་གྱིས་སོ། མདོ་སྡེ་དམ་པ་མཉམ་པར་བྱ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། མདོ་སྡེའི་འདི་ནི་བྱན་བྱེད་ན། །ཞེས་པའི་ཚིག་རྐང་གསུམ་གྱི་ནི་དངོས་གཞི་བསྟན་ཏོ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་པ་ནས། །སྡིག་བ་ཀུན་ལས་རྣམ་པར་ཐར། །ཞེས་པའི་ཚིག་རྐང་བདུན་གྱི་ཕན་ཡོན་བསྟན་ཏོ། །སྔོན་དུ་བྱ་བ་ནི། །དེ་ཡང་སུ་སིདྡྷི་ཀ་ར་ལས། །ལུས་དང་ངག་གི་གཙང་སྦྲ་དང༌། གསུམ་པ་ཡིད་ཀྱི་གཙང་སྦྲ་སྟེ། །བཞི་པ་བདེན་པར་སྨྲ་བའོ། །ལྔ་པ་ཕྱི་ཡི་གཙང་སྦྲར་བཤད། །ཅེས་གསུངས་སོ། །དེས་ནི་ཞེས་པས་ནི་སྒྲུབ་པ་པོ་བསྟན་ཏོ། རབ་བཀྲུས་ཞེས་པ་ནི། །ཕྱིའི་གཙང་སྦྲ་སྟེ། ས་དང་ཆུའི་ཁྲུས་དང༌། འཐོར་འཐུང་ཉེ་རེག་གི་བར་དུ། །གཙང་མ་ཞེས་པ་ནི། །མི་གཙང་བ་དག་པའི་གནས་སྐབས་སོ། །ཡིད་ཅེས་པ་ནི། །དག་པར་བྱས་ནས་སྒྲ་ལ་གནས་པའི་བསམ་གཏན་བྱ་བའི་དོན་ཏོ། །འདིས་མཚོན་ཏེ། ཆོ་ག་ཡན་ལག་དྲུག་གིས་ལྷ་བསྐྱེད་པའི་སྔོན་དུ་ཡང༌། ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱའོ། །གང་དག་ཡིད་དགེ་ཞེས་པ་ནི་ཡིད་ཆེས་པའི་དད་པས་ཀུན་ནས་བསླངས་ནས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་མི་བྱེད་པའོ། །སེམས་དང་ཞིང་ཞེས་པ་ནི། །དད་པ་རྣམས་གསུམ་ལས་དང་བའི་དད་པ་སྟེ། བདག་ཉིད་ཀྱི་སེམས་ཉོན་མོངས་པའི་རྙོག་མ་དང་མི་ལྡན་པའོ། །གཙང་མའི་གོས་ཞེས་པ་ནི་སྔགས་པས་ཐང་གོས་དཀར་ལ་ཤིན་ཏུ་འཇམ་པ་ལ། དུས་གསུམ་དུ་བཀྲུ་བ་དང༌། ཡང་གུ་གུལ་གྱི་དུད་པས་བདུག་ཅིང་སྔགས་བཟླས་སོ། །ཡང་ན་བསང་གཏོར་


DTG071_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ཡང་སུ་སིདྡྷི་ཀ་ར་ལས། །སྔགས་པས་ཐང་གོས་མི་སྤང་ཞིང༌། །དཀར་ལ་ཤིན་ཏུ་འཇམ་པོ་དེ། །ཉིན་གཅིག་བཞིན་དུ་བསང་བར་བྱ། །ཞེས་གསུངས་སོ། །རབ་བརྒྱན་ཏེ་ཞེས་པ་ནི། སྔགས་གོས་ཀྱིས་སྔགས་པ་ཤིན་ཏུ་མཛེས་པར་བྱས་པའོ། །སྒྲ་ལ་གནས་པའི་བསམ་གཏན་གྱི་སྦྱོར་བའི་ཆོ་གའི་སྔོན་དུ་བྱ་བ་བཤད་ཟིན་ཏོ།། །།ད་ནི་སྒྲ་ལ་གནས་པའི་བསམ་གཏན་གྱི་དངོས་གཞིའི་ཆོ་ག་དངོས་བསྟན་ཏེ། མདོ་སྡེ་ཞེས་པ་ནི། མཚན་ཉིད་མདོར་བསྡུས་ནས་བསྟན་དུ་རུང་བ་དང༌། གཉེན་པོ་རྣམ་པར་འགལ་བའི་སྒོ་ནས་སྤོང་པས་ན་མདོ་སྡེའོ། །དམ་ཞེས་པ་ནི། བསྐྱེད་རིམ་གསུམ་ཀ་བྱ་བར་འཐད་པས་ན། དམ་པ་ཞེས་གསུངས་སོ། །ཡང་ན་མཚན་ཉིད་ཀྱི་ཐེག་པ་ལས་མཆོག་ཏུ་གྱུར་པས་ན། དམ་པ་ཞེས་བྱའོ། །ཇི་ལྟར་མཆོག་ཏུ་གྱུར་ནས་མཚན་ཉིད་ཀྱི་ཐེག་པས་ཁྲུས་དང་གཙང་སྦྲ་དང༌། དཀའ་ཐུབ་ལ་སོགས་པའི་སྒོ་ནས་དངོས་གྲུབ་བསྒྲུབས་ཀྱང་ཚེ་འདི་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་ལ་སོགས་པ་མི་ཐོབ་ལ། གཟུངས་འདིས་ནི་ཚེ་འདི་ལ་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་བས་ན། དམ་པ་ཞེས་གསུངས་སོ། །མཉན་པར་བྱ་ཞེས་པ་ནི་ངག་གི་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་སྤངས་ཏེ། བདག་ཉིད་ཀྱི་སེམས་སྒྲ་སྤྱིའི་རྣམ་པར་སྣང་བའོ། །ཟབ་མོ་ཞེས་པ་ནི། སྒྲུབ་པ་པོའི་སྒྲ་ལ་གནས་པའི་བསམ་གཏན་བྱེད་པ་དེ། ཐ་མལ་པའི་སོ་སོའི་སྐྱེ་བོས་མི་རྟོགས་པས་ན་ཟབ་མོ་ཞེས་པའོ། །འོ་ན་སྒྲ་ལ་གནས་པའི་བསམ་གཏན་ཏེ་སུས་རྟོགས་ཤེ་ན། སངས་རྒྱས་སྤྱོད་ཡུལ་པ་ཞེས་པ་གསུངས་ཏེ། སངས་རྒྱས་ཉག་གཅིག་ཁོ་ནའི་སྤྱོད་ཡུལ་ཡིན་པས་དེས་མཁྱེན་ཏོ། །མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་པ་ནི་སྒྲ་ལ་གནས་པའི་བསམ་གཏན་འདི་བྱེད་ན་ཞེས་པའི་དོན་ཏོ། །སྒྲ་ལ་གནས་པའི་བསམ་གཏན་གྱི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་སྒྲ་ལ་གནས་པའི་བསམ་གཏན་གྱི་ཕན་ཡོན་བཤད་པར་བྱ་སྟེ། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་པ་ནི་སྒྲ་ལ་གནས་པའི་བསམ་གཏན་གྱི་ཕན་ཡོན་གྱིས་ཞེས་པའི་དོན་ཏོ། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །ཞེས་པ་ནི་འགྲོ་བའི་རིས་ལྔའོ། །མི་བཟད་པ་ཡི་ནད་རྣམས་ཀུན། །ཞེས་པ་ནི་མཛེའི་ནད་ལ་


DTG071_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །དེ་དག་ཐམས་ཅད་ཞི་བར་བལྟ། །ཞེས་པ་ནི་མི་བཟད་པའི་ནད་ཆེན་པོ་ལས་ཐར་བར་བྱེད་ཅེས་པའི་དོན་ཏོ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཞེས་པ་ནི་སྔོན་གྱི་རྣམ་པར་སྨིན་པ་ལས་ཚེ་སླར་ནུར་ཏེ་རིང་པོར་ཐུབ་པའོ། །དཔེར་ན་བཅུད་ལེན་གྱི་སྨན་སྦྱོར་ལྟ་བུའོ། བསོད་ནམས་འཕེལ་པར་འགྱུར་ཞེས་པ་ནི། བདག་གི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་འགྱུར་བའོ། །དཔེར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་འདྲིའམ། བྲིས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་པ་ལ་སོགས་པ་བྱས་ནས། མེ་ཏོག་ལ་སོགས་པས་མཆོད་པ་དང༌། རིམ་གྲོ་ལ་སོགས་པ་བྱས་ན། དེ་དང་དེའི་བསོད་ནམས་འཕེལ་བར་འགྱུར་བ་ལྟ་བུའམ། ས་ཆེན་པོ་ལ་ས་བོན་བཏབ་ནས་རྒྱུ་རྐྱེན་ཚོགས་པར་གྱུར་ནས། རྣམ་པར་འཕེལ་པར་འགྱུར་བ་ལྟ་བུའོ། །སྡིག་པ་ཀུན་ལས་རྣམ་པར་ཐར། ཞེས་པ་ནི་ཡིད་དུ་མི་འོང་བ་ཐམས་ཅད་མི་འབྱུང་བའོ། །ཡང་ན་མི་དགེ་བ་བཅུ་དང༌། ལས་ཀྱི་སྒྲིབ་པ་གདོན་མི་ཟ་བར་མྱོང་བར་འགྱུར་བ་ཐམས་ཅད་སྤངས་པའོ། །དཔེར་ན་མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུ་སྤྱོད་པའི་གང་ཟག་ལྟ་བུའོ། །སྒྲ་ལ་གནས་པའི་བསམ་གཏན་བྱ་བར་འདོད་ན། བསམ་གཏན་ཕྱི་མ་ལས་ཀྱང༌། གསང་སྔགས་ལ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པ་ཡིན། །ཞེས་གསུངས་སོ། །སྒྲ་ལ་གནས་པའི་བསམ་གཏན་ནི། །བདག་ཉིད་ལྷར་བསྐྱེད་པ་མི་དམིགས་པར་བསམས་ལ་བདེ་བའི་རྗེས་ལ། བདག་ཉིད་ཀྱི་སེམས་སྟོང་པ་ཉིད་ཀྱི་ངང་ལས། ནམ་མཁའ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། གཟུངས་སྔགས་ལ་སོགས་པ་དཀར་ཤ་རེ་ཡོད་པར་བསམས་ལ། ཡི་གེ་དེའི་འོད་ཟེར་མེ་འབར་བ་ལྟ་བུར་བསམས་ཏེ། ཕྱི་ནས་དེ་ཚེ་ཡང་མི་དམིགས་པར་བསམས་ལེ། བདག་ཉིད་ཀྱི་སེམས་ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུ་ཡི་གེའི་རང་སྒྲ་སྒྲོགས་པ་དེ་ཡང་དཔེར་ན་དྲིལ་བུའི་སྒྲ་དང་འདྲ་བར་རྒྱུན་མི་འཆད་པར་བདག་ཉིད་ཀྱི་སེམས་སྒྲ་སྤྱི་ཡི་རྣམ་པར་གྲག་པར་བསམ་


DTG071_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །དེ་ནི་སྒྲ་ལ་གནས་པའི་བསམ་གཏན་ནོ། །དེ་མི་བྱེད་ན་དམིགས་པ་གསུམ་གྱིས་བྱ་བའམ། ཡན་ལག་བཞིས་བྱ་སྟེ། དམིགས་པ་གསུམ་ནི། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་ཡི་གེ་བཞི་ལ་གནས། །ཞེས་བསམ་གཏན་ཕྱི་མ་ལས་གསུངས་སོ། །གསང་སྔགས་ཀྱི་ཡི་གེ་དང༌། དེའི་གདན་ཟླ་བའི་དཀྱིལ་འཁོར་དང༌། དེ་བཞིན་གཤེགས་པའི་སྐུའོ། །དང་པོ་ནི་གཟུགས་ལ་དམིགས། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་དམིགས། དེ་ནས་བཅོམ་ལྡན་འདས་ལ་དམིགས་སོ། །ཡན་ལག་བཞི་ནི། བཅོམ་ལྡན་འདས་བུམ་པའི་ནང་ན་བཞུགས་པ་དང༌། བདག་ཉིད་ལྷ་རུ་བསྐྱེད་པ་དང༌། དེ་གཉིས་ཀྱི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་རེ་རེ་ཡོད་པ་དང༌། དེའི་སྟེང་ན་གཟུངས་རིངས་སམ། ཡང་སྙིང་ངམ། རིགས་ཀྱི་སྙིང་པོ་གང་རུང་གནས་པར་བསམ་མོ། །འོ་ན་ལྷ་ནི་གཉིས་སུ་བཤད་ལ། སྔགས་དང༌། ཟླ་བ་གཉིས་གཉིས་སུ་མི་འཆད་པ་ཅིའི་ཕྱིར་ཞེ་ན། ནང་དུ་བསྡུས་ཙམ་ན་གསུམ་ལས་མེད་པས་དེ་རུ་ཡང་འདྲ་གསུང་ངོ༌། །ཡང་ན་གསང་སྔགས་དང་བཟླས་པ་གཉིས་ནི་རིགས་མི་མཐུན་པར་ཡང་རྣམ་པར་བཅད་པའི་ལྡོག་པ་མཚུངས་ལ་ལྷ་ནི་མི་མཚུངས་པ་ཡང་སྲིད་པས་ན་ལྷ་ལ་གསུམ་དུ་བཤད་པ། སྔགས་དང་ཟླ་བ་གཉིས་ལ་རིགས་འདྲ་བས་རེ་རེར་མ་བཤད་དོ། །བཟླས་བརྗོད་བྱེད་པའི་ཟློས་ལུགས་ནི་གཉིས་ཏེ། རྡོ་རྗེའི་ཚིག་གམ། ཤུ་བུའི་སྦྱོར་བས་ཧ་ཅང་མི་དལ་མི་མྱུར་བར་སྔགས་ཀྱི་ཡི་གེ་བརྗོད་ཅིང་བཟླས་བརྗོད་བྱའོ། །དེ་གཉིས་ཀྱི་གྲངས་ནི་གཙོ་འཁོར་ཡོད་ན་གཙོ་བོ་ལ་འབུམ་ཕྲག་གཅིག །འཁོར་རྣམས་ལ་ཁྲི་ཕྲག་རེ་རེ་བྱའོ། །ཡི་གེའི་གྲངས་ཀྱིས་བྱེད་ན། བཅོ་ལྔ་མན་ཆད་ཀྱི་ཡི་གེ་རེ་རེ་ཞིང་འབུམ་ཕྲག་རེ་རེ་བྱའོ། །བཅུ་དྲུག་ཡན་ཆད་ནས། སུམ་ཅུ་རྩ་གཉིས་མན་ཆད་ལ་ནི་འབུམ་ཕྲག་གསུམ་བྱའོ། །དེ་ཡན་ཆད་ལ་ནི་འབུམ་ཕྲག་གསུམ་བྱའོ་གསུང་ངོ༌། །འདིར་ནི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ། སྒྲ་ལ་གནས་པའི་བསམ་གཏན་ལ་མཆོག་ཏུ་བརྙེས་པ། །བསྙེན་པའི་དུས་སུ་དེ་བྱའོ། །བུམ་པ་ལ་བྱེད་ན་གཅིག་བྱའོ། །བསྙེན་པ་དང་སྒྲུབ་པའི་བར་དུ་བཟླས་བརྗོད་བྱེད་པ་ནི་གཉིས་ཀའི་ཤེས་པར་


DTG071_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ད་ནི་སྒྲུབ་པའི་ཆོ་ག་བསྟན་ཏེ། འོ་ན་སྒྲུབ་པའི་ལུགས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་དགོས་པ་ཡིན་ན་བྱེ་བྲག་གི་རྒྱུད་འདི་རུ་དཀྱིལ་འཁོར་གྱི་ཆོ་ག་མི་སྟོན་པ་ཅིའི་སླད་དུ་ཞེ་ན། བུམ་པའི་ཆོ་ག་ནི་དཀྱིལ་འཁོར་ལ་རག་ལས་པ་ཡིན་པས། དེ་བསྟན་པས་དཀྱིལ་འཁོར་ཡང་ཤུགས་ཀྱིས་ཤེས་པ་ཡིན་ནོ། །བུམ་པའི་ཆོ་ག་དཀྱིལ་འཁོར་ལ་རག་ལས་པར་ནི་དཔུང་བཟངས་ཀྱི་རྒྱུད་ལས་གསུངས་ཏེ། དཀྱིལ་འཁོར་ཁོར་ཡུག་བུམ་པ་གཞག་པར་བྱ། །ཞེས་གསུངས་པ་དང༌། བུམ་པ་བརྒྱད་ཡོད་ན་བུམ་པ་སྒོ་བཞིའི་ལོགས་སུ་གཞག་པ་དང༌། བཅུ་གཉིས་ཡོད་ན་ཟུར་བཞིར་ཡང་གཞག་གསུང་ངོ༌། །གསང་བ་སྤྱི་རྒྱུད་ལས་ཀྱང༌། གྲྭ་དང་སྒོ་ནི་མ་ལུས་པར། བུམ་པ་དག་ཀྱང་བཞག་ནས་ནི། །བར་སྒོ་ཆེན་པོ་གཉིས་གཉིས་ཤིག །ཁྱད་པར་དུ་ནི་གཞག་པར་བྱ། །བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་གཞག་པར་བྱ། །ཞེས་གསུངས་སོ། །འོ་ན་འདི་རུ་དཀྱིལ་འཁོར་བསྟན་ལ། བུམ་པའི་ཆོ་ག་སྤྱི་རྒྱུད་དུ་ཁ་མི་བསྐང་པ་ཅིའི་ཕྱིར་ཞེ་ན། དེ་ནི་མི་འདྲ་སྟེ། དཀྱིལ་འཁོར་གྱི་ཆོ་ག་དང་བྲི་བ་ཙམ་དུ་ཁྱད་མེད་ལ། བུམ་པའི་ཆོ་ག་ལ་ནི་བྱེ་བྲག་ཡོད་པས། རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་རྫས་ཐུན་མོང་མ་ཡིན་པ་དགོས་ཏེ། ཡུངས་ཀར་དང༌། རྩྭ་དཱུར་བ་དང༌། རྡོ་རྗེ་ཕ་ལམ་དང༌། མེ་ཏོག་དམར་པོའི་ཕྲེང་བ་རྣམས་སོ། །དེས་ན་དཀྱིལ་འཁོར་གྱི་ཆོ་ག་ལ་ནི་ཁྱད་པར་མེད་པས་འདིར་མ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་སྤྱི་རྒྱུད་ལས་ཤེས་པར་བྱའོ། །བུམ་པའི་ཆོ་ག་ལ་ནི་བྱེ་བྲག་ཡོད་པས་འདིར་གསུངས་སོ། །དེས་ན་དཀྱིལ་འཁོར་འདིར་མ་བསྟན་པ་ལ་འགལ་བ་མེད་དོ། །ད་ནི་སྒྲུབ་པའི་དུབ་ན་བུམ་པའི་མཚན་ཉིད་བཟླས་བརྗོད་ཀྱི་གྲངས་ངེས་པར་ཁྲུས་བྱ་བ་དང་བཅས་པ་བསྟན་པ་ལ་གསུམ་སྟེ། བུམ་པ་རྫས་དང་བཅས་པའི་མཚན་ཉིད་བསྟན་པ་དང༌། དེ་ལ་བཟླས་བརྗོད་ཇི་ལྟར་བྱ་བའི་གྲངས་བསྟན་པ་དང༌། གདུལ་བྱ་ཉེ་བར་མཚོན་པ་དང་བཅས་པར་བསྟན་པའོ། །དེ་ལ་དང་པོར་བུམ་པའི་མཚན་ཉིད་བཤད་དེ། ནོར་བུ་ཞེས་པ་ནི་སྤྱིའི་མིང་དུ་སྨོས་ཏེ། བྱེ་བྲག་དུ་མ་ཕྱི་བ་དང༌། ཨིནྡྲ་ནཱི་ལ་དང༌། པདྨ་རཱ་ག་ལ་སོགས་པའོ། །ཡུངས་ཀར་


DTG071_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། བུམ་པའི་ཁ་ཆོད་པའི་དོན་དུ་གསེར་ལ་སོགས་པའི་སྣོད་གཙང་མའི་ནང་དུ། ཡུངས་ཀར་བླུགས་པའི་སྣོད་གཙང་མ་འཇོག་པའི་དོན་ཏོ། །ཡུངས་ཀར་དེ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་བསམ་པའམ། ཡང་ན་ཁྲོ་བོ་རེ་རེ་བསམ་མོ། །དཱུར་བ་ཞེས་བ་ནི་མ་གུལ་ཆིངས་ཀྱིས་བཅིངས་པའི་སྣ་ལ་མདུད་པ་བརྒྱབ་པ་དང༌། བའི་ལྕི་བས་རྒྱས་བཏབ་པའི་ཚུལ་དུ་གླན་ལ་དེའི་སྟེང་དུ་རྩྭ་དཱུར་བ་ཉག་མ་བདུན་བཙུགས་ཏེ། བགེགས་ལ་སོགས་པ་མི་འཇུག་པའི་དོན་དུའོ། །རིན་ཆེན་ཞེས་པ་ནི། །རིན་པོ་ཆེ་ལྔ་སྟེ། ནོར་བུ་རིན་པོ་ཆེ་དང༌། བྱི་རུ་དང། གསེར་ས་ལེ་སྦྲམ་དང༌། མུ་ཏིག་དང༌། ཤེལ་ལོ། །རྨ་མེད་ཅེས་པ་ནི་གས་ཆགས་མེད་ཅིང་རྒྱན་གྱི་བྱ་བ་བྱེད་ནུས་པའོ། །ཙནྡན་ཞེས་པ་ནི་དྲི་ལྔ་སྟེ་ཙནྡན་དང༌། ག་པུར་དང༌། གུར་ཀུམ་དང༌། ཛཱ་ཏི་ཕ་ལ་དང༌། གླ་རྩི་ཡང་བླ་མ་ན་རེ་གཞུག་གསུང༌། །ཀྲྀ་ཡ་ལས་ནི། སྲོག་ཆགས་ཡན་ལག་འབྱུང་མི་ཤིས། །ཞེས་གསུངས་སོ། །ཀླུ་གནོད་ན་གླ་རྩི་བཅུག་ན་ནུས་པ་འབྱུང་གསུང་ངོ༌། །བཅས་ཞེས་པ་ནི། སྨན་ལྔ་དང༌། འབྲུ་ལྔ་དང༌། སྙིང་པོ་ལྔ་བསྡུས་ཏེ། སྨན་ལྔ་ནི། བྱ་ཀྲི་དང༌། སེང་ཀྲི་དང༌། གི་རི་ཀརྞི་ཀ་དང༌། ཧ་ས་དང༌། ཧ་ས་དེ་བའོ།། འབྲུ་ལྔ་ནི། འབྲས་ཀྱི་སོ་བ་དང༌། མོན་སྲན་གྲེའུ་དང༌། ནས་དང༌། གྲོ་དང༌། ཏིལ་དང་ལྔའོ། །སྙིང་པོ་ལྔ་ནི། །སའི་སྙིང་པོ་ཏིལ་དང༌། ཆུའི་སྙིང་པོ་ལན་ཚྭ་དང༌། རྩི་ཐོག་གི་སྙིང་པོ་མར་དང༌། ཤིང་ཐོག་གི་སྙིང་པོ་བུ་རམ་དང༌། མེ་ཏོག་གི་སྙིང་པོ་སྦྲང་རྩིའོ། །ཤེལ་དང་ཞེས་པ་ནི་དངོས་སོ། །རྡོ་རྗེ་ཞེས་པ་ནི། རིན་པོ་ཆེ་ཕ་ལམ་མོ། །དེ་མེད་ན་ཤེལ་ཀུན་ནས་ལྕི་མ་གཞོག་ཟུར་བརྒྱད་པ་ཅིག་གཞུག་གསུང་ངོ༌། །མེ་ཏོག་ཅེས་པ་ནི་མེ་ཏོག་དམར་པོ་དྲི་ཞིམ་པོ་ལ་ཕྲེང་བ་བྱས་ལ་བུམ་པའི་མགུལ་ལ་བརྒྱན་པར་བྱའོ། །ཆུ་ཡིས་ཞེས་པ་ནི་བླངས་པའི་ཆུ་གཙང་མ་སྲོག་ཆགས་མེད་པས་དགང་བའོ། །དྲི་ཞིམ་པོའི་ཆུ་ཡང་བླུག་གོ །གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་ཞེས་པ་ནི་བུམ་པའི་རྒྱུ་བསྟན་པའོ། །ཚད་ལ་སོགས་པ་ནི་ཁྲུས་ཀྱི་ཆོ་གར་ཤེས་པར་བྱའོ། །དག་ཅེས་པ་ནི་ཟངས་ལ་སོགས་པ་བསྟན་ཏོ། །ཀྱང་ཞེས་པ་ནི་བསྡུ་པའི་དོན་ཏོ། །དབུལ་པོ་རྣམས་ཀྱིས་


DTG071_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྙེད་པས། །རྫ་ལ་སོགས་པའི་བུམ་པ་སོ་བཏང་བའི་ཉེས་པ་ནག་པོར་རི་མེད་པ་དང༌། དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ་ལ་བྱའོ། །གཙང་མའི་གོས་ཀྱིས་དཀྲི་ཤིང་ཞེས་པ་ནི་མགུལ་པ་དཀྲི་བ་སྟེ། རས་ཁ་ཚར་དང་ཕུན་ཚར་མ་ཉམས་པ། གཞན་དུ་ལོངས་མ་སྤྱད་པ། མི་གཙང་བས་མ་སྤགས་པའི་རས་དཀར་པོའོ། །བོ་དྷི་སཏྭ་ས་ནི། འདིའི་འགྲེལ་པ་ཕྱི་མ་ལས་སྲོག་ཆགས་ཀྱི་རྒྱུ་ལས་མ་བྱུང་བ་ལས་གཙང་མ་ཞེས་བྱའོ་ཞེས་བཤད་དོ། །ཞེས་པ་ནི་རྫས་དེ་རྣམས་ཀྱི་བུམ་པའི་ནང་དག་ཏུའོ། །དེས་ནི་རྒྱུ་དང༌། རྫས་དང་མཚན་ཉིད་བསྟན་ཏོ། །ད་ནི་སྒྲུབ་པའི་དུས་ཀྱི་བཟླས་བརྗོད་བྱ་བའི་གྲངས་ཀྱི་ཚད་བསྟན་པ་ནི། གཟུངས་རིངས་ཉི་ཤུ་རྩ་གཅིག་བྱ། །ཡང་སྙིང་ངམ། རིགས་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་ཟློས་པས་ན། ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །ཅེས་གསུངས་སོ། །ཐུན་མཚམས་སུའམ། བུམ་པ་རེ་རེ་ལ་གྲངས་འདི་ཙམ་རེ་རེ་བྱའོ། །དེས་ནི་བཟླས་བརྗོད་བྱ་བ་བསྟན་ཏོ། །ད་ནི་གདུལ་བྱ་ཉེ་བར་མཚོན་པ་བསྟན་ཏེ། རྡོ་རྗེ་རྣམ་འཇོམས་བཟླས་ན་ནི། །བཟླས་བརྗོད་བྱས་པའི་འོག་ཏུ་ཁྲུས་ཀྱི་གང་ཟག་བསྟན་པའི་དོན་ཏོ། །རྒྱལ་པོ་ཞེས་བྱ་བའི་རིགས་བྱེ་བྲག་ཏུ་ཤེས་པར་བྱའོ། །རྟག་ཏུ་ཞེས་པ་ནི། དུས་ཐམས་ཅད་དུའམ། ཉིན་དང་མཚན་ཐམས་ཅད་དུའོ། །རྒྱལ་པོ་ཞེས་བྱ་བ་ནི་ཁྲུས་བྱ་བའི་གང་ཟག་མཚོན་པ་ཙམ་དུ་ཟད་དེ། རིགས་བྱིན་པོ་གསུམ་ལ་ཡང་བྱའོ། །འོ་ན་རིགས་བཞི་ཀ་ལ་བྱེད་ན། འདིར་རྒྱལ་པོ་གཅིག་ཏུ་སྨོས་པ་ཅིའི་སླད་དུ་ཞེ་ན། དེ་ནི་གཙོ་བོ་ཙམ་སྨོས་པ་ཡིན་ཏེ། དེ་བདེན་ཐམས་ཅད་བདེ་པར་འགྱུར། །དེ་སྡུག་བསྔལ་ན་ཐམས་ཅད་སྡུག་བསྔལ་བར་འགྱུར་རོ། །དེའི་ཕྱིར། གཙོ་བོ་ཙམ་སྨོས་སོ་ཞེས་གསུངས་སོ། །དེས་ནི་རྡོ་རྗེ་རྣམ་པར་འཇོམས་པའི་དོན་མ་ལུས་པར་རྒྱས་པར་བཤད་པའོ། །རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་འདི་བྱས་པས། །དེ་རིང་བདག་གིས་དགེ་བ་གང་ཞིག་ཐོབ་འགྱུར་བ། །ཟླ་འོད་གསལ་དང་མུ་ཏིག་དོ་ཤལ་དྲི་མེད་དཀར་པོ་འདྲ་བ་དེས། །ཉོན་མོངས་མི་ཤེས་སྒྲིབ་པའི་གློ་བུར་གྱུར་པ་སྤང་ཕྱིར་སེམས་ཅན་བྱང་ཆུབ་ཡིད་གྱུར་ཅིག །ཡང་དག་རྟོགས་པའི་གཏམ་


DTG071_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡེ་ཤེས་རྡོ་རྗེས་སྨྲས་པས་སེམས་ཅན་རྣམས་ཀྱིས་ཉོན། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བ་རྒྱ་ཆེར་འགྲེལ་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཐེག་པ་ཆེན་པོ་གསང་སྔགས་ལ་མཁས་པ། སློབ་དཔོན་བུདྡྷ་གུ་ཧྱ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཆེན་པོ། །ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་རིན་ཆེན་བཟང་པོས་རྒྱ་དཔེ་དང་གཏུགས་ནས་བཅོས་པའོ།།


previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མབ། ཡེ་ཤེས་རྡོ་རྗེ།next