Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ།  ལྷན་ཅིག་སྐྱེས་པའི་རོལ་པ།
   


 
previousཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། ལྷན་ཅིག་སྐྱེས་པའི་རོལ་པ།next

ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ།
ལྷན་ཅིག་སྐྱེས་པའི་རོལ་པ།


DTG071_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མནྟ་མུ་ཁ་པྲ་བེ་ཤ་རསྨི་བི་མ་ལོཥྞཱི་ཥ་པྲ་བྷཱ་སརྦྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ས་མ་ཡ་བི་ལོ་ཀི་ཏེ་མཱ་མྡྷཱ་ར་ཎི་སཾ་བྲྀཏྟི། བོད་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབུའི་གཙུག་ཏོར་འོད་ཟེར་གྱིས། །རྨོངས་པའི་དྲི་མ་སེལ་མཛད་རྒྱལ། །གཟུངས་ཀྱི་རྒྱན་དང་ལྡན་པའི་སྐུ། །ཐུགས་རྗེ་མངའ་ལ་ཕྱག་འཚལ་ནས། །ལུང་དང་བླ་མའི་མན་ངག་ལས། །གཟུངས་ལ་རྟོགས་པ་སྐྱེས་པས་འདིར། །ཤེས་རབ་གཟུངས་དང་བྲལ་རྣམས་ལ། །བརྩེ་བས་གཟུངས་ཀྱི་རྣམ་འགྲེལ་བཤད། །ལོག་རྟོག་ཅན་རྣམས་ཐ་དད་དུ། །རྩོད་པའི་དུས་སུ་རྩོད་མོད་ཀྱང༌། །རྩོད་མེད་ཐུབ་པའི་བཀའ་སྡེ་རྣམས། །རྩོད་པ་བཅད་ཕྱིར་གཟིགས་མོ་འཚལ། །ཡང་དག་བཀའ་རྣམས་མ་མཐོང་ཞིང༌། །ངེས་པའི་ལམ་ལ་མི་མོས་པའི། །ལམ་ལོག་ལམ་གོལ་ཞུགས་པ་རྣམས། །ལམ་མཆོག་རྡོ་རྗེ་ཐེག་པའི་གཞུང༌། །སེངྒེའི་ང་རོ་གྲག་པ་ལ། །སྨོད་ཅིང་ཐག་རིང་འབྲོས་པར་འགྱུར། །དགྲོལ་བཀའ་རྨོངས་པ་དེ་དག་ལ། །བརྒྱུད་པ་ལས་བྱུང་


DTG071_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་སྤ། །ཐུབ་པའི་བསྟན་རྩ་དགེ་སློང་ཡིན། །དམ་ཆོས་ཚུལ་བཞིན་སྤྱོད་པ་ཡི། །དགེ་སློང་དེ་ནི་ཤིན་ཏུ་དཀོན། །རྟགས་དང་ཆ་ལུགས་ཙམ་བཟུང་ནས། །རྡོ་རྗེ་ཐེག་པ་སྨོད་བྱེད་པའི། །རྟོག་གེས་གཞུང་འདི་སྨད་མི་བྱ། །སྔགས་གཞུང་ལ་ལ་ཆུད་མོད་ཀྱང༌། །ལོག་སྤྱད་དམ་ཚིག་མི་བསྲུང་ལ། །སྔགས་གཞུང་གསང་བར་བྱ་དགོས་ན། །བྱིས་པ་གཞན་ལྟ་སྨོས་ཅི་དགོས། །དད་མེད་རྣམ་གཡེང་ལེ་ལོ་ཅན། །བག་མེད་སེམས་རྩུབ་སེར་སྣ་ཆེ། །གཡོ་སྒྱུ་འདོད་སྲེད་གཉིད་བརྐམ་ཆེ། །བྱས་གཟོ་སྙིང་རྗེ་ཤེས་རབ་ཆུང༌། །བར་ཆད་འདི་དག་དང་ལྡན་ན། །གཟུངས་འདི་འགྲུབ་པར་མི་འགྱུར་རོ། །དད་ལྡན་དཔའ་བརྟན་བརྩོན་འགྲུས་ཅན། །གཏོང་ཕོང་ངག་འཇམ་དུལ་བག་ཆེ། །དྲད་དེས་གསལ་ལ་ཆགས་པ་ཆུང༌། །བློ་ལྡན་དྲིན་གཟོ་འཚེ་བ་བྲལ། །ནད་དང་ང་རྒྱལ་ཐེ་ཚོམ་མེད། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གང་ཟག་ལ་རྟོགས་པ་འདིའི་དོན་བཤད་པར་བྱའོ། །དེ་ཡང༌། མདོ་དོན་སྨྲ་བར་འདོད་རྣམས་ཀྱིས། །བསྡུས་པ་དགོས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱར་བཅས་པས་བསྙད་པར་བྱ། །ཞེས་པའི་ཚུལ་གྱིས་རྟོགས་པ་འདིའི་བསྡུས་པའི་དོན་རྣམ་པ་བདུན་ཏེ། གླེང་གཞི་དང༌། གླེང་བ་སླང་བ་དང༌། རྟེན་དང༌། ཤེས་པར་བྱ་བའི་ཡུལ་དང༌། ཉམས་སུ་བླང་བའི་ཐབས་དང༌། བསྒྲུབ་པར་བྱ་བའི་དངོས་པོ་དང༌། ཐོབ་པའི་འབྲས་བུའོ། །དེ་ལ་གླེང་གཞི་ལ་གཉིས་ཏེ། ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ནི་སྡུད་པ་པོ་རང་ཉིད་ལ་ཡིད་ཆེས་པར་བྱ་བའི་ཕྱིར་ཐམས་ཅད་དུ་སྨོས་སོ། །གཉིས་པ་ནི་དོན་གྱི་གནས་སྐབས་བརྡ་སྤྲད་པའི་ཕྱིར་ཞུས་ལན་གྱི་ཚུལ་དུ་གསུངས་སོ། །དེ་གཉིས་ཅར་ཡང་རང་ལ་ལྡོག་པ་གཅོད་ཅིང་དོན་ལ་དྲན་པ་བསྐྱེད་པ་སྟེ། གཞུང་འབྱུང་པའི་རྒྱུའོ། །གླེང་བསླང་བ་ནི་དོན་ཉིད་གཞན་གྱི་སྤྱོད་ཡུལ་དུ་ཇི་ལྟར་འགྱུར་བ་ཞུས་ལེན་གྱི་ཚུལ་གྱིས་བསྡུས་ནས་བཀོད་པ་སྟེ་གཞུང་འབྱུང་བའི་རྐྱེན་ནོ། །རྟེན་གྱི་གང་ཟག་ནི་བསྒྲུབ་ཏུ་རུང་བ་དང༌། ངེས་པར་འགྲུབ་པའི་རིགས་སོ། །ཤེས་པར་བྱ་བའི་ཡུལ་ནི་དོན་དམ་དང་ཀུན་རྫོབ་བོ། །ཀུན་རྫོབ་ལ་གཉིས་ཏེ། ཀུན་ནས་ཉོན་


DTG071_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དང༌། རྣམ་པར་བྱང་བའོ། །རྣམ་པར་བྱང་བ་ནི་གཉིས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་སྙིང་རྗེའོ། །དེ་ནི་ཤེས་རབ་ཀྱིས་འཁོར་བར་མི་ལྟུང་བ་དང༌། སྙིང་རྗེས་མྱ་ངན་ལས་འདས་པར་མི་བཞུགས་པའོ། །དང་པོ་ནི་ལྷག་པ་ཤེས་རབ་སྟེ་དོན་གྱི་གཟུངས་སོ། །གཉིས་པ་ནི་འཇུག་ལྡོག་ལ་རྨོངས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འབྱུང་པའི་ཕྱིར་ཚིག་གི་གཟུངས་སོ། །བསྒྲུབ་པར་བྱ་བའི་དངོས་པོ་ནི་སྔགས་དང་རྒྱུད་དང་ཕྱག་རྒྱའི་ཚུལ་ལོ། །ཐོབ་པར་བྱ་བའི་འབྲས་བུ་ནི་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་བོ། །དེ་དག་ནི་བསྡུས་པའི་དོན་ཏོ། །དགོས་པའི་དོན་ནི་ཡང་དག་པའི་ལམ་གྱི་གོལ་ས་གཅད་པའོ། །དྲན་པ་དང་ཤེས་རབ་ཀུན་ནས་སྒོ་དབྱིངས་རྣམ་པར་དག་པ་ལ་འཇུག་པ་དང༌། འོད་ཟེར་ཁྱད་པར་གྱི་དཔྱོད་པ་རྟོག་པའི་དྲ་བ་སེལ་བ་དེ་དག་ཡང་དག་པའི་ལ་མ་མོ། །གོལ་ས་ནི་མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང༌། ཐེ་ཚོམ་མོ། །དོན་འདི་ལ་ཞུགས་ན་སྐྱོན་གསུམ་པོ་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་དེ་ལ་རིམ་གྱིས་སྦྱངས་པའི་མཐུས་སྒྲིབ་པ་གཉིས་དང་བྲལ་ནས་དོན་ཡང་དག་པར་བདེ་བླག་ཏུ་རྙེད་པ་ནི་དགོས་པའི་དགོས་པའོ། །ད་ནི་ཚིག་གི་དོན་བརྗོད་དེ། །དེ་ལ་བརྒལ་ལན་དང་མཚམས་སྦྱར་བ་ནི་ཤུགས་ཀྱིས་འོང་ངོ༌། །དེ་ནས་ཞེས་པ་ནི་དབང་དུ་བྱ་བ་དང་མཚམས་སྦྱར་བ་དང་བཀྲ་ཤིས་པའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་དགའ་ལྡན་གྱི་གནས་སུ་གསུངས་པ་འདས་མ་ཐག་ཏུ་ཡང་སུམ་ཅུ་རྩ་གསུམ་པའི་ལྷའི་དོན་དུ་འདི་ཉིད་གསུངས་པ་ནི། དེ་ནས་ཏེ་དེ་དང་མཚམས་སྦྱར་བའོ། །ནི་བརྒལ་བ་འདི་ཁོ་ན་གསུངས་པའི་ཕྱིར་དབང་དུ་བྱའི་དེ་ནས་སོ། །ཨ་ཐ་ཁ་ལུ་ཞེས་ཀྱེའམ་ལེགས་སོའི་སྒྲ་ཡོད་པས་བཀྲ་ཤིས་པའི་དེ་ནས་སོ། །བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་སྐྱེས་པའི་མ་རིག་པ་བཅོམ་པས་ཉོན་མོངས་པ་གཏན་མི་སྐྱེ་སྟེ། ཉོན་མོངས་པའི་བདུད་བཅོམ་པའོ། །རྒྱུ་ཉོན་མོངས་པ་མེད་ན་འབྲས་བུ་དངོས་པོ་ལ་མངོན་པར་ཞེན་པ་མེད་པས་ལྷའི་བུའི་བདུད་བཅོམ་པའོ། །དངོས་པོའི་མངོན་ཞེན་མེད་པས་བག་ཆགས་ཀྱི་མཚམས་


DTG071_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྦྱོར་ཏེ་དེས་ཕུང་པོའི་བདུད་བཅོམ་པའོ། །སྡུག་བསྔལ་གྱི་ཕུང་པོ་ཟད་ན་རྣམ་རྟོག་གི་ཁར་མི་ལྟུང་བས་སྐྱེ་ཤི་དང་བྲལ་བས་འཆི་བདག་གི་བདུད་བཅོམ་མོ། །ལྡན་བ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་ནི་སྐལ་དང་ལྡན་ཞེས་བཤད། །ཅེས་ཏེ། དབང་ཕྱུག་ནི་སྒྲིབ་པ་ཐམས་ཅད་ཀྱི་དབང་དུ་མ་གྱུར་པའི་རང་དབང་ཆེན་པོ་དང་ལྡན་པའོ། །གཟུགས་བཟང་ནི་མཚན་དང་དཔེ་བྱད་དོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། གཞན་གྱིས་བསྟེན་བྱ་མིན་པས་སོ། །གྲགས་པ་ནི་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་བཅོམ་ལྡན་འདས་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་སོ་ཞེས་པ་ལ་སོགས་པ་དུ་མ་གྲགས་ཏེ་ཡོན་ཏན་ནོ། །ཡེ་ཤེས་ནི་ཤེས་བྱ་ཇི་སྙེད་པ་དང༌། ཇི་ལྟ་བ་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་མཁྱེན་པའོ། །བརྩོན་འགྲུས་ནི་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་སྟེ། ཐུགས་རྗེའོ། །དེ་ལ་དབང་ཕྱུག་དང་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །གཟུགས་བཟང་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དཔལ་དང་གྲགས་པ་ནི་སྤྲུལ་པའི་སྐུའོ། །བརྩོན་འགྲུས་ནི་གསུམ་ཀའོ། །ཡང་ན་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ནམ་མཁའ་འདྲ་བའི་ཆོས་རྣམས་ནི། །ལུས་ཅན་དག་ལ་རབ་སྟོན་ཀྱང༌། །དེ་ལ་བསྙེལ་བ་མི་མངའ་བས། །དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་གསུངས་སོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་རྒྱུན་མི་འཆད་པར་ལྷའི་བུ་རྣམས་ལ་ཆོས་ཀྱི་དགའ་བའི་རོ་མྱོང་བར་མཛད་པས་དགའ་ལྡན་གྱི་ལྷའི་གནས་ཞེས་བྱ་སྟེ། །གནས་ཕུན་སུམ་ཚོགས་པའོ། །གནས་འདི་སྨོས་པས་ནི་རྟོགས་པ་འདིའི་སྒོར་ཞུགས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱང་ཇི་སྲིད་ཆོས་དགའ་བ་ཆེན་པོའི་རིགས་རྒྱུན་མི་འཆད་པར་མྱོང་བར་འགྱུར་བའི་དོན་ཏོ། །འཁོར་གསུངས་པ་བྱང་ཆུབ་ནི་རྣམ་པར་དཀར་བའི་ལམ་རྒྱུ་དང་འབྲས་བུར་བཅས་པའོ། །དེ་ལ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །དེ་ཉིད་ཉན་ཐོས་དང་རང་རྒྱལ་ལ་ཡང་ཡོད་པས་འདིར་ཆེན་པོ་


DTG071_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ལ་ཆེ་བ་རྣམ་པ་བདུན་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་ལ་ཆོས་ཆེན་པོ་ནི་རིག་པ་མཚོག་དང་དབང་བསྐུར་བའི་རྒྱུད་ཆེན་པོ་དང༌། ཏ་ཐཱ་སཾ་གྲ་ཧ་ལ་སོགས་པའི་གཞུང་རྒྱ་ཆེན་པོ་རྣམས་ལ་དབང་མཛད་པའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བདེ་བར་གཤེགས་པ་རིགས་ལྔ་དང་གོ་འཕང་མཉམ་པ་ལ་དབང་སྒྱུར་བ་ཐོབ་པས་སོ། །མོས་པ་ཆེན་པོ་ནི་དོན་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པའོ། །བསམ་པ་རྒྱ་ཆེ་བ་ལ་མོས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་སྐྱེད་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པས་སོ། །དུས་ཆེན་པོ་ནི་འཁོར་བ་ཇི་སྲིད་པར་གཞན་དོན་ལ་འཇུག་པར་ཞལ་གྱིས་བཞེས་པས་སོ། །ཐོབ་པ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རྒྱ་ཆེན་པོའི་སྐུའོ། །ལྟ་བ་དང་རྟོགས་པ་གཅིག་ཅིང་མཆོག་གཅིག་པ་དང་འདུན་པ་གཅིག་པས་སྤང་བྱ་སྤང་བ་བར་ཆད་མེད་པའི་ཕྱིར་དགེ་འདུན་ནོ། །དེ་ནི་ཡོན་ཏན་ནོ། །གྲངས་ནི་རྩོད་པར་འགྱུར་བའི་ཕྱིར་མ་གསུངས་མོད་ཀྱི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་དུ་གསུངས་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེའི་རིགས་བྱེ་བ་ཕྲག་བརྒྱད་ཅུ་དང༌། རིན་པོ་ཆེའི་རིགས་དང༌། པདྨའི་རིགས་དང༌། ལས་ཀྱི་རིགས་དང༌། བདེ་བར་གཤེགས་པའི་རིགས་དང༌། དེ་ལྟ་བུ་ལ་སོགས་པ་མུ་མཐའ་ཡས་སོ་ཞེས་གསུངས་སོ། །ཞབས་འབྲིང་བ་ལྷའི་ཚོགས་ཞེས་པ་ནི་ཆོས་ཆེ་བར་བྱེད་ཅིང་བསྟན་པ་རྒྱས་པར་བྱེད་པའི་ཕྱིར་སྟོན་པའི་ཞབས་སུ་འབྲང་བའོ། །དེ་ལ་ཆོས་ལ་མོས་པ་བསྐྱེད་པའི་འཁོར་ནི་ཚངས་བའོ། །རྒོལ་བ་ཚར་གཅོད་པར་བྱེད་པའི་འཁོར་ནི་ཁྱབ་འཇུག་གོ །བསྟན་པ་འཛིན་པར་བྱེད་པའི་འཁོར་ནི་དབང་ཕྱུག་ཆེན་པོའོ། །སོགས་ཀྱིས་ནི་ཕུལ་དུ་བྱུང་བའི་སྦྱིན་བདག་གི་འཁོར་བརྒྱ་བྱིན་དང༌། གདུལ་བྱ་བཟོད་པའི་འབྲས་བུ་ཚིམ་པར་བྱེད་པའི་འཁོར་མཚེ་མའི་ལྷ་དང༌། རྫུ་འཕྲུལ་སྣ་ཚོགས་པ་ལ་དབང་སྒྱུར་བ་འཕྲུལ་དགའི་ལྷ་དང༌། འདོད་པ་ལ་གཅིག་ཏུ་ཞེན་པ་དང་བྲལ་བའི་འཁོར་གཞན་འཕྲུལ་དབང་བྱེད་པའི་ལྷ་དང༌། འདོད་པ་ལ་ལྷག་པར་ཆགས་པ་དང་


DTG071_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་གཟུགས་ཁམས་ཀྱི་ལྷ་རྣམས་དང༌། རིགས་གནས་སྟོན་པར་བྱེད་པ་སུམ་ཅུ་རྩ་གསུམ་པའི་ལྷའི་འཁོར་དང༌། ཆོས་འཛིན་པའི་གང་ཟག་སྐྱོང་བར་བྱེད་པའི་འཁོར་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའོ། །ཐབས་ཅིག་པ་ནི་གསུམ་སྟེ། སྡུད་པའི་འཁོར་ཕྱག་ན་རྡོ་རྗེ་དང་སྤོབས་པ་གཅིག་ཏུ་སྦྱར་བའོ། །ཉན་པའི་འཁོར་ནི་གུས་པ་དང་དབྱེར་མི་ཕྱེད་པའོ། །གདུལ་བྱའི་དུས་ལ་མི་ལྡོག་པས་ཐབས་ཅིག་པའོ། །བཞུགས་ཞེས་པ་ཡང་གསུམ་སྟེ། སྐུའི་བཞུགས་པ་ནི་འཆག་པ་དང༌། བཞེངས་པ་དང༌། སེང་གེ་ལྟ་བུར་གཟིམས་པ་ཞེས་པའོ། །གསུང་གི་བཞུགས་པ་ནི། གསུང་གཅིག་གིས་ནི་གསུངས་མོད་ཀྱང༌། དུ་མ་ཉིད་དུ་སོ་སོར་གོ །ཞེས་དབང་པོ་རབ་འབྲིང་ཐ་མ་རྒྱུན་མི་འཆད་པའི་ཚུལ་གྱིས་གསུང་དབྱུང་ངོ༌། །ཐུགས་ཀྱི་བཞུགས་པ་ནི་གཉིས་ཏེ། འཇིག་རྟེན་པ་དང་མཐུན་པའི་ཐུགས་བསྐྱེད་ནས་ཏིང་ངེ་འཛིན་གང་ལ་ཞུགས་ན་གྲོག་སྦུར་ལ་སོགས་པ་ཡན་ཆད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་རིག་པར་མཛད་པ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །སྙོམས་པར་འཇུག་པ་ལ་གསུམ་སྟེ། ལྷའི་ཚུལ་དང་མཐུན་པར་བསམ་གཏན་བཞིས་སྙོམས་པར་འཇུག་པ་དང༌། ཚད་མེད་པ་བཞིས་ཚངས་པའི་སྙོམས་པར་འཇུག་པ་དང༌། རྣམ་ཐར་གསུམ་གྱིས་འཕགས་པའི་སྙོམས་པར་འཇུག་པའོ། །ཏེ་ཞེས་པས་བཞུགས་པ་ཉིད་ནི་འདས་པ་བསྟན་ཏོ། །འཁོར་མང་པོ་ཚོགས་པ་ནི་མི་མཐུན་པ་ཡོད་ན་གཉེན་པོ་འབྱུང་བའི་ཕྱིར་བར་དུ་གཅོད་པའི་འཁོར་ཏེ་བདུད་ཀྱང་ཤེས་པར་བྱའོ། །དེས་ན་གདུལ་བྱའི་འཁོར་རོ། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་དེ་ན་ཆོས་གསུངས་པའི་དུས་སུ་འདོད་པ་དང་གཟུགས་ཀྱི་ལྷའི་བུ་ཐམས་ཅད་ཚོགས་ཏེ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ལམ་བྱིན་གྱིས་བརླབས་པའོ། །དེས་ན་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་ཇི་སྐད་གསུངས་པ་ལྟར་དགའ་ལྡན་གྱི་ལྷའི་གནས་ནོར་བུ་རིན་པོ་ཆེའི་ཁང་སྒྲོམ་ཆེན་པོ་སྤྲུལ་ནས། ལྷའི་གནས་ཐམས་ཅད་ནས་རིན་པོ་ཆེའི་ཐེམ་སྐས་དུ་མ་བརྟེན་ཏེ། སྐུའི་འོད་ཟེར་རིགས་མི་མཐུན་པ་བྱེ་བ་ཕྲག་བརྒྱད་ཅུ་


DTG071_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་མངོན་པར་འདུས་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་ཚོགས་རྣམས་འདིར་ལྷགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེར་གསུངས་པའི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་གྱི་རྒྱས་པའི་གསང་སྔགས་འདི་ཁོ་ནའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་འདི་ལྟ་སྟེ། སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ནི་གང་བྱང་ཆུབ་སེམས་པའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ་དེ་ལྟར་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་རིགས་དང༌། སྨོན་ལམ་དང༌། བསམ་པ་དང༌། དངོས་པོ་དང༌། ངོ་བོ་ཉིད་ཀྱིས་བསྟན་པར་རིག་པར་བྱའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་རིགས་སོ། །བྱང་ཆུབ་ཀྱི་སེམས་ནི་སྨོན་ལམ་མོ། །སྙིང་རྗེ་སྔོན་དུ་གཏོང་བའི་སེམས་ནི་བསམ་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་དངོས་པོའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ནི་ངོ་བོ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་དེ་བཞིན་དུ་རིག་པར་བྱའོ། །འདི་ནི་བྱེ་བྲག་ཡིན་ཏེ། ཚུལ་ཁྲིམས་དང་བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་སྡོམ་པ་ཐམས་ཅད་ཡང་དག་པར་ལེན་པ་དང་རྗེས་སུ་བསྲུང་བ་དང༌། གནོད་པར་བྱེད་པ་དང་དུ་ལེན་པ་དང༌། སྡུག་བསྔལ་ཇི་མི་སྙམ་པར་འཛིན་པ་དང༌། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་སོ་ཞེས་གོ་རིམས་བཞིན་དུ་བརྗོད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པར་ཐམས་ཅད་དབང་འབྱོར་བ་དང་སེམས་ཀྱི་གནས་རྣམ་པ་ཐམས་ཅད་དང་ལྡན་ནོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དབང་འབྱོར་པ་ལ་གང་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བརྗོད་པར་བྱའོ། །ལྷག་མ་ཐམས་ཅད་ནི་སྦྱིན་བའི་རང་བཞིན་དུ་རིག་པར་བྱའོ། །གང་སྦྱིན་པ་ནི་


DTG071_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་དང༌། ཐམས་ཅད་མཁྱེན་པ་ཉིད་དུ་འཛིན་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་པ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱའོ། །ཚིག་བཞི་པོ་དེ་དག་ནི་གོ་རིམས་བཞིན་དུ་རྩོམ་པ་དང་བག་ཆགས་དང་ལུས་དང་རྒྱུ་མཐུན་པར་རེག་པར་བྱའོ། །དེ་ལ་རྩོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་འབྱུང་བ་དང༌། འབྱུང་བ་དེར་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྦྱིན་པ་དེ་རྒྱུད་ལ་བག་ཆགས་སུ་བསྒོ་སྟེ་དེ་ཕྱི་མ་ལས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ། །དེའི་འོག་ཏུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྒྱུ་མཐུན་པའི་སྒོ་ནས་ཐམས་ཅད་མཁྱེན་པའི་བྱ་བ་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གོ་རིམ་གྱི་འོག་མ་འོག་མ་ལ་བརྟེན་པའི་ཕྱིར་ཏེ། སྦྱིན་བའི་ཕ་རོལ་ཏུ་ཕྱིན་པས་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་གོམས་པས་ལུས་དང་སྲོག་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཡང་སྤངས་ནས་ཚུལ་ཁྲིམས་ཡང་དག་པར་འཛིན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུང་བ་ནི་གཤེ་ཡང་སླར་གཤེ་བར་མི་བྱེད་དེ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བཟོད་པར་འགྱུར་རོ། །གྲང་བ་ལ་སོགས་པ་བཟོད་པ་ནི་དེའི་གཞི་ལ་སྦྱོར་བ་མི་ཉམས་པས་བརྩོན་འགྲུས་བརྩམས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ནི་སྦྱོར་བ་མཐའི་འབྲས་བུ་ཐོབ་པས་བསམ་གཏན་སྒྲུབ་པའོ། །བསམ་གཏན་ཕུན་སུམ་ཚོགས་ཏེ་སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་འཐོབ་བོ། །ཡང་གོང་མ་གོང་མ་ནི་གཞི་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་སྦྱིན་བའི་གཞི་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ནི་བསམ་གཏན་གྱི་གཞི་ཡིན་པའི་བར་དུའོ། །འདི་ལྟར་ཚུལ་ཁྲིམས་དང་ལྡན་པའི་སྦྱིན་བས་ཕན་བཏགས་པའི་ཚུལ་ཁྲིམས་ཀྱིས་གནོད་པ་མི་བྱེད་པའི་ཕྱིར་སྦྱིན་པ་རྣམ་པར་


DTG071_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འགྱུར། དེ་ལྟར་བྱང་ཆུབ་སེམས་དཔའི་ལེན་པ་པོ་སོ་སོ་དེ་རྣམ་པར་འཚེ་བ་དང་བྲལ་བར་ཡོ་བྱད་ཀྱིས་བདེ་བར་སྦྱོར་བས་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་སྦྱིན་པ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལྟར་བཟོད་པ་དང་ལྡན་པ་ནི་གཞན་གནོད་པ་བྱེད་པ་དག་གིས་བསླབ་པའི་གཞི་མི་འདྲལ་བ་ཚུལ་ཁྲིམས་རྣམ་པར་དག་གོ །བརྩོན་འགྲུས་བརྩམས་པས་སྤྲོ་བའི་སྟོབས་ཀྱིས་ཆེད་དུ་འཁོར་བ་ཁས་བླངས་པ་ནི་སེམས་ཅན་གྱི་ལོག་པར་སྒྲུབ་པའི་སྡུག་བསྔལ་བདེ་བླག་ཏུ་བཟོད་པ་རྣམ་པར་དག་གོ །བསམ་གཏན་ནི་བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་པར་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བ་བརྩོན་འགྲུས་རྣམ་པར་དག་གོ །ཤེས་རབ་དང་ལྡན་པའི་ཆོས་རྣམ་པ་མང་པོ་ལ་རྣམ་པར་བལྟས་ནས་ནང་དུ་ཞི་བར་བྱེད་པ་ནི་ཏིང་ངེ་འཛིན་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་དག་སྟེ། ཤེས་རབ་མེད་ལ་བསམ་གཏན་མེད། །ཅེས་པའི་ཚིགས་སུ་བཅད་པ་ལས་གསུངས་པའི་ཕྱིར་རོ། །ཇི་ལྟར་རགས་པའི་རིམ་གྱིས་ཀྱང་གོ་རིམས་བཞིན་དུ་རིག་པར་བྱའོ། །སྦྱིན་པ་ནི་ཐམས་ཅད་ཀྱི་ནང་ན་རགས་ཏེ་དེའི་ཕྱིར་ཐོག་མར་རྣམ་པར་གཞག་གོ །དེའི་འོག་ཏུ་བཟོད་པ་ལ་སོགས་པས་ཚུལ་ཁྲིམས་རགས་སོ། །དེ་བཞིན་དུ་ཤས་རབ་བས་བསམ་གཏན་རགས་པའི་བར་དུའོ། །ཤེས་རབ་ནི་ཐམས་ཅད་ཀྱི་ནང་ན་ཕྲ་སྟེ་དེའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བཞག་གོ །ངེས་པའི་ཚིག་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། སྦྱིན་པ་ཆེན་པོ་དང༌། སྐྱོན་མེད་པ་དང༌། དྲི་མ་མེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སྦྱིན་པ་ཆེན་པོ་ནི་ནང་དད་ཕྱིའི་དངོས་པོ་ཐམས་ཅད་སྦྱིན་བ་དང་ཡུན་རིང་དུ་སྦྱིན་བའི་ཕྱིར་རོ། །སྐྱོན་མེད་པ་ནི་གནོད་པས་ཀུན་ཏུ་ཚོལ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཕྱིར་རོ་ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་སྦྱིན་པ་མི་ཟད་པ་ལས་བརྩམས་ཏེ་བསྟན་ལ། བཙུན་པ་ཤ་ར་ཏྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤར་དྭ་ཏིའི་བུ་


DTG071_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱང་བ་ཡང་ཚད་མེད་པ་སྟེ། ཚེ་དང༌། སྤོབས་པ་དང༌། བདེ་བ་དང༌། སྟོབས་དང༌། ཁ་དོག་ཉེ་བར་བརྟག་པའི་ཕྱིར་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་ནོ། །ཉོན་མོངས་པའི་སྲེད་པ་བསལ་བའི་ཕྱིར་བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ་སྦྱིན་ནོ། །བདེ་བ་དང་འབྱོར་བའི་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ་སྦྱིན་ནོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང༌། མདོག་གསེར་གྱི་ཁ་དོག་ཡོངས་སུ་སྦྱང་བའི་ཕྱིར་གོས་འདོད་པ་རྣམས་ལ་གོས་ཡོངས་སུ་སྦྱིན་བའོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ལ་ནི་མར་མེ་ཡོངས་སུ་སྦྱིན་བའོ། །དེ་བཞིན་གཤེགས་པའི་ལྷའི་སྙན་ཡོངས་སུ་དང་བར་བྱ་བའི་ཕྱིར་སིལ་སྙན་འདོད་པ་རྣམས་ལ་ནི་སིལ་སྙན་ཡོངས་སུ་སྦྱིན་བའོ། །ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་གྱི་དྲིས་བྱུག་པའི་ཕྱིར་སྤོས་དང་བྱུང་བ་འདོད་པ་རྣམས་ལ་ནི་སྤོས་དང་བྱུག་པ་སྦྱིན་བའོ། །གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ་སྦྱིན་བར་བྱའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་བའོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བ་མཆོག་ཏུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་བྲོ་བ་ཐམས་ཅད་འདོད་པ་རྣམས་ལ་རོ་བྲོ་བ་ཐམས་ཅད་སྦྱིན་བའོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱབས་དང༌། མགོན་དང་དཔུང་གཉེན་བྱ་བའི་ཕྱིར་གནས་འདོད་པ་རྣམས་ལ་གནས་སྦྱིན་པར་བྱའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར་སྟན་འདོད་པ་རྣམས་ལ་སྟན་སྦྱིན་པར་བྱེད་དོ། །བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་བཀང་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་བའོ། །མི་རྒ་མི་འཆི་བའི་བདུད་རྩིས་ཡོངས་སུ་བཀང་བའི་ཕྱིར་སྨན་འདོད་པ་རྣམས་


DTG071_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨན་སྦྱིན་བའོ། །རང་དབང་དང་རང་ཉམས་དང་རང་བྱུང་གི་ཡེ་ཤེས་བསྐང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་ཕོ་དང་བྲན་མོ་ཡོངས་སུ་བཏང་བའི་སྦྱིན་བའོ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དྲི་མ་མེད་པ་ནི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །དམ་པ་རྣམ་པ་འདི་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ཏེ། དམ་པ་རྣམ་གསུམ་ནི་འདྲིས་པ་དང་བཅས་པའི་ངོ་བོ་ཉིད་དམ་པ་དང་ཐབས་དམ་པ་དང་འབྲས་བུ་དམ་པའོ། །འདྲིས་པ་དམ་པ་ནི་ཡུན་རིང་པོ་ནས་སྦྱིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱོན་མེད་པ་ནི་བདག་ཏུ་སྒྲོ་འདོགས་པ་རྣམ་པར་སྤངས་བའི་ཕྱིར་ཏེ་ཅི་རིགས་སུ་དེ་མི་ཟད་པར་བལྟ་བར་བྱའོ། །ཡང་དམ་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དམ་པ་རྣམ་པ་བཅུ་གཉིས་ལ་རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡུན་རིང་པ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམས་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ། །ཟད་མི་ཤེས་པ་དམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་བས་གདུང་བར་མི་འགྱུར་བའི་ཕྱིར་རོ། །རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །ཚིགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པ་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་པ་ལའོ། །ཐོབ་པ་དམ་པ་ནི་ས་དང་པོ་ལའོ། །རྒྱུ་


DTG071_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང༌། དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང་སངས་རྒྱས་འགྲུབ་པའི་ཕྱིར་རོ། །ཡང་དམ་པ་རྣམས་ཀྱིས་སྤྱད་པ་དང་བགྲོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པ་དང་བགྲོད་ཅེས་པའི་ཐ་ཚིག་གོ །ཡང་ཤེས་བྱའི་ཕ་རོལ་ཏུ་སོན་པས་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཉིད་ལ་གནས་ཞེས་པའི་ཐ་ཚིག་གོ །ཡང་བདག་དང་གཞན་མཆོག་ཏུ་གནོད་པ་ལས་སྒྲོལ་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། བདག་དང་གཞན་སྡུག་བསྔལ་གྱི་རྒྱ་མཚོ་ལས་བཟླ་བར་བྱེད་པར་ཅེས་པའི་ཐ་ཚིག་གོ །འདི་ནི་རེ་ཞིག་ཐུན་མོང་གི་ངེས་ཚིག་གོ །སོ་སོར་ངེས་པའི་ཚིག་ནི་སྦྱིན་བདག་གི་དབུལ་བ་སེལ་བ་དང༌། ལེན་པ་པོ་རྣམས་ཀྱི་གདུང་བ་སེལ་བའི་ཕྱིར་སྦྱིན་པའོ། །དབང་པོ་ཞི་བ་ཐོབ་པ་དང་འགྲོ་བ་བཟང་པོར་སྦྱོར་བ་དང༌། གསལ་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། གོ་རིམས་བཞིན་དུ་དབང་པོ་རྣམས་ཀྱི་སྒོ་སྡོམ་པར་བྱེད་པ་དང་བདེ་འགྲོར་འགྲོ་བའི་རྒྱུར་གྱུར་པ་དང་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་མྱ་ངན་ལས་འདས་པའི་བར་གྱི་གནས་ཡིན་པའི་ཕྱིར་རོ། །ཁྲོ་བའི་ན་ཚ་སེལ་བ་དང་རྨ་འབྱིན་པའི་སེམས་འོངས་པ་སེལ་བ་དང༌། །ཞི་བ་བརྗོད་པའི་བཟོད་པའོ། །རྨ་འབྱིན་པ་སེམས་པ་ནི་གང་གིས་གནོད་པ་བྱེད་པ་རྣམས་ལ་ལན་དུ་གནོད་པ་སྟེ་དེ་འོངས་པ་འདིས་འབྲལ་བར་བྱེད་པ་ནི་སེལ་བར་རིག་པར་བྱའོ། །རྨ་འབྱིན་པ་ནི་འདི་དག་ལས་ཤར་གཉེར་བ་ཡོད་པས་རྨ་འབྱིན་པ་ཅན་ཏེ་དེ་དག་བདག་ལ་མི་འཇིགས་པ་སྒྲོགས་པས་བདེ་བ་ནི་བདེ་བ་སྒྲོགས་པར་རིག་པར་བྱའོ། །སེལ་བ་འཕེལ་བར་སྤྱོད་པས་བརྩོན་འགྲུས་ཏེ་དེ་སེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་མི་དགེ་བའི་ཆོས་དང་བྲལ་བར་བྱེད་པའོ། །འཕེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །འཛིན་པ་དང་སྡོམ་པ་དང་འདུལ་བ་དང་ཐོབ་པར་བྱེད་པས་བསམ་གཏན་ཏེ། དེ་ལ་འཛིན་པ་ནི་དམིགས་པ་ལ་སེམས་འཛིན་པའོ། །སྡོམ་


DTG071_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རྣམ་པར་གཡེང་བ་ལས་སེམས་ཡང་དག་པར་སྡོམ་པའོ། །འདུལ་བ་ནི་ཀུན་ནས་དཀྲིས་པ་རྣམས་རྣམ་པར་གནོན་པའོ། །ཐོབ་པར་བྱེད་པ་ནི་དབང་འབྱོར་པ་ཐོབ་པར་བྱེད་པར་རིག་པར་བྱའོ། །གཞན་གྱི་སྨྲས་པ་ཤེས་པ་དང་སོ་སོ་རང་གིས་ཤེས་པ་དང༌། རྣམ་པར་ཤེས་པ་དང༌། ཞི་བ་ཐོབ་པ་དང༌། རབ་ཏུ་ཞི་བ་ཐོབ་པ་དང༌། ཡོན་ཏན་མཆོག་ཏུ་སྦྱིན་པས་ཤེས་རབ་སྟེ་དེ་ལ་གཞན་གྱི་སྨྲས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཤེས་རབ་བོ། །སོ་སོར་རང་གི་ཤེས་པ་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའོ། །ཞི་བ་ཐོབ་པར་བྱ་བའི་ཕྱིར་ཤེས་པ་ནི་བསྒོམ་པའི་ལམ་ལ་གཉེན་པོར་གྱུར་པའོ། །ཡོན་ཏན་མཆོག་ཏུ་ཕྱིན་པར་བྱ་བའི་ཕྱིར་ཤེས་པ་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཤེས་རབ་ཏུ་རིག་པར་བྱའོ། །བསྒོམ་པ་ནི་རྣམ་པ་ལྔ་སྟེ། ཕུང་པོ་ལ་གནས་པ་ནས་དབང་འབྱོར་པ་ལ་གནས་པའི་བར་དུའོ། །འདིར་ཚིགས་སུ་བཅད་པ། ཕུང་པོ་གནས་པ་བསྒོམ་པ་སྟེ། ཡིད་ལ་བྱེད་པ་བསམ་པ་ཡིན། །ཐབས་དང་དབང་འབྱོར་དེ་བཞིན་དེ། །དེ་དག་ཐམས་ཅད་བརྗོད་པ་ཡིན། །ཇི་སྐད་དུ། །རྒྱུ་དང་རྣམ་སྨིན་སྨོན་ལམ་དང༌། སོ་སོར་རྟོག་པ་ཕུང་པོ་འདྲ། །ཞེས་བཤད་པ་ལྟ་བུའོ། །དེ་ལ་ཕུང་པོ་ལ་རྣམ་པ་བཞི་སྟེ། དེ་ལ་རྒྱུ་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །རྣམ་པར་སྨིན་པ་ལ་གནས་པ་ནི་གང་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་གནས་པ་ནི་གང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོ། །སོ་སོར་རྟོག་པའི་སྟོབས་ཀྱིས་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །ཡིད་ལ་བྱེད་པ་ལ་གནས་པ་ནི་བཞི་སྟེ། མོས་པ་ཡིད་ལ་བྱེད་པ་བསྒོམ་པ་ནི་གང་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་མདོ་སྡེ་ལ་མོས་པ་བསྒོམ་པའོ། །རོ་མྱོང་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་ཡོན་ཏན་མཐོང་བའི་ཚུལ་གྱིས་རོ་མྱང་བར་བྱེད་པའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་


DTG071_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་འོངས་བའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ལ་མངོན་པར་དགའ་བའོ། །བསམ་པ་ལ་གནས་ཕ་ན་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་རྣམ་པ་དྲུག་སྟེ། མི་ངོམས་པའི་བསམ་པ་དང༌། ཡངས་པའི་བསམ་པ་དང༌། དགའ་བའི་བསམ་པ་དང༌། ཕན་འདོགས་པའི་བསམ་པ་དང༌། གོས་པ་མེད་པའི་བསམ་པ་དང༌། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་མི་ངོམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་གཅིག་ཅིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བ་དང་ལུས་གངྒཱའི་ཀླུང་གཅིག་ལ་སྦྱིན་པར་བྱེད་ཅེས་སོ། །དེ་བཞིན་དུ་སྐད་ཅིག་རེ་རེ་ལ་གངྒཱའི་ཀླུང་གི་བྱ་མ་སྙེད་ཀྱི་བསྐལ་པར་སྦྱིན་པར་བྱེད་ཅིང་སེམས་ཅན་གཅིག་ལ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་ལ། རྣམ་གྲངས་འདིས་དེ་ལ་སྦྱིན་པས་མི་ངོམས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཉིད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་བསམ་པ་མི་ངོམས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་དེ་ལྟ་བུར་སྦྱིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་རྒྱུན་མི་གཅོད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཡངས་པའི་བསམ་པའོ། །དེ་ལྟར་སྦྱིན་པས་སེམས་ཅན་དེ་དག་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་དགའ་བ་ཡིན་གྱི་སྦྱིན་པ་དེས་ཡོངས་སུ་གཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ། །གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་མཐོང་གི་བདག་གིས་ནི་


DTG071_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྟན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཡང་པ་མངོན་པར་དུ་བྱས་ཀྱང་ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པ་མི་འདོད་དེ་རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕུང་པོ་སྤངས་པའི་རྣམ་པར་སྨིན་པ་དེ་ལྟ་བུའང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་བྱང་ཆུབ་སེམས་དཔའ་མི་ངོམས་པའི་བསམ་པ་ནི་གང་བྱང་ཆུབ་སེམས་དཔའ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཞིང་དེའི་ཚེའི་ཚད་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ། རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་པར་གྱུར་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ན་སྤྱོད་ལམ་བཞི་བྱེད་ཀྱང༌། སྐང་ཅིག་གཅིག་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་སྐད་ཅིག་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསྒོམ་ཞིང་རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་དང༌། ཤེས་རབ་ཀྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའ་དེ་མི་ངོམས་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG071_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་བར་དུ་བསྒོམ་ལ་བྱང་ཆུབ་སེམས་དཔའ་ཡངས་པའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེས་སེམས་ཅན་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དགའ་བ་ཡིན་གྱི་རྗེས་སུ་གཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟར་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་དགའ་བའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམས་ནས་གང་དག་ལ་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་མཐོང་གི་བདག་ནི་མ་ཡིན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཕན་འདོགས་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བྱུང་བའི་བསོད་ནམས་མང་པོ་མངོན་པར་འདུ་བྱས་ཀྱང་དེ་ལ་ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པ་ལ་འདོད་པ་མེད་དེ། འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་བར་གྱི་བསྒོམ་པ་ལ་གོས་པ་མེད་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་བར་གྱི་བསོད་ནམས་ཀྱི་ཕུང་པོའི་རྣམ་པར་སྨིན་པའི་འབྲས་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG071_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །ཐབས་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གང་ཞེ་ན། རྣམ་པ་གསུམ་སྟེ། སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འཁོར་གསུམ་ཡོངས་སུ་དག་པ་སྟེ་ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་གྲུབ་པའི་ཕྱིར་རོ། །དབང་འབྱོར་པ་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། ལུས་ལ་དབང་འབྱོར་བ་དང༌། སྤྱོད་པ་ལ་དབང་འབྱོར་པ་དང༌། བཤད་པ་ལ་དབང་འབྱོར་པའོ། །ལུས་ལ་དབང་འབྱོར་པ་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་བལྟ་བར་བྱ་སྟེ། རང་བཞིན་དང་ལོངས་སྤྱོད་རྫོགས་པའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ་པའི་སྐུར་བལྟ་བར་བྱ་སྟེ། དེས་སེམས་ཅན་ཐམས་ཅད་ལ་སྤྱོད་པ་ཀུན་དུ་སྟོན་པའོ། །བཤད་པ་ལ་དབང་འབྱོར་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་དུ་བཤད་པ་ལ་ཐོགས་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་རྟོན་པ་བཅོ་བརྒྱད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟའོ། །རྟོན་པ་བཅོ་བརྒྱད་ནི་ལུས་རྟོན་པ་དང་སེམས་རྟོན་པ་དང༌། དགེ་བ་རྟོན་པ་དང༌། བདེ་འགྲོ་རྟོན་པ་དང༌། བྱང་ཆུབ་རྟོན་པ་དང༌། སྙིང་རྗེ་རྟོན་པ་དང༌། སེམས་ཅན་ཡོངས་སུ་མི་གཏོང་བར་རྟོན་པ་དང༌། དམན་པའི་སེམས་ཡོངས་སུ་འདོར་བར་རྟོན་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང༌། དགེ་བའི་རྩ་བ་སྦྱོར་བ་ལ་རྟོན་པ་དང༌། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་རྟོན་པ་དང༌། དགེ་བའི་རྩ་བ་མི་ཟད་པར་རྟོན་པ་དང༌། དགེ་བའི་རྩ་བ་ལ་ཡོངས་སུ་མི་སྐྱོ་བར་རྟོན་པ་དང༌། བསམ་པའི་དོན་ཐམས་ཅད་འབྱོར་པར་རྟོན་པ་དང༌། ཚོགས་སྡུད་པར་རྟོན་པ་དང༌། ས་ལ་འཇུག་པ་རྟོན་པ་དང༌། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྟོན་པ་དང༌། སངས་རྒྱས་ཀྱི་སྒྲུབ་པ་རྟོན་པ་སྟེ་སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་ཐ་དད་པས་གསུམ་གསུམ་གྱིས་གོ་རིམས་བཞིན་དུ་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་རྣམ་པ་གསུམ་ནི་ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ་སྡོམ་


DTG071_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པ་རྣམ་པ་གསུམ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན་འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། སེམས་ཅན་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་རྣམ་པ་གསུམ་ནི་མཐོང་བའི་ཆོས་བདེ་བར་གནས་པར་འགྱུར་བའི་བསམ་གཏན་དང༌། མངོན་པར་ཤེས་པ་མངོན་པར་གསལ་བའི་བསམ་གཏན་དང༌། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ལ་དམིགས་པ་དང༌། དོན་དམ་པ་ལ་དམིགས་པ་དང༌། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་ལུས་ལ་རྟོན་པ་ཏེ་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་ལེན་པ་པོ་ལ་ཕན་འདོགས་པའི་ཕྱིར་རོ། །མི་འཇིགས་པ་སྦྱིན་པ་ནི་སེམས་ལ་རྟོན་པ་སྟེ། ཡིད་མི་བདེ་བའི་བྱེ་བྲག་དང་བྲལ་བར་བྱས་བས་སེམས་ཀྱི་དབུགས་ཉེ་བར་སྒྲུབ་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཏེ། དེ་ཡོངས་སུ་འདོར་བ་རྟོན་པ་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པར་རིགས་པར་བྱའོ། །དགེ་བའི་རྩ་བ་མི་ཐད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལྷག་པར་བྱེད་པས་འཁོར་བ་ཇི་སྲིད་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་ཡོངས་སུ་མི་གཏོང་བས་ཏེ། དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར་བྱའོ། །ཚོགས་སྡུད་པ་ནི་ཐོབ་པ་ལ་བརྟེན་ནས་གདུལ་བྱ་རྣམས་མཉམ་པར་གཞག་པར་བྱ་བ་དང༌། སེམས་མཉམ་པར་གཞག་པར་བྱ་བའི་ཕྱིར་གདམས་པ་དང༌། རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པ་དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང་བའི་


DTG071_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་གང་གིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་རབ་ཏུ་དགའ་བའི་ས་ལ་འཇུག་པ་སྟེ་དེ་སྟོན་པར་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའོ། །ལྷག་མ་ནི་ལེགས་པར་སྦྱར་བའི་ཕྱིར་སྦྱར་བར་མ་བྱས་སོ། །རབ་ཏུ་དབྱེ་བ་ནི་སྦྱིན་བ་བདུན་ཏེ། རྩ་བའི་སྦྱིན་པ་ནི་རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་རིགས་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །བླངས་པའི་སྦྱིན་པ་ནི་སེམས་བསྐྱེད་པའི་གནས་སྐབས་བ་སྟེ་སྨོན་ལམ་ཡང་དག་པར་བླངས་པ་ལ་བརྟེན་ནས་སྦྱིན་བའི་ཕྱིར་རོ། །རྗེས་སུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན་དོན་སྒྲུབ་པའི་གནས་སྐབས་པའོ། །འཛིན་པ་ངེས་པ་མེད་པའི་སྦྱིན་པ་ནི་དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོགས་པ་གནས་སྐབས་པའི་སྟེ། སྦྱིན་བདག་ལ་གནས་པ་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་འཛིན་པ་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པའི་སྦྱིན་པ་ནི་མཐུན་པའི་གནས་སྐབས་པ་ནི། ཕ་རོལ་གྱི་ཡོ་བྱད་ཡོངས་སུ་འཛིན་པ་མེད་པའི་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱིས་ནམ་མཁའ་ལས་ལག་པ་བརྐྱང་ནས་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའི་ཕྱིར་རོ། །སོ་སོར་རིག་པའི་སྦྱིན་པ་ནི་ཡོངས་སུ་སྨིན་པའི་གནས་སྐབས་པ་སྟེ། འདུལ་བ་ཇི་ལྟ་བ་བཞིན་དུ་མཐུན་པར་བྱ་བའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ནི་བྱང་ཆུབ་མཆོག་གི་གནས་སྐབས་པའི་སྟེ་བླ་ན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །བསྡུས་པ་ནི་སྦྱིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའི་སས་བསྡུས་པའི་ཕྱིར་ཏེ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་བསྡུས་པའི་འདི་ནི་དཔེ་ཙམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རིགས་ཀྱིས་བསྡུས་པར་ཤེས་པར་བྱའོ། །སེམས་བསྐྱེད་པ་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པས་བསྡུས་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང༌། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། །ཀྱེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་


DTG071_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་ནི་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཤིག་སྙམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །བདག་དང་གཞན་གྱི་དོན་བསྡུས་པ་གང་སྦྱིན་པའི་ཕུང་པོ་ཡོངས་སུ་རྫོགས་པ་འདི་དག་ནི་བདག་གི་དོན་ཏོ། གང་གཞན་ལ་ཡོ་བྱད་ཉེ་བར་བསྒྲུབས་པས་རྗེས་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ཀྱིས་བསྡུས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དོན་དམ་པ་ཆོས་ཀྱི་དབྱིངས་ལས་བརྩམས་པ་ནི་དེ་བཞིན་ཉིད་ཀྱི་སྦྱིན་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་བསག་པ་ནི་ཐམས་ཅད་མཁྱེན་པའི་སྣོད་དུ་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཡོངས་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འཛིན་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་མཚན་ཉིད་ལས་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་ནི་དམ་པ་ནི་སྦྱིན་པ་ལ་སོགས་པས་བསྡུས་པར་རིག་པར་བྱའོ། །དཔེ་བརྗོད་པ་འདིས་བསྒྲུབ་པ་ལྷག་མ་རྣམས་བསྟན་པར་བྱའོ། །མི་མཐུན་པའི་ཕྱོགས་སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་དང་ཁྲོ་བ་དང་ལེ་ལོ་དང་རྣམ་པར་གཡེང་བ་དང་འཆལ་བའི་ཤེས་རབ་སྟེ། སྦྱིན་པ་ལ་སོགས་པའི་གོ་རིམས་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་ཕྱིར་སྦྱིན་པའི་ཆོས་ཇི་སྙེད་པ་དེ་དག་གི་མི་མཐུན་པའི་ཕྱོགས་གང་ཡིན་པ་དང༌། ཤེས་བྱའི་སྒྲིབ་པ་དེ་ཡང་དག་པའི་མི་མཐུན་པའི་ཕྱོགས་སུ་རིག་པར་བྱའོ། །ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའི་སྐབས་སུ་དཔག་ཏུ་མེད་པར་རིག་པར་བྱའོ། །དེ་ཡང་བསྡུས་ན་འདི་དག་གི་རང་གི་མི་མཐུན་པའི་ཕྱོགས་སྤང་བ་བྲལ་བའི་འབྲས་བུ་དང༌། མཐོང་


DTG071_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ལ་བདག་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང༌། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བའི་རྒྱུ་མཐུན་པའི་འབྲས་བུ་དང༌། བྱང་ཆུབ་ཆེན་པོ་དབང་གི་འབྲས་བུ་དང༌། ལོངས་སྤྱོད་ཆེན་པོ་དང་བདེ་འགྲོར་འགྲོ་བ་དང་ཁོ་ན་མེད་པ་དང༌། དབྱེ་བ་མེད་པ་དང་མི་བདེ་བ་མེད་པ་དང་ཡིད་བདེ་བ་མང་བ་དང༌། སེམས་ཅན་ལ་དབང་བ་དང་ལུས་ལ་གནོད་པ་མེད་པ་དང་དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པར་རིག་པར་བྱའོ། །གཅིག་ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ལས་གྱུར་པ་དང༌། དབྱེ་བ་ལས་གྱུར་པ་དང༌། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་བའོ། །དེ་ལ་སྦྱོར་བ་ལས་གྱུར་པ་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་འདུས་པར་དམིགས་ཏེ་འདི་ལྟ་སྟེ་ནང་དང་ཕྱིའི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་སྦྱོར་བའོ། །དེ་ལ་གང་ཡོངས་སུ་གཏོང་བ་དེ་ནི་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱམས་པའི་སེམས་དང་ལྡན་པ་ནི་གང་གཞན་ལ་ཀུན་ནས་མནར་སེམས་དང་གནོད་པ་དང་རྣམ་པར་འཚེ་བ་སྡོམ་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཉེ་བར་བསྐོར་བ་དང་ཕོངས་པ་དང་སྐྱོ་བ་ལ་ཇི་མི་སྙམ་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཕྱིར་ཞིང་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་སེམས་རྩེ་གཅིག་པ་སྟེ་དགེ་བ་ལས་ཕྱི་རོལ་ཏུ་མི་འཕྲོ་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་ལེགས་པར་གཟུང་བ་དང་ལྟ་བ་མཆོག་ཏུ་འཛིན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་ཅི་རིགས་སུ་སྦྱར་བར་བྱ་སྟེ། མི་འཇིགས་པ་སྦྱིན་པ་ནི་ཐམས་ཅད་དུ་སྦྱིན་པ་ཡིན་པའི་ཕྱིར་རོ། །དེ་རབ་ཏུ་དབྱེ་བ་ལས་གྱུར་པ་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྗེས་སུ་སྦྱོར་བས་རབ་ཏུ་དབྱེ་བ་དང༌། བསྐྱེད་པས་རབ་ཏུ་དབྱེ་བའོ། །དེ་ལ་སོགས་པའི་ངོ་བོ་ཉིད་ནི་རྣམ་པར་གཏོང་བ་དང་སྡོམ་པ་དང་ཇི་མི་སྙམ་པ་དང་མངོན་པར་སྤྲོ་བ་དང་སེམས་གནས་པ་དང་རབ་


DTG071_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་དབྱེ་བ་སྟེ་གོ་རིམས་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ནི་དེ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྗེས་སུ་འཇུག་པ་སྟེ་སྔ་མ་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་སྦྱོར་བ་ནི་འཛིན་དུ་འཇུག་པ་དང༌། བསྔགས་པ་བརྗོད་པ་དང༌། རབ་ཏུ་དགའ་བའོ། །དེ་ལ་སྦྱིན་པ་ལ་སོགས་པ་བསྐྱེད་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་འཇོག་པའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །དེ་མ་ཡིན་པའི་གཞན་ལྔ་ནི་མི་འཇིགས་པའི་སྦྱིན་པའོ། །ཐམས་ཅད་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྟེ་གཞན་གྱི་སེམས་རྒྱུད་ལ་བསྐྱེད་པའི་ཕྱིར་རོ། །དེ་ལས་རབ་ཏུ་ཕྱེ་ནས་བསྟན་པ་ལ་གྱུར་པ་ནི་གཅིག་ནས་རྟོགས་པ་ལ་སོགས་པ་སྟེ། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནམ་ཞེ་ན། ཚིག་འོག་མ་དང་སྦྱོར་བ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེའོ། །སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡང་ཡོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚིག་འོག་མ་དང་སྦྱོར་བ་རྣམས་དང་སྦྱར་བར་བྱའོ། །སྦྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་སྦྱིན་པ་ཡིན་ནམ་ཞེ་ན། མུ་གསུམ་དུ་འགྱུར་ཏེ་སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་བའོ། །སྦྱིན་པ་མ་ཡིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཡང་ཡོད་དེ་བཤད་པ་མ་གཏོགས་པའི་ཆོས་རྣམས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བརྩམས་ཏེ་རེ་རེ་ལ་མུ་གསུམ་གསུམ་དུ་སྦྱར་བར་བྱའོ། །སྦྱིན་པ་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་བསྐྱེད་དམ་ཞེ་ན་མུ་བཞིར་འགྱུར་ཏེ། མུ་དང་པོ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་མ་


DTG071_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོས་པའི་སྦྱིན་པ་སྤྱོད་པའོ། །མུ་གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང༌། བསྔགས་པ་བརྗོད་པ་དང༌། ཡིད་རབ་ཏུ་དགའ་བས་སོ། །མུ་གསུམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པས་སོ། །མུ་བཞི་བ་ནི་རྣམ་པ་འདི་དག་མ་རྟོགས་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བརྩམས་ཏེ་རེ་རེ་ལ་ཡང་མུ་བཞི་བཞིར་སྦྱང་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ཀྱང་བསྡུ་བའི་དངོས་པོ་བཞི་ཡིན་ཏེ་སྦྱིན་པ་དེ་ཉིད་དོ། །ཚུལ་ཁྲིམས་དང་བཟོད་པ་ནི་ངག་སྙན་པའོ། །བརྩོན་འགྲུས་དང་བསམ་གཏན་ནི་དོན་མཐུན་པའོ། །ཤེས་རབ་ནི་དོན་དཔྱོད་པའོ། །སྡོམ་པ་གསུམ་ཡང་ཡིན་ཏེ། དང་པོ་བཞི་སྡོམ་པའི་ཚུལ་ཁྲིམས་དང༌། སྦམ་གཏན་ནི་སེམས་ཅན་དོན་བྱེད་དོ། །ཤེས་རབ་ཀྱི་ནི་དགེ་བའི་ཆོས་སྡུད་དོ། །བསླབ་པ་གསུམ་ཡང་དེ་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དེ་ཉིད་ཡིན་ཏེ་ལམ་གཉིས་ཀྱི་སྐབས་སུ་བཤད་དོ། །ལམ་གཉིས་ཀྱང་ཚོགས་ལམ་དང་སྦྱོར་ལམ་ནི་འཇིགས་རྟེན་པའོ། །མཐོང་ལམ་དང་སྒོམ་ལམ་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེ་དག་རྒྱས་པར་ཕྱེ་སྟེ་བསྟན་པ་ནི་ཐབས་ཉམས་སུ་བླང་བའི་རིམ་པའོ། །དེ་ལྟར་ཐབས་ཀྱི་ཁྱད་པར་དང་ཐེག་པ་འོག་མ་ལས་ཁྱད་པར་དགུས་འཕགས་ཏེ་གང་ཞེ་ན་དམིགས་པའི་ཁྱད་པར་ནི་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བ་ལ་དམིགས་པའོ། །ཉེ་བར་བསྟན་པའི་ཁྱད་པར་ནི་བསྐལ་བ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའོ། །རབ་ཏུ་རྟོགས་པའི་ཁྱད་པར་ནི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་གང་ཟག་དང་ཆོས་བདག་མེད་པར་རྟོགས་པའོ། །ཁས་ལེན་པའི་ཁྱད་པར་ནི་བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཁས་ལེན་པའོ། །ངེས་པར་འབྱུང་བའི་ཁྱད་པར་ནི་ས་བཅུ་དག་གིས་ངེས་པར་འབྱུང་བའོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་མི་གནས་པའི་མྱ་ངན་ལས་འདས་པར་ཡོངས་སུ་འཛིན་པའོ། །གནས་དང་གཡོག་འཁོར་གྱི་ཁྱད་པར་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་གདུལ་


DTG071_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཉེ་བར་སྡུད་པའོ། །བཙུན་པ་ཉེ་བར་སྐྱེས་པའི་ཁྱད་པར་ནི་སངས་རྒྱས་ཀྱི་གདུང་རིས་སུ་སྐྱེས་པའོ། །སྐྱེ་བའི་ཁྱད་པར་ནི་སྨོན་ལམ་གྱི་དབང་གིས་སྲིད་པ་ཐམས་ཅད་དུ་སྐྱེ་བའོ། །དྲུག་པོ་དེ་དག་དང་ལྡན་པའི་ཆོས་ཀྱང་རྣམ་པ་གཉིས་སུ་བཤད་དེ། སྒྲུབ་པའི་ཆོས་དང༌། འབྲས་བུའི་ཆོས་སོ། །སྒྲུབ་པའི་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་དེ་ཉིད་འདིར་ཡོངས་སུ་ཤེས་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས་འབྲས་བུའི་ཆོས་ཀྱང་རྣམ་པ་གཉིས་སུའོ། །དེ་ལ་འདུས་བྱས་ནི་དགེ་སྦྱང་གི་འབྲས་བུ་བཞི་སྟེ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ། །འདུས་མ་བྱས་ནི་ཉོན་མོངས་པ་སྤངས་བའི་མཚན་ཉིད་མྱ་ངན་ལས་འདས་པའོ། །བསྟན་བཅོས་ལས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རང་བཞིན་དགེ་སྦྱོང་གི་འབྲས་བུར་རྣམ་པར་གཞག་མོད་ཀྱི་འོན་ཀྱང་མྱ་ངན་ལས་འདས་པར་ལོགས་ཤིག་ཏུ་བཤད་པས་བ་ལང་དང༌། གླང་ཞེས་བྱ་བའི་ཚུལ་དུ་འདུས་བྱས་ཉིད་དུ་གཟུང་ངོ༌། །ཡང་ན་ཡོངས་སུ་དག་པའི་དེ་བཞིན་ཉིད་གང་ཡིན་པ་འདིར་མྱ་ངན་ལས་འདས་པར་འདོད་དེ་དེ་ལ་ཉོན་མོངས་པའི་ཕྱིར་རོ། །འབྲས་བུ་འདི་བརྗོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལམ་འདི་ཉིད་ཀྱི་གང་ཟག་དང་ཆོས་ལ་བདག་མེད་པའི་ཚུལ་དུ་བསྒྲུབས་ནས་འབྲས་བུ་རྙེད་པར་འགྱུར་རོ་ཞེས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་རོ། །དེ་ཡང་དེ་ཁོ་ན་མ་ནོར་བའི་རང་བཞིན་རྟོགས་པ་ནི་ཡང་དག་དག་པའི་ལྟ་བའོ། །དེ་ཉིད་ལ་ཚུལ་བཞིན་དུ་རྟོག་ཅིང་དཔྱོད་པ་ནི་ཡང་དག་པའི་རྟོག་པའོ། །དེ་ཡང་གཞན་དག་ལ་མ་ནོར་བའི་རང་བཞིན་དུ་འཆད་ཅིང་བརྫུན་ལ་སོགས་པའི་ཉེས་བསླངས་པའི་ཚིག་ནི་ཡང་དག་བའི་ངག་གོ །དེ་ནས་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་སྤངས་ཤིང་ལུས་ཀྱི་ལས་ཡོངས་སུ་དག་པ་ནི་ཡང་དག་པའི་མཐའོ། །དེ་ནས་ཚུལ་འཆོས་པ་དང་གཞོགས་སློང་ལ་སོགས་པ་ལོག་པར་འཚོ་བའི་ཉེས་བ་སྤངས་ཤིང་ཡོངས་སུ་དག་པའི་ལུས་དང་ངག་གི་ལས་ཡོངས་སུ་སྤྱོད་པ་ནི་ཡང་དག་པའི་འཚོ་བའོ། །ཉེས་པ་ལྷག་མ་རྣམས་སྤངས་པའི་ཕྱིར་མངོན་པར་སྤྲོ་བ་ནི་ཡང་


DTG071_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་རྩོལ་བའོ། །དེ་ཁོ་ན་ཉིད་མི་བརྗེད་པ་ནི་ཡང་དག་པའི་དྲན་པའོ། །གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་རྣམས་མངོན་པར་བསྒྲུབ་པའི་ཕྱིར་རྟག་ཏུ་མཉམ་པར་གཞག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། ལམ་ལ་སྙོམས་པར་ཞུགས་པ་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་ཇི་ལྟར་འབྱུང་ན་རྒྱུ་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་འགྱུར་ཞེ་ན། འདི་ལ་ངེས་པ་མེད་དེ་འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སྐབས་ན་རྣལ་འབྱོར་པ་དེ་ལྟ་བུའི་སོ་སོ་རང་གིས་རིག་པའི་དེ་ཁོ་ན་མྱོང་བར་ཡང་འགྱུར་ཞིང་གནས་གྱུར་པར་ཡང་ཐོབ་པ་ལ། དེ་ལས་ལངས་པའི་ཚེ་ན་ཡང་དག་པའི་ངག་ལ་སོགས་པ་ལ་འཇུག་སྟེ་ལོག་པའི་ངག་ལ་སོགས་པ་ལ་ནི་མི་འཇུག་གོ །དེས་ན་རྒྱུ་ལ་འབྲས་བུར་བཏགས་ཏེ་ཡང་དག་པའི་ལྟ་བ་ལ་སོགས་པ་ཡན་ལག་བརྒྱད་ནི་རྣམ་པར་དག་པའི་རྒྱུར་གྱུར་པས་དེ་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེའི་ཚེ་ན་དེའི་ཚིག་ཀྱང་མི་སྨྲ་ལ་གོས་ལ་སོགས་པ་ཡང་མི་ཚོལ་བས་དེའི་གནས་སྐབས་ན་ཡན་ལག་བརྒྱད་མི་འབྱུང་སྟེ་འགལ་བའི་ཕྱིར་རོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེ་ཇི་ལྟར་རྟོགས་པའི་དེ་ཁོ་ན་རྣམ་པར་གཞག་ནས་ཚིག་ཏུ་འདོན་པའི་ཕྱིར་རོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང་འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གོ་རིམས་བཞིན་དུ་རྣལ་འབྱོར་གྱི་ལྟ་བ་དང༌། ཚུལ་ཁྲིམས་དང་པོ་བྱད་བསྙུངས་པ་རྣམ་པར་དག་པ་གཞན་ཡིད་ཆེས་པར་འགྱུར་ཏེ། འདྲི་བའི་ལན་ཡང་དག་པར་ལྡོན་པས་ཡང་དག་པའི་ངག་གི་ལྟ་བ་རྣམ་པར་དག་པར་ཡིད་ཆེས་སོ། །ཡང་དག་པའི་ལས་ཀྱི་མཐའ་བྱ་བ་མ་ཡིན་པ་མི་བྱེད་པའི་ཚུལ་ཁྲིམས་རྣམ་པར་དག་པར་རོ། །ཡང་དག་པའི་འཚོ་བས་གོས་ལ་སོགས་པ་ཆོས་བཞིན་ཚོལ་བས་ཡོ་བྱད་བསྙུངས་པར་རྣམ་པར་དག་པར་རོ། །འདི་དག་ནི་གོ་རིམས་བཞིན་ངག་དང་ལུས་དང༌། གཉིས་ཀའི་ལས་ཀྱི་རང་བཞིན་


DTG071_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཡང་དག་པའི་རྩོལ་བ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བས་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །ཡང་དག་པའི་དྲན་པ་ནི་བྱིང་བ་དང་རྒོད་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དྲན་པ་ཉེ་བར་གཞག་པས་ཡང་དག་པའི་མཚན་མར་རྟོག་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐབས་མེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་ཁྱད་པར་མངོན་པར་བསྒྲུབ་པ་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །སྟོན་པར་མཛད་དོ་ཞེས་པ་ནི་དབང་པོ་རྣོན་པོས་མགོ་སྨོས་པས་གོ་བ་དང༌། རྟུལ་པོས་ཤིན་ཏུ་རྒྱས་པས་ཀྱང་རྟོགས་པར་དཀའ་བས་འབྲིང་པོའི་དབང་དུ་བྱས་པའི་ཕྱིར་རོ། །ལྡེམ་པོར་དགོངས་པ་བཞི་དང་བཞིས་ཆོས་ཐམས་ཅད་སྟོན་ཏོ།། དེ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང༌། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང༌། མཉམ་པ་ཉིད་ལ་དགོངས་པ་དང༌། དོན་གཞན་ལ་དགོངས་པ་དང༌། དོན་གཞན་ལ་དགོངས་པ་དང༌། དུས་གཞན་ལ་དགོངས་པ་དང་གང་ཟག་གཞན་ལ་དགོངས་པའོ། །ད་ནི་མ་འོངས་པའི་སློབ་དཔོན་དང་སློབ་མ་ཆོས་ལ་འཇུག་པའི་ཚུལ་སྦྱར་བའི་ཕྱིར་ཆོས་ལ་འཇུག་པའི་ཚུལ་གསུངས་པ། ཉིན་མཚན་དུ་བསམ་པ་ནི་ཐོས་པའི་དོན་བསམ་པ་ཉིད་དོ། །རྗེས་སུ་དཔྱད་པ་ནི་ཐོས་པའོ། །བསྒོམ་པ་ནི་བསམ་པའི་དོན་བསྒོམ་པ་ཉིད་དོ། །དགའ་བ་ཆེན་པོ་ནི་ཤེས་རབ་གསུམ་ལ་བར་ཆད་དང་བྲལ་བའོ། །ད་ནི་ཤེས་རབ་རྣམ་པ་གསུམ་དང་བྲལ་བའི་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་མི་རྟག་ཅིང་སླུ་བ་དང་བཅས་པར་གསུངས་པ། དེ་ནས་ལྷའི་འཁོར་དེ་ཉིད་ཀྱི་ནང་ནས་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པའི་ལམ་ལ་འདྲེན་པ་པོ་དགོས་པར་བསྟན་པའི་ཕྱིར། །དེ་ནས་གནས་མཆོག་དེ་ན་ཞེས་པ་ལ་སོགས་པ་གསུངས་སོ། །ཉམ་ང་བ་མ་རྟོགས་ན་ཡང་དག་པ་ལ་ཡིད་མི་ཆེས་པར་བསྟན་པའི་ཕྱིར་དེ་ནས་ལྷའི་བུ་ལ་སོགས་པ་གསུངས་སོ། །ལམ་ཐམས་ཅད་ཀྱི་


DTG071_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྐྱབས་སུ་འགྲོ་བ་ཡིན་པར་བསྟན་པའི་ཕྱིར་དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་བརྒྱལ་བ་སངས་ཏེ་ཞེས་པ་ལ་སོགས་པ་གསུངས་སོ། །སྐྱབས་སུ་སོང་བའི་སློབ་མ་ལ་དབུགས་དབྱུང་བའི་ཕྱིར་ཕན་ཡོན་བཤད་པ་ནི་ལྷའི་དབང་པོ་ལ་སོགས་པས་གསུངས་སོ། །དེ་དག་ནི་དོན་གྱི་སྒོ་ནས་གླེང་བསླང་བའོ། །ད་ནི་ཚིག་གི་སྒོ་ནས་གླེང་བསླང་བའི་ཕྱིར་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དམན་པའི་ཚིག་གིས་ཞེས་པ་ལ་སོགས་པ་གསུངས་སོ། །ལྷའི་དབང་པོ་ཞེས་པ་ལ་སོགས་པ་ནི་ལྷའི་བུ་ལ་སོགས་པའི་ལེ་ལོའི་འགྱོད་པ་བསལ་བའི་ཕྱིར་ལས་རྒྱུ་འབྲས་ཀྱི་འབྲེལ་པ་གསུངས་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པའི་གཏམ་ངན་ཐོས་ནས་ཞེས་བྱ་བ་ལ་སོགས་པས་ནི་རྗེས་འཇུག་གི་ཉམས་སུ་བླང་བ་ཞུས་པ་ནས་ཀྱིས་བསྟན་ཏོ། །གུས་པའི་རྩོལ་བ་དང་བྲལ་ན་ཡང་དག་པའི་ལམ་རྙེད་པར་མི་འགྱུར་བའི་ཕྱིར་དེ་ནས་ལྷའི་དབང་པོ་ལ་སོགས་པས་ཆོས་ལ་གུས་པ་བསྟན་ཏོ། །ཞུས་པའི་དོན་ནི་རྒྱས་པ་དང་བསྡུས་པའོ། །དང་པོ་ནི་དོན་ངེས་པར་ཐོབ་པ་དང༌། དོན་ལ་བར་ཆད་བསལ་བ་དང༌། ལུས་ཅན་ཐམས་ཅད་འཇུག་ཏུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ་བ་དང༌། ཁྱད་པར་གྱི་རྐྱེན་བསལ་བ་དང༌། ཤིན་ཏུ་དཔག་ཚ་བའི་འབྲས་བུ་གཉིས་དང་བྲལ་བར་མཛད་པ་དང༌། འཁོར་བར་ལས་བསྒྲལ་བ་དང༌། རང་གི་དོན་དང༌། གཞན་གྱི་དོན་དང༌། ཐུན་མོང་གི་དོན་ཡོད་པར་གསོལ་བ་གདབ་པ་སྟེ། རེ་བ་འཕེལ་བར་མཛད་དུ་གསོལ་ཞེས་པ་ལ་སོགས་པའི་ཚིག་བཅུ་གཅིག་དང་རིམ་པར་སྦྱར་རོ། །བསྡུས་པ་ལ་གཉིས་ཏེ། མཐོང་བའི་ཆོས་ཀྱི་དོན་དང༌། ལན་གྲངས་གཞན་གྱིའོ། །མ་འོངས་པའི་སྟོན་པ་ང་ལོ་བདེ་བ་ལ་སྦྱར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ནི། ཤཱཀྱ་ཐུབ་པ་སྔོན་དུ་མི་བརྗོད་པར་བཅོམ་ལྡན་འདས་སྔོན་དུ་གསུངས་པ་ནི་བདུད་བཅོམ་པ་དང་དབང་ཕྱུག་གི་ཡོན་ཏན་དྲུག་དང་ལྡན་པ་དེ་ནི་མུ་སྟེགས་པ་ལ་སོགས་པ་གཞན་ལ་མེད་པ་དང༌། ཕྱི་རབས་ཀྱང་རང་གི་བླ་མའི་གནས་ལ་སོགས་པ་ཡོན་ཏན་སྔོན་དུ་བཏང་


DTG071_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྗོད་པ་ལ་གཞུག་པའི་ཕྱིར་རོ། །ཤཱཀྱ་ནི་རིགས་ལ་མངོན་པར་ཞེན་པ་རྣམས་འཇུག་པའི་རིགས་སྨོས་ཏེ། རྒྱལ་རིགས་ཕྱོགས་གཅིག་གི་མིང་ངོ༌། །ཐུབ་པ་དང་རྒྱལ་བ་དང་འདྲེན་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་མིང་གི་རྣམ་གྲངས་སོ། །ཐུགས་སུ་ཆུད་པ་ནི་གཉིས་ཏེ། རང་དོན་དུ་དང༌། གཞན་དོན་དུ་བཤད་པར་གསོལ་བ་བཏབ་པར་རོ། །རྣམ་པར་ཀུན་དུ་ནི་ཡུལ་དང་དུས་དང་གནས་སྐབས་སོ། །རྣམ་པར་གཟིགས་པ་ནི་ཕན་པ་དང་བདེ་བའོ། །ཏིང་ངེ་འཛིན་ནི་ཞི་གནས་དང་ལྷག་མཐོང་སྟེ། སྟོང་པ་དང་ཡེ་ཤེས་སུ་མཉམ་པར་གྱུར་པའོ། །སྙོམས་པར་ཞུགས་པ་ནི་དེ་ཉིད་མངོན་སུམ་དུ་བྱས་པའོ། །མདོར་ན་དབྱིངས་དང་རིག་པ་དབྱེར་མེད་པ་ནི་ཏིང་ངེ་འཛིན་ཏེ་ཆོས་ཀྱི་སྐུ་ཡིན་ལ། སྙོམས་པར་ཞུགས་པ་ནི་དེ་ཉམས་སུ་མྱོང་བ་སྟེ་ལོངས་སྐུའོ། །གལ་ཏེ་སངས་རྒྱས་ནི་རྟག་ཏུ་མཉམ་པར་གཞག་པ་མ་ཡིན་ནམ་ཅིའི་ཕྱིར་སྐབས་འདི་ཁོ་ན་མཉམ་པར་གཞག་ཅེས་སྨོས། །ཡང་ན་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་ཡིན་པས་རྟག་ཏུ་མཉམ་པར་གཞག་པ་མི་མངའ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གདུལ་བྱ་ཉིད་ལ་དེ་ལྟར་སྣང་བ་དང་མ་འོངས་པ་ནི་འཆད་པ་པོ་བསམས་བཞིན་དུ་སྨྲ་བར་བྱའོ་ཞེས་གདམས་པའོ། །ཞུགས་མ་ཐག་པ་ནི་གཞན་ཅིས་ཀྱང་བར་མཆོད་པར་སྣོད་གཉིས་དང་འཚམ་པར་འབྱུང་བ་སྟེ་དེ་ཡང་ཟབ་པ་དང་རྒྱ་ཆེ་བ་ཐུགས་སུ་ཆུད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ལ་མོས་པ་དང༌། གཏིང་དཔག་དཀའ་བ་ཐུགས་སུ་ཆུད་པ་རྡོ་རྗེ་ཐེག་པ་ལ་ཞུགས་པའོ། །དེ་རེ་རེ་ལའང་ཞུགས་པ་དང་ཞུགས་པ་བསྟན་པའོ། །དང་པོ་ནི་མོས་པ་སྤྱོད་པ་ལ་སོགས་པ་ལ་གསུང་གི་སྒོ་ནས་འབྱུང་ངོ༌། །གཉིས་པ་ས་ཆེན་པོ་ལ་རབ་ཏུ་བཞུགས་པ་རྣམས་ལ་འོད་ཟེར་གྱི་སྒོ་ནས་སོ། །རྣམ་པ་ཀུན་དུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་ལ་བརྟེན་ནས་རིག་པའི་གནས་ལྔའི་སྣང་བརྒྱ་ཆེན་པོས་ཁྱབ་པས་གདུལ་བྱ་ཚིམ་པར་མཛད་དོ། །དེ་ལ་སྒྲ་རིག་པ་ནི་བྱཱ་ཀ་ར་ཎ་སྟེ་དོན་གསལ་བར་བྱེད་དོ། །གཏན་ཚིགས་རིག་པ་ནི་ཚད་མ་སྟེ་རྒོལ་བ་ཚར་གཅོད་དོ། །གསོ་བ་རིག་པས་ནི་ལུས་གནས་པར་བྱེད་དོ། །བཟོ་རིག་པས་ནི་འཚོ་བ་མི་ཉམས་པ་དང་ཡིད་སྐྱོ་བ་མེད་པར་བྱེད་དོ།།


DTG071_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་རིག་པས་ལམ་གོམས་ན་ཉོན་མོངས་པ་བཅོམ་ཞིང་ཡེ་ཤེས་སྐྱེད་པར་བྱེད་དོ། །ལམ་དེ་ཡང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་གིས་ཚར་གཅད་པ་དང་རྗེས་སུ་བཟུང་བའི་བྱེ་བྲག་གིས་རྣམ་པ་ཐ་དད་དོ། །དབུའི་གཙུག་ཏོར་ནི་འབྱུང་གནས་སོ། །ལྷ་རྣམས་རྡོ་རྗེ་ཐེག་པ་ལ་གུས་པར་གཟུད་པའི་ཕྱིར་རོ། །ཕྱོགས་བཅུ་ཀུན་དུ་སྣང་བར་བྱས་པ་ནི་གཉིས་ཏེ། ཀུན་རྫོབ་ཏུ་སྟོང་པ་ཉིད་མི་རྟོག་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་ཡང་མི་གསལ་བ་མེད་པར་བྱས་སོ།། དོན་དམ་པའི་སྔགས་ཀྱི་ཕྲེང་བས་ནི་གདུལ་དཀའ་བ་གང་ཡང་མི་འདུལ་བ་མེད་པར་བྱས་སོ། །གདུགས་ལྟ་བུ་ནི་ཆར་དང་ཚད་པ་ལས་སྐྱོབ་པ་ལྟར་འཁོར་བའི་ཆུ་ལས་སྐྱོབ་པར་འགྱུར་བ་དང༌། ཕྱིན་ཅི་ལོག་གི་གདུང་བ་སེལ་བར་འགྱུར་བས་སྔགས་རྣམས་ཀྱང་གདུགས་ཀྱི་ཚུལ་དུ་སྣང་བའོ། །འཛུམ་པ་མཛད་པ་ནི་འཁོར་སྤོབས་པ་བསྐྱེད་པ་དང་ཆོས་འདི་རྙེད་པར་དཀའ་བ་དང་ཐབས་ཆེན་པོ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །གཟིགས་པ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོས་གདུལ་བྱ་ལ་གཟིགས་པའོ། །བཀའ་སྩལ་པ་ནི་ཐོག་མ་དང་བར་དང་ཐ་མར་དགེ་བའི་ཚུལ་གྱིས་སོ། །ད་ནི་གདམས་ངག་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་སེམས་བསྐྱེད་པ་གསུངས་སོ། །དེ་ལ་སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་རྟོགས་པ་འདིའི་མཚན་གསུངས་པ། ཀུན་ནས་སྒོར་འཇུག་པ་ནི་རྣམ་པར་སྣང་མཛད་ཆེན་པོའི་ཞལ་ནས་གསུངས་པའི་སྔགས་དང་རྒྱུད་དང་ཕྱག་རྒྱའོ། །འཇུག་པ་ནི་ཐོས་པ་དང་སྒྲུབ་པའོ། །སྔགས་འདི་ཉིད་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས་འོད་ཟེར་གྱི་ཚུལ་དུ་བྱུང་སྟེ། གདུལ་བྱ་ཚིམ་པར་བྱ་བའི་ཕྱིར་རོ། །དྲི་མ་མེད་པ་ནི་ཕྲིན་ལས་ཀྱི་མིང་སྟེ། འདིར་ཞུགས་པ་ཙམ་གྱིས་བསྐལ་པ་དུ་མའི་སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པས་སོ། །སྣང་བ་ནི་དབང་པོ་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་ལྔའོ། །དེ་བཞིན་ནི་ཞི་བའམ་མྱ་ངན་ལས་འདས་པ་སྟེ་མི་སླུ་བས་དེ་བཞིན་ཁོ་ནའོ། །དེ་ཁོང་དུ་ཆུད་པ་ནི་གཤེགས་པའོ། །དེ་ཁོང་དུ་ཆུད་ཅིང་རྟོགས་ན་མངོན་པར་


DTG071_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་པའི་ཕྱིར་རོ་ཞེས་ཀུན་ལ་སྦྱར་རོ། །ཡང་དེ་བཞིན་ནི་རྣམ་ཐར་སྒོ་གསུམ་མོ། །ཡང་ན་བདེན་པ་བཞིའོ། །ཡང་ན་བདེན་པ་དང་སྟོང་པ་དང་ཉེ་བར་ཞི་བ་དང་ཤེས་རབ་པོ། །ཡང་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དེ་དག་ཐུགས་སུ་ཆུད་པས་ཞེས་ཀུན་ལ་སྦྱར་རོ། །ཡང་ན་དེ་བཞིན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེས་སངས་རྒྱས་སུ་གཤེགས་པའོ། །ཡང་ན་ས་བཅུའོ། །ཡང་ན་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཡང་ན་ཚོགས་གཉིས་སོ། །ཡང་ན་བརྩོན་འགྲུས་ཆེན་པོའོ། །ཡང་ན་དེ་བཞིན་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་རྟ་དང་གླང་པོ་ལ་སོགས་པ་དང༌། བུ་དང་བུ་མོ་ལ་སོགས་པ་དང༌། མགོ་དང་ཤ་རུས་རྐང་ལག་དུ་མ་བཏང་ཡང་གཏན་པ་མེད་པས་ནོར་ལྷ་དང་དབང་ཕྱུག་དང༌། ཚངས་པ་དང༌། སེར་སྐྱ་དང༌། གཟེགས་ཟན་དང༌། རྐང་མིག་དང༌། འཕེལ་བ་དང༌། རྒྱལ་དཔོག་གི་བུ་ལ་སོགས་པར་མི་འོང་སྟེ་དེ་ཁོ་ན་ལྟར་སངས་རྒྱས་སུ་གཤེགས་པའོ། །ཡང་ན་ཐུགས་རྗེ་དང་བྱམས་པས་གཞན་དོན་གྱི་སྨོན་ལམ་བཞིན་ནོ། །དེ་ལྟར་སངས་རྒྱས་པའོ། །ཡང་ན་བསམ་གཏན་བཞི་ལ་བརྟེན་ནས་སྐྱེས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲིད་རྩེའི་ཉོན་མོངས་པ་སྤངས་ནས་ཕྱིར་མི་ལོག་པ་སྟེ་མུ་སྟེགས་པས་སྤོང་མི་ཤེས་པས་འཁོར་བར་ཕྱིར་ལྡོག་པ་ལྟ་བུ་མ་ཡིན་པ་དེ་བཞིན་ནོ། །དེས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པའོ། །ཡང་ན་སྔ་རབས་འདས་པ་རྣམས་ཀྱང་སྐལ་བ་དང་ལྡན་པ་རྣམས་མྱ་ངན་ལས་འདས་པའི་ལམ་ཇི་ལྟ་བ་བཞིན་བཞག་ནས་རང་མྱ་ངན་ལས་འདས་པ་ལྟར་འདིར་ཡང་དེ་བཞིན་མཛད་དམ་གཤེགས་པས་སོ། །ཡང་ན་ལས་དང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བ་ལ་མུ་སྟེགས་བྱེད་པ་དག་གིས་མི་ནུས་པའོ། །དེས་ན་མྱ་ངན་ལས་འདས་པའོ། །ཡང་ན་གསུམ་པོ་དེ་སྤོངས་ནས་ལས་དང་ཉོན་མོངས་པའི་དབང་གིས་མི་སྐྱེ་སྟེ་ཐོགས་པ་མེད་པའི་ཡེ་ཤེས་ལ་དབང་ནས་མྱ་ངན་ལས་འདས་པའོ། །ཡང་ན་ཕུང་པོ་དེ་རྣམ་རྟོག་དང་སྤྲོས་པར་བཅས་པ་སྤངས་ནས་དེ་དག་སླར་མི་འབྱུང་བས་མྱ་ངན་ལས་འདས་པའོ། །ཡང་ན་དེ་བཞིན་ཉིད་ཐོབ་པ་མེད་པར་ཐོབ་པའོ། །ཡང་ན་དེ་བཞིན་ཉིད་རྟོགས་པའོ། །ཡང་ན་དེ་བཞིན་ཉིད་


DTG071_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་བས་ཏེ་ས་སྟེངས་སྒྲོགས་ཞེས་པ་དང་འདྲའོ། །ཡང་ན་འཁོར་བ་དང་མྱ་ངན་ལས་འདས་པ་བདེན་པ་གཉིས་སུ་བསྡུས་ནས་ཐུགས་སུ་ཆུད་པས་དམིགས་བཅས་དང་དམིགས་མེད་ཀྱི་ཚུལ་དུ་གནས་པས་དེ་གསུངས་པའོ། །ཡང་ན་དེ་བཞིན་ཉིད་ངར་འཛིན་པ་དང་བདག་འཛིན་པ་དང་སྒྲིབ་པ་དང་རྣམ་རྟོག་དང་སྤྲོས་པ་སྟེ། འཁོར་བའི་སྡུག་བསྔལ་གྱི་རྒྱུ་དྲུངས་ཕྱུང་ནས་ཡོན་ཏན་རིན་ཆེན་མི་ཟད་པའི་གཏེར་བླ་ན་མེད་པ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་ལ་ལུས་ཉེ་བར་སྒྲུབ་པ་མཛད་ནས་གཞན་དོན་འདི་བྱ་ཞེས་རྟོག་ཚོམ་མེད་པར་འཁོར་བ་ཇི་སྲིད་དུ་སྨོན་ལམ་གྱི་ཤུགས་ཀྱིས་དགའ་ལྡན་གྱི་གནས་ན་བཞུགས་པ་དང༌། ལྷུམས་སུ་འཕོ་འཇུག་གནས་པ་དང༌། བལྟམས་པ་དང༌། གཞོན་ནུ་རོལ་པ་དང༌། བཙུན་མོའི་འཁོར་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། བདུད་འདུལ་བ་དང། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་མཛད་པ་གཞལ་དུ་མེད་པ་ལ་འཇུག་བཞིན་སྐྱེ་འགག་མེད་པའི་མྱ་ངན་ལས་འདས་པ་ཆོས་ཀྱི་སྐུར་གཤེགས་པའོ། །ཡང་ན་ཕྱིར་མི་ལྡོག་པའི་འཁོར་ལོ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པ། །དེ་དག་བྱང་ཆུབ་མི་རྙེད་དེ། །ཆོས་ཀུན་བཙལ་ན་རྙེད་མེད་པ། །རྟོགས་པས་དེ་བཞིན་གཤེགས་ཞེས་བྱ། །ཞེས་སོ། །སྙིང་པོ་ནི་ཨོཾ་དང་ཧཱུཾ་བཞིའི་ཧཱུཾ་དང་པོ་གསུམ་ནི་དེ་དག་གི་སྐུ་བྱིན་གྱིས་བརླབ་པའི་སྔགས་སོ། །ཨཾ་བཾ་སཾ་ཛཾ་ཞེས་ཡི་གེ་བཞི་པོ་ནི་རིག་པའི་ལྷ་མོ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོའོ། །དམ་ཚིག་ལ་རྣམ་པར་བལྟ་བ་ནི་གོང་ནས་གོང་དུ་རྟོགས་པ་འཕེལ་བར་བྱེད་པ་སྟེ་རིག་སྔགས་ཀྱི་ངོ་བོ་ཉིད་དོ། །དོན་གྱི་གཟུངས་ནི་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པ་ཡིན་ཏེ། ཚིག་གི་གཟུངས་ཀྱིས་ཀྱང་དེ་ལ་སྦྱོར་བར་བྱེད་དོ། །ཡང་དག་པའི་དོན་ངོ་ཤེས་ཤིང་དེ་ལ་འཇུག་པའི་བར་དུ་གཅོད་པ་ལས་སྐྱོབ་པས་སོ། །འདི་ཡང་མནྠ་ཏྲ་ནཱརྠ་མནྟྲའི་སྒྲས་རང་དོན་མ་ལུས་པ་ཐོབ་ཅིང་གཞན་དོན་ཤུགས་ཀྱིས་འབྱུང་བ་དང༌། མན་ཛྙཱ་ན་མ་མི་ཏྲ་ན་ཨརྠ་མནྟྲ་དཀྱིལ་འཁོར་ལ་


DTG071_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ངོ་བོ་ཙམ་དུ་ཡོད་པ་དང༌། ཨ་ནུ་ཨ་བ་བོ་དྷ་ན་ཏྲ་ན་ཨརྠ་མནྟྲ་སྟེ་ཐམས་ཅད་གཉིས་སུ་མེད་པར་རྟོགས་པར་འགྱུར་བའོ། །དོན་གསུམ་པོ་དེ་གང་གིས་མཚོན་པ་ནི་ཕྱག་རྒྱ་སྟེ་གསང་སྔགས་སོ། །དེ་ལྟར་ན་རིགས་སྔགས་དང་གཟུངས་སྔགས་དང་གསང་སྔགས་གསུམ་དང་ལྡན་པ་ནི་རྟོགས་པ་འདིའི་ངོ་བོ་ཉིད་དོ། །གངྒཱའི་ཀླུང་ལ་སོགས་པས་ནི་སྔགས་ལ་ཇི་ལྟར་ཡི་རང་བ་ལྟར་སྔགས་ལ་ཞུགས་པར་སེམས་བསྐྱེད་མ་ཐག་གི་བྱང་ཆུབ་སེམས་དཔའ་ལ་ཡང་ཡི་རང་ཞིང་བསྔགས་པ་བརྗོད་དོ། །མཐོང་བ་ནི་སྔགས་བཞུགས་པའི་ས་ཆ་དང་སྐུ་གདུང་མཆོད་རྟེན་ལ་སོགས་པའོ།། ཐོས་པ་ནི་བརྗོད་པའོ། །སྡིག་པ་དང་སྒྲིབ་པ་ནི་རྒྱུ་སྟེ་དེའི་འབྲས་བུ་ནད་དང་གནོད་པ་བྱེད་པ་སྟེ། མཐོང་བའི་ཆོས་སོ། །ངན་སོང་གསུམ་སྤོང་སྟེ་མ་འོངས་པའི་དུས་སོ། །སྡིག་པ་དང་སྒྲིབ་པ་འཇིག་པ་དང༌། མཉམ་པར་མི་སྐྱེ་བར་བྱེད་པའི་གཞན་དོན་ཏེ་ཐོས་པ་དང་མ་ཐོས་པས་སོ། །ད་ནི་ཕན་ཡོན་དཔེ་ལྔའི་སྒོ་ནས་འཇུག་པའི་གོ་རིམས་ཀྱི་ཁྱད་པར་གསུངས་པ། དད་པའི་མེས་ལས་ཀྱི་སྒྲིབ་པ་མཐའ་དག་སེལ་བ་དང༌། སྙིང་རྗེའི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ནད་སེལ་བ་དང༌། ཐོས་པའི་ཤེས་རབ་ཀྱིས་ལྟ་བ་ངན་པའི་དྲི་མའི་ཚོགས་སེལ་བ་དང༌། བསམ་བའི་ཉི་མས་མ་རིག་པའི་མུན་པ་མཐའ་དག་སེལ་བ་དང༌། བསྒོམ་པའི་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཆུ་རྒྱུན་ཆེན་པོར་འཇུག་པ་སྟེ་དཔེར་ན་ལ་སོགས་པ་དང་རིམ་པ་བཞིན་སྦྱར་རོ། །མི་རྣམས་ཚེ་བཟློག་པ་ནི་ཁྱད་པར་གྱི་ལས་སོ། །ཉོན་ཅིག་ཅེས་སྣོད་ཞབས་རྡོལ་བ་ལྟར་བརྗེད་ངས་པ་དང༌། སྣོད་ཁ་བུབ་ལྟར་དོན་མི་རྟོགས་པ་དང༌། སྣོད་མི་གཙང་བ་ལྟར་དོན་ལེགས་པར་མི་འཛིན་པ་སྤོང་ཞེས་གུས་པ་ལ་སྦྱར་རོ། །དེ་ལ་སྔགས་ནི་ནམཿ་ཞེས་པ་ན་ས་བྷ་ཡ་ཧ་ར་ཎི་ཞེས་པ་ཡན་ཆད་རྩ་བ་སྟེ་ཐུང་མོང་གི་སྔགས་སོ། །ཧཱུཾ་ཧཱུཾ་ཧཱུཾ་མྲྀ་ཏྱ་དཎྜ་དྷ་རེ་ཞེས་པ་ནས་གཟུངས་ཀྱི་སྔགས་སོ། །སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལི་ཀི་ཏེ་སྭཱཧཱ། ཞེས་པ་ནས་རིག་པའི་སྔགས་སོ། །རྗེས་སུ་སྟོན་ཅིག་ཅེས་པ་ནི་བླ་མ་དང་སློབ་མའི་འབྲེལ་པ་ལུང་ནོད་པའི་ཆོ་གའོ། །ཡུན་རིང་པོ་ལ་སོགས་པ་ནི་དེའི་ཕན་ཡོན་ཏེ་ཕན་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་མི་དང༌། རྒྱལ་ཆེན་བཞི་ནས་ཚངས་པའི་འཇིག་རྟེན་


DTG071_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུག་པའི་ལྷའོ། །བདེ་བ་ནི་བྱང་ཆུབ་ཆེན་པོའོ། །ཀུན་ནས་ལ་སོགས་པས་ཚ་ཚ་གཅིག་པའི་ཆོ་ག་བཤད་དོ། །དེ་ནས་ཉི་མ་ཤར་བ་ལ་སོགས་པས་ནི་ལུང་ནོད་པ་དང་ཆོ་ག་ལ་འཇུག་པ་ཐམས་ཅད་ཀྱི་ཐུན་མོང་དང་དངོས་གཞིའོ། །མཆོད་རྟེན་བརྒྱ་རྩ་བརྒྱད་ལ་སོགས་པས་ཚ་ཚ་བརྒྱ་བའི་ཆོ་གའོ། །ཨོཾ་ན་མཿསྟྲཻ་ཡ་དྷི་ལ་སོགས་པ་འདི་ནི་གསང་སྔགས་སོ། །སྔགས་གོང་འོག་གཉིས་འབྲེལ་བ་ནི་དོན་གྱི་གཞུང་གཅིག་ཏུ་བསྒྲུབ་པའོ། །དེ་ཡང་འདི་ལྟར་ཡིན་ཏེ། དང་པོར་ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཞེས་གསུངས་པ་ནི་སྔགས་འདི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སོ། །ཨོཾ་ནི་ཡི་གེའི་ཤུགས་ཀྱིས་དང་པོར་བཀྲ་ཤིས་དོན་གྱི་ཕྱིར་ཕྱག་འཚལ་ཞེས་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་པའི་མངའ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ཡི་གེ་ཐམས་ཅད་བྱིན་གྱིས་བརླབས་ནས་སྔགས་སུ་གྱུར་པར་གདོན་མི་ཟ་བའི་ཕྱིར། །དང་པོར་གདགས་དགོས་པ་ཁོ་ནའོ། །དེ་ལ་སྔགས་འདིའི་ཡོན་ཏན་གྱི་ཆེ་བའི་དཔེ་ནི། ཡི་གེའི་སྒོ་ནས་བརྗོད་པ་གཉིས་ཁོ་ན་སྟེ། མ་ཧཱ་ཙིནྟྲ་མ་ཎི་ཛྭཱ་ལ་ན་ཡིད་བཞིན་གྱི་ནོར་བུ་འབར་བ་ཆེན་པོ་ཞེས་པ་སྟེ། །དེ་ནི་རང་དང་གཞན་གྱི་དོན་རྒྱུན་མི་ཆད་པ་འབྱུང་བ་དང་ལྡན་པའི་དཔེའོ། །དེས་ནི་ཡེ་ཤེས་བསྟན་ཏོ། །སཱ་ག་ར་གམྦྷཱི་ར་ཞེས་པས་རྒྱ་མཚོ་ཟབ་མོ་ཞེས་པ་སྟེ་རིག་སྔགས་འདིར་འཇུག་པའི་གང་ཟག་གི་རིགས་ལ་གོ་རིམས་མེད། ལུས་ཅན་ཐམས་ཅད་འཇུག་ཏུ་རུང་བ་དང་བསྐལ་བ་དུ་མའི་མི་དགེ་བའི་དྲི་མ་དག་པར་བྱེད་པ་དག་འདིར་ཞུགས་པ་ལ་བྱང་ཆུབ་ཀྱི་མྱུ་གུ་མྱུར་དུ་བསྐྱེད་པའི་དོན་ནོ། །དེས་ནི་ཐུགས་རྗེའོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སྔགས་ཀྱི་ལུགས་ལ་གསོལ་པ་གདབ་པ་ཡང་གཉིས་ཏེ། སྐྱེ་བ་འདི་དང་སྐྱེ་བ་དུ་མའི་དོན་དུའོ། །དང་པོ་ལ་དགུ་སྟེ། ཨཱ་ཀཱཪྵ་ཡ་ཨཱ་ཀཱཪྵ་ཡ་ཞེས་པས་སྔགས་འདི་ཐོས་པ་དང་མཐོང་བ་ཙམ་གྱིས་ལམ་འདི་ལ་དྲོངས་ཤིག་དྲོངས་ཤིག་ཅེས་པ་དང་པོའོ། །གཉིས་པ་ནི། ཨཱ་ཡུནྡྷར་ཡཱ་ཡུནྡྷ་ར་ཞེས་པ་སྟེ། ཞུགས་པའི་གང་ཟག་རྣམས་ཚེ་


DTG071_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ཅིག་ཚེ་ཟུང་ཅིག་པའོ། །གསུམ་པ་ནི་ཡོན་ཏན་དང་ལོངས་སྤྱོད་དང་ལྡན་དགོས་པས་སནྡྷ་ར་སནྡྷ་ར་ཞེས་ཏེ་ལུས་དང་སེམས་ཀྱི་རྒྱན་ཤིང་ཏུ་ཟུང་ཤིག་ཏུ་ཟུང་ཤིག་ཅེས་པའོ། །བཞི་པ་ནི་ཚེ་རིང་ན་ཡང་ལུས་ཀྱི་གནོད་པ་ཐམས་ཅད་བསལ་བའི་ཕྱིར། ཀྵ་ན་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎྱ་ཀྵུ་ཎྱ། ཞེས་ཏེ་སྲུངས་ཤིག་སྲུངས་ཤིག །སྐྱོབས་ཤིག་སྐྱོབས་ཤིག །ཚོས་ཤིག་ཚོས་ཤིག །ཅེས་པའོ། །ལྔ་པ་ནི་གནོད་པ་མེད་པ་ཡང་ལམ་ལོག་པ་ལ་འཇུག་པ་བསལ་བའི་ཕྱིར། སརྦ་ཏ་ཐཱ་ག་ཏཱ་ས་མ་ཡེ་ཏིཥྛ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་ཞོག་ཞོག་ཅེས་པའོ། །དྲུག་པ་ནི་བདག་གཞན་གྱི་བརྩོན་འགྲུས་བསྐྱེད་པའི་ཕྱིར། །མ་ཧཱ་བྷུ་བ་ན་སཱ་ག་ར་སཾ་ཤོ་དྷ་ཡ་མ་མ་སརྦ་སཏྭ་ཤྩ་ཞེས་ཏེ། བདག་དང་སེམས་ཅན་ཐམས་ཅད་ས་ཆེན་པོ་དང༌། རྒྱ་མཚོ་ལྟར་སྦྱོངས་ཞེས་པའོ། །འདིས་ནི་སྨོན་པའི་སེམས་གཞི་ཆེན་པོ་ལྟ་བུ་དང་འཇུག་པའི་སེམས་རྒྱ་མཚོ་ལྟ་བུ་བསྐྱེད་ཅེས་སྐུལ་བའོ། །བདུན་པ་ནི་རང་དོན་ལ་དམིགས་པ་བསྐྱེད་པའི་ཕྱིར། བྷ་ག་ཝ་ཏེ་སརྦ་བཱ་བཾ་བི་མ་ལེ་ཛ་ཡ་ཛ་ཡ། ཛ་ཡ་ལབྡྷེ་ཞེས་ཏེ། བཅོམ་ལྡན་འདས་མ་སྡིག་པའི་དྲི་མ་ཐམས་ཅད་ལས་གྲོལ་ཞིང་རྒྱལ་ཞིང་རྒྱལ་བས་བདག་རྒྱལ་བ་མཛོད་ཅེས་བྱ་བས་སེམས་བསྐྱེད་པའི་མཐུ་ལ་དམིགས་པའོ། །བརྒྱད་པ་གཞན་དོན་ལ་དམིགས་པ་ནི། སྥུཊ་སྥུཊ། སྥོཊ་ཡ་སྥོཊ་ཡ། ཞེས་པ་སྟེ་སོལ་སོལ། ངེས་པར་སོལ་ངེས་པར་སོལ། །ཞེས་བྱ་བས་ཀུན་ནས་ལྡང་བ་བ་གླ་ཉལ་བ་ཐམས་ཅད་སོལ་ཞེས་བྱའོ། །དགུ་པ་ནི་རང་གཞན་གཉིས་ཀའི་སྟེ། བྷི་ག་ཏ། ཨཱ་ཝ་ར་ཎ་བྷ་སྱ་ཧ་རེ་ཎ་ཞེས་ཏེ་རྣམ་པར་འགལ་བའི་སྒྲིབ་པས་འཇིགས་པ་འཕྲོགས་ཞས་བྱ་བས་བརྩོན་འགྲུས་ཀྱི་ཕན་ཡོན་བསྟན་ཏོ། །ད་ནི་སྐྱེ་བ་དུ་མའི་དོན་དུ་གསོལ་བ་གདབ་པར་བྱ་བ་ནི་གཉིས་ཁོ་ན་སྟེ། དམིགས་པའི་གཞི་དང་དེ་ལས་བྱུང་བའི་ཕྲིན་ལས་སོ། །དམིགས་པའི་གཞི་ལ་དྲུག་ཁོ་ན་སྟེ། ས་བོན་ལ་དམིགས་པ་དང༌། སྐུ་ལ་དམིགས་པ་དང༌། ཕྱག་རྒྱལ་དམིགས་པ་དང༌། རྒྱན་ལ་དམིགས་པ་དང༌། ལྷ་ལ་དམིགས་པ་དང༌། སྔགས་ལ་དམིགས་པའོ། །དེ་ལ་ས་བོན་ལ་དམིགས་


DTG071_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཧཱུཾ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ས་བོན་ཡིན་པས་གསུམ་མོ། །ཧཱུཾ་ཡིག་གིས་འབྲས་བུ་ཡེ་ཤེས་ལྔ་མཚོན་ནུས་པའི་ཕྱིར་རོ། །དེའི་ཕྲིན་ལས་ནི་མྲྀ་ཏྱུ་དཎྜ་དྷ་རེ་ཨ་བྷ་ཡ་བྲ་ཏེ་ཞེས་པས་འཆི་བདག་གི་དབྱུག་པས་མི་འཇིགས་པ་སྩོལ་ཞེས་ཏེ་མཚན་མོ་ཉལ་བའམ་འགྲོ་བ་ལ་སོགས་བ་དང་ཐུན་དང་ཐུན་མཚམས་སུ་ལུས་ངག་ཡིད་གསུམ་གྱི་གནས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ཁ་དོག་གསུམ་ལ་དམིགས་པས་དུས་མ་ཡིན་པར་འཆི་བ་ལས་སྐྱོབ་པའོ། །སྐུ་ལ་དམིགས་པ་ནི་ཨུཥྞཱི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ་ཞེས་པས་གཙུག་ཏོར་རྣམ་པར་གཟིགས་མ། ཀུན་ནས་སྒོར་འཇུག་མ། ཀུན་ནས་རྣམ་པར་གཟིགས་མ། སྒྱུ་མ་ཆེན་མོ། ཞགས་པ་ཆེན་མོ་འཆང་མ། དོན་ཡོད་མའི་དྲི་མ་བྲལ་མ་ཞེས་ཏེ་དང་པོ་ནི་འབྱུང་ཁུངས་ཀྱི་མིང་ངོ༌། །གཉིས་པ་ནི་ངོ་བོ་ཉིད་ཀྱི་མིང་ངོ༌། །གསུམ་པ་ནི་ཡོན་ཏན་གྱི་མིང་ངོ༌། །བཞི་པ་ནི་རང་བཞིན་གྱི་མིང་ངོ༌། །ལྔ་པ་ནི་རྟགས་ཀྱི་མིང་ངོ༌། །དྲུག་པ་ཕྲིན་ལས་ཀྱི་མིང་ངོ༌། །གང་གིས་སྤྱི་བོའི་སྟེང་དུ་སྒྱུ་མ་ཆེན་མོ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ན་རིན་པོ་ཆེ། གཡོན་ན་ཞགས་པ། ལྷག་མ་མདའ་གཞུ་བཀང་བ་དམིགས་ཏེ་བཞིའོ། །དེའི་ཕྲིན་ལས་ནི། ཨཱ་ཀཱཪྵ་ཡ་ཨཱ་ཀཱཪྵ་ཡ། ཡང་དག་པའི་ཡེ་ཤེས་ཁུག་ཤིག་ཁུག་ཤིག་པའོ། །ཨཱ་ཀཌྜྷཱ་ཡ་ཨཱ་ཀཌྜྷཱ་ཡ། ཡོན་ཏན་དྲོངས་ཤིག་ཡོན་ཏན་དྲོངས་ཤིག་པའོ། །བྷ་ར་བྷ་ར། བྱང་ཆུབ་སེམས་ཀྱིས་ཁོང་ཤིག་ཁོང་ཤིག་པའོ། །གང་གིས་བཀང་ན་སཾ་བྷ་ར་སཾ་བྷ་ར་ཞེས་པ་སྡོམ་པ་དང་མཆོག་གི་སྡོམ་པ་སྟེ་དབང་པོ་རྒྱས་པ་དང་ཁམས་རྒྱས་པར་བྱེད་པའི་ཚད་མེད་པའི་སྒོའོ། །ཕྱག་རྒྱལ་དམིགས་པ་ནི་བྷཱུ་ཥི་ཏེ་བྷཱུ་ཛེ་མ་ཧཱ་མུ་དྲ་ལོ་ཀི་ཏེ་ཞེས་བ་ཕྱག་རྒྱ་ཆེན་པོས་ཕྱག་བརྒྱན་ནས་ཀུན་དུ་གཟིགས་མ་ཞེས་ཏེ། ཐབས་དང་ཤེས་རབ་མཚོན་པའི་མདའ་དང་གཞུ་རིན་ཆེན་རྡོ་ལས་བྱས་པ་བཀང་བའི་ཚུལ་དུ་བྱས་པ་ཐམས་ཅད་ཀྱི་སྣ་ལ་ཕྱོགས་ཐམས་ཅད་དུ་དམིགས་སོ། །དེའི་ཕྲིན་ལས་ནི་ཛ་ཡ་ཛ་ཡ་ཞེས་པ་རྒྱལ་ཞིང་རྒྱལ་བ་ཞེས་ཏེ་བདུད་ལས་སོ། །སིདྡྷི་


DTG071_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི། གྲུབ་ཅིང་གྲུབ་པ་ཞེས་པ་ཞི་བ་ལ་སོགས་པའི་ལས་སོ། །བོ་དྷ་ནི་བོ་དྷ་ནི་ཞེས་ཏེ་རྟོགས་ཤིང་རྟོགས་པ་ཞེས་པ་རིག་པའི་གནས་སོ། །སཾ་བོ་དྷ་ནི་སཾ་བོ་དྷ་ནི། ཞེས་ཏེ་ལེགས་པར་རྟོགས་ཤིང་ལེགས་པར་རྟོགས་པ་ཞེས་པས་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །ཤོ་དྷ་ནི་ཤོ་དྷ་ནི་ཞེས་ཏེ་སྦྱོང་ཞིང་སྦྱོང་བ་ཞེས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐོས་པའི་ཤེས་རབ་ཀྱིས་སྦྱོངས་ཤིག་པའོ། །སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། ཞེས་པས་ལེགས་པར་སྦྱོངས་ལེགས་པར་སྦྱོངས་ཞེས་ཏེ་བསམ་པའི་ཤེས་རབ་ཀྱིས་མངོན་དུ་རྒྱུ་དང་བག་ལ་ཉལ་སོལ་ཞེས་པའོ།། བི་ཤོ་དྷ་ནི་བི་ཤོདྷ་ནི་ཞེས་པ་རྣམ་པར་སྦྱོངས་རྣམ་པར་སྦྱོངས་ཞེས་ཏེ་བསྒོམ་པའི་ཤེས་རབ་ཀྱིས་ལྟ་བའི་དྲི་མ་དང་ཏིང་ངེ་འཛིན་གྱི་དྲི་མ་གཏན་ཕྱུང་ཞེས་པའོ། །ཧ་ར་ཧ་ར་མ་མ་སརྦ་པཱ་པཾ་ཞེས་པས་བདག་གི་སྡིག་པ་ཐམས་ཅད་ཕྲོགས་ཤིག་ཕྲོགས་ཤིག་ཅེས་ཏེ། རྒྱུ་ལ་ལོག་པར་སྤྱོད་པ་དང་འབྲས་བུ་ལ་ལོག་པར་སྤྱོད་པའི་གཞུང་དང་ཕྲོལ་ཞེས་པའོ། །རྒྱན་ལ་དམིགས་པ་ནི། སརྦ་ཏ་ཐཱ་ག་ཏཱ་ཀུ་ལ་བྷུ་ཛེ་ས་མ་ཡ་ནིཥྐེ་པྲ་སར་ཏུ། ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ལྟར་དམ་ཚིག་ལ་སོ་སོར་རྟོག་ཅིང་ཞེས་ཏེ་བཀྲ་ཤིས་ཀྱི་རྫས་ལ་སོགས་པའམ་སངས་རྒྱས་ཀྱི་རྒྱན་གང་ཡང་རུང་བ་ཅིག་ལ་དམིགས་པའི་གཞིའོ། །དེའི་ཕྲིན་ལས་ནི། མ་མ་པུ་ཎྱཾ། ཞེས་པ་བསོད་ནམས་འཕེལ་བར་འདོད་པས་སྤྱི་བོའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་ལ་བཟླའོ། །བི་ནཱ་ཤ་དྲུཾ་པཱ་པཾ། ཞེས་པས་སྡིག་པ་བཅོམ་པར་འདོད་པས་རང་གི་མཛོད་སྤུའི་ནང་དུ་ནོར་བུ་རིན་པོ་ཆེ་ལ་སྔགས་ཀྱི་ཕྲེང་བ་བཀོད་དེ་བཟླས་སོ། །སརྦ་ཀེ་ལ་བི་ཤ་ཧ་རེ་ཞེས་ཉོན་མོངས་པའི་དུག་ཐམས་ཅད་འཕྲོག་འདོད་པས་རང་གི་སྣ་རྩེར་དཔལ་བེའུའི་རི་མོ་སྔོན་པོ་བཀོད་དེ་བཟླས་པ་བྱའོ། །མ་ནི་བི་ཤུད་དྷེ་ཤོ་དྷ་ཡ་བི་མ་ལེ། ཡིད་རྣམ་པར་དག་ཅིང་བྱང་ནས་དྲི་མ་དང་བྲལ་བར་འདོད་ན་སྤྱི་བོར་ཟླ་བའི་སྟེང་དུ་བུམ་པ་གང་བ་ལས་ཆུ་རྒྱུན་བྱུང་བས་ལུས་ཚིམ་པར་གྱུར་པར་བསམས་ཏེ་བརྗོད་དོ། །བི་ཀ་སི་ཏ་པདྨེ་ཀཱ་ཡ་འབག་ཙིཏྟ་བྷུ་ཛེ་ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། ཞེས་པས་ཕྱག་ན་པདྨ་རྒྱས་པ་ལྟར་ལུས་ངག་ཡིད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གང་བར་འདོད་


DTG071_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་དང་བདག་རྒྱང་རིང་བ་ཡང་མ་ཡིན་ཉེ་བ་ཡང་མ་ཡིན་པར་དམིགས་ཏེ་གསོལ་བ་འདེབས་པའི་ཚུལ་དུ་བརྗོད་དོ། །ད་ནི་ལྷ་ལ་དམིགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་པའི་ལྷ་མོ་དང་ཁྲོ་བོ་ཐམས་ཅད་ཀྱང་འདིར་ནི་རིག་པའི་ལྷ་མོ་ཉིད་དུ་བལྟའོ། །དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་བསྡུས་ན་བཅུ་བདུན་ཉིད་དུ་འགྱུར་བས་འདིར་ཡང་ལྷ་བཅུ་བདུན་ཁོ་ན་གསུངས་སོ། །རང་བཞིན་སེམས་བཅུ་བདུན་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང༌། འབྱུང་བ་བཞི་དང༌། ནམ་མཁའ་དང༌། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དེ་དེས་ན་ལྷ་བཅུ་བདུན་ནོ། །ཕྱིས་ནི་རིགས་དུ་མ་ཉིད་དུ་འགྱུར་རོ། །ལྷ་དེ་དག་གི་མིང་བཤད་པ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལོ་ཀི་ཏེ་སྭཱཧཱ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་གཟིགས་མ་ཞེས་པས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །སརྦ་ཏ་ཐཱ་ག་ཏཱ་གུ་ཧྱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱཧཱ། དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་མ་ཞེས་རྡོ་རྗེ་འཆང་གི་རང་བཞིན་ནོ། །ཨཱ་ཡུརད་དེ་སྭཱཧཱ། ཚེ་འཛིན་མ་སྤྱན་མའི་རང་བཞིན་ནོ། །བུ་ཎྱ་ད་དི་སྭཱཧཱ། བསོད་ནམས་འཛིན་མ་མཱ་མ་ཀཱིའི་རང་བཞིན་ནོ། །པུ་ཎྱ་བི་ལོ་ཀི་ཏེ་སྭཱཧཱ། བསོད་ནམས་རྣམ་པར་གཟིགས་མ་ན་བཟའ་དཀར་མོའི་རང་བཞིན་ནོ། །པུ་ཎྱ་ཨཱ་བ་ལོ་ཀི་ཏེ་སྭཱཧཱ། ཞེས་པ་བསོད་ནམས་སྤྱན་རས་གཟིགས་མ་སྟེ་སྒྲོལ་མའི་རང་བཞིན་ནོ། །མྲྀ་ཏྱུ་དཎྜི་སྭཱཧཱ། འཆི་བདག་རྣམ་པར་འཇོམས་མ་སྟེ། སྒྲིབ་པ་རྣམ་སེལ་གྱི་རང་བཞིན་ནོ། །ཡཱ་མ་དནྟི་སྭཱཧཱ། གཤིན་རྗེ་འཇོམས་མ་སྟེ་འཇམ་དཔལ་གྱི་རང་བཞིན་ནོ། །ཡ་མ་དཱུ་ཏེ་སྭཱཧཱ། གཤིན་རྗེ་དབྱུག་པ་མ་སྟེ་ཕྱག་ན་རྡོ་རྗེའི་རང་བཞིན་ནོ། །སཾ་ཧ་ར་ཎི་སྭཱཧཱ། ཤིན་ཏུ་རོལ་མ་སྟེ་བྱམས་པའི་རང་བཞིན་ནོ། །སཾ་བ་ར་ཎི་སྭཱ་ཧཱ། བདེ་མཆོག་མ་སྟེ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་ནོ། །སན་དྷ་ར་ཎི་སྭཱཧཱ། བདེ་འཛིན་མ་སྟེ་ནམ་མཁའི་སྙིང་པོའི་རང་བཞིན་ནོ། །པྲ་ཏེ་ས་ར་ཎི་སྭཱཧཱ། སོ་སོ་འབྲང་མ་སྟེ། ཀུན་དུ་བཟང་པོའི་རང་བཞིན་ནོ། །ཛོ་བ་ཏི་སྭཱཧཱ། མདངས་ལྡན་མ་སྟེ་སའི་


DTG071_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་རང་བཞིན་ནོ། །ཏེ་ཛོ་བ་ཏི་སྭཱཧཱ། གཟི་བརྗིད་ལྡན་མ་སྟེ་རིན་ཆེན་འབྱུང་གནས་ཀྱི་ངོ་བོ་ཟླ་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཛ་ཡ་བ་ཏི་སྭཱཧཱ། །རྒྱལ་ལྡན་མ་སྟེ་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉི་མ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །སརྦ་ཏ་ཐཱ་ག་ཏཱ་མུ་དྲ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་སྟེ། མི་བསྐྱོད་པའི་རང་བཞིན་ནོ། །དེ་དག་ནི་དམིགས་པའི་གཞིའི་ལྷའོ། །དེ་དག་གི་ཕྲིན་ལས་ནི་སྭཱཧཱ། ཞེས་པ་ཐམས་ཅད་ཀྱིས་ཀྱང་བསྲེག་པ་དང༌། ཞི་བ་དང༌། དག་པ་དང༌། རྟོགས་པ་དང༌། བྱང་བའི་སྒྲ་ཡོད་དེ། དང་པོ་ནི་སྡིག་པ་མི་དགེ་བའི་ཚོགས་ཀྱི་ནགས་ཚལ་ལོ། །གཉིས་པ་ནི་ལས་ངན་པ་སྣ་ཚོགས་པའོ། །གསུམ་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའོ། །བཞི་པ་ནི་ཡང་དག་པའི་ལྟ་བ་ལ་སོགས་པའོ། །ལྔ་པ་ནི་མ་རིག་པའི་བག་ལ་ཉལ་ཐམས་ཅད་དོ། །ད་ནི་སྔགས་ལ་དམིགས་པ་ནི། ཨོཾ་ན་མཿསྟྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ལ་ཕྱག་འཚལ་ལོ་ཞེས་པས་མིང་ངོ༌། །དངོས་གང་ཞེ་ན། གརྦྷེ་ཛྭཱ་ལ་ཛྭཱ་ལ་དྷརྨ་དྷཱ་ཏུ་གརྦྷེ་སཾ་ཧ་ར། ཞེས་སྙིང་པོ་འབར་ཞིང་འབར་བས་ཆོས་ཀྱི་དབྱིངས་ཀྱི་སྙིང་པོར་བསྐྱོད་ཅིག་ཅེས་པས་ཆོས་ཀྱི་སྐུ་མཚོན་ཏེ་དམ་པའི་སྔགས་སོ། །དེའི་ཕྲིན་ལས་ནི་མ་མ་ཨཱ་ཡུཿ་སཾ་ཤོ་དྷ་ཡ་ཞེས་སྐྱེ་བ་འདིར་བདག་གི་ཚེ་དག་པར་རོ། །མ་མ་སརྦ་པཱ་ཕཾ་སྐྱེ་བ་དུ་མར་བདག་གི་སྡིག་པ་ཐམས་ཅད་དག་པར་རོ། །རྒྱུ་ཆོས་ཀྱི་སྐུ་དེ་ལ་འཚམ་པའི་རྐྱེན་གསུངས་པ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་མ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དྲི་མ་མེད་པ་ཞེས་པས་དམིགས་པ་དང་བཅས་པའི་སྔགས་སོ། །དེའི་ཕྲིན་ལས་བི་ཤུད་དྷེ་ཞེས་པ་རྣམ་པར་དག་པ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པ་ནི་ཡེ་ཤེས་བཞིའི་ངོ་བོ་ཉིད་དོ། །ཨཾ་བཾ་སཾ་ཛཾཿཞེས་པ་རིགས་བཞིའི་ངོ་བོ་ཉིད་དོ། །དེ་དག་ནི་བརྡར་གྱུར་པའི་སྔགས་སོ། །སྔགས་དེ་དག་ཕྱིར་འབྲེལ་པ་ནི་བརྗོད་པ་དང་བཅས་པའི་སྔགས་སོ། །དེའི་ཕྲིན་ལས་ནི་ལྷག་པའི་ཤེས་རབ་འཕེལ་བ་དང༌། བར་དུ་གཅོད་པ་དང་བྲལ་བ་སྟེ་


DTG071_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ་ཞེས་པའི་སྒྲས་གྲུབ་བོ། །ཀུན་ནས་སྒོར་འཇུག་པ་ལ་སོགས་པ་ནི་སྤྱིར་ཕན་ཡོན་ཐུན་མོང་པའོ། །དེ་ཡང་འོག་ནས་རྒྱས་པར་བཤད་དོ། །ལམ་གྱི་བྱེ་བྲག་བཤད་པ་ལ་གཉིས་ཏེ། དང་པོ་ལྷའི་འཇུག་ཚུལ་དང༌། མི་འཇུག་པའི་ཚུལ་ལོ། །དེ་ནས་ལྷའི་དབང་པོ་ལ་སོགས་པས་ལྷའི་འཇུག་པའི་ཚུལ་ལོ། །བྱས་མ་ཐག་ལ་སོགས་པས་ཉམས་སུ་བླངས་པའི་ཕན་ཡོན་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕན་ཡོན་ནོ། །དེ་ནས་ལྷའི་བུ་ལ་སོགས་པས་ནི་རྗེས་སུ་ཡི་རང་བའི་བསྟོད་པ་དང་མཆོད་པའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་ནི་སྔོན་དུ་གསུངས་པའི་ལས་རྒྱུ་འབྲས་ཀྱི་འབྲེལ་པ་དེ་ཉིད་དོ། །ཞུས་ལེན་གྱི་ཚུལ་གྱིས་རྒྱས་པར་ཏེ་མ་འོངས་པའི་སྐྱེ་བོ་ལས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །ཞུ་བ་པོ་དེ་དག་གི་ནང་ནས་ལག་ན་རྡོ་རྗེ་ལ་བོས་པ་ནི། ལག་ན་རྡོ་རྗེ་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་མཛོད་འཛིན་པ་སྟེ། དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔལ་ཕྱག་ན་རྡོ་རྗེ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་རྗེས་སུ་འབྲང་བ་དང་ཆོས་ཀྱི་སྐུ་བསྲུང་བ་པོ་ཞེས་ཏེ་ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས་དཔའི་ཡུལ་མ་ཡིན་པར་བསྟན་པའི་ཆོས་སོ། །རྒྱལ་པོ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས་ནི་དཔལ་ཕྱག་ན་རྡོ་རྗེ་ནི་ཐེག་པ་ཐམས་ཅད་ཀྱི་བདག་པོར་ཁས་བླངས་པར་གསུངས་སོ། །ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་ནི། མིང་གི་རྣམ་གྲངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་བའི་ཡེ་ཤེས་ལས་བྱུང་བས་ཐ་མི་དད་པར་གསུངས་སོ། །དེ་ཉིད་འདུས་པ་ལས་ཀྱང་དེ་ཁོ་ན་ལྟར་གསུངས་སོ། །དེའི་ཕྱིར་བསྟན་པའི་བདག་པོ་ཡིན་པས་སོ། །དེའི་ཚེ་དེའི་དུས་ན་ལ་སོགས་པས་ནི་ལས་རྒྱུ་འབྲས་ཐ་དད་དུ་མི་འགྱུར་བར་གསུངས་སོ། །དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང༌། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིན་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྡོམ་པ་གསུམ་གྱིས་བསྡམས་ཞེས་པ་ནི་ལྷ་དང་མི་ཐུན་མོང་དུ་གསུངས་ཏེ་རྒྱ་ཆེ་བ་དང་གཏིང་དཔག་དཀའ་བའི་


DTG071_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་གསུམ་མི་ཉམས་པའི་ཚུལ་གྱིས་བསླབ་བྱ་གང་ཡང་མི་སྤོང་བས་རིམ་པ་བཞིན་བསྲུང་བའོ། །དེ་ནས་ལྷའི་འཁོར་ལ་སོགས་པས་ནི་བྱིན་གྱི་རླབས་ཀྱི་ཁྱད་པར་ལ་ཆེད་དུ་བརྗོད་པའོ། །ཕྱིར་མི་ལྡོག་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །ད་ནི་མི་རྣམས་ཀྱི་འཇུག་པའི་ཚུལ་ཞུས་པ་དང་ལན་གྱི་ཚུལ་གྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལ་སོགས་པ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ཏེ། རྒྱལ་པོ་ཞེས་པས་ནི་སྔགས་འདི་རྒྱལ་བའི་སྲས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་གསུངས་སོ། །མཐུ་ཆེན་པོ་ནི་སྤངས་བྱ་ཐམས་ཅད་སྤོང་བའི་ཕྱིར་རོ། །ཕན་ཡོན་ཆེ་བ་ནི་ཐོབ་བྱ་ཐམས་ཅད་ཐོབ་པའི་ཕྱིར་ཏེ། དེ་དག་གིས་ནི་ཐར་པ་ཐོབ་པའི་ཐབས་ཞུས་པའོ། །ཕན་པ་ནི་ནད་དང་གནོད་པ་བསལ་བའོ། །བདེ་བ་ནི་ཚེ་དང་ལོངས་སྤྱོད་དོ། །དམྱལ་བ་དང་དུད་འགྲོ་ནི་སྤང་བྱ་སྤོང་བའི་ཁྱད་པར་རོ། །དེ་དག་གིས་ནི་མཐོ་རིས་ཐོབ་པའི་ཐབས་ཞུས་སོ། །ལན་གསུངས་པ་ལ། བཅོམ་ལྡན་འདས་ལ་སོགས་པ་ནི་ཉན་པར་གདམས་པའོ། །བཤད་པའི་དོན་མདོར་བསྟན་པ་ལ་རིག་སྔགས་ཀྱི་རྒྱལ་མོ་ནི་མནྟྲའོ། །རིང་བསྲེལ་གྱི་སྙིང་པོ་ནི་ཏནྟའོ། །མཆོད་རྟེན་ནི་ཡནྟའོ། །དེ་ནས་གངྒཱ་ལ་སོགས་པས་ལས་སྦྱོར་ཐམས་ཅད་ཕན་ཡོན་གྱི་ཚུལ་དུ་མདོར་བསྟན་པ་ལས་དགེ་བའི་རྩ་བ་བསྐྱེད་པ་ནི་མཎྜལ་ཟླུམ་པོ་བྱས་ནས་སྐུ་གདུང་ངམ་རིང་བསྲེལ་བཞུགས་ཏེ་གནས་བདུན་དུ་བསྒྲུབ་བྱའི་མིང་ཙམ་བཅུག་ནས་བརྗོད་པ་སྟེ། གཞན་སྔགས་ཀྱི་སྦྱོར་བ་མེད་པའོ། །བསོད་ནམས་འཕེལ་བ་ནི་དཀྱིལ་འཁོར་དཔལ་བེའུ་ལྟ་བུར་བྱས་ནས་མ་མ་པུཥྚིཾ་ཀུ་རུ་ཞེས་སྦྱར་རོ། །ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱང་བ་ལ་ནི་དཀྱིལ་འཁོར་མཆེ་བ་ལྟ་བུ་བྱས་ནས་སརྦ་པཱ་པཾ་རཀྵ་ཀུ་རུ་ཞེས་སྤེལ་ལོ། །དན་སོང་གསུམ་གྱི་འཇིགས་པ་བསལ་བ་ལ་ནི་དཀྱིལ་འཁོར་པདྨ་རྒྱས་པ་ལྟ་བུ་བྱས་ནས་སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་ཞེས་བྱ་བ་སྦྱར་བར་བྱའོ། །ཚེ་རིང་བར་འདོད་ན་དཀྱིལ་འཁོར་ནོར་བུ་རིན་པོ་ཆེ་ལྟ་བུར་བྱས་ཏེ་མ་མ་ཨཱ་ཡུསྠཱ་ན་ཀུ་རུ་ཞེས་སྦྱར་རོ། །བདེ་བ་ཅན་དུ་སྐྱེ་བར་འདོད་ན་དཀྱིལ་འཁོར་གདུགས་ཀྱི་རྣམ་པ་ལྟར་བྱས་ཏེ། མ་མ་སུ་ལོ་ཀ་པྲ་བ་ཏ་ཀུ་རུ་ཞེས་སྦྱར་རོ། །བུ་


DTG071_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་བའི་དཀྱིལ་འཁོར་བུམ་པ་ལྟ་བུ་བྱས་ཏེ་མེ་པུ་ཏྲོ་བྷ་བནྤུ་ཞེས་སྦྱར་རོ། །ཤི་བ་ལ་ཕན་གདགས་པ་ཡང་རྫུས་ཏེ་སྐྱེ་བའི་ཕྱིར་དཀྱིལ་འཁོར་པདྨ་ཅན་དུ་བྱའོ། །དྲན་པ་ཉམས་པ་གསོ་བ་ལ་དཀྱིལ་འཁོར་ཟླ་བ་རྒྱས་པ་ལྟར་བྱས་ནས་དུར་ས་ཏྱ་ཨ་པ་ན་ཡ་ཞེས་སྦྱར་རོ།། འཇིགས་པ་བསལ་བར་འདོད་ན་མ་མ་ཨ་བྷ་ཡཾ་ཀ་རི་ཞེས་སྦྱར་ཞིང་དཀྱིལ་འཁོར་མཆོད་རྟེན་ལྟ་བུ་བྱའོ། །བསམ་པ་ཡོངས་སུ་རྫོགས་འཕྲལ་གྱི་རྐྱེན་དང་བྲལ་བ་སྟེ། རྨི་ལམ་ངན་པ་ལ་དུར་སྭ་པྣི་ཨ་པ་ན་ཡ་དང༌། ལྟས་ངན་པ་ལ་ནི་དུ་རྨི་ཏཾ་ཨ་པ་ན་ཡ་ཞེས་པ་དང༌། ཨཱ་ཀཱ་ལ་མྲྀ་ཏྱུ་པྲ་ཤ་མ་ཎ་ཞེས་དུས་མ་ཡིན་པར་འཆི་བ་བཟློག་པ་དང༌། ཙིཏྟ་བྱཱ་ཀུ་ལ་ནི་སེམས་གཡེང་བའོ། །ཛྭ་ར་སཾ་བྱཱ་དྷི་ཨ་པ་ན་ཡ་ན་ད་སོལ་ཅིག་པ་ལ་སོགས་པ་སྦྱོར་བ་དང་བཅས་པ་བརྗོད་ཅིང་དཀྱིལ་འཁོར་གྲུ་བཞི་པར་བྱས་ནས་འདོད་པའི་ལས་དེ་དག་གྲུབ་བོ། །ད་ནི་ཆོ་གའི་ཚུལ་བརྗོད་དེ། ཁྲུས་བྱས་ལ་ཞེས་པ་ལ་སོགས་པ་ཆོ་ག་ལ་འཇུག་པའི་སྔ་རོལ་དུ་ཆུ་གཙང་མའམ་སྨན་དང་སྦྱར་བའི་ཆུ་ལ་སྔགས་ཐུང་བ་བརྗོད་ཅིང་གདོང་ལ་སོགས་པ་བཀྲུ་བར་བྱའོ། །དེའི་དུས་སུ་རིག་པའི་ལྷ་མོ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་སྔགས་ཀྱི་ཕྲེང་བ་བརྗོད་ཅིང་བདག་ལ་ཁྲུས་བྱེད་པར་ཡང་བསམ་མོ། །གཟུངས་ཀྱིས་ཉིང་པོ་འདི་ཉིད་དམ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྔགས་ལ་སོགས་པས་བྱིན་གྱིས་བརླབས་པའི་གོས་སར་པ་གྱོན་པར་བྱ་བའམ། ཨོཾ་ཨ་མི་ཀ་པ་རི་ཤུདྡྷེ་ཤོ་དྷ་ཡ་ས་མ་ཏེ་ན་དྷི་རི་དྷི་རི། ཤུདྡྷེ་ཤོདྡྷ་ཡ། མ་ཧཱ་པདྨེ་ཧཱུཾ་སྭཱཧཱ། བའི་རྣམ་ལྔ་ལ་སྟོང་བཟླས་ཏེ་གོས་དང་སྣོད་སྤྱད་དང་ཟས་ཀྱི་རྒྱུ་ལ་གཏོར་གནས་ཁང་ལ་ཆག་ཆག་གདབ་བོ། །བཟའ་ཉེས་དང་བགོ་ཉེས་ལ་སོགས་པ་ཀུན་སེལ་ཏོ། །ཡང་ཙནྡན་དང་གླ་བའི་ཆུ་ལ་སོགས་པ་ལ་ཨོཾ་ཤྲཱི་མ་ཧཱ་ཀཱ་རུ་ཎ་པདྨ་ཨ་མོ་གྷ་ཨ་མོ་གྷ་ཨ་པྲ་ཏི་ཧ་ར་བཛྲ་ཨ་དྷིཥྛཱ་ན་བྷུ་རུ་བྷ་ནཾ་དྷ་རི་སྭཱཧཱ། ཞེས་པས་གནས་ཁང་ལ་སོགས་པ་དང་ཕྱོགས་ཐམས་ཅད་དྲི་ཞིམ་པོར་བྱའོ། །སྤོས་ཀྱིས་དཀྱིལ་འཁོར་གྲུ་བཞི་པར་བྱ་ཞེས་བྱ་བ་ནི་ཨོཾ་བཛྲ་བྷཱུ་མི་ཧཱུཾ་ཞེས་བརྐོ་བའམ། འཆད་པར་འགྱུར་བའི་ཆོ་གས་ས་བརྐོ་བ་དང༌། ཨོཾ་བཛྲཱ་ས་ནཱ་ཡ་ཧཱུཾ་ཆུ་བླངས་ནས། ཨོཾ་བཛྲ་གོ་མ་ཡེ་ཧཱུཾ་ཞེས་གཅི་བ་


DTG071_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲེས་ནས་འཇིམ་པ་བྱ་བ་དང་དཀྱིལ་འཁོར་འདོམ་གང་པ་ལ་སོགས་པ་ཅི་འདད་པར་བརྩིགས་ནས་ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་པས་བའི་རྣམ་ལྔ་ཙནྡན་གྱི་ཆུ་དང་བསྲེགས་ནས་གཡས་སྐོར་དུ་བྱུག་གོ །ཨོཾ་སུ་རེ་ཁེ་སརྦ་ད་ཐཱ་ག་ཏཱ་ཨ་དྷིཥྛནྟུ་སྭཱ་ཧཱ། ཞེས་ལག་པའི་རྒྱབ་ཏུ་མེ་ཏོག་བཞག་ལ་ཨོཾ་སརྦ་བིགྷྣཾ་ཨུཚཱ་ར་ཡ་ཧཱུཾ་ཞེས་མཎྜལ་གྱི་དབུས་སུ་དེར་ནས། ཨོཾ་སརྦ་སུ་བི་ཤུདྡྷ་དྷརྨཱ་ཎཱཾ་སྭཱཧཱ། ཞེས་ལག་པ་བཀྲུས་ཏེ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་མེ་ཏོག་དེ་སྤྱི་བོར་བཞག་གོ །དེ་ནས་འཆད་པར་འགྱུར་བའི་ཆོ་གས་ཐིག་གང་འདོད་པའི་ཚུལ་དུ་གདབ་བོ། །ཚོན་སྣ་མ་ལུས་པས་བྲི་བར་བྱའོ། །དེ་ཡང༌། ཨོཾ་ཨཾ་བཾ་སཾ་ཛཾ་ཧཱུཾ་ཞེས་པ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་དང་སྔོན་པོ་རྣམས་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པར་བསམས་ནས་ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པར་བྱས་ནས་མཆོད་པ་དང་བསྟོད་པ་ལ་སོགས་པས་མཉེས་པར་བྱས་ནས་སྙིང་པོ་འབའ་ཞིག་བརྒྱ་རྩ་བརྒྱད་བརྗོད་དོ། །ཡང་དེ་དག་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་དག་གི་ཕྱག་རྒྱར་གྱུར་པར་མོས་ལ་རིན་པོ་ཆེའི་ཕྱག་རྒྱ་དེ་དག་གི་རྩིག་པར་བསམ་ཞིང་བྲི་བར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྔགས་བརྗོད་ཅིང་དབང་ལྡན་ནས་གཡས་སྐོར་དུ་བྲི་བར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་དེའི་ས་ཕྱོགས་སུ་བ་དན་ཉི་ཤུ་རྩ་བཞི་ཁ་དོག་ཐ་དད་བྲིའོ། །བླ་རེ་ནི་སྔོན་པོའོ། །ཡོལ་བ་ནི་དམར་བོའོ། །གཡེར་ཁའི་ཕྲེང་བ་དང་སྲད་བུའི་ར་བ་དང་གདུགས་དང་རྒྱལ་མཚན་དང་སིལ་སྙན་དང་མདའ་ཡབ་དང་རལ་གྲི་དང་མེ་ལོང་དང་རྨ་བྱའི་སྒྲོའི་ཆུན་པོ་སྦྱང་བར་བྱའོ། །སྙིང་པོའི་རིག་སྔགས་གྲོ་ག་ལ་བྲི་བར་བྱའོ་ཞེས་པ་ལ། གཟུངས་སྔགས་ཡི་གེའི་ཚུལ་དུ་བྲི་བ་ནི། །རས་སཾ་ཤིང་ཤུན་གྲོ་གའམ། །ཏཱ་ལའི་ལོ་མ་སར་པའམ། །གུར་གུམ་གི་ཝང་གླ་རྩི་ལ། །གསེར་འདབ་གཙུག་གི་རྩ་བའམ། །གསེར་གྱི་སྡོང་པོ་སར་པ་ཡིས། །གཟུངས་སྔགས་ཕྲེང་བ་མ་ཉམས་པ། །སྐར་མ་མགོ་རྒྱལ་ལྷ་མཚམས་ལ། །ཤར་དུ་བལྟས་ནས་བྲིས་པར་བྱ། །ཞེས་པའི་ཚུལ་


DTG071_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལག་པ་གཡས་པ་ནི་འཕགས་པ་འཇམ་དཔལ་དུ་བསམ་མོ། །གཡོན་པ་ནི་ཀུན་དུ་བཟང་པོར་བསམ་མོ། །བྲི་གཞི་ནི་ཕྱོགས་བཅུའི་ཞིང་ཁམས་སུ་བསམ་མོ། །སྨྱུ་གུ་ནི་ཕྱག་ན་རྡོ་རྗེར་བསམ་མོ། །སྣག་ཚ་ནི་ཡི་གེ་ཨའི་རྣམ་པར་བསམ་མོ། །བྲི་བའི་དུས་སུ་འཇམ་དཔལ་དང་ཀུན་དུ་བཟང་པོས་དྲང་བའི་དོན་དང་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་གསུངས་པ་དེ་ཕྱག་ན་རྡོ་རྗེས་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ཡི་གེའི་ཚུལ་དུ་སྒྲོགས་ཤིང་བཀྲམ་པས་སྐད་ཐ་དད་ཡི་གེའི་དབྱིབས་དང་ཁ་དོག་ཐ་དད་དུ་སྣང་བར་མོས་ཏེ་ཤར་རམ་བྱང་དུ་བལྟས་པས་དུས་ཚོད་བཟང་པོ་ལ་ལྷག་པའི་བསམ་པ་མ་འཁྲུགས་པས་བྲི་བར་བྱའོ། །འདོད་ཆགས་ཀྱི་སེམས་དང་བཅས་པས་མ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་དང་སེར་སྣ་དང་རྒྱགས་པ་དང་བག་མེད་པ་དང་རྣམ་པར་གཡེང་བར་བྱེད་པ་དང་ལྟ་བ་ངན་པ་དང་བཅས་པས་མ་ཡིན་ནོ། །དེ་ནི་ཡི་གེའི་ཚུལ་ལོ། །ཡང་ན་རིན་པོ་ཆེའམ་རྡོའམ་རྭའམ་ཤིང་གི་ཁམས་ལས་ཡི་གེ་ཕྲེང་བ་ཁོལ་དུ་བརྐོས་ནས་ས་འཇམ་པོའི་འཇིམ་པ་ཤིན་ཏུ་ལེགས་པ་ལ་སྤྲད་དེ་ཇི་ཙམ་འདོད་པའི་གྲངས་སུ་བྱེད་པ་འདི་སྐུ་ཕྱག་རྒྱའི་ཚུལ་དུ་བཀོད་པའོ། །ཡང་ན་རྡོ་བའམ་རིན་པོ་ཆེ་ལ་སོགས་པ་ལ་ཐུབ་པའི་སྐུའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་ཟླུམ་པོའི་ཚུལ་དུ་བཀོད་དེ་ཁོལ་དུ་བརྐོས་ནས་འཇིམ་པ་དང་སྤྲོད་པར་བྱའོ། །དེའི་གྲངས་ཇི་ཙམ་འདོད་པ་བྱས་པ་ནི་སྐུའི་ཚུལ་དུའོ། །སྔགས་དེ་དག་གོས་དམར་པོས་དཀྲིས་ཏེ་མགོའི་ཕྱོགས་གསལ་བར་བྱ་སྟེ་ས་ཕྱོགས་གཙང་མར་གཞག་གོ །དེ་ནི་ཡི་གེ་བྲི་བའི་རིམ་པའོ། །མཆོད་རྟེན་ལྔ་གདབ་པར་བྱའོ་ཞེས་བྱ་བ་ནི་མཚོན་པ་སྟེ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་ལྔའམ་དགུའམ་ལྔའམ་གཅིག་ལ་སོགས་པའོ། །དེ་ལ་སཱཙྪའི་ཆོ་ག་ནི། །སྐྱོན་བྲལ་རབ་ཏུ་འཇམ་པའི་ས། །དྲི་བཟངས་ཆུ་ཡིས་འཇིམ་པ་ལ། །རྒྱ་འབུར་གསལ་བའི་སཱཙྪ་ནི། །བདེ་བར་གཤེགས་པའི་མཆོད་རྟེན་ནོ། །ཞེས་པའི་ཚུལ་གྱིས་གྱོ་མོ་དང་སོལ་བ་དང་རྡོ་དང་གསེག་མ་དང་རྩྭ་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་བཀྲ་ཤིས་པའི་ཕྱོགས་ནས་བླངས་ཏེ་ཙནྡན་ལ་


DTG071_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དྲི་ཞིམ་པོའི་ཆུས་བླངས་ཏེ་ལེགས་པར་བརྡུང་ཞིང་འཐས་པ་དང་འདྲེས་པར་བྱའོ། །དེ་ཡང༌། ཨོཾ་ན་མཿསརྦ་བུདྡྷ་ཨ་དྷིཥྛི་ཏེ་བྷཱུ་མི་རཀྵ་རཀྵ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་བགེགས་བསལ་ལོ། །ལག་པའི་སོར་མོ་ས་ལ་རེག་ནས། །ཨོཾ་ན་མཿས་མནྟ་བུད་དྷཱ་ནཱཾ་སརྦ་ཨ་དྷིཥྛཱ་ན་རཏྣ་བྷཱུ་མི་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་རིན་པོ་ཆེའི་ས་གཞིར་བསམ་མོ། །ཨོཾ་ཨཱཿབཛྲ་ཁ་ན་ཁ་ན་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྐོ་ཞིང་བརྐོས་པ་ཐམས་ཅད་ཡི་གེ་ཨའི་ངོ་བོར་བསམ་མོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། །ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨ་མ་ལ་བི་མ་ལ་ནི་རྨ་ལེ་བི་ཤུདྡྷ་སྭཱཧཱ། ཞེས་བྱང་ཆུབ་སེམས་ཀྱི་ཆུ་ཙནྡན་ལ་སོགས་པ་དྲི་ཞིམ་པོས་བྲན་ནོ། །ཨོཾ་ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ་ཨ་དྷིཋྛཱ་ན་ཨ་དྷིཋྛི་ཏེ། སརྦ་སཏྭ་བི་ཀལྤ་ཧ་ན་ཧ་ན་ཧཱུཾ་ཕཊ་སྭཱཧཱ། ཞེས་རྡོ་རྗེ་དབྱུག་པས་བརྡུང་ཞིང་བསྲེ་བར་བྱའོ། །ཨོཾ་ན་མཿ་ས་མནྟ་དུ་བྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་མ་བཛྲ་ཨཱཿ་ཡུ་ཥི་སྭཱཧཱ། ཞེས་འཇིམ་པའི་གོང་བུ་གཅིག་ཏུ་བྱས་ནས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨོཾ་བཛྲ་པྲ་མརྡྷ་ན་ཡ་སརྦ་པྲ་མརྡྷ་ན་ཡ་ཧཱུཾ་ཕཊ་ཅེས་བརྗོད་པས་འཇིམ་པའི་གོང་བུ་དེ་ཉིད་ཏྲཱཾ་ལས་རིན་པོ་ཆེའི་རི་བོར་གྱུར་པར་བསམ་མོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ། །ཏདྱ་ཐཱ། ཨོཾ་སུཀྵྨེ་སུཀྵྨ་ཡ་ནུ་ག་ཏ། ཤནྟེ་དནྟེ་ནིར་ཀུ་ལེ། ཡ་ཤ་ཡ་ཤོ་བ་ཏི་ཏེ་ཇོ་བ་ཏི། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཧཱུཾ་ཕཊ། འདི་ནི་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་སྔགས་འདི་བྱེ་མའམ་འཇིམ་པའི་གོང་བུ་ལ་ཉི་ཤུ་རྩ་གཅིག་བཟླས་ནས་སཱཙྪ་བྱས་ནས་མཆོད་རྟེན་དེའི་རྡུལ་ཕྲ་རབ་རེ་རེ་ལའང་མཆོད་རྟེན་རེ་རེར་འགྱུར་ལ་རྡུལ་ཕྲ་རབ་དེ་ཉིད་ཀྱི་གྲངས་ཙམ་གྱི་ལྷ་དང་མིའི་གོ་འཕང་ཐོབ་བར་འགྱུར་རོ། །གང་དུ་སྐྱེས་པ་དེའི་སྐྱེ་བ་ཡང་དག་པར་འགྱུར་རོ། །མྱུར་དུ་སངས་རྒྱས་རྣམ་པར་སྣང་མཛད་དང་མཚུངས་པའི་སྐུ་ཐོབ་པར་འགྱུར་རོ། །ཞེས་ཏེ་འཇིམ་པའི་གོང་བུ་དེ་ཉིད་པདྨ་དང་ཟླ་བའི་སྟང་དུ་ཨོཾ་ལས་རྣམ་པར་སྣང་མཛད་གང་ཆེན་།མཚོ་རི་རབ་བྱེ་བའི་ཚད་ཀྱི་སྐུ་བ་སྤུའི་གསེབ་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་ཀྱི་རིགས་ཀྱི་སྐུས་གང་བར་བསམ་མོ། །ཨོཾ་བཛྲ་བྷེ་བཱ་དྷ་ཡེ་སྭཱཧཱ། ཞེས་འཇིམ་པ་བཅད་


DTG071_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་རྣམ་པར་སྣང་མཛད་ཆེན་པོའི་བ་སྤུའི་གསེབ་ནས་སྐུ་རེ་རེ་སྤྱན་དྲང་པར་བསམ་མོ། །ཨོཾ་རཏྣོ་བྷ་བནྟེ་ཧཱུཾ་ཞེས་འབི་འབི་བྱས་ལ་སྐུ་རིན་པོ་ཆེའི་ན་བཟའ་ལྕིབ་མས་བླངས་པར་བསམ་ཞིང༌། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་སྙིང་པོ་བཅུག་པས་ཐུགས་བསྐྱེད་པར་བསམ་མོ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། །ཞེས་མར་གྱི་སྣུམ་གྱིས་བྱུག་པ་ནི། ལྷའི་ཚེགས་ཀྱིས་དྲིའི་ཆར་ཕབ་པར་བསམ་མོ། །ཨོཾ་བཛྲ་བྷེ་དྷེ་སྭཱ་ཧཱ། ཞེས་འཇིམ་པ་བཅད་པའོ། །ཨོཾ་དྷ་རྨཱ་ཏ་རོ་དྦྷ་བེ་ཡེ་སྭཱ་ཧཱ། ཞེས་བསྐོལ་ཕོར་དུ་བཅུག་པའི་ཚེ་ཆོས་འབྱུང་དུ་ཞུགས་པར་བསམ་མོ། །ཨོཾ་བཛྲ་མངྒར་ཨཱ་ཀོ་ཊ་ཧཱུཾ་ཕཊ་ཅེས་བརྡུང་བའི་ཚེ་མིང་གི་ཡི་གེ་ཕྲེང་བ་དུ་མ་དང་བཅས་པར་བསམ་ཞིང་སྤྲུལ་པ་དུ་མའི་སྟེང་དུ་གྱུར་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སམྦྷོ་ག་ཀཱ་ཡ་སྭཱ་ཧཱ། ཞེས་བསྐོལ་ཕོར་ནས་དྲངས་པའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུར་བསམ། ཨོམ་སརྦ་ཏ་ཐཱ་ག་ཏཱ་ནི་རྨ་ན་ཀཱ་ཡ་སྭཱ་ཧཱ། ཕྱུང་མ་ཐག་ཏུ་སྤྲུལ་པའི་སྐུར་བསམ་མོ། །ཨོཾ་དྷ་རྨ་རཏྣོ་རཏྣ་སཾ་བྷ་བེ་སྭཱ་ཧཱ། ཞེས་པས་སྐུ་དེ་བ་སྦུའི་གསེབ་ཐམས་ཅད་སྐུས་གང་བར་བསམ་མོ། །དེ་ཡང་སྐུ་རེ་རེ་ཕོ་བྲང་ཡེ་ཤེས་ཀྱི་སྙིང་པོ་ཅན་མཐོང་ན་དགའ་བའི་མཆོད་རྟེན་དུ་བཞུགས་པར་བསམས་ནས། །ཨོཾ་ཨཱཿ་ཡུ་ཥེ་སྭཱ་ཧཱ། ཞེས་སྲོག་ཤིང་གཟུགས་སོ། །ཨོཾ་པྲ་མརྡྷ་ན་ཡེ་སྭཱ་ཧཱ། ཞེས་འཁོར་ལོ་བཞག་ནས། །ཨོམ་པ་ཏཾ་ཀཱ་ལམ་བ་སྭཱ་ཧཱ། ཞེས་ཅོད་པན་གདགས་སོ། །ཨོཾ་ས་ར་ར་ཏ་སྭཱ་ཧཱ། ཞེས་པས་བ་དན་དབུལ་ལོ། །ཨོཾ་དུམ་བི་ར་དུཾ་བཾ་སྭཱ་ཧཱ། ཞེས་ཆུ་སྲིན་རྒྱལ་མཚན་དབུལ་ལོ། །ཨོཾ་པྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་གདུགས་དབུལ་ལོ། །ཨོམ་རཏྣ་མཱ་ལ་ཏྲྰཾ་ཞེས་པས་ཕྲེང་བ་གདགས་ལ། ཨོཾ་ན་མ་ཤེ་ཡ་ད་བུག་དྷ་པྲ་ཏི་ཤ་ག་ཏ་ཏི་བྷེ། ཏ་ཐཱ་ག་ཏོ་ཨརྷ་ཏེ་བྷྱཿ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་སུ་ཡེ་སྭཱ་ཧཱ། ཞེས་བླ་རེ་དབུལ་ལོ། །ཨོཾ་དྷ་རྨྨཱ་ད་མི་ལེ་ཛ་ལེ་སྭཱ་ཧཱ། ཞེས་གདན་ལ་བཞུགས་སོ། །ཨོཾ་བཛྲ་དྷཱ་ཏུ་ཨདྷིཀྵ་དྷེ་ཧཱུཾ་ཞེས་བརྟེན་པར་གསོལ་བ་གདབ་པོ། །དེའི་འོག་ཏུ་རྟེན་འབྲེལ་གྱི་སྔགས་བརྗོད་


DTG071_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་པོའི་ཆུས་བསངས་ཏེ་མེ་ཏོག་ལ་སོགས་པས་རྒྱས་པར་མཆོད་དོ། །དེ་ནས་གཟུངས་གང་དུ་བཞུགས་པ་དེ་བརྗོད་ཅིང་བསྐོར་བ་གསུམ་མ་མ་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱའོ། །སཱཙྪ་བྱ་བའི་རིམ་པའོ། །བུམ་པ་གང་བ་ལྔ་གཞག་གོ །ཞེས་བྱ་བ་ཡང་མཚོན་པ་སྟེ་བུམ་པ་ཉི་ཤུ་རྩ་ལྔའམ་བཅུའམ་དྲུག་གམ་ཡང་ན་གཅིག་གོ །དེ་ཡང༌། གསེར་དངུལ་ཟངས་སམ་ཤིང་དག་གམ། །ས་རྡོ་ལས་བྱས་ལྟོ་བ་ཆེ། །ཞབས་ཕྲ་སྐེ་རིང་མཆུ་འཕྱང་བ། །གསེར་རམ་བཀྲུས་པའི་བུམ་པ་ནི། །ལྷ་ཡི་གྲངས་སམ་རིགས་བདག་གི །ཚད་རྣམས་ཅི་འབྱོར་བཀོད་པར་བྱ། །ཡིད་འོང་གཙང་མའི་ཆུས་བཀང་ནས། །བྱི་རུ་གསེར་དངུལ་མུ་ཏིག་དང༌། །ནོར་བུ་རྨ་མེད་རིན་ཆེན་ལྔ། །སེང་གྲྀ་བྱཱ་གྲྀ་གིར་ཀ་རྣི། །པ་ཏོ་ཧ་ས་དེ་བ་སྨན། །གྲོ་ནས་འབྲས་ཀྱི་སོ་བ་ཏིལ། །མོན་སྲན་གྲེའུ་འབྲུ་ལྔའོ། །ཙནྡན་ག་པུར་གུར་གུམ་དང༌། །ཛཱ་ཏི་ཨ་ཀ་རུ་དྲི་ལྔ། །ལན་ཚྭ་བུ་རམ་སྦྲང་དང་མར། །བྲག་ཞུན་འབྱུང་བའི་སྙིང་པོ་ལྔ། །བུམ་པ་བཟང་པོའི་གཏེར་ཡིན་ཏེ། །མི་ཉམས་གོས་དང་ལོ་མས་ནི། །མགྲིན་པ་དང་ནི་དབུ་རྒྱན་བྱ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དཔལ་འབྱོར་འདོད་པས་འདི་མཆོད་དོ། །ཞེས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྟོག་པར་གསུངས་སོ། །དེ་ལ་ཐུགས་རྗེ་ཆེན་པོའི་བརླན་གྱི་ཕྱིར་ཆུ་དང་བའོ། །མྱ་ངན་ལས་འདས་པའི་ས་བོན་སོགས་པའི་ཕྱིར་འབྲུ་ལྔའོ། །ཆོས་ཀྱི་སྐུའི་གདུང་རྒྱུན་མི་བཅད་པའི་ཕྱིར་རིན་པོ་ཆེ་ལྔའོ། །ཉོན་མོངས་པའི་གདུང་བ་སེལ་བའི་ཕྱིར་སྨན་ལྔའོ། །གདུལ་བྱ་བྱང་ཆུབ་ཀྱི་ལམ་གྱི་བསྲུང་བ་བསྐྱེད་པའི་ཕྱིར་དྲི་ལྔའོ། །འཁོར་བ་མ་སྟོངས་ཀྱི་བར་དུ་གཟུགས་ཀྱི་སྐུ་རྒྱུན་མི་འཆད་པའི་ཕྱིར་འབྱུང་བའི་སྙིང་པོ་ལྔའོ། །ཆོས་ཀྱི་གསུང་ལ་ཉམས་པ་མེད་པའི་ཕྱིར་མགྲིན་པ་གོས་བཟང་གིས་བཅིང་བའོ། །འགྲོ་བའི་བསམ་པ་ཡིད་བཞིན་དུ་སྐོང་བའི་ཕྱིར་ཁ་རྒྱན་ནོ། །ལམ་ངན་པ་དམན་པའི་གང་ཟག་གིས་རྟོགས་དཀའ་བ་དང་དབང་པོ་རྣོན་པོ་ལ་རྒྱ་ཆེ་བ་དང་ཆོས་ཉིད་ཟབ་མོ་རྟོགས་པར་རིགས་པའི་སྤྱོད་ཡུལ་


DTG071_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དང་རྟོགས་ན་ཕྱི་ནང་གཉིས་སུ་མེད་པའི་རྟགས་སུ་བུམ་པ་ཞབས་ཕྲ་ཞིང་ལྷོ་ཆེ་བ་དང་སྐེ་བ་ཕྲ་བ་དང་མཆུ་འཕྱང་བའོ། །གལ་ཏེ་བུམ་པ་ལྔ་ལ་སོགས་པ་ཡིན་ན་རིགས་ཀྱི་ཕྱག་རྒྱ་ཡང་དགོད་པར་བྱའོ། །བུམ་པ་དེ་དག་ལ་ཡང་རྨ་བྱའི་གདུགས་དང་ཅོད་པན་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་རྒྱན་གྱིས་སྤྲས་ཏེ་བཀོད་དོ། །གྲ་བཞིར་པོ་ག་ཕོར་བཞི་ཞེས་པ་ཡང་མ་ཆག་པ་དང་མ་གས་པའི་སྣོད་དུ་ཏུ་རུས་ནི་བྱང་ཤར་དུ་བསྲེག་གོ་ཨ་ག་རུ་ནི་ཤར་ལྷོར་རོ། །ཙནྡན་ནི་ལྷོ་ནུབ་ཏུའོ། །གུ་གུལ་ནི་ནུབ་བྱང་དུའོ།། སྣོད་བཞི་ནི་མཚོན་པ་ཙམ་སྟེ་སྤོས་དང་མེ་ཏོག་ཐ་དད་པ་དང་ཡོན་ཆབ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་སྐུ་གདུང་གི་གྲངས་དང་སྦྱར་ནས་དགོད་དོ། །དེ་ཡང་ཆོ་ག་རྒྱས་པ་དང་བསྡུས་པ་ཀུན་མཚོན་པར་ཤེས་པར་བྱའོ། །དེ་རེ་ཞིག་སཱཙྪ་བརྒྱ་པའི་དབང་དུ་བྱས་ན་རང་ཉིད་ལྷག་པའི་བསམ་པ་དང་ལྡན་པས་ཐམས་ཅད་དུ་སྔོན་གྱི་ཉིན་པར་སྐྱབས་སུ་འགྲོ་བ་བྱས་ནས་སྡོམ་པ་བཟུང་སྟེ་མཎྜལ་ཕུལ་ནས་མཆོད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་དམིགས་ཏེ་དབང་པོར་བྱས་ནས་ཚིགས་བཅད་འདིས་གསོལ་བ་གདབ་བོ། །ཨོཾ་བཛྲ། རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །བདེ་གཤེགས་རིགས་ཚོགས་མ་ལུས་པ་འམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཅན། །བརྗོད་མི་ལང་སོགས་ཚོགས་བཅད་དང༌། །དེད་དཔོན་འཇིག་རྟེན་སྐྱོང་བའི་ཚོགས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་ཀྱང་ཡོངས་སུ་དག་པ་དང༌། །འགྲོ་བ་ཉོན་མོངས་གནས་བསྒྲལ་ཕྱིར། །ཆོ་ག་བཟང་པོ་འདིའི་སྒོ་ནས། །ཡིད་བཞིན་ནོར་འདྲ་སྒྲུབ་བྱེད་ན།། བདག་ལ་ཡོངས་སུ་བསྐྱབ་པ་དང༌། །སེམས་ཅན་རྣམས་ལ་ཐུགས་བརྩེའི་ཕྱིར། །ཡེ་ཤེས་ཅན་གྱི་གཟིགས་ནས་ཀྱང༌། །ཉེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྭཱ་ཧཱ་ཞེས་ལན་གསུམ་ལ་སོགས་པ་བརྗོད་དེ་ཤར་ཕྱོགས་སུ་ཁ་བལྟས་ཏེ་གཟུངས་ཉི་ཤུ་རྩ་


DTG071_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བརྗོད་ལ་ཉལ་ལོ། །གལ་ཏེ་རྨི་ལམ་དང་ལྟས་ངན་ན་རིགས་པའི་ཁྲོ་བོ་གང་ཡང་རུང་བའི་སྔགས་མང་དུ་བརྗོད་དེ་གཏོར་མ་དང་མཆོད་པ་དབུལ་ཞིང་ཚིམ་པར་བྱའོ། །ལྷག་པར་ཡང་ཡི་དགས་ལ་གཏོར་མ་མང་དུ་སྦྱིན་ནོ། །དེ་ནི་ཆོ་ག་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དང་པོའོ། །དེ་ནས་སཱཙྪ་བརྒྱ་པའི་དབང་དུ་བྱས་ན་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་དབུས་ཀྱི་ཕོ་བྲང་རེ་མིག་བརྒྱ་པར་བྱས་ཏེ་དེ་ཡང་ལེ་ཚེའམ་པདྨའི་ཁོར་ཡུག་གམ་སྐུ་གདུང་མཆོད་རྟེན་བཞི་བསྡུས་པའི་གཟུགས་སུ་བྱས་ལ་ཆོ་ག་དང་ལྡན་པའི་སཱཙྪ་རེ་རེ་རྒྱན་དང་བཅས་པ་ལེ་ཚེ་རེ་རེ་ལ་མེ་ཏོག་སྟེང་དུ་གཞག་སྒོའི་ནང་རོལ་དུ་ཟུང་རེ་གཞག་གོ །ལྷ་སྣམ་གྱི་ཟུར་བཞིར་བུམ་པ་གང་བ་བཞི་གཞག་གོ །ཤར་དུ་དཀྱིལ་འཁོར་ཁྲུ་གང་བ་བདུན་གྱི་སྟེང་དུ་སྐུ་གདུང་རིང་བསྲེལ་དང་བཅས་པ་ཁྲིའུའི་སྟེང་དུ་གཞག་གོ །དེའི་དྲུང་དུ་བུམ་པ་གང་བ་ཆོ་ག་དང་བཅས་པ་གཞག་གོ །མེ་ཏོག་གེ་སྣོད་དང་སྤོས་སྣོད་དང་བྱུག་པ་དང་མར་མེ་དང་ཞལ་ཟས་རྣམས་རེ་རེ་ལའང་བརྒྱ་རྩ་བརྒྱད་དཀྱིལ་འཁོར་གྱི་མཐའ་ནས་བསྐོར་རོ། །དགུ་པའམ་ལྔ་པ་ལ་སོགས་པ་ལ་ནི་རྡོ་རྗེ་རྒྱ་གྲམ་མམ་པདྨ་བྲིས་ཏེ་གཞལ་ཡས་ཁང་ཡོད་དམ་མེད་ཀྱང་རུང་ངོ༌། །བུམ་པ་དང་སཱཙྪ་དང་སྐུ་གདུང་ཐམས་ཅད་ཀྱང་ནང་དུ་ཚུད་པར་བྱའོ། །ཤར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་གོ །ལྷོར་སྟོབས་པོ་ཆེ་བཀླག་གོ །ནུབ་དུ་རྨ་བྱ་ཆེན་མོའོ། །བྱང་དུ་མདོ་སྡེའི་དབང་པོ་གསེར་འོད་དམ་པའི་མདོ་བཀླག་གོ །ཤར་ཕྱོགས་སུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ལྷོ་ཕྱོགས་ནས་དད་པ་ལྡན་པས་མ་མོ་རྣམས་ལ་གཏོར་མ་སྦྱིན་ནོ། །ནུབ་ཕྱོགས་ནས་ཀླུ་ལ་སྦྱིན་ནོ། །བྱང་ཕྱོགས་ནས་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་ནོ། །དེ་ལ་སྨོན་ལམ་གསོལ་བའི་ཚིགས་སུ་གཅད་པ་ནི་འདི་དག་ཡིན་ཏེ། ཤར་ཕྱོགས་སུ་སྙིང་པོའི་སྔགས་དང་བཅས་བ་བརྗོད་དེ། ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་ལྷ་ཀླུ་གནོད་སྦྱིན་སོགས། དེད་དཔོན་བརྒྱད་པོ་འཁོར་བཅས་དང༌། །འཕྲོག་མ་བུ་དང་བཅས་རྣམས་དང༌། །འབྱུང་པོའི་ཚོགས་རྣམས་ཀུན་ཉོན་


DTG071_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བདག་གིས་ཁྲུས་དང་མེ་ཏོག་དང༌། །སྤོས་དང་མར་མེ་བྱུག་པ་དང༌། །ཞལ་ཟས་ཚོགས་རྣམས་ཁྱེད་ལ་འབུལ། །ཁྱེད་ཀྱི་དཔལ་དང་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ནི། །ནད་དང་གནོད་པ་བསལ་ནས་ཀྱང༌། །ཆེ་གེའམ་བདག་ལ་བཀྲ་ཤིས་མཛོད། །ཤར་ཕྱོགས་སུ་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ལྷོ་ཕྱོགས་སུ་ཡང་དེ་བཞིན་དུ་བརྗོད་དེ། དེ་བཞིན་དུ་ནུབ་དང་བྱང་དུའང་བརྗོད་དོ། །དེ་དག་ནི་སྔོན་དུ་འགྲོ་བའི་ཆོ་ག་གཉིས་པའོ། །དེ་ནས་བསྒྲུབ་བྱ་དང་སྒྲུབ་པ་པོ་རྣམས་གོས་སར་པ་གྱོན་ཅིང་ཁྲུས་བྱས་ནས་ཁ་བྱང་དུ་བལྟས་ཏེ་ཡུངས་ཀར་དང་ནས་ལ་སོགས་པའི་འབྲུ་སྣ་ཚོགས་ཀྱིས་བདག་གི་ལག་པ་གཡོན་པས་བསྐོར་ཞིང་ཁམ་ཕོར་གྱི་ཙནྡན་མེའི་ནང་དུ་དོར་རོ། །དེ་ནས་ཚིགས་སུ་བཅད་པ་འདི་བརྗོད་ལ་ཁམ་ཕོར་སྒོར་བསྐུར་རོ། །གང་དག་སངས་རྒྱས་རང་སངས་རྒྱས། །འཕགས་པ་ཉན་ཐོས་ཐམས་ཅད་དང༌། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་དབང་ཕྱུག་ཀླུ་དབང་པོ། །གཞན་ཡང་འཇིག་རྟེན་སྐྱོང་བ་རྣམས། །རང་རང་འཁོར་དང་བཅས་པ་དང༌། །འཕྲོག་མ་བུ་དང་བཅས་པ་དང། །གཞན་ཡང་འབྱུང་པོ་མཐུ་ཆེན་རྣམས། །དེ་དག་ཀུན་གྱི་མཐུ་དང་དཔལ། །བརྩོན་འགྲུས་གཟི་བརྗིད་བྱིན་གྱིས་བརླབས། །རོ་ལངས་ལ་སོགས་གདོན་རྣམས་ཀྱིས། །ནད་དང་གནོད་པ་ཆད་འགྱུར་ཅིག །རྡོ་རྗེས་རིན་ཆེན་ཕུག་པ་དང༌། །མེ་ཡིས་བུད་ཤིང་སྲེག་བྱེད་དང། །རླུང་གིས་སྤྲིན་རྣམས་འཐོར་བ་དང༌། །ཉི་མས་འདམ་སོགས་སྐེམས་པ་དང༌། །སེང་གེས་རི་དགས་ཀུན་སྐྲག་ལྟར། །སྔགས་དང་ཕྱག་རྒྱ་བདེན་པའི་མཐུས། །རོ་ལངས་འབྱུང་པོའི་ཚོགས་རྣམས་དང༌། །བྱད་སྟེམས་ཐམས་ཅད་ཚིག་པར་ཤོག །དེ་ནས་སྒྲུབ་པ་པོ་དང་བསྒྲུབ་བྱ་ཐམས་ཅད་ཀྱི་མགོ་ལ་མེ་ཏོག་གི་ཕྲེང་བ་གདགས་ཤིང༌། ལུས་དྲི་ཞིམ་པོས་བྱུག་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་ཆོ་ག་གསུམ་པའོ། །ཡིད་བཞིན་གྱི་ནོར་བུ་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་


DTG071_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ་ཞེས་པ་ནི་གོང་དུ་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གཉིས་དུས་གཅིག་ཏུ་དྲན་པར་བྱའོ། །ཞེས་པ་ལ་སོགས་པ་ཚིག་གསུམ་དང་འབྲེལ་ཏེ་དྲན་པར་བྱའོ། །ཞེས་པའི་དོན་འདི་ལྟར་ཤེས་པར་བྱའོ། །སཱཙྪ་ནི་ཐམས་ཅད་དུ་རྣམ་པར་སྣང་མཛད་སངས་རྒྱས་ཀྱི་སྐུ་ཁོ་ནར་བསམས་ཏེ། སཱཙྪ་རེ་རེ་ལ་ཡང་རྣམ་པར་སྣང་མཛད་རེ་རེར་བསམས་ལ་དེའི་བ་སྤུའི་གསེབ་ཐམས་ཅད་རྣམ་པར་སྣང་མཛད་ཀྱིས་གང་བའོ། །དེ་ནས་སཱཙྪའི་གྲངས་ཀྱི་རྣམ་པར་སྣང་མཛད་བྱེ་བ་བརྒྱ་ཕྲག་གོ །དེ་ལ་འདིར་གཟུངས་ཡི་གེའི་ཚུལ་དུ་ཀློག་ན་བུམ་པ་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས་དེའི་སྟེང་དུ་ཨ་ལས་གཟུངས་ཀྱི་ཕྲེང་བ་དཀར་པོས་བསྐོར་བའམ་ཡང་ན་ཕྱོགས་བཞིར་ཨཾ་བཾ་སཾ་ཛཿ་ཞེས་དམིགས་ཏེ་གཡེང་བ་ལ་སོགས་པའི་སྐྱོན་སྤངས་ནས་གཟུངས་རིང་ཐུང་གཉིས་སྤེལ་བ་བརྒྱ་རྩ་བརྒྱད་བརྗོད་དོ། །དེའི་ཚེ་སྔགས་དང་ཟླ་བའི་འོད་ཀྱིས་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཟླ་བ་དང་ཡི་གེ་ཐམས་ཅད་ལ་ཐིམ་པར་བསམ་མོ། །དེ་ནས་གཟུངས་ཐུང་འབའ་ཞིག་གདོན་ཞིང་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ། །དེའི་ཚེ་སྔགས་དང་ཡི་གེའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དག་པར་བསམ་མོ། །དེ་ནས་ཡི་གེ་དང་སྔགས་བདུད་རྩིར་ཞུ་བར་བསམ་མོ། །བསྐོར་བའི་དུས་སུ་ནི་སྐུ་གདུང་གི་ལྷའི་གྲངས་བརྗོད་ཀྱིས་མི་ལང་བ་བུམ་པའི་ནང་དུ་ཡི་གེའམ་ཕྱག་རྒྱའམ་ལྷ་གཅིག་བུའི་སྐུའི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང་ནང་སྦྱང་བ་དང་དབང་བསྐུར་བར་བསམ་མོ། །ནད་ཀྱིས་བཏབ་པ་ལ་སོགས་པ་བརྒྱད་པོ་ནི་གོང་གི་ལས་སྦྱོར་གྱི་བྱེ་བྲག་སྟེ་སྔོན་དུ་བཤད་པའི་སྔགས་ཀྱི་སྦྱོར་བ་དང་བཅས་པའི་ཆུས་བཀྲུ་ཞིང་དབང་པོའི་སྒོ་ལྔ་རྨ་བྱའི་སྒྲོས་བྱ་བ་པའོ། །དེ་ཡང་ཁྲུས་བྱ་བའི་རིམ་པ་ནི་འདི་ཡིན་ཏེ་བུམ་པ་བདུད་རྩིའི་ཆུར་བསམས་ཏེ། རོལ་མོ་སིལ་སྙན་དུ་མར་བཅས། །འདོད་པ་འཛུམ་ཞིང་ཡོན་བཅས་པས། །ཉམས་དགའི་ཚུལ་དུ་གསོལ་བ་གདབ། །ཨོཾ་བྱང་ཆུབ་རྡོ་རྗེ་སངས་རྒྱས་


DTG071_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །མཆོག་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །སྔགས་ཀྱི་ཆུ་ཡིས་བྱིན་བརླབ་སྩོལ། །གསུམ་བརྗོད་ཕྱག་འཚལ་བསྐོར་བ་བྱ། །ཡོན་ནི། བསྲུང་ལ་རས་སོགས་ཁ་དོག་དཀར། །ཚེ་བསྲིང་སོགས་ལ་སེར་མོའི་རྫས། །ཤི་བ་སླུ་བ་དུར་སྨྲིག་མདོག །བུ་སློང་སོགས་ལ་དམར་པོ་སྟེ། །གནོད་པ་བཟློག་པ་སྔོན་པོས་བྱ། །ལས་ཀུན་ལ་ནི་ལྗང་གུ་ཤིས། །སེར་སྣ་མེད་པར་ཡོན་ཕུལ་ནས། །བློ་ལྡན་སློབ་དཔོན་ཕྱག་གིས་ནི། །ཡལ་གས་བུམ་པ་བླང་བར་བྱ། །འགྲོ་ན་ལྷག་པའི་སེམས་བཏང་ནས། །འགྱིང་དང་བཅས་པས་ཁྲུས་གསོལ་ལོ། །ཞེས་པའི་ཚུལ་གྱིས་དང་པོར་བཀྲ་ཤིས་བརྗོད་ཅིང་སྨོན་ལམ་དུ་ཡང་བསྔོས་ནས་བདེན་པའི་བྱིན་རླབས་འདི་བརྗོད་དོ། །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེད་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འཇིག་རྟེན་འདིའམ་ཡང་ན་འདས་པ་ཡི། །མཐོ་རིས་དག་ལ་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་ཏེ། །མི་མཆོག་འདི་དང་གང་ཡང་མཚུངས་པ་མེད། །དེ་ཕྱིར་སངས་རྒྱས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །ཟག་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །མཁྱེན་ལྡན་ཤཱཀྱ་ཐུབ་ཀྱིས་ནི་རབ་དབྱེ་མཛད། །འཆི་མེད་དམ་ཆོས་ཞི་བ་འདུ་བྱེད་བྲལ། །ཆོས་འདི་དག་དང་མཚུངས་པ་གང་ཡང་མེད། །དེ་ཕྱིར་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །གང་འདོད་དེ་ལ་ཚུལ་བཞིན་མཆོག་སྟོན་པ། །སྟོན་པ་བླ་མེད་རྟག་བསྒྲུབ་རྣལ་འབྱོར་གཞི། །རྡོ་རྗེ་ལྟ་བུ་གཉིས་མེད་ལམ་གསལ་བས། །ཏིང་འཛིན་འདི་དང་མཚུངས་པ་འགའ་ཡང་མེད། །དེ་ཕྱིར་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང༌། གང་ཟག་ཟུང་བཞིར་བརྗོད་པ་འདི་དག་ནི། །དྲང་


DTG071_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཆེན་པོ་གང་ཟག་མཚུངས་པ་མེད། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང༌། །གཽ་ཏ་མའི་བསྟན་ལ་རབ་ཞུགས་ནས། །དམ་ཆོས་ཐོས་མང་བདུད་རྩི་མ་ཆག་རྙེད་དེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག་ལུས་སམ་ངག་གམ་དེ་བཞིན་ཡིད་ཀྱིས་ཀྱང༌། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང༌། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང། །སྡིག་པ་རྣམ་བཅུ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ཀྱང་མི་འཆབ་མྱུར་དུ་བཤགས། །དེ་ལྟར་ལོག་ལྟ་དེ་དག་འཛིན་མི་བྱེད། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །ཅི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་བསྐྱོད་ལྟར། །འཕགས་པའི་ལམ་གྱི་དམ་པ་འཐོབ་པ་ཡིས། །འཕགས་པའི་དགེ་འདུན་རྣམ་རྟོག་གིས་མི་གཡོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །ཤེས་རབ་ཤིན་ཏུ་ཟབ་ཅིང་བརྟན་པ་ཡིས། །འཕགས་པའི་བདེན་རྣམས་ཡང་དག་རབ་བསྒོམས་ནས། །ལུས་ཀྱི་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག། ཇི་ལྟར་རླུང་གིས་མེ་ནི་རབ་གཏོར་ན། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ལྟར། །སངས་རྒྱས་སྲས་རྣམས་ཀུན་དུ་སྦྱོར་བ་ཡིས། །རབ་སྔགས་འཇིག་ཚོགས་བསྟན་དུ་མེད་པར་འགྲོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དིང་འདིར་བདེ་ལེགས་ཤོག །བླ་མ་


DTG071_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་ཕ་མ་གྲོགས་པོ་དང༌། །ཡོན་བདག་གཉེན་བཤེས་ཆོས་ཀྱི་རྒྱལ་པོ་དང༌། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ནས་བུམ་པའི་ཆུ་ལས་ཉུངས་ཟད་བླངས་ཏེ་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམས་ལ་ཡོན་ཆབ་ཀྱི་ཚུལ་དུ་མཆོད་དོ། །ཨོཾ་ན་མཿསརྦ་བུ་དྡྷ་བོ་དྷི་སཏྭེ་བྷྱཿ་སཾ་ཤོ་དྷ་ནི་སྭཱ་ཧཱ། དེ་བཞིན་དུ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡང་མཆོད་པ་བྱ་སྟེ། ཨོཾ་ན་མཿསརྦ་ཨ་ཧཾ་ཤྲ་བ་ཀ་བྷྱེ་ཀཱ་ཡ་ཝཱ་གྩིཏྟ་སཾ་ཤོདྷ་ནི་སྭཱ་ཧཱ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་མཆོད་པར་བྱ་སྟེ། བདུད་རྩི་ཡེ་ཤེས་ཆུ་བོར་ནི། །བདེན་པའི་མཐུ་ཡིས་བྱིན་བརླབས་པ། །རྣམ་དག་སྔགས་ཀྱི་ཆུ་རྒྱུན་གྱིས། །འཇིག་རྟེན་བག་ཆགས་དག་གྱུར་ཅིག །ཨོཾ་སརྦ་ས་དི་བ་ལོ་ཀ་ཕྲི་ཐ་ཀ་སཾ་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་གང་ཞིག་ཁྲུས་བྱ་བ་དེ་གོས་དང་རྒྱན་སར་པས་བརྒྱན་ཏེ། །སྡིག་པ་བཤགས་པ་དང་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང་སྡོམ་པ་འཛིན་དུ་བཅུག་ལ་ཁྲུས་བྱས་ནས་མེ་ཏོག་ཕྲེང་བ་མགོ་ལ་གདགས་སོ། །དེ་བཞིན་དུ་དང་པོར་གཟུངས་འདི་གཉིས་བརྗོད་དེ་རྨ་བྱའི་སྒྲོའམ་ཀུ་ཤཱི་ཆུན་བོས་ནད་དམ་སྡིག་པ་ལ་སོགས་པ་བྱ་བ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱའོ། །དེའི་འོག་ཏུ་སྤྱན་མ་ལ་སོགས་པ་རིག་པའི་ལྷ་མོ་བཞིའི་སྔགས་ཀྱིས་མགོ་ནས་ཁྲུས་བྱའོ། །དེ་ནས་རིག་པའི་ལྷ་མོ་གཞན་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་སྔགས་གང་དག་བརྗོད་ནུས་པས་ཡན་ལག་ཐམས་ཅད་ཁྲུས་བྱའོ། །དེ་ལ་འདི་ཡང་བརྗོད་པར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱི་ཚེ། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་རིང་འདིར་ཡང་སྐུ་ཁྲུས་གསོལ། །དེ་མ་ཐག་ཕྱག་འཚལ་ནས་ལྡང་བར་བྱའོ། །དེའི་ལྷག་མར་གྱུར་པའི་བུམ་པའི་ཆུས་ཕྱུགས་ལྷས་དང༌། རྟ་དང་གླང་པོའི་བྲེས་དང༌། ཞིང་དང་གཙུག་ལག་ཁང་དང༌། མཁར་དང་ཁྱིམ་དང་ར་བ་དང༌། ལམ་སྲང་ལ་སོགས་པ་ཐམས་ཅད་དུ་གཏོར་རོ། །སཱཙྪ་དང་སྐུ་གདུང་


DTG071_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི། དབེན་པའི་ས་ཕྱོགས་སུ་བཞུགས་སོ། །རྡུལ་ཚོན་ནི་ཅི་བདེ་བར་དོར་རོ། །བུམ་པའི་ཡོ་བྱད་དང་དཀྱིལ་འཁོར་གྱི་རྒྱན་ལ་སོགས་པ་ཐམས་ཅད་ནི། གང་རྡོ་རྗེ་སློབ་དཔོན་མཁས་པས་དགེ་བའི་ཆེད་དུ་ལོངས་སྤྱོད་ཀྱི་ཐ་མལ་པར་ནི་འགལ་ཚབས་ཆེའོ། །ཞེས་ཀྱི་ལྷག་མས་ནི་ཡི་དགས་ལ་གཏོར་མ་སྦྱིན་ནོ། །དེའི་རྗེས་སུ་ནི་ཀུན་དུ་བཟང་པོའི་སྨོན་ལམ་བདུན་ནམ་ཉི་ཤུ་རྩ་གཅིག་ཁོ་ན་གཡེང་བ་མེད་པར་བཀླག་གོ །དེ་དག་གིས་ནི་གཟུངས་ཡི་གེའི་ཚུལ་དུ་བཀླག་པ་དང་པོ་སྟེ། གཞན་ལ་རྒྱ་ཆེར་སྐབས་འདིར་ཤེས་པར་བྱའོ། །ཡང་ན། འདི་ལྟ་བུ་བུམ་པ་དང་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་དཀར་པོ་དེའི་སྟེང་དུ་ཉི་མ་ལ་ཨཾ་ཡིག་དེ་གཉིས་ཆར་ཧཱུཾ་བཞིས་བསྐོར་ཏེ། རེ་རེ་ལ་སོ་སོར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་འཁོར་བར་བསམས་ལ་དེའི་འོད་ཟེར་གྱི་རང་བཞིན་གྱི་སྔགས་ཐམས་ཅད་བཀུག་ཅིང་དེ་ཉིད་དུ་ཐིམ་པར་བསམས་ཏེ་བཟླས་པ་བྱའོ། །བསྐོར་བའི་དུས་སུ་ཡི་གེ་དང་སྔགས་ཀྱི་འོད་ཀྱིས་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་དེར་ཐིམ་ཞིང༌། དེའི་འོད་ཟེར་གྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་ནད་དང་འཚེ་བ་ཐམས་ཅད་སེལ་བར་བསམས་ལ་བྱའོ། །ལྷག་མ་ནི་སྔོན་ལྟར་ཤེས་པར་བྱའོ། །ཡང་ན། བུམ་པ་པདྨ་དཀར་པོའི་སྟེང་དུ་ཟླ་བ་དང་ཉི་མ་ཁ་སྦྱར་བའི་བར་དུ་ཨ་དང་ཨཾ་ལས་ཕྱོགས་བཞིར་ཧཱུཾ་བཞི་དང་མཚམས་སུ་ཨཾ་བམ་སཾ་ཛཾཿབྶྐོར་ཏེ་དེ་ལ་ཡང་སོ་སོར་སྔགས་ཀྱིས་བསྐོར་བར་བསམས་ལ། སྔགས་བརྗོད་པས་ཡི་གེ་དང་སྔགས་ཀྱི་འོད་ཟེར་གྱིས་རང་བཞིན་གྱི་སྔགས་བཀུག་ཅིང་དེར་ཐིམ་པ་དང༌། བསྐོར་བའི་དུས་སུ་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་བསྡུས་ནས་དེར་ཐིམ་སྟེ། འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་ནད་དང་འཚེ་བ་དང༌། སྡིག་པ་ཐམས་ཅད་ཟད་པར་བསམ་མོ། །ལྷག་མ་ཆོ་ག་སྔོན་ལྟར་ཤེས་པར་བྱའོ། །ད་ནི་གཟུངས་ཕྱག་རྒྱ་ལ་དམིགས་ནས་བཀླག་པ་ནི། བུམ་པ་པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་སྐྱེས་པ་རིན་པོ་ཆེ་ཆ་གཅིག་པ་ཨ་ཡིག་དཀར་པོ་


DTG071_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་ཀྱིས་བསྐོར་བ་ཁོ་ན་ལ་དམིགས་པ་གཏང་དེ་བརྗོད་ལ་ཕྱག་རྒྱ་དང་སྔགས་དེའི་འོད་ཀྱིས་རང་བཞིན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་དེར་བསྡུས་པར་བསམ་མོ། །བསྐོར་བའི་དུས་སུ་ནི་དེ་དག་གི་འོད་ཟེར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་དང་འཚེ་བ་དང་སྡིག་པ་ཟད་པར་བྱས་པར་བསམ་མོ། །ཡང་ན་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་ལས་རིན་པོ་ཆེ་ཆ་གསུམ་པ་ཡི་གེ་དང་སྔགས་བསམས་ལ་བརྗོད་པས་སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་རང་བཞིན་གྱི་སྔགས་དང་ཕྱག་རྒྱ་བསྟིམ་ཞིང་བརྗོད་དེ་བསྐོར་བའི་དུས་སུ་སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་བསྡུ་ཞིང་དེར་ཐིམ་པས་དེའི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་ནད་དང་འཚེ་བ་དང་སྡིག་པའི་ཚོགས་ཐམས་ཅད་ཟད་པར་ཡང་བསམ་མོ། །ཆོ་ག་ལྷག་མ་ཐམས་ཅད་སྔོན་ལྟར་ཤེས་པར་བྱའོ། །ཡང་ན་བུམ་པ་དང་པདྨ་ཟླ་བའི་སྟེང་དུ་ཨ་ཡིག་ལ་རིན་པོ་ཆེ་ཆ་བཞི་པ་འོད་ཀྱི་ཕྲེང་བ་དང་བཅས་པ་ཡི་གེ་དང་སྔགས་ཀྱི་ཕྱག་རྒྱས་བཏབ་པ་བསམས་ཏེ། སྔགས་དང་ཕྱག་རྒྱ་དེའི་འོད་ཟེར་གྱིས་རང་བཞིན་གྲུབ་པའི་ཡེ་ཤེས་བདུད་རྩི་བསྟིམ་ནས་བརྗོད་པས་བདག་གི་ལུས་ངག་ཡིད་ཀྱི་སྒོ་གང་བར་བསམས་ཏེ་བསྐོར་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་ཀྱི་སྒོ་དག་པར་བསམ་མོ། །ལྷག་མ་ཆོ་ག་ཐམས་ཅད་སྔར་ལྟར་རོ། །སྐུ་ལ་དམིགས་ནས་གཟུངས་བཀླག་པའི་ཚུལ་དུ་ནི་བུམ་པ་དང་པདྨ་ཟླ་བའི་སྟེང་དུ་ཨ་ཡིག་སེར་པོ་ལས་བཅོམ་ལྡན་འདས་བྱང་ཆུབ་ཆེན་པོས་གསིལ་བྱེད་དང་པར་བུ་འཆང་བ་གསེར་བཙོ་མའི་མདོག་ཅན་འཛུམ་པའི་མདངས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པ་བསམས་ཏེ། དེའི་སྙིང་གར་ཟླ་བ་ལ་ཨ་ཡིག་སྔགས་ཀྱིས་བསྐོར་བ་བསམས་ཏེ་རང་བཞིན་གྱིས་བྱང་ཆུབ་ཆེན་པོ་དང་ཐ་མི་དད་པར་བྱས་ནས་སྔགས་བརྗོད་པའི་ཚེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔས་བུམ་པ་དུ་མ་དུས་གསུམ་གྱི་ཡེ་ཤེས་ཀྱི་ཆུས་གང་བ་དུ་མ་ཐོགས་ནས་དབང་བསྐུར་བས་དེའི་དབུ་ལ་སངས་རྒྱས་མི་བསྐྱོད་པ་བསམ་པ་དང་སྐུ་དུ་མ་ཡང་གཞུག་པར་བྱའོ། །དེ་ནས་བསྐོར་


DTG071_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་སུ་སྐུ་དེ་ལས་བྱུང་བའི་ལྷ་མོའི་ཆོགས་ཀྱིས་བདག་ལ་དབང་བསྐུར་ཏེ་བདག་གི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་བསམ་མོ། །དེ་ནས་རང་བཞིན་གྱི་ལྷ་ཐམས་ཅད་གཤེགས་ཏེ། སྐུ་དེ་འོད་དུ་ཞུ་བར་དམིགས་ཏེ་ཁྲུས་བྱའོ། །ལྷག་མ་ཆོ་ག་ཐམས་ཅད་སྔོན་ལྡར་རོ། །ཡང་ན་པདྨ་དང་ཟླ་བའི་དབུས་སུ་བདུད་འདུལ་བའི་ཕྱག་རྒྱ་དང་ལྡན་པའི་བྱང་ཆུབ་ཆེན་པོ་བསམ་པའམ་ཡང་ན་ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ་བསམས་ཏེ་ཆོ་ག་ཐམས་ཅད་སྔོན་ལྟར་ཤེས་པར་བྱའོ། །སྐུ་དཀྱིལ་འཁོར་འཁོར་ལོ་ལ་དམིགས་ནས་གཟུངས་བཀླག་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་བུམ་པ་མི་དམིགས་པའི་ངང་ལས་ཡི་གེ་བྷཱུཾ་ལས་སྤོས་ཀྱི་ཁང་པ་རིམ་པ་གསུམ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཏྭ་ར་ཎ་ལ་སོགས་པས་མཛེས་པ་དྲ་བ་དང་དྲ་བ་ཕྱེད་པ་དང༌། དར་དཔྱངས་དང་དྲིལ་བུ་དང་ཟླ་ཕྱེད་རྡོ་རྗེ་དང་ཀྲ་མ་ཤིཪྵ་དང་དར་བུ་ཀན་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན་དུ་མས་ལེགས་པར་སྤྲས་པ་རྩེ་མོ་གཅིག་ཏུ་བསྡུས་པའོ། །པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ལྷ་ཐམས་ཅད་བསམ་པར་བྱའོ། །དེའང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་ཇི་སྐད་གསུངས་པ་ལྟར་ཏེ། རིན་ཆེན་རབ་བཀོད་གཞལ་ཡས་ནི། །སྤོས་ཀྱིས་བརྒྱན་པའི་ཁང་པ་རུ། །རབ་ཞི་སྣ་ཚོགས་རྒྱན་ལྡན་པའི། །དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་བསྒོམ། །ཨཱཿ་ལས་བྱུང་བའི་བཅོམ་ལྡན་འདས། །ཐུབ་པའི་ཉི་མ་བྱེ་བའི་འོད། །དུར་སྨྲིག་གོས་ཅན་གསེར་མདོག་སྐུ། །ཆོས་འཆད་ཕྱག་རྒྱ་ལྡན་པ་ནི། །ཞལ་བཞི་ཕྱག་བརྒྱད་ཞབས་བཞི་པ། །སེམས་དཔའི་སྐྱིལ་ཀྲུང་བཞུགས་ནས་ནི། །འགྲོ་ལ་ཐུགས་རྗེའི་གཟིགས་པ་པོ། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །དེ་ཡི་མདུན་དུ་གསང་སྒྲུབ་མོ། །གུར་སྐྱེས་དཀར་མོ་བསིལ་ཡབ་འཆང༌། །གཙོ་བོའི་གཡས་སུ་ཨ་ཡིག་ལས། །ཚེ་འཛིན་མ་སྟེ་གསེར་མདོག་ཅན། །དཀར་མོ་བུམ་པ་འཆང་བ་ནི། །འགྱིང་པའི་ཚུལ་དུ་བཞུགས་པའོ། །གཙོ་བོའི་གཡོན་དུ་བྷྲཱུཾ་ཡིག་ལས། །བསོད་ནམས་ལྡན་མ་དཀར་མོ་ནི། །སྐྱབས་སྦྱིན་པདྨ་དཀར་པོ་འཆང༌། །སྒེག་པའི་སྤྱན་དང་ལྡན་


DTG071_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྒྱབ་ཏུ་ཕྱག་རྒྱ་བསྟན་པ་ནི། །ཡུཾ་སྐྱེས་དམར་པོ་ཕྲེང་བ་འཆང༌། །ཤར་གྱི་འདབ་མར་སུཾ་ཡིག་ལས། །བསོད་ནམས་གཟིགས་མ་དཀར་གསལ་མོ། །གཡས་ཀྱིས་ལེགས་སོ་གཡོན་པས་ནི། །མར་མེ་འོད་རབ་གསལ་བ་འཆང༌། །ལྷོར་ནི་པུ་རྞ་རྣམ་གཟིགས་མ། །སེར་མོ་གླེགས་བམ་འཆད་བའོ། །ནུབ་ཏུ་ཤིན་ཏུ་གོ་ཆ་མོ། །སཾ་སྐྱེས་དམར་པོ་པདྨ་འཆང༌། །བྱང་དུ་ཡང་དག་འཆང་བྱེད་མོ། །སཾ་སྐྱེས་ལྗང་གུ་ཨུཏྤལ་འཆང༌། །བྱང་ཤར་པྲཾ་ཡིག་ལས་སྐྱེས་པའི། །སོ་སོ་འབྲང་མ་ལྗང་སེར་མོ། །ལག་གཡས་སྐྱབས་ཀྱི་ཕྱག་རྒྱ་དང༌། །གཡོན་པ་ལྕགས་ཀྱུ་འཆང་བའོ། །ཤར་ལྷོར་ཨཾ་ལས་མདངས་ལྡན་མོ། །ཀུ་མུ་ཏ་འཛིན་སེར་སྐྱ་མོ། །ལྷོ་ནུབ་པཾ་ལས་གཟི་ལྡན་མོ། །དམར་སེར་མེ་ལོང་འཆང་བའོ། །ནུབ་བྱང་ཛཾ་ལས་རྒྱས་ལྡན་མ། །ལྗང་གུ་འབྲས་ཀྱི་སྙེ་མ་འཆང༌། །དེ་ཀུན་ཞི་བའི་ཆ་བྱད་ཅན། །ཞལ་གཅིག་ཕྱག་གཉིས་ལྡན་པ་ལ། །རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པ། །བཞེངས་ཏེ་མེ་ཏོག་འཐོར་བའོ། །ཤར་སྒོ་ལཾ་ལས་སྐྱེས་པ་ཡི། །འཆི་འཇོམས་དཀར་མོ་ལྕགས་ཀྱུ་འཆང༌། །ལྷོ་སྒོར་གཤིན་རྗེ་འཇོམས་པ་ནི། །ཡཾ་སྐྱེས་སྔོ་ནག་དབྱུག་པ་འཆང༌། །ནུབ་སྒོར་གཤིན་རྗེ་སྡོམ་བྱེད་མ། །ཡཾ་སྐྱེས་དམར་མོ་ལྕགས་སྒྲོག་འཆང༌། །བྱང་སྒོར་སཾ་སྐྱེས་ལེགས་སྐྱོང་མ། །རྡོ་རྗེ་ཞགས་འཛིན་དཱུར་བའི་མདོག །དེ་ཀུན་ཁྲོ་མོའི་ཆ་བྱད་ལ། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་ཅན། །རིན་ཆེན་རྒྱན་དང་སྤྲུལ་གྱིས་སྤྲས། །སྤྱན་གསུམ་སྐྲ་སེར་མཆེ་བ་གཙིགས། །དཀྱིལ་འཁོར་དེ་ཡི་རྒྱབ་ཏུ་ནི། །ཕྱག་རྒྱ་ཁ་དོག་ཐ་དད་པའི། །སངས་རྒྱས་སྟོང་རྣམས་བསམ་བྱ་བ། །ཆོས་གོས་གསུམ་དང་ལྡན་པ་སྟེ། །ཀུན་ཀྱང་པདྨ་ཟླ་བ་ལ། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་གིས། །འགྲོ་ལ་ཐུགས་རྗེ་ཆེར་གཟིགས་ནས། །འཛུམ་པའི་མདངས་ཀྱིས་བཞུགས་པའོ། །དཀྱིལ་འཁོར་དེའི་རྒྱབ་ཏུ་ནི། །བྱང་ཆུབ་སེམས་ཚོགས་ཉན་ཐོས་བཅས། །དེད་དཔོན་འཁོར་དང་བཅས་པ་རྣམས། །མདོག་དབྱིབས་གོས་རྒྱན་ཐ་དད་ཅན། །ཐལ་མོ་སྦྱར་བ་བྱས་ནས་ཀྱང༌། །དམ་ཆོས་གླེང་སློང་རྒྱས་བྱེད་


DTG071_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །པུས་མོའི་ལྷ་ང་སར་བཙུགས་ནས། །པདྨའི་སྟན་ལ་བཞུགས་པའོ། །ཞེས་གསུངས་པའི་ཚུལ་དུ་བསྒོམས་ནས་བདག་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ནས་མཆོད་དེ། ཛཿཧཱུཾ་བཾ་ཧོཿཞེས་བསྲེས་ནས་ཐ་མི་དད་པར་བསམ་མོ། །ཡང་རྩ་བའི་དཀྱིལ་འཁོར་གྱི་དབུ་ལ་པདྨ་དང་ཟླ་བ་ལ་ཨོཾ་ཡིག་དཀར་པོའོ། །མགྲིན་པར་པདྨ་དམར་པོ་ལ་གནས་པའི་ཡི་གེ་ཨཱཿདྨར་པོ་དང་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་བསམ་པར་བྱའོ། །དེ་ནས་གཟུངས་ཀྱི་ཕྲེང་བ་བཀླགས་པའི་ཚེ་ལྷ་ཐམས་ཅད་སྙིང་གར་རང་གི་ས་བོན་དང་སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས་རང་བཞིན་གྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་བསྡུས་ཏེ་ལྷ་ཐམས་ཅད་ལ་སོ་སོར་ཐིམ་པར་ཡང་བསམ་མོ། །ལྷག་མ་ཐམས་ཅད་སྔོན་གྱི་ཆོ་གས་ཤེས་པར་བྱའོ། །ཡང་ན་དཀྱིལ་འཁོར་དུ་ལྷ་མོ་བརྒྱད་བསམ་སྟེ། ཤར་དུ་ལཾ་ལས་ཚེ་འཛིན་མ། །དཀར་མོ་རྡོ་རྗེ་དྲིལ་བུ་འཆང༌། །ལྷོར་ནི་བཾ་ལས་རྣམ་རྒྱལ་མ། །སེར་མོ་གོས་བཟང་རྔ་ཡབ་འཆང༌། །ནུབ་ཏུ་སཾ་ལས་བདེ་སྦྱིན་མ། །དམར་མོ་ཨུ་དུམྺཱ་ང་འཛིན། །བྱང་དུ་ཛཾ་ལས་འབར་བྱེད་མ། །ལྗང་གུ་ཨུཏྤལ་སྔོན་པོ་འཆང༌། །ཧཱུཾ་ལས་སྐྱེས་པའི་ཁྲོ་མོ་བཞི། །སྒོ་བཞིར་མཁས་པས་དགོད་པར་བྱ། །ཤར་དུ་གཤིན་རྗེ་འཇོམས་མ་ནི། །དཀར་མོ་ཐོ་བ་འཆང་བའོ། །ལྷོར་ནི་གཤིན་རྗེ་དབྱུག་པ་མོ། །སེར་མོ་རིན་ཆེན་དབྱུག་ཐོ་འཛིན། །ནུབ་ཏུ་འཆི་བདག་འདུལ་བ་མོ། །དམར་མོ་པདྨའི་ཕྲེང་བ་ཅན། །བྱང་དུ་གཤིན་རྗེ་དྲག་སེལ་མོ། །སྔོན་མོ་ཆུ་སྲིན་འཛིན་པ་མོ། །ཞེས་པ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་དུ་གསུངས་ཏེ། ལྷ་དགུར་བསྒོམ་པ་རྩ་བའི་འཁོར་ལོ་ཡིན་ཏེ་གཙོ་བོ་ནི་སྔོན་ལྟར་རོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་སྡེ་དཔོན་ཐམས་ཅད་སྔོན་ལྟར་ཤེས་པར་བྱའོ། །ཡང་ན་འདི་ལྟར་སྔར་མོས་ན། །ཤར་དུ་ཨཾ་ལས་ལྕགས་ཀྱུ་མ། །དཀར་མོ་ལྕགས་ཀྱུ་ཕྲེང་བ་འཆང༌། །ལྷོར་ནི་བཾ་ལས་ཞགས་པ་མོ། །སེར་མོ་ཞགས་པ་རྔ་ཡབ་འཆང༌། །ནུབ་ཏུ་ཡཾ་ལས་ལྕགས་སྒྲོག་མ། །དམར་མོ་ལྕགས་སྒྲོག་རིལ་བ་འཆང༌། །བྱང་དུ་ཛཾ་ལས་འབེབས་བྱེད་མ། །ལྗང་གུ་དྲིལ་བུ་སིལ་ཕྲེང་འཆང༌། །ཞེས་རྒྱུད་དུ་གསུངས་


DTG071_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོ་བཞིས་གཙོ་བོ་ལ་བསྐོར་བའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ་སོགས་པ་མི་དགོས་སོ། །དེ་ལྟར་རྒྱས་བསྡུས་གང་བསྒོམ་ཡང་རང་བཞིན་གྱི་ལྷ་དང་ཐ་མི་དད་པར་བྱས་ནས་མཆོད་པར་བྱའོ། །དེ་ནས་བཟླས་པའི་དུས་སུ་ལྷ་སོ་སོའི་སྙིང་གར་སྔགས་ཀྱི་འོད་ཀྱིས་སངས་རྒྱས་ཐམས་ཅད་བསྡུས་ནས་དབང་བསྐུར་རིགས་ཐ་དད་ཀྱིས་དབུ་བརྒྱན་པར་བལྟའོ། །བསྐོར་བའི་དུས་སུ་ཆོ་ག་ལྷག་མ་སྔོན་ལྟར་ཤེས་པར་བྱའོ། །གཞན་ཡང་རིག་སྔགས་ཡི་གེའི་ཚུལ་དུ་བཀླག་པ་ནི་བུམ་པར་པདྨ་དཀར་པོའི་སྟེང་དུ་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའམ་ཡང་ན་དབུས་ཀྱི་ཕྱོགས་སུ་ཧཱུཾ་ཁ་དོག་བཞིར་བསམ། མཚམས་བཞིར་ཨཾ་བཾ་སཾ་ཛཾ་བཞི་ཁ་དོག་བཞི་དང་ཡི་གེ་དགུ་པོ་རེ་རེ་ཡང་སྔགས་ཀྱི་ཕྲེང་བ་ཁ་དོག་ཐ་དད་པས་བསྐོར་པ་ལ་དམིགས་ནས་བརྗོད་པར་བྱའོ། །ཆོ་ག་ལྷག་མ་སྔོན་ལྟར་ཤེས་པར་བྱའོ། །གཞན་ཡང་རིག་སྔགས་ཕྱག་རྒྱ་ལ་དམིགས་ནས་བཀླག་པ་ནི་བུམ་པ་བྷྲཱུཾ་ལས་རིན་པོ་ཆེའི་མཆོད་རྟེན་སྒོ་གཅིག་པ་དཀར་པོའི་ནང་དུ་པདྨ་དང་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྔགས་ཀྱི་ཕྲང་བ་དང་བཅས་པ་དམིགས་ལ་སྔོན་ལྟར་བརྗོད་དོ། །ཡང་ན་བུམ་པ་མཆོད་རྟེན་གྱི་ནང་དེར་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བཞི་པའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ཏེ་འཁོར་ལོའི་རྩིབས་ལ། ཨཾ་བཾ་སཾ་ཛཾ་བཞི་བསམ་མོ། །རྡོ་རྗེའི་ལྟེ་བ་ལ་ཧཱུཾ་བསམ་མོ། །དེ་རེ་རེ་ལ་སྔགས་ཀྱི་ཕྲེང་བས་སོ་སོར་བསྐོར་བར་དམིགས་ཏེ་བཀླག་པར་བྱའོ། །ཡང་ན་དེ་ཉིད་ལྟར་བསམས་པ་ལས་རྡོ་རྗེའི་སྟེང་དུ་གདུགས་དཀར་པོ་སྔགས་ཀྱི་ཕྲེང་བ་དང་བཅས་པ་ལ་དམིགས་པ་གཏད་དེ་བཀླག་གོ །ཆོ་ག་ལྷག་མ་སྔོན་ལྟར་རོ།། །།རིག་སྔགས་སྐུ་ལ་དམིགས་ནས་བརྗོད་པ་ནི། བུམ་པ་ལ་མཆོད་རྟེན་སྔོན་ལྟར་དམིགས་པ་ལས་པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་དང་པོའི་སངས་རྒྱས་དཀར་པོར་དམིགས་ཏེ་བཀླག་པར་བྱའོ། །དེ་ཡང་ཆོས་འཆད་པའི་ཕྱག་རྒྱ་ཅན་ནམ་ཡང་ན་སྙིང་གར་ཐལ་མོ་སྦྱར་བའམ་ཡང་ན་རྡོ་རྗེ་དྲིལ་བུ་འཛིན་པའོ། །དཀྱིལ་འཁོར་འཁོར་ལོར་མོས་ཀྱང་དང་པོར་སངས་


DTG071_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་བསྐོར་བའི་ལྷའི་ཚོགས་གང་འདོད་པ་གོང་ལྟར་རོ། །གལ་ཏེ་བུམ་པ་ལ་བརྟེན་ཏེ་གསང་སྔགས་ཀྱི་ཚུལ་དུ་ཀློག་ན་ཡང་དེ་ལྟར་ཚུལ་གསུམ་ཁོ་ནའོ། །གསང་སྔགས་ཡི་གེའི་ཚུལ་དུ་བཀླག་ན་བུམ་པ་དང་པདྨ་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ལ་སྔགས་ཕྲེང་དཀར་པོས་བསྐོར་བ་ལ་དམིགས་ནས་བཀླག་པར་བྱའོ། །ཡང་ན་ཨོཾ་ཡིག་ལ་ཨཾ་བཾ་སཾ་ཛཾ་གྱིས་བསྐོར་བའི་ཡི་གེ་ལྔའམ། ཡང་ན་ཧཱུཾ་བཞིས་བསྐོར་བའི་ཡི་གེ་ལྔའམ། ཡང་ན་ཨཾ་ལ་སོགས་པ་ཡི་གེ་དགུ་ལ་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་ནས་གསལ་བའི་རྣམ་པ་ལ་དམིགས་ཏེ། བརྗོད་པའོ། །གསང་སྔགས་ཕྱག་རྒྱ་ལ་དམིགས་པ་ཡང་བུམ་པ་མཆོད་རྟེན་དུ་སྔར་ལྟར་བསམས་ནས་དེའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོར་ཨོ་དང་བཅས་པ་ལ་ཡི་གེའི་ཚོགས་ཀྱིས་བསྐོར་བའམ། ཡང་ན་རིགས་ལྔའི་ཕྱག་རྒྱ་ལ་དེ་ལྟར་བསམ་པའམ། ཡང་ན་ཡུམ་བཞིའི་ཕྱག་རྒྱ་དང་དགུ་ལ་བརྟེན་པའི་ས་བོན་དང་སྔགས་སུ་བཅས་པའི་དམིགས་པ་གཏད་ནས་བརྗོད་པར་བྱའོ། །གསང་སྔགས་ཀྱི་ཚུལ་སྐུ་ལ་བརྟེན་ནས་བརྗོད་པ་ནི་བུམ་པ་མཆོད་རྟེན་དུ་དམིགས་ཏེ་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ནམ། ཡང་ན་ཞལ་གཅིག་ཕྱག་བཞི་པ་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཕྱག་གཉིས་ཆོས་འཆད་པའི་ཕྱག་རྒྱ་ཅན་བྱའོ། །ཡང་ན་ཞལ་བཞི་ཕྱག་བརྒྱད་པ་ཞབས་ཀྱང་བརྒྱད་དེ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་སེམས་དཔའི་སྐྱིལ་ཀྲུང་ཅན་ནོ། །དེ་ལྟར་སྐུ་སྔགས་དང་བཅས་པ་ལ་དམིགས་ནས་བརྗོད་པ་ནི་སྐུ་དཔའ་བོ་གཅིག་པུ་ལ་དམིགས་པ་གསུམ་མོ། །གསང་སྔགས་ཀྱི་ཚུལ་དཀྱིལ་འཁོར་ལ་དམིགས་པ་ནི་བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་པདྨ་དང་ཟླ་བས་བརྒྱན་པའི་སྟེང་དུ་གོང་གི་ལྷ་ཚོགས་གང་འདོད་པ་རྣམ་པར་སྣང་མཛད་ལ་བསྐོར་བ་དམིགས་ཏེ། བརྗོད་པར་བྱའོ། །མཆོད་རྟེན་གྱི་དཀྱིལ་འཁོར་མཆོད་པར་བྱའོ་ཞེས་པ་ནི་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་པ་སྟེ། དཀྱིལ་འཁོར་ཡང་མཆོད་ཅིང་དགེ་འདུན་གྱི་སྟོན་མོ་དང་ཐ་ན་བྱིས་པ་དང་དུད་འགྲོ་ཡན་ཆད་ལ་སྦྱིན་གཏོར་ཅི་འབྱོར་པ་བྱའོ། །ཆོ་ག་དེ་དག་གི་ཕན་ཡོན་གསུངས་


DTG071_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཆོ་ག་འདི་ལན་ཅིག་བྱས་ན་ལ་སོགས་པ་སྟེ་གོ་སླའོ། །འདིར་བཟླས་བརྗོད་ཀྱི་ཆོ་ག་བཞིན་དུ་ལ་སོགས་པ་ནི་རྒྱུན་དུ་བཟླས་པ་ཕན་ཡོན་དང་བཅས་པ་གསུངས་སོ། །དེ་ལ་རྒྱུན་དུ་བཟླས་པའི་ཆོ་ག་ནི་འདི་ཡིན་ཏེ། སྔོན་གྱི་དྲན་ཞེས་དང་སྦྱར་ནས་དྲན་ཞེས་བྱ་བ་ནི་གཉིས་ཏེ། བག་ཡོད་པའི་གནས་དྲན་པ་དང༌། ཏིང་ངེ་འཛིན་གྱི་གནས་དྲན་པའོ། །དེ་ལ་བག་ཡོད་པའི་གནས་ནི་གཟུངས་སྔགས་རིན་པོ་ཆེ་འདི་བརྗོད་པ་ཡང་ལུས་མ་གུས་པ་དང་ངག་མ་གུས་པ་དང་བྲལ་བར་བྱ་སྟེ། ར་རོ་བ་དང་རྣམ་པར་གཡེང་བ་དང་བྱ་བ་གཞན་གྱིས་གཡེང་བ་དང་ཆུ་དང་བཤང་བ་འདོར་བ་དང་ཟས་ཟ་བ་དང་འཆག་པ་དང་ཉལ་བ་དང་འཕྲེས་པ་དང་གཏམ་གྱིས་བར་ཆོད་པ་ལ་སོགས་པ་གང་ཡང་མེད་པ་དལ་བ་དང་དགའ་བ་དང་རངས་པའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་དོན་དྲན་པ་ནི་དང་པོར་ཁ་ལ་སོགས་པ་ཁྲུས་བྱས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས་སྐྱིལ་ཀྲུང་ལེགས་པར་སྟན་བདེ་བ་ལ་གནས་ཏེ་ཐལ་མོ་སྙིང་གར་སྦྱར་སྔགས་ཚར་གཅིག་བརྗོད་ནས་ཕྲེང་བ་བགྲང་ཞིང་བདུན་ལ་སོགས་པ་ཅི་ནུས་པའི་གྲངས་མ་ནོར་བར་སྔགས་ཡི་གེ་ལྷག་ཆད་མེད་པ་ལ་དམིགས་ཏེ། ཧ་ཅང་དལ་བ་དང་མྱུར་བ་སྤངས་ཏེ་གསལ་ཞིང་ཕྱེད་པར་ཆད་ལྷག་མེད་པར་གཞན་གྱི་གཏམ་ལ་སོགས་པས་བར་མཆོད་པར་བཟླའོ། །དེའི་རྗེས་སུ་སྨོན་ལམ་ཤློཀ་གཅིག་ལ་སོགས་པས་དགེ་བ་བསྔོ་བར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རང་རྒྱལ་འཇིག་རྟེན་སྐྱོང༌། །མཐུ་དང་བདེན་པའི་བྱིན་རླབས་ཀྱིས། །འདོད་པ་ཐམས་ཅད་འགྲུབ་པར་ཤོག། ཅེས་སོ། །ཡང་ན་དང་པོར་སྐྱབས་སུ་འགྲོ་བ་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ད་སྡོམ་པ་གཟུང་བ་ནས་རྡོ་རྗེ་ཐལ་མོ་དང་པོ་ཁའི་ཐད་དུ་སྦྱར། དེ་ནས་སྙིང་གར་སྦྱར་ལ་སྙིང་གར་པདྨ་དང་ཟླ་བ་ལ་ཨ་ཡིག་དཀར་པོ་ལ་དམིགས་ཏེ་སྔགས་དེ་ལ་བཟླས་པའི་འོད་ཟེར་གྱིས་བདག་གི་སྡིག་པ་དག་པར་བསམ་ཞིང་སྔགས་དལ་བ་དང་མྱུར་བ་དང་མི་གསལ་བའི་སྐྱོན་དང་བྲལ་བས་འབྱེས་ཤིང་གདངས་སྙན་པོས་ལྷག་ཆད་མེད་པར་བཀླག་ཅིང་གཞན་གྱི་གཏམ་ལ་སོགས་པའི་བར་ཆད་སྤངས་ནས་བཟླས་པ་བྱའོ། །སྔགས་ཚར་གཉིས་པ་ནས་ནི་ཕྲེང་བ་བགྲང་ཞིང་གྲངས་མ་ནོར་བར་བྱས་ཏེ་ཉི་ཤུ་རྩ་


DTG071_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་སོགས་ཅི་ནུས་པ་བཀླག་པར་བྱའོ། །དེ་ནས་བདག་དང་གཞན་གྱི་དོན་དུ་ཤློ་ཀ་གཉིས་ལ་སོགས་བས་དགེ་བ་བསྔོ་བར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རང་རྒྱལ་འཕགས་ཚོགས་དང༌། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །མཐུ་སྟོབས་བདེན་པའི་བྱིན་རླབས་ཀྱིས། །འཇིག་རྟེན་པ་རྣམས་སྐྱིད་པ་དང༌། །འབྱུང་པོ་ཐམས་ཅད་བདེ་བ་དང༌། །ཆོས་རྣམས་དུས་སུ་སྟོན་པར་ཤོག །ཅེས་སོ། །ཡང་ན་ཁྲུས་བྱས་དྲི་ཞིམ་པོ་དང་ལྡན་པས། །དང་པོར་འགྲོ་བ་ལ་ཚད་མེད་པ་བཞི་བསྒོམས་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་བྱས་ནས། སྤྱི་བོ་དང་མགྲིན་པ་དང་སྙིང་གར་རྡོ་རྗེ་ཐལ་མོ་སྦྱར་ཞིང་སྔགས་ལན་གསུམ་བརྗོད་ལ་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་དཀར་པོ་སྔགས་ཕྲེང་དཀར་པོས་བསྐོར་བ་ལ་དམིགས་ཏེ། དེ་ལ་སྒྲ་གྲག་བར་བསམ་ཞིང་ཕྲེང་བ་བླངས་ནས་མྱུར་བ་དང་དལ་བ་དང་མི་གསལ་བ་དང་འདྲེས་པའི་སྐྱོན་དང་བྲལ་བས། སྙན་པའི་གདངས་ཀྱིས་ལྷག་ཆད་མེད་པར་གཡང་བའི་རྣམ་པར་རྟོག་པ་དང༌། གཞན་གྱི་ཚིག་པར་ཆད་ལ་སོགས་པའི་སྐྱོན་དང་བྲལ་བས། བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་མ་ནོར་བར་བཀླག་པར་བྱའོ། །དེ་ནས་ནི་བདག་དང་གཞན་སྐྱེ་བ་འདིང་སྡུག་བསྔལ་མི་བསྐྱེད་པ་དང་སྐྱེ་བ་གཞན་དུ་བདེ་བ་དང་མྱུར་དུ་བྱང་ཆུབ་ཐོབ་པའི་སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་ལེགས་པར་བསྔོ་ཞིང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད་པར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་ཉན་ཐོས་རང་རྒྱལ་དང༌། །འཇིག་རྟེན་སྐྱོང་བ་མཐུ་ཆེན་དང༌། །སྔགས་ཀྱི་བདེན་པའི་བྱིན་རླབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་མེད་ཚེ་རིང་དཔལ་འབྱོར་དང༌། །བདེ་སྐྱིད་ཉམས་དགའ་ཐོབ་པ་དང༌། །སེམས་ཀྱི་གཡེང་བ་བྲལ་ནས་ཀྱང༌། །ཟབ་མོའི་ཆོས་ལ་ལོངས་སྤྱོད་ཅིང༌། །གཞན་དོན་བྱེད་ལ་བརྩོན་པ་ཡི། །ཐུགས་རྗེའི་རྒྱུན་དང་མི་འབྲལ་བར། །བདེ་བའི་ཞིང་མཆོག་རོལ་པར་ཤོག །ཅེས་བྱ་བ་ཐུགས་རྗེ་མི་བཤོལ་པའི་རྒྱུད་དུ་གསུངས་པས་དེ་ལྟར་སྤྱད་པར་བྱའོ། །དེ་གསུམ་ནི་སྔགས་ལ་དམིགས་པ་


DTG071_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས། ཁམས་དང་དབང་པོའི་བྱེ་བྲག་གིས། །སྔགས་བརྗོད་དམིགས་པ་ཐ་དད་དེ། །སྒྲ་གསལ་ཙམ་ལ་རྟོག་པ་དང༌། །སྙིང་པོ་ཡི་གེ་ལ་དམིགས་དང༌། །སྔགས་ཕྲེང་ལ་ནི་དམིགས་པ་རྣམས། །ཤེས་རབ་ཀྱིས་ནི་ཅི་བདེར་སྦྱར། །དམིགས་དང་བཅས་པར་བརྗོད་པ་ནི། །ནད་སེལ་དུག་སླེ་ཤེས་རབ་འཕེལ། །ཚེ་རིང་དཔལ་འབྱོར་ཐོབ་པ་དང༌། །བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་བརྩོན་པས་རྩེ་གཅིག་ཏུ། །བཀླགས་ལ་ཤིན་ཏུ་བརྩོན་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་སྨྲས་པ། མྱུར་དལ་མི་གསལ་འདྲེས་དང་འཁྲུགས། །ལྷག་ཆད་ང་རོ་ངན་སྤངས་ནས། །སེམས་གཡེང་རྨུགས་པར་མི་བྱ་ཞིང༌། །གཏམ་གཞན་སྦྱོར་བ་རབ་དོར་ཏེ། །ལྷའམ་ཡི་གེའམ་ཕྱག་རྒྱ་འམ། །མཆོད་རྟེན་བུམ་པའམ་འོད་ཟེར་སོགས། །བསྒྲུབ་བྱ་ལ་སོགས་གང་ཡིན་ལ། །སེམས་རྩེ་གཅིག་པས་སྙན་པར་བརྗོད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ཕྱག་རྒྱ་ལ་དམིགས་པ་གསུམ་བརྗོད་དེ། ཡང་ན་དང་པོར་གདོང་ལ་སོགས་པ་ཁྲུས་བྱས་ནས་ཁ་དྲི་ཞིམ་པར་བྱས་ཏེ། ཚད་མེད་པ་བསྒོམ་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཐལ་མོ་སྙིང་གར་སྦྱར་ནས་སྔགས་ལན་ཅིག་བརྗོད་དོ། །དེ་ནས་ཕྲེང་བ་བླངས་ནས་བརྗོད་པའི་ཚེ་སྔགས་ཀྱི་མཐུས་མདུན་གྱི་ནམ་མཁའ་ལ་རིན་པོ་ཆེ་ཆ་གསུམ་པ་ཞིག་བྱུང་ཞིང་ཡང་ནས་ཡང་དུ་བདག་གི་མཛོད་སྤུར་ཐིམ་པར་བསམ་པར་བྱའོ། །དེ་ལྟར་མྱུར་བ་དང་དལ་བ་དང་མི་གསལ་བ་དང་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་རོ་ངན་པ་སྤངས་ནས་གཡེང་བ་སྤངས་ལ་སེམས་རྩེ་གཅིག་པས་སྙན་པའི་སྒྲས་བརྗོད་པར་བྱའོ། །དེ་བཞིན་དུ་གཞན་གྱི་གཏམ་ལ་སོགས་པས་བར་མ་ཆོད་པར་བྱའོ། །དེ་ལྟར་བདེན་པའི་བྱིན་རླབས་ཀྱིས་བདག་ཉིད་ཀྱི་ལུས་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ལྟར་འགྱུར་བར་ཡང་བསམ་པར་བྱའོ། །དེ་ནས་དགེ་བའི་སྨོན་ལམ་ཤློ་ཀ་གཅིག་ལ་སོགས་པ་ཡང་བརྗོད་དོ། །ཡང་ན་དང་པོ་གདོང་ལ་སོགས་པ་དག་པར་བྱས་ནས་ཀ་དང་ལུས་སྨན་དྲི་ཞིམ་པོས་བྱུགས་ལ་འགྲོ་བ་ལ་སྙིང་རྗེ་ལྷག་པའི་བསམ་པས་དམིགས་ནས་


DTG071_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་བྱས་ལ་ཁ་དང་སྙིང་གར་ཐལ་མོ་སྦྱར་ནས་སྔགས་ཚར་གཉིས་བཀླགས་ལ་ཕྲེང་བ་བཟུང་ནས་འདི་བསམ། མདུན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་སྔོན་པོ་འོད་དཀར་པོ་འཕྲོ་བ་ཆ་གསུམ་དང་ལྡན་པ་པདྨའི་སྟེང་ན་ཡོད་པར་བསམས་ལ། དེའི་འོད་ཟེར་གྱིས་བདག་གི་ལུས་དང་ངག་དང་ཡིད་ཀྱི་སྒོ་དག་པར་བསམ་ཞིང་མྱུར་བ་དང་དལ་བ་དང་མི་གསལ་བ་དང་མ་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་སྤངས་ནས་གཞན་གྱི་གཏམ་ལ་སོགས་པ་བར་ཆད་ཐམས་ཅད་བྲལ་བར་བྱས་ལ། གཡེང་བ་དང་རྨུགས་པ་མེད་པར་སེམས་རྩེ་གཅིག་པའི་སེམས་དང་ལྡན་ཞིང་སྙན་པའི་སྔགས་ཀྱིས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་ནུས་པ་བཀླག་པར་བྱའོ། །དེའི་དགེ་བའི་བྱིན་གྱི་རླབས་ཀྱིས་རང་གི་ལུས་ངག་ཡིད་གསུམ་འགྲོ་བའི་དོན་བྱེད་པའི་མཐུ་ཁྱད་པར་ཅན་དང་ལྡན་པར་གྱུར་པར་ཡང་བསམ་པར་བྱའོ། །དེ་ནས་རང་དང་གཞན་དོན་དུ་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་སོགས་པ་ཅི་རིགས་པར་བཀླགས་ཏེ་རིན་པོ་ཆེ་པདྨ་དང་བཅས་པ་དག་གི་མགྲིན་པའི་ནང་དུ་ཐིམ་ནས་སྙིང་གར་ཞུགས་པར་བསམ་པར་བྱའོ། །ཡང་ན་དང་པོར་གདོང་ལ་སོགས་པ་དག་པར་བྱས་ནས་ཁ་དང་ཡན་ལག་དྲི་ཞིམ་པོས་བྱུགས་ཏེ། སྤྱི་བོ་དང༌། མགྲིན་པ་དང༌། སྙིང་གར་ཐལ་མོས་བྱར་ཞིང་སྔགས་ཚར་གསུམ་བརྗོད་ལ། མདུན་གྱི་ནམ་མཁའ་པདྨའི་སྟེང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆ་གསུམ་པ་འོད་ཁ་དོག་སྣ་ཚོགས་དང་ལྡན་པ་རབ་ཏུ་འཕྲོ་བ་དེ་དེའི་ནང་ནས་ཨ་ཡིག་ལ་སྔགས་དཀར་པོས་བསྐོར་བ་བསམས་ནས་ཕྲེང་བ་བླངས་ཏེ་སྔགས་བརྗོད་པའི་ཚེ་རིན་པོ་ཆེ་འོད་དང་སྔགས་ཀྱི་འོད་ཟེར་གྱིས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཡང་བསལ་ཏེ་གཞན་ཁམས་གསུམ་པ་ཐམས་ཅད་ཀྱི་སྒྲིབ་པ་ཡང་བསལ་བར་བསམ་པར་བྱའོ། །དེ་ལྟར་མྱུར་བ་དང་དལ་བ་དང་མི་གསལ་བ་དང་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་སྤངས་ཏེ། གཞན་གྱི་གཏམ་ལ་སོགས་པས་བར་མ་ཆོད་པར་གཡེང་བ་དང་རྨུགས་པ་མེད་ཅིང་སེམས་རྩེ་གཅིག་པ་དང་ལྡན་པས་བསྙེན་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱ་


DTG071_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཅི་རིགས་པར་བཟླས་ཏེ། དེའི་དགེ་བའི་བྱིན་གྱི་རླབས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ལྟར་གྱུར་ནས་གཞན་གྱི་དོན་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པར་བསམས་ལ། མདུན་གྱི་པདྨ་དང་ནོར་བུ་རིན་པོ་ཆེ་ཡང་བདག་གི་སྤྱི་གཙུག་ཏུ་ཐིམ་ནས་ལུས་ཐམས་ཅད་དུ་ཁྱབ་སྟེ་སྙིང་གར་གནས་པར་བསམ་མོ། །དེ་ནས་བདག་དང་གཞན་སྐྱེ་བ་འདིར་སྡུག་བསྔལ་མེད་པ་དང༌། སྐྱེ་བ་གཞན་དུ་བདེ་བ་དང༌། བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དགེ་བའི་དོན་དུ་སྨོན་ལམ་གྱི་ཚིགས་སུ་བཅད་པ་གསུམ་ལ་ལ་སོགས་པས་ལེགས་པར་བསྔོས་ལ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཡང་ལན་གསུམ་ལ་སོགས་པ་ཅི་ནུས་པར་དལ་གྱིས་བཀླགས་ནས་ལྡང་བར་བྱའོ། །དེ་ལྟར་ཕྱག་རྒྱ་ལ་དམིགས་པ་ནི་གསུམ་ཁོ་ན་སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་པའི་རྒྱུད་ཆེན་པོ་ལས་ཀྱང་རགས་པ་ལ་འཇུག་གང་ཟག་དང༌། །རྟེན་པ་དག་ནི་གོམས་པ་ཡི། །ཁམས་དང་དབང་པོའི་བྱེ་བྲག་གིས། །ཕྱག་རྒྱ་ལ་ནི་དམིགས་པ་ཡང༌། །བརྗོད་པ་ཐ་དད་གསུམ་ཡིན་ནོ། །དོན་གྱིས་དག་པར་བྱེད་པ་དང༌། །སྙིང་པོའི་ཚུལ་དུ་སྦྱོར་བ་དང༌། །རང་བཞིན་ཉིད་དུ་བྱིན་བརླབས་ནས། །གང་གིས་ཡང་དང་ཡང་བརྗོད་ན། །ཕྱག་རྒྱ་རྟེན་གྱི་བྱིན་རླབས་དང༌། །སྔགས་ཀྱི་མཐུ་ནི་སྒྲུབ་པ་ལ། །ནད་དང་གདོན་དང་དུག་རྣམས་དང༌། །འཇིགས་པ་བརྒྱད་པོ་སེལ་བར་བྱེད། །བདག་ཉིད་ཚེ་རིང་དཔལ་འཕེལ་ཞིང༌། །ལོངས་སྤྱོད་རྒྱས་ཏེ་དབང་པོ་རྒྱས། །འགྲོ་བ་རྣམས་ཀྱང་དད་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྐུ་ལ་དམིགས་པ་ནི་དང་པོ་ཁྲུས་བྱས་ཏེ་ཁ་དང་ཡན་ལག་དྲི་ཞིམ་པས་བསྒོས་ནས་ཐལ་མོ་སྙིང་གར་སྦྱར་ནས་སྔགས་ལན་ཅིག་བརྗོད་དེ། མདུན་དུ་བྱང་ཆུབ་ཆེན་པོའི་སྐུ་པདྨ་དང་ཟླ་བ་ལ་གནས་པ་གསེར་བཙོ་མའི་མདོག་ཅན་རིན་པོ་ཆེའི་ཁྲི་ལ་བཞུགས་པ། གསིལ་བྱེད་དང་པར་བུ་འཆང་བ། ཤིན་ཏུ་འཛུམ་བཞིན་པར་བཞུགས་པས་བདག་གི་སྔགས་བརྗོད་པའི་དབང་པོ་བྱེད་པར་བསམས་ལ་ཕྲེང་བ་བླངས་ལ་མྱུར་བ་དང་དལ་བ་དང་མི་གསལ་བ་དང་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་


DTG071_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དག་སྤངས་ནས་གཞན་གྱི་གཏམ་ལ་སོགས་པས་བར་མ་ཆོད་པར་གཡེང་བ་དང་རྨུགས་པ་མེད་ཅིང་སེམས་རྩེ་གཅིག་པ་དང་ལྡན་པས་སྙན་པའི་སྔགས་ཀྱིས་བདུན་ལ་སོགས་པ་ཅི་རིགས་པར་བཟླས་ཏེ། དེའི་དགེ་བའི་བྱིན་རླབས་ཀྱིས་བདག་གི་སྡིག་པ་ཐམས་ཅད་དག་པར་ཡང་དང་ཡང་དུ་བསམ་པར་བྱའོ། །དེ་ནས་རང་གྲོལ་བ་དག་པའི་དོན་དུ་དགེ་བའི་སྨོན་ལམ་ཤློ་ཀ་གཅིག་ལ་སོགས་པ་བརྗོད་པར་བྱའོ། །ཡང་ན་དང་པོར་ཁྲུས་དང་གཙང་སྦྲ་དང་ལྡན་ཞིང་ཁ་དང་ཡན་ལག་ཐམས་ཅད་དྲི་ཞིམ་པོས་བྱུགས་ནས་རྡོ་རྗེ་ཐལ་མོ་སྤྱི་བོ་དང་མགྲིན་པ་དང༌། སྙིང་གར་སྦྱར་ནས་སྔགས་ཚར་རེ་རེ་ལེགས་པར་བརྗོད་ནས་མདུན་དུ་པདྨ་དང་ཟླ་བ་ལ་དམིགས་པའི་བྱང་ཆུབ་ཆེན་པོ་གོང་གི་མཚན་ཉིད་ཅན་བདུད་འདུལ་བའི་ཕྱག་རྒྱ་མཛད་བ་དེས་བདག་ལ་ཆོས་འཆད་པར་བསམས་ལ། ཕྲེང་བ་བླངས་ལ་མྱུར་བ་ལ་སོགས་པའི་སྐྱོན་སྤངས་ཏེ། སྔགས་སྙན་པས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པར་བརྗོད་ནས་བདེན་བ་དེའི་བྱིན་གྱི་རླབས་ཀྱིས་བདག་གི་སྡིག་པ་ཐམས་ཅད་དག་ཅིང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་གྱི་དོན་བྱེད་པ་ལ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པར་ཡང་དང་ཡང་དུ་བསམ་པར་བྱའོ། །དེ་ནས་བདག་དང་གཞན་གྱི་དོན་དུ་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་སོགས་པ་ཅི་རིགས་པར་བཀླགས་ཏེ། བཅོམ་ལྡན་འདས་གདན་དང་བཅས་པ་བདག་གི་མགྲིན་པའི་གནས་སུ་བཞུགས་ནས་སྙིང་གར་ཐིམ་སྟེ་སྐྱིལ་ཀྲུང་གིས་གནས་པར་བསམ་མོ། །ཡང་ན་གདོང་ལ་སོགས་པ་དག་པར་བྱས་ནས་ཁ་དང་ཡན་ལག་ཐམས་ཅད་དྲི་ཞིམ་པོས་བྱུགས་ཏེ། སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཐལ་མོ་སྦྱར་ཏེ། སྔགས་ཚར་རེ་རེ་བརྗོད་ནས་མདུན་དུ་པདྨ་དང་ཟླ་བ་ལ་བཞུགས་པའི་བྱང་ཆུབ་ཆེན་པོ་ཆོས་འཆད་པའི་ཕྱག་རྒྱ་ཅན་མཚན་ཉིད་ཐམས་ཅད་གོང་ལྟར་བསམས་ནས་ཕྲེང་བ་བླངས་ཏེ་སྔགས་བརྗོད་པའི་ཚེ་སྐུའི་བ་སྤུའི་གསེབ་ཐམས་ཅད་དང༌། ཞབས་ལོང་བུ་ལ་སོགས་པ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ལྔ་ལ་གྲངས་བྱེ་བ་ཕྲག་དྲུག་ཅུ་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ཐམས་ཅད་དག་པར་བྱས་པར་བསམ་མོ། །དེ་ལྟར་གཡེང་བ་དང་རྨུགས་པ་དང༌། གཞན་གྱི་


DTG071_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ལ་སོགས་པའི་བར་ཆད་ཐམས་ཅད་དང་བྲལ་བ་དང་མྱུར་བ་དང་ངལ་བ་དང་མི་གསལ་བ་དང་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་སྤངས་ཏེ། །ངག་སྙན་པོས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བརྗོད་པར་བྱའོ། །བདེན་པ་དེའི་བྱིན་རླབས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་དག་ཅིང་བདག་གི་ལུས་ཀྱི་འོད་ཀྱིས་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་བསལ་བར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གདན་དང་བཅས་པ་བདག་གི་སྤྱི་བོ་ནས་སྙིང་གར་ཞུགས་ཏེ་དགྱེས་ཤིང་འཛུམ་པའི་མདངས་དང་ལྡན་པས་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ་དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་བདག་དང་འགྲོ་བ་ཐམས་ཅད་སྐྱེ་བའི་སྡུག་བསྔལ་མཐའ་དག་དང་བྲལ་བ་དང༌། སྐྱེ་བ་གཞན་དུ་བདེ་བ་ཁྱད་པར་ཅན་དང་ལྡན་པ་དང་བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བའི་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་ལེགས་པར་བསྡོས་ལ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཡང་ལན་གསུམ་ལ་སོགས་པ་ཅི་རིགས་སུ་དལ་གྱིས་བཀླགས་ནས་ལྡང་བར་བྱའོ། །དེ་ལྟར་སྐུ་ལ་དམིགས་པ་གསུམ་ཁོ་ན་སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ཆེན་པོ་ལས། །གཙོ་བོ་ཤཱཀྱ་སེང་གེའི་སྐུ། །འོད་ཟེར་འབུམ་ཕྲག་མཐའ་ཡས་ཅན། །མཚན་དང་དཔེ་བྱད་རབ་རྒྱས་ལ། །འདྲེན་པ་འགྲོ་བའི་མགོན་གཅིག་པུ། །ཁམས་དང་དབང་པོའི་བྱེ་བྲག་གིས། །མཛད་པའི་རྣམ་པ་ཐ་དད་པར། །གདུལ་བྱའི་དོན་དུ་རབ་ཏུ་སྣང༌། །བདག་གིས་གང་མོས་དེ་དང་དེར། །དམིགས་ཏེ་སྔགས་བརྗོད་མཐུ་ཡིས་ནི། །འགྲོ་བའི་ནད་སེལ་སྨན་པ་ཆེ། །ཚེ་འཕེལ་ལོངས་སྤྱོད་རབ་ཏུ་འཕེལ། །དབུ་ལ་ཕོངས་མྱ་ངན་འཇིགས་པ་མེད། །ཞིང་ཁམས་ཐམས་ཅད་རབ་སྦྱོང་ཞིང༌། །འགྲོ་བའི་དོན་ལ་རབ་བརྩོན་པ། །དེད་དབོན་ཆེན་པོ་སྐྱབས་ཀྱི་མཆོག །རབ་གྲགས་སྐུ་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སྔགས་ཀྱི་སྦྱོར་བའི་གཟུངས་སྔགས་སུ་སྒྲུབ་པའི་ཕྱོགས་བརྗོད་ནས། ད་ནི་རིགས་སྔགས་སུ་སྒྲུབ་པའི་ཕྱོགས་བརྗོད་


DTG071_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །འདི་ཡང་སྔགས་དང་ཕྱག་རྒྱ་དང་སྐུ་ལ་དམིགས་པ་སྟེ། དེ་དག་དབང་པོའི་བྱེ་བྲག་གིས་གསུམ་གསུམ་བརྗོད་པར་བྱའོ། །དེ་ཡང་སྔགས་ལ་དམིགས་པ་ནི་ཁྲུས་དང་གཅང་སྦྲ་དང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྔོམ་པ་གཟུང་བ་སྔོན་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར་ནས་སྔགས་ཚར་གཅིག་བརྗོད་ནས་བདག་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་སྔགས་ཀྱིས་བསྐོར་བ་བསམས་ལ། ཕྲེང་བ་བླངས་ལ་བདུན་ལ་སོགས་པ་བརྗོད་པའི་ཚེ་ཧཱུཾ་ཡིག་གི་འོད་ཀྱིས་བདག་གི་ལུས་ངག་ཡིད་ཀྱི་སྒྲིབ་པ་དག་པར་བསམ་མོ། །གཡེང་བ་ལ་སོགས་པའི་སྐྱོན་ནི་རྣམ་པ་བཅུ་གཅིག་དང་བྲལ་བས་སྙན་པའི་སྒྲས་བཀླག་པར་བྱའོ། །བརྗོད་པ་དེའི་བདེན་པའི་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་གཟུངས་ཀྱི་ཕྲེང་བ་འདི་ཁོ་ན་དང་བདག་ལ་ཡང་དག་པར་བསམས་ལ་དེ་ལས་བྱུང་བའི་དགེ་བས་བདག་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱ་བའི་སྨོན་ལམ་ཤློ་ཀ་གཅིག་ལ་སོགས་པས་བསྔོ་བར་བྱའོ། །ཡང་ན་དང་པོར་ཁྲུས་དང་གཙང་སྦྲ་ལ་སོགས་པ་དང་ལྡན་པ་དང་འགྲོ་བ་ལ་ཚད་མེད་པ་བསྒོམ་པ་དང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་བྱས་ནས་སྙིང་ག་དང་མགྲིན་པར་ཐལ་མོ་སྦྱར་བར་བྱས་ནས་ཚར་རེ་རེ་བརྗོད་དེ། ཕྲེང་བ་བླངས་ནས་བདག་གི་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་སྔགས་ཀྱི་ཕྲེང་བ་དང་བཅས་པ་བསམས་ནས་བརྗོད་པའི་ཚེ་སྔགས་ཀྱི་འོད་ཀྱིས་བདག་དང་ཁམས་གསུམ་པའི་སྒྲིབ་པ་ཐམས་ཅད་དག་པར་བསམ་མོ། །དེ་ལྟར་གཡེང་བ་ལ་སོགས་པའི་སྐྱོན་བཅུ་གཅིག་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པར་བཀླགས་ནས་དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་བདག་གི་བསམ་པའི་རྒྱུད་འགྲོ་བ་ཚིམ་པའི་ཆོས་ཀྱི་ཆར་ཆེན་པོའི་གཞིར་གྱུར་པར་བསམས་ལ། བདག་དང་གཞན་གྱི་དོན་དུ་བསྔོ་བ་ཤློ་ཀ་གཉིས་ལ་སོགས་པ་སྨོན་ལམ་ཡང་བཏབ་ནས་ལྡང་བར་བྱའོ། །ཡང་ན་དང་པོ་ཁྲུས་དང་གཙང་སྦྲ་དང་ལྡན་པས་ཚད་མེད་པ་བཞིས་འགྲོ་བ་ལ་བལྟས་ནས་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་བཟུང་ནས་གནས་གསུམ་དུ་ཐལ་མོ་སྦྱར་ཞིང་བརྗོད་ནས་བདག་གི་གནས་


DTG071_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་པདྨ་དང་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ། གཡེང་བ་ལ་སོགས་པའི་སྐྱོན་བཅུ་གཅིག་དང་བྲལ་ཞིང་སྙན་པའི་ངག་ཀྱིས་བརྗོད་དེ། སྔགས་ཀྱི་འོད་ཟེར་ཁ་དོག་ལྔའི་ཚུལ་དུ་འཕྲོ་བས་འགྲོ་བ་མ་ལུས་པའི་ནད་དང་གནོད་པ་དང་ཉོན་མོངས་པ་ལྔ་ལ་སོགས་པ་ཟད་པར་བྱས་པར་བསམ་ཞིང་རྒྱུན་ནི་འཆད་པའམ་བརྒྱ་རྩ་བརྒྱད་ལ་སོགས་པ་བཀླག་པར་བྱའོ། །དེའི་བྱིན་རླབས་ཀྱིས་བདག་གི་ལུས་སྒྱུ་མ་ལྟ་བུར་གྱུར་ནས་སྔགས་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ། བདག་དང་སེམས་ཅན་ཐམས་ཅད་ནད་དང་གནོད་པ་ཐམས་ཅད་དང་བྲལ་བ་དང༌། སྐྱེ་བ་ཐམས་ཅད་དུ་གནོད་པ་མེད་ཅིང་བདེ་བ་དང་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་བསྔོ་བར་བྱའོ། །དེ་ལྟར་དེ་དག་ནི་རིག་སྔགས་ཡི་གེའི་ཚུལ་དུ་འདོན་པ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའི་རྒྱུད་ལས། །རིག་སྔགས་ཡི་གེའི་ངོ་བོ་ཉིད། །ཁམས་དང་དབང་པོའི་བྱེ་བྲག་གིས། །ཐ་དད་དུ་མར་གནས་མོད་ཀྱང༌། །དོན་ནི་སྔགས་ཀྱི་རང་བཞིན་དངོས། །གང་གིས་དེ་ཤེས་འདོན་པ་ལ། །ཚེ་འདིར་གནོད་པ་ཀུན་བྲལ་ནས། །བདེ་བའི་རྒྱུ་དང་མ་བྲལ་བར། །བདེ་བ་ཅན་དུ་མྱུར་དུ་སྐྱེ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཡང་ན་རིག་སྔགས་ཕྱག་རྒྱའི་ཚུལ་དུ་བརྗོད་ན་ཁྲུས་ལ་སོགས་པ་གཙང་སྦྲ་དང༌། ཚད་མེད་པ་བསྒོམ་པ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྡོམ་བ་གཟུང་བ་ལ་སོགས་པ་སྔོན་ལྟར་བྱས་སྙིང་གར་ཐལ་མོ་སྦྱར་ནས་སྔགས་བརྗོད་དེ། བདག་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨས་མཚན་པ་སྔགས་ཀྱི་ཕྲེང་བ་དང་བཅས་པ་དམིགས་ཏེ། གཡེང་བ་ལ་སོགས་པའི་སྐྱོན་བཅུ་གཅིག་དང་བྲལ་བས་བདུན་ལ་སོགས་པ་ཅི་རིགས་པར་བརྗོད་པའི་ཚེ་རྡོ་རྗེ་སྔགས་དང་བཅས་པ་དེའི་འོད་ཟེར་གྱིས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་དག་པར་བྱས་ཤིང་དེའི་བྱིན་རླབས་ཀྱིས་བདག་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ་པར་བྱའོ། །དེ་ནས་དགེ་བའི་སྨོན་ལམ་ཤློ་ཀ་གཅིག་ལ་སོགས་པ་བརྗོད་


DTG071_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅི་རིགས་པར་ལྡང་བར་བྱའོ། །ཡང་ན་ཁྲུས་དང་གཙང་སྦྲ་དང་ཚད་མེད་པ་བསྒོམ་པ་དང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་སྔོན་ལྟར་བྱས་ནས། སྙིང་ག་དང་མགྲིན་པར་རྡོ་རྗེ་ཐལ་མོ་སྦྱར་ནས་སྔགས་བརྗོད་པས་བདག་གི་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨཾ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་དང་བཅས་བ་དམིགས་ལ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་སུ་བརྗོད་པའི་ཚེ་རྡོ་རྗེ་དང་སྔགས་ཀྱི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྡིག་པའི་ཚོགས་སྦྱོངས་ཤིང་ཇི་སྲིད་འཁོར་བའི་སྐྱེ་རྒན་འཆིའི་ཆུ་བོ་འཇོམས་པར་བྱེད་ཅིང་རྡོ་རྗེའི་ལུས་སུ་གྱུར་ནས་བསྟན་པའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ནས་བདག་དང་འགྲོ་བ་ཐམས་ཅད་སྡིག་པ་ཐམས་ཅད་ཟད་པ་ལ་སོགས་པའི་ཕྱིར་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་སོགས་པ་ཅི་རིགས་པར་བསྔོས་ནས་ལྡང་བར་བྱའོ། །ཡང་ན་ཁྲུས་དང་གཙང་སྦྲ་དང་ཚད་མེད་པ་བསྒོམ་པ་དང་སྐྱབས་སུ་འགྲོ་བ་སྔོན་ལྟར་བྱས་ཏེ། སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་སྔོན་ལྟར་བྱས་ནས་རྡོ་རྗེ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ། སྔགས་ཚར་གསུམ་དུ་བརྗོད་ནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་བ་ཨ་ཡིག་ལ་སྔགས་ཀྱིས་བསྐོར་བར་བསམས་ནས། གཡེང་བ་ལ་སོགས་པའི་སྐྱོན་རྣམས་སྤངས་ནས། བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བརྗོད་པའི་སྔགས་རྡོ་རྗེའི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ལ་རེག་པ་ཙམ་གྱིས་ནད་དང་གནོད་པ་ཐམས་ཅད་བསལ་ཞིང༌། སྡིག་པ་ཐམས་ཅད་དག་པར་བྱས་ནས། བྱང་ཆུབ་ཀྱི་སེམས་རྒྱ་ཆེར་འཕེལ་བར་བསམ་པར་བྱའོ། །དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་འགྲོ་བ་ཐམས་ཅད་ཆོས་སྤྱོད་པ་རྒྱུན་མི་འཆད་པར་བསམ་མོ། །དེ་ནས་བདག་དང་འགྲོ་བ་ཐམས་ཅད་སྐྱེ་བ་ནས་སྐྱེ་བར་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དང༌། བདེ་བ་ཁྱད་པར་ཅན་དང་ལྡན་པ་དང༌། བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་དགེ་བ་བསྔོས་


DTG071_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཡང་ལན་གསུམ་ལ་སོགས་པ་བརྗོད་དོ། །དེ་ལྟར་རིག་སྔགས་ཕྱག་རྒྱའི་ཚུལ་གསུམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་གསུངས་ཏེ། གང་ཞིག་ཡིད་མཉམ་འཇོག་པ་ནི། །རྡོ་རྗེའི་མཚན་མ་སྔགས་བཅས་ལ། །སྒོ་གསུམ་གང་དང་གང་དུ་དམིགས། །དེ་དང་དེར་ནི་བློ་གཏད་ནས། །བརྗོད་པས་ནད་སེལ་ཚེ་རིང་ཞིང༌། །དཔལ་འཕེལ་ལོངས་སྤྱོད་ཆེན་པོར་འགྱུར། །བློ་འཕེལ་རིག་པ་ཆེན་པོའི་ས། །སྐྱེས་བུ་དེས་ནི་མྱུར་ཐར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རིག་སྔགས་སྐུ་ལ་དམིགས་པ་ནི་ཁྲུས་དང་གཙང་སྦྲ་དང་སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པ་གོང་ལྟར་བྱས་ནས་རང་གི་སྙིང་གར་ཐལ་མོ་སྦྱར་ཏེ་ཚར་གཅིག་བརྗོད་ནས་རང་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་དང་པོའི་སངས་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ་དཀར་པོ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། དེའི་འོད་ཟེར་དང་མཚན་དང་དཔེ་བྱད་ཀྱིས་རྒྱས་པ་ལ་བློ་གཏད་ནས་གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་སྙན་ཅིང་གྲིམས་པའི་ཚུལ་གྱིས་ཚར་བདུན་ལ་སོགས་པ་བཀླགས་ནས་བདེན་པ་དེའི་བྱིན་རླབས་ཀྱིས་བདག་གི་ལུས་དང་པོ་སངས་རྒྱས་སུ་བརྟན་པར་གྱུར་པར་བསམ་པར་བྱའོ། །སྨོན་ལམ་ཤློ་ཀ་གཅིག་ལ་སོགས་པ་ཡང་གདབ་པར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔོན་ལྟར་བྱས་ལ་སྙིང་ག་དང་མགྲིན་པའི་གནས་སུ་ཐལ་མོ་སྦྱར་ཏེ་ཚར་རེ་བརྗོད་པས་དང་པོའི་སངས་རྒྱས་བསམས་ཏེ། དེ་དག་གི་འོད་ཟེར་དང་གཟི་བརྗིད་ཀྱིས་བདག་གི་ལུས་ངག་ཡིད་གསུམ་སྦྱངས་ཤིང་དང་པོའི་སངས་རྒྱས་ཀྱི་སྐུར་བསྒྲུབས་ཏེ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཀླག་གོ །བདེན་པ་དེའི་མཐུས་བདག་གཞན་དོན་བྱེད་པའི་ནུས་པ་ཐོགས་པ་མེད་པ་དང་ལྡན་པར་ཡང་བསམ་མོ། །དེ་ནས་ཤློ་ཀ་གཉིས་ལ་སོགས་པས་སྨོན་ལམ་དགེ་བའི་ཕྱིར་བསྔོ་བར་བྱའོ། །ཡང་ན་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་ཚར་རེ་བརྗོད་པས་བདག་གི་གནས་གསུམ་དུ་པདྨ་དང་ཟླ་བ་ལ་གནས་པའི་དང་པོའི་སངས་རྒྱས་བསམས་ལ། དེ་དག་གི་མཚན་དང་དཔེ་བྱད་དང་


DTG071_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་ཀྱི་མཐུས་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་དག་པར་བསམ་ཞིང་གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཀླགས་ནས། དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་སྡིག་པའི་ཚོགས་བདག་གི་ལུས་ཀྱི་འོད་ཀྱིས་ཀྱང་སེལ་བར་གྱུར་པར་བསམ་མོ། །དེ་ནས་བདག་དང་གཞན་གྱི་དོན་དུ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་སྨོན་ལམ་གྱི་བསྔོ་བ་བརྗོད་པར་བྱས་ལ། ཡི་གེ་བརྒྱ་པ་ཚར་གསུམ་ལ་སོགས་པ་བརྗོད་ནས་ཅི་བདེ་བས་གནས་པར་བྱའོ། །དེ་ལྟར་རིག་སྔགས་ཀྱི་སྐུ་ལ་དམིགས་ནས་བརྗོད་པ་སྟེ། གསུམ་པོ་འདི་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས་གསུངས་ཏེ། ལུས་ངག་ཡིད་ཀྱི་སྒོ་ནས་སམ། ཡང་ན་གཅིག་གམ་གཉིས་ཀྱང་རུང༌། །དང་པོའི་སངས་རྒྱས་སྐུར་གསལ་ལ། །བློ་གཏད་མ་གཡེངས་སེམས་ཀྱིས་བཀླག །ནད་དང་གདོན་དང་འཇིགས་བརྒྱད་སོགས། །འཚེ་བ་རྣམས་དང་བྲལ་ནས་ཀྱང༌། །ཚེ་རིང་ཤེས་རབ་ཆེན་པོ་སྟེ། །འཁོར་བའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །དེ་ལྟར་རིག་སྔགས་ཀྱི་ཚུལ་དུ་བཀླགས་པ་བརྗོད་ནས། ད་ནི་གསང་སྔགས་ཀྱི་ཚུལ་དུ་བཀླག་པ་བཤད་པར་བྱ་སྟེ། དེ་ལ་གསང་སྔགས་ཀྱི་ཚུལ་ཡི་གེ་ལ་དམིགས་ནས་བརྗོད་པ་ནི། ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར་ཏེ་ཚར་གཅིག་བརྗོད་པའི་མཐུས་བདག་གི་སྙིང་གར་པདྨ་དང་ཟླ་བ་ལ་ཨཾ་དཀར་པོ་སྔགས་ཕྲེང་འོད་ཟེར་ལྔ་དང་ལྡན་པ་དམིགས་ལ། དེའི་འོད་ཀྱིས་བདག་སྔགས་ཀྱི་རང་བཞིན་དུ་བསྒྲུབ་པར་བསམ་ཞིང་གཡེང་བ་ལ་སོགས་པའི་སྐྱོན་སྤངས་ནས་ཚར་བདུན་ལ་སོགས་པ་ཅི་རིགས་པར་བརྗོད་དེ། དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་བདག་སྔགས་བསྒྲུབ་པ་ལ་ནུས་པ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པར་བསམས་ཏེ། དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཅིག་ལ་སོགས་བ་ཅི་རིགས་པར་བརྗོད་པར་བྱའོ། །ལང་ན་ཁྲུས་ལ་སོགས་པ་སྔོན་ལྟར་བྱས་ལ། སྙིང་ག་དང་མགྲིན་པར་ཐལ་མོ་སྦྱར་ཏེ་སྔགས་ཚར་རེ་རེ་བརྗོད་པས་


DTG071_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོ་ལ་སྔགས་ཕྲེང་འོད་ཟེར་ཁ་དོག་སྣ་ཚོགས་པ་བསམས་ནས། དེའི་འོད་ཀྱིས་བདག་གི་སྡིག་པ་ཐམས་ཅད་དག་པར་བསམ་ཞིང་གཡེང་བ་ལ་སོགས་པའི་རྟོག་པ་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པར་བརྗོད་ནས། དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་བདག་གཞན་གྱི་དོན་བྱེད་པ་ལ་ནུས་པ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པ་ཡང་ཡང་བསམ་པར་བྱའོ། །རང་དང་གཞན་གྱི་དོན་དུ་ཤློ་ཀ་གཉིས་ལ་སོགས་པའི་སྨོན་ལམ་གྱི་དགེ་བ་བསྔོ་བར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་ཡན་ལག་ཐམས་ཅད་སྔོན་ལྟར་བྱས་ནས་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་ཚར་གསུམ་བརྗོད་ནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་ཨོཾ་ཡིག་དཀར་པོ་སྔགས་ཀྱི་ཕྲེང་བ་ཁ་དོག་སྣ་ཚོགས་པས་བསྐོར་བར་བསམས་ལ། ཕྲེང་བ་བླངས་ལ་གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་པས་བདག་གི་སྡིག་པ་ཐམས་ཅད་ཟད་ཅིང་སྔགས་ཀྱི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་ཟད་པར་ཡང་བསམས་ནས། དེའི་བདེན་པའི་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་ཆོས་དོན་དུ་གཉེར་བ་རྒྱུན་མི་འཆད་པ་དང་ལྡན་པར་གྱུར་ནས་བསྟན་པར་ཤིན་ཏུ་རྒྱས་པར་བསམ་མོ། །དེ་ནས་དགེ་བའི་སྨོན་ལམ་ཤློ་ཀ་གསུམ་ལ་སོགས་པ་བརྗོད་ནས་ཡི་གེ་བརྒྱ་པ་བརྗོད་དེ་ལྡང་བར་བྱའོ། །དེ་ལྟར་གསང་སྔགས་ཡི་གེའི་ཚུལ་དུ་བཀླག་པ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས། གསུང་གི་དམ་ཚིག་ཕྱག་རྒྱ་ཅན། །གསང་བའི་ཡི་གེའི་ཚུལ་དུ་བརྗོད། །གནས་གསུམ་དག་ཏུ་རྒྱས་བཏབ་བསམ། །ཡང་ན་གཅིག་གམ་གཉིས་ཀྱང་རུང༌། །བརྟན་པར་དམིགས་ནས་བརྗོད་པ་ཡིས། །ནད་སེལ་སྡིག་སྤོང་ཚེ་རིང་ཞིང༌། །འཇིགས་མེད་བློ་བརྟན་ལོངས་སྤྱོད་འཕེལ། །གསང་སྔགས་ལོངས་སྤྱོད་བདག་པོར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསང་སྔགས་ཕྱག་རྒྱ་ལ་དམིགས་ནས་བཀླག་པ་ནི་ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར་ནས་སྔགས་བརྗོད་པས་སྙིང་ག་ཉིད་དུ་པདྨ་དང་ཟླ་


DTG071_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་གནས་པའི་འཁོར་ལོ་རྩིབས་བཞི་པ་ཨོཾ་ཡིག་སྔགས་དང་བཅས་པ་བསམས་ཏེ། ཕྲེང་བ་བླངས་ནས་གཡེང་བ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་ཏེ་བརྗོད་པས་བདག་ཆོས་ཀྱི་འཁོར་ལོའི་བདག་པོར་གྱུར་པར་བསམས་ལ་བདུན་ལ་སོགས་པ་ཅི་རིགས་བརྗོད་པར་བྱའོ། །དེའི་བྱིན་རླབས་ཀྱིས་བདག་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ལ་ཐོགས་པ་མེད་པར་གྱུར་པར་ཡང་བསམ་མོ། །དེ་ནས་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཅིག་ལ་སོགས་པ་ཅི་རིགས་པས་བསྔོ་བར་བྱས་ལ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད་ནས་ཅི་བདེ་བར་སྤྱད་པར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས་སྙིང་ག་དང་མགྲིན་པར་ཐལ་མོ་སྦྱར་ཏེ། ཚར་རེ་རེ་བརྗོད་པས་པདྨ་དང་ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་ཨཱཾ་ཡིག་སེར་པོ་དང་བཅས་པ་སྔགས་ཀྱིས་བསྐོར་བར་བསམས་ལ། གཡེང་བ་ལ་སོགས་པའི་རྟོག་པ་སྤངས་ནས་ཕྲེང་བ་བླངས་ཏེ་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པ་བརྗོད་དེ་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཟད་པར་བྱས་པར་བསམས་ལ། འདིའི་བདེན་པའི་བྱིན་རླབས་ཀྱིས་བདག་གིས་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་བསྐོར་བར་བསམ་མོ། །དེ་ནས་རང་བཞིན་གྱི་དོན་དུ་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་གཉིས་ལ་བསྔོ་བར་བྱའོ། །ཡང་ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས། གནས་གསུམ་དུ་ཐལ་མོ་སྦྱར་ཏེ་ཚར་རེ་རེ་བརྗོད་དེ། གནས་གསུམ་དུ་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་དཀར་པོ་ཨོཾ་ཡིག་དང་སྔགས་ཕྲེང་དུ་བཅས་པ་བསམས་ནས་གཡེང་བ་ལ་སོགས་པ་ཐམས་ཅད་སྤངས་ཏེ། བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་པའི་ཚེ། འཁོར་ལོ་དང་སྔགས་ཕྲེང་ལ་སོགས་པའི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཆོས་ཀྱི་འཁོར་ལོ་དང་ལྡན་པར་གྱུར་པར་བསམ་པར་བྱའོ། །བདེན་བའི་བྱིན་རླབས་ཀྱིས་ཞིང་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་གྱུར་པར་བསམ་མོ། །དེ་ནས་ཚིགས་སུ་བཅད་པ་གསུམ་ལ་སོགས་པ་ཅི་རིགས་པར་བརྗོད་ནས་ཡི་གེ་བརྒྱ་པ་ཡང་བརྗོད་དེ་ལངས་ནས་ཅི་བདེ་བར་སྤྱད་དོ། །དེ་ལྟར་གསང་སྔགས་ཕྱག་རྒྱའི་ཚུལ་


DTG071_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོན་པ་གསུམ་པོ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས། བསྐལ་པ་སྟོང་ཕྲག་བསགས་པ་ཡི། །སྡིག་དང་གང་ཞིག་ལྡན་པས་ཀྱང༌། །གནས་གསུམ་པའམ་གཉིས་སམ་གཅིག །ཕྱག་རྒྱས་བཏབ་ནས་སྔགས་བརྗོད་ན། །ཆོས་ཀྱི་ཆར་ཆེན་བབས་པ་ནི། །སྡིག་པའི་དྲི་མ་ཀུན་བཀྲུས་ཏེ། །ནད་མེད་ཚེ་རིང་དཔལ་འཕེལ་ཞིང༌། །ལྷ་མི་ཀུན་གྱི་མཆོད་ཆེན་འཐོབ། །གང་གིས་ཡིད་མཉམ་གཞག་ནས་ནི། །ཕྱག་རྒྱ་སྔགས་དང་བཅས་དྲན་ལ། །འཇིགས་དང་འཚེ་བ་ཀུན་མེད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་གསུངས་སོ། །གསང་སྔགས་སྐུ་ལ་དམིགས་པ་ནི་ཁྲུས་ལ་སོགས་པ་སྔོན་ལྟར་བྱས་ནས། རང་གི་སྙིང་གར་ཐལ་མོ་སྦྱར་ཏེ་ཚར་གཅིག་བརྗོད་པས་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་ཞལ་གཅིག་ཕྱག་གཉིས་པ་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བདུན་ལ་སོགས་པ་བརྗོད་པའི་ཚེ་སྐུ་དེའི་མཚན་དང་དཔེ་བྱད་དང་གཟི་བརྗིད་ཐམས་ཅད་རང་ལ་འབར་བར་བསམ་མོ། །དེའི་བདེན་པའི་བྱིན་རླབས་ཀྱིས་བདག་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པར་མོས་ལ། ཚིགས་སུ་བཅད་པ་གཅིག་ལ་སོགས་པས་སྨོན་ལམ་དག་པའི་ཕྱིར་བསྔོ་བར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔོན་ལྟར་རྒྱས་པར་བྱས་ནས་སྙིང་ག་དང་མགྲིན་པར་ཐལ་མོ་སྦྱར་ཏེ། སྔགས་ཚར་རེ་རེ་བརྗོད་པས་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་ཞལ་བཞི་ཕྱག་བཞི་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་དང་པོ་གཉིས་ཆོས་ཀྱི་འཁོར་ལོ་དང་ཆོས་འཆད་པའི་ཕྱག་རྒྱ་ཅན་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གངས་ཀྱི་རི་བོ་འདྲ་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ལ། སྐུ་དེ་ལ་དམིགས་པ་གཏད་ནས་གཡེང་བ་ལ་སོགས་པའི་རྟོག་པ་ཐམས་ཅད་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་བརྗོད་པས་སྐུ་དེའི་འོད་ཟེར་གྱིས་བདག་དང་གཞན་གྱི་སྡིག་པ་ཐམས་ཅད་ཟད་པར་ཡང་ཡང་བསམ་པར་བྱས་ནས། དེའི་བདེན་


DTG071_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཤིན་ཏུ་དད་པར་གྱུར་པར་ཡང་བསམ་མོ། །དེ་ནས་ཚིགས་སུ་བཅད་པ་གཉིས་ལ་སོགས་པས་དགེ་བའི་སྨོན་ལམ་བསྔོ་བར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔར་ལྟར་རྒྱས་པར་བྱས་ནས། གནས་གསུམ་དུ་རྡོ་རྗེ་ཐལ་མོ་སྦྱར་ནས་སྔགས་ཚར་རེ་བརྗོད་ནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་བཞུགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དཀར་པོ། །ཞལ་བཞི་ཕྱག་བརྒྱད་ཞབས་བརྒྱད། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་ན་བཟའ་དང་རྒྱན་དུ་མས་བརྒྱན་ཅིང་འཛུམ་པའི་མདངས་དང་ལྡན་པ་བསམས་ལ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་པའི་ཚེ་སྐུ་དེ་དག་ཀུན་གྱི་མཚན་དང་དཔེ་བྱད་ཀྱི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་དུ་བྱས་པར་བསམ། དེའི་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་སྐུ་མངོན་དུ་གྱུར་བར་བསམས་ལ་བདག་གཞན་གྱི་དོན་དུ་སྨོན་ལམ་དགེ་བའི་དོན་དུ་བསྔོ་བར་བྱའོ། །གསང་སྔགས་ཀྱི་ཚུལ་སྐུ་ལ་དམིགས་པ་འདི་གསུམ་ཡང༌། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས་གསུངས་ཏེ། སངས་རྒྱས་ཐུབ་པ་རྣམ་སྣང་མཛད། །འོད་འཕྲོ་ཉི་མ་འབུམ་གཟི་ཅན། །མཚན་དཔེ་དུ་མས་སྤྲས་པའི་སྐུ། །ཕྱག་གཉིས་པའམ་ཕྱག་བཞིའམ། །ཡང་ན་ཕྱག་བརྒྱད་པ་ཡང་རུང༌། །རང་གི་ལུས་ངག་ཡིད་གནས་ན། །བསམས་ནས་དེ་དང་དེ་དག་ཏུ། །དམིགས་པ་གཏད་ནས་སྔགས་བརྗོད་པས། །ནད་དང་སྡུག་བསྔལ་ཚ་བ་དང༌། །འཇིགས་དང་ཕོངས་དང་དབུལ་བ་དང༌། །ཚེ་ལ་གནོད་བྱེད་ལ་སོགས་པའི། །གདོན་དང་བར་ཆད་ཐམས་ཅད་སེལ། །ཡང་དང་ཡང་དུ་གོམས་པས་ནི། །གོ་འཕང་རིག་འཛིན་གནས་ཐོབ་འགྱུར། །རིག་སྔགས་བྱང་ཆུབ་སེམས་དཔའ་ཡང༌། །སྐྱེ་བ་དུ་མས་དཔག་ནས་ཀྱང༌། །སངས་རྒྱས་ཞིང་ཁམས་སྦྱངས་བྱས་ཏེ། །དག་པའི་ཞིང་རྣམས་རྣམ་འཕྲུལ་གྱི། །སྐུ་ཡི་འདུ་བྱེད་དུ་མས་ནི། །གདུལ་བྱ་ཚིམ་པར་མཛད་པར་འགྱུར། །ཞེས་སོ། །


DTG071_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ལྟ་བུར་ཀུན་དུ་ཤེས་སོ་ཞེས་པ་དངོས་གྲུབ་ཀྱི་རྟགས་ཐ་མ་རྨི་ལམ་དུ་འབྱུང་བ་ཡང་ཤེས་པར་བྱའོ། །ཚེས་བརྒྱད་ལ་སོགས་པའི་དུས་ཁྱད་པར་ཅན་དུ་བསྒྲུབ་པ་ཕན་ཡོན་དང་བཅས་པའོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་ལ་སོགས་པ་ནི་ཤི་བ་ལ་ཕན་གདགས་པའི་ཆོ་གའོ། །དེ་ཡང་ཤི་བ་ལ་གཉིས་ཏེ། རྙིང་པ་དང༌། སར་པའོ། །དང་པོ་ལ་རོ་མེད་པ་དང༌། རོ་ཡོད་པའོ། །དེ་ལ་རོ་མེད་པ་ནི་མིང་དང་བཅས་པའི་སྔགས་བརྗོད་ཅིང་བདེན་པ་དང་སྨོན་ལམ་གདབ་པའོ། །རོའི་རུས་པའམ་གོས་ལ་སོགས་པ་ཡོད་པ་ལ་ནི་ཡུངས་ཀར་དང་བྱེ་མ་ལ་སྔགས་བརྗོད་ཅིང་གཏོར་པའོ། །སར་པ་ལ་ནི་བདུན་ཚིགས་བྱའོ། །བདུན་ཚིགས་སུ་བྱ་བ་ལ་འདི་ལྟར་རྟེན་རོ་ཡོད་པ་དང་མེད་པའོ། །གལ་ཏེ་རོ་ཡོད་ན་དང་པོར་ཆོ་ག་ཚུལ་བཞིན་དུ་བྱས་པའི་བུམ་པའི་ཆུ་སྔ་ནས་ཡོད་དམ་འཕྲལ་དུ་བསྒྲུབས་ཀྱང་རུང་སྟེ། སྤོས་ལྔ་དང་བཅས་པས་རོ་ལ་སྙིང་པོའི་སྔགས་བརྗོད་ཅིང་རོ་ཁྲུས་བྱའོ། །དེ་ནས་གྲོ་གའམ་རས་ལ་སོགས་པའི་གཞི་ལ་གུར་གུམ་དང་གི་ཝང་གིས་སྙིང་པོའི་སྔགས་བྲིས་ལ་རོའི་སྙིང་གར་གདགས་སོ། །སརྦ་ཏ་ཐཱ་ག་ཏ་སཱུཪྻ་གུ་ཧྱ་ཨདྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱཧཱ། ཞེས་གསང་གནས་སུའོ། །ཨཱ་ཡུརྡཏྟེ་སྭཱ་ཧཱ། རྐང་བོལ་གཡས་ལའོ། །པུ་ཎྱུན་དཏྟི་སྭཱ་ཧཱ། རྐང་བོལ་གཡོན་ལའོ། །པུཎྱུམ་བི་ལོ་ཀི་ཏེ་སྭཱ་ཧཱ། པུས་མོ་གཡས་སུའོ། །པུཎྱུམ་ཨཱ་བ་ལོ་ཀི་ཏེ་སྭཱ་ཧཱ། པུས་མོ་གཡོན་པ་ལའོ། །མྲྀ་ཏྱུ་དཎྜི་སྭཱ་ཧཱ། དཔྱི་གཡས་སུའོ། །ཡཱ་མ་ད་ཎི་སྭཱ་ཧཱ། དཔྱི་གཡོན་པར་རོ། །ཡ་མ་དཱུ་ཏེ་སྭཱ་ཧཱ། ལྟེ་བར་རོ། །སཾ་གྷ་ར་ཎི་སྭཱ་ཧཱ། །ནུ་མ་གཡས་སུའོ། །སཾ་བྷ་ར་ཎི་སྭཱ་ཧཱ། ནུ་མ་གཡོན་དུའོ། །སན་དྷཱ་ར་ཎི་སྭཱ་ཧཱ། མགྲིན་པར་རོ། །པྲ་ཏི་ས་ར་ཎི་སྭཱ་ཧཱ། ལག་ངར་གཡས་པར་རོ། །ཨོཾ་ཛོ་བི་ཏ་སྭཱ་ཧཱ། ལག་ངར་གཡོན་དུའོ། །ཏེ་ཛོ་བ་ཏི་སྭཱ་ཧཱ། དབུང་བ་གཡས་སུའོ། །ཛ་ཡ་བ་ཏི་སྭཱ་ཧཱ། དཔུང་པ་གཡོན་ལའོ། །སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། དཔྲལ་བར་རོ། །ཡང་སྔགས་རིང་ཐུང་གཉིས་ཀ་སྤྱི་བོར་གདགས་སོ། །མིག་གཡས་སུ་ཨཾ་ཧཱུཾ། གཡོན་པར་བཾ་ཧཱུཾ། རྣ་བ་གཡས་སུ་སཾ་ཧཱུཾ།


DTG071_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་ཛཾ་ཧཱུཾ། སྔགས་ཐམས་ཅད་ཡིག་འབྲུ་གསལ་བར་བྲིའོ། །རྒྱན་དུ་མ་ཡང་རོ་ལ་གདགས་སོ། །གལ་ཏེ་རོ་མེད་ན་ཡང་ཤིང་སྟག་མ་ལ་ཤི་བའི་གཟུགས་བྲིས་ནས་ཡི་གེ་དེ་ལྟར་དགོད་དོ། །དེ་ནས་རོ་ཡོད་ན་སྣོད་ཀྱི་ནང་དུ་གཞག་པར་བྱ་སྟེ། རྡོའམ་ས་འམ་ཤིང་ངམ་འབྱོར་ན་ཟངས་སམ་དངུལ་ལམ་གསེར་ལས་བརྡུངས་ལ་བྱའོ། །དེ་ཡང་རབ་ཏུ་བྱུང་བ་ལ་དཀར་པོ་མཆོད་རྟེན་གྱི་དབྱིབས་སོ། །དགེ་བསྙེན་ལ་ནི་པདྨ་དམར་པོ་ཁ་སྦྱར་གྱི་གཟུགས་སོ། །རྒྱལ་པོ་ལ་ནི་སྔོན་པོ་གཙུག་ཏོར་ལྟ་བུའོ། །བློན་པོ་ལ་ནི་དམར་སྐྱ་ཟ་མ་ཏོག་ལྟ་བུའོ། །ཐ་མལ་པ་ཕོ་ལ་ནི་སེར་སྐྱ་གདན་ཁྲི་ལྟ་བུའོ། །མོ་ལ་སྔོ་སྐྱ་བིལ་བའི་འབྲས་བུ་ལྟ་བུའོ། །བྱིས་བ་ལ་ནི་ལྷུང་བཟེད་ལྟར་དམར་སེར་བྱས་ནས་ཕྱོགས་ཐམས་ཅད་དུ་རླུང་མི་ཐར་བར་འཇམ་ཞིང་དབྱིབས་ལེགས་པར་བཟོས་ནས་དེའི་ཁ་ནས་ནང་དུ་བཞག་སྟེ། དྲི་བཟང་པོ་དུ་མ་བསྒོས་པའི་རས་དཀར་པོས་དཀྲིས་ནས་རོའི་ཁ་ནི་ལྷོར་བསྟན་མགོ་ནི་ནུབ་ཏུ་བསྟན་ནས་ཅུང་ཟད་བསླངས་ཏེ་རབ་ཏུ་དབེན་པའི་ས་ཕྱོགས་སུ་གཞག་གོ །རོའི་སྤྱི་བོའམ་སྙིང་ག་ནས་གཟུངས་ཐག་སྲད་བུ་དམར་པོ་ཞིག་བཏགས་ལ་སྒྲོམ་གྱི་ནུབ་ཕྱོགས་སུ་དྲང་བར་བྱའོ། །སྒྲོམ་དེའི་སྟེང་དུ་གདུགས་ཁྲ་བོ་ཞིག་དབུབ་པར་བྱའོ། །སྒྲོམ་གྱི་ཕྱོགས་བཞིར་རིན་པོ་ཆེ་སྣ་བདུན་ལ་སོགས་པ་མཁོ་བའི་ཡོ་བྱད་དུ་མ་འདྲ་འབག་ཏུ་བྱས་ནས་དགོད་པར་བྱའོ། །གཞན་ཡོལ་བ་ན་དཀར་པོའམ་ཡང་ན་དམར་པོས་བསྐོར་བར་བྱའོ། །གཞན་ཡང་བ་དན་དང་རྒྱལ་མཚན་དང་བླ་རེ་དང་ལྷུབ་ལྷུབ་དང་ལྡ་ལྡི་དང་ཆུན་འཕྱད་དུ་མ་ཡང་ཅི་འབྱོར་བ་བྲི་བར་བྱའོ། །གཞན་ཡང་འབྲས་ཆན་དང་ཐུག་པ་དང་ཁུར་བ་དང་ཟན་དྲོན་དང་འབྲས་དང་ཁྲེ་དང་ཅི་ཙེ་དང་གྲོ་དང་མོན་སྲན་དང་རྒྱ་སྲན་དང་ནས་ལ་སོགས་པའི་འབྲུ་ཐམས་ཅད་ལས་ཁ་ཟས་ལེགས་པར་བཤམས་ནས་སྣོད་མཛེས་པ་དུ་མའི་ནང་དུ་བཞག་གོ །གཞན་ཡང་ཡོན་ཆ་བ་དང་བདུག་སྤོས་དང་མེ་ཏོག་དང་ཕྲེང་བ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་འཛམ་བུ་ཏི་བ་དང་བུ་རམ་དང་ཀ་ར་ཤིང་ཐོག་སྣ་ཚོགས་དང་ཤ་བཙོས་དང་ཉ་ཤ་དང་ཚོད་མ་དུ་མ་ཡང་ཕྱོགས་རེ་རེར་དགྲམ་མོ། །སིལ་སྙན་གྱི་ཕྲེང་བ་ཡང་བྲི་བར་


DTG071_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གལ་ཏེ་མ་འབྱོར་པ་ཐམས་ཅད་ནི་རྡོ་ལ་སོགས་པའི་སྣོད་རྒྱན་མེད་དོ། །འབྱོར་པ་འབྲིང་གིས་རྒྱན་ཡོད་པའོ། །རབ་ཀྱིས་ནི་རིན་པོ་ཆེ་ལས་བྱས་པའམ་རིན་པོ་ཆེའི་ཕྲ་བཏབ་པའོ། །ད་ནི་ཆོ་ག་ཡང་གང་ཟག་གཅིག་གིས་གཟུངས་སྔགས་ཙམ་བརྗོད་ཅིང་མཎྜལ་ལ་མེ་ཏོག་བཀྲམ་ནས་བུམ་པ་གཅིག་དང་སཱཙྪ་གཅིག་བྱས་ཏེ་འོག་ནས་འཆད་པའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །འབྱོར་པ་འབྲིང་གིས་མཎྜལ་ཁྲུ་གང་བར་མེ་ཏོག་བཀྲམ་ནས་སཱཙྪ་ལྔ་དང་བུམ་པ་ལྔ་དང་གཟུངས་དང་ཕ་རོལ་ཏུ་ཕྱིན་པའི་མདོ་ཕྲན་གཅིག་བཀླག་ཅིང་འོག་ནས་འབྱུང་བའི་ཏིང་ངེ་འཛིན་དང་བདེན་པ་བརྗོད་པ་དང་སྨོན་ལམ་གདབ་པར་བྱའོ། །ཐུན་མཚམས་ཞག་གྲངས་ནི་མཐུན་ནོ། །འབྱོར་པ་རབ་ཀྱིས་ནི་རོ་དང་རོའི་སྣོད་བརྒྱན་ཅིང་རོ་བཅུག་ནས། རོའི་ལྷོ་ཕྱོགས་སུ་ས་ལེགས་པར་བསྟར་བའི་དཀྱིལ་འཁོར་གྲུ་བཞི་ནས་བཅུ་དྲུག་གི་བར་དུ་ཅི་རིགས་པར་བྱ་སྟེ། ཁྲུ་བཞི་པ་མཐོ་གང་ནས་ཁྲུ་གང་གི་བར་དུ་བརྩིག་པར་བྱའོ། །དེ་ལ་མཁས་པས་ཐིག་འདི་ལྟར་གདབ་བོ། །ཚངས་ཐིག་ཟུར་ངོས་ལེགས་བཏབ་ནས། །ཟུར་བཞི་ལོ་མ་གདབ་པར་བྱ། །ཆ་ཆེན་བཞི་རུ་འགྱུར་བ་ཡིན། །དེ་ནས་གསུམ་གསུམ་བགོས་ནས་ནི། །ཆ་ཆེན་བཅུ་གཉིས་འགྱུར་བ་ཡིན། །དེ་ནས་གཉིས་སུ་བགོས་ནས་ནི། །ཆ་ཆེན་ཉི་ཤུ་བཞི་རུ་འགྱུར། །དེ་ནས་ཆ་ཕྲན་བགོས་ནས་ནི། །ཚངས་པའི་ཐིག་གི་ངོས་གཉིས་ཀྱི། །ཆ་ཆེན་དང་པོའི་ཕྱེད་དུ་བགོ །ཕྱི་ཡི་ཆ་ཕྱེད་དེ་བཞིན་བགོ །ཆ་ཆེན་གཉིས་པའང་ཕྱེད་དུ་བགོ ། ནང་གི་ཆ་ཕྱེད་དེ་བཞིན་བགོ །ཆ་ཆེན་གསུམ་པའི་མཐའ་ལ་གཅིག །ཆ་ཆེན་བཞི་པའི་ཕྱི་ནང་གི །ཆ་རེ་བཏབ་ཅིང་ལྔ་པ་ཕྱེད། །ཆ་ཆེན་དྲུག་པ་ལྷ་སྣམ་འགྱུར། །ཆ་ཆེན་བདུན་པ་ཕྱི་ནང་གི །ཆ་རེ་གདབ་ཅིང་དབུས་གཉིས་བཞག །ཆ་ཆེན་བརྒྱད་པ་ཕྱེད་དུ་བགོ །ཆ་ཆེན་དགུ་པ་བཞིན་དུ་བགོ །ཆ་ཆེན་བཅུ་པ་ཕྱི་ནང་གི །ཆ་རེ་གདབ་ཅིང་དབུས་གཉིས་གཞག །ཆ་ཆེན་བཅུ་གཅིག་ཕྱེད་དུ་བགོ །ཆ་ཆེན་བཅུ་གཉིས་ཁོར་ཡུག་འགྱུར། །ཕྱོགས་གསུམ་དུའང་དེ་བཞིན་ནོ། །སྒོ་གཅིག་བྱེད་ན་ཚངས་ཐིག་དང༌། །།ཕྱོགས་གཅིག་ཟུར་ཐིག་གདབ་


DTG071_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། ཚངས་པའི་ཐིག་གི་ངོས་གཉིས་སུ། །ཆ་ཆེན་ལྔ་ལྔར་བགོ་བྱས་ནས། །ཆ་ཆེན་བཅུ་རུ་འགྱུར་བ་ཡིན། །དེ་ནས་གཉིས་སུ་བགོ་བྱས་ནས། །ཆ་ཆེན་ཉི་ཤུར་འགྱུར་བ་ཡིན། །དེ་ནས་ཆ་ཕྲན་བགོ་བར་བྱ། །ཚངས་པའི་ཐིག་གི་ངོས་གཉིས་ཀྱི། །ཆ་ཆེན་དང་པོ་ཕྱེད་དུ་བགོ །ཕྱི་ཡི་ཆ་ཕྱེད་དེ་བཞིན་བགོ །ཆ་ཆེན་གཉིས་ནི་ཕྱེད་དུ་བགོ །ནང་གི་ཆ་ཕྱེད་དེ་བཞིན་བགོ །ཆ་ཆེན་གསུམ་པའི་མཐར་ཆ་གཅིག །ཆ་ཆེན་བཞི་པ་ལྷ་སྣམ་འགྱུར། །ཆ་ཆེན་ལྔ་པ་ཕྱི་ནང་གི །ཆ་རེ་གདབ་ཅིང་དབུས་གཉིས་གཞག །ཆ་ཆེན་དྲུག་པ་ཕྱེད་དུ་བགོ །ཆ་ཆེན་བདུན་པ་བཞི་རུ་བགོ །ཆ་ཆེན་བརྒྱད་པ་ཕྱི་ནང་གི །ཆ་རེ་གདབ་ཅིང་དབུས་གཉིས་གཞག །ཆ་ཆེན་དགུ་པ་ཕྱེད་དུ་བགོ །དེ་ལ་བསྐོར་བ་རིམ་གཉིས་བྱ། །གསུམ་པ་མཐའ་ཡི་ཆ་ཕྲན་སྐོར། །ཆ་ཆེན་བཅུ་པ་ཁོར་ཡུག་འགྱུར། །སྒོ་གསུམ་པ་སོགས་བྱེད་འདོད་ན། །ཕྱི་ནང་དཀྱིལ་འཁོར་གང་ཡིན་པའི། །ཚད་ཀྱི་རིམ་པས་བྱ་བ་ནི། །ཆ་ཕྲན་དབྲི་དང་བསྣན་པར་བྱ། དེ་ནས་བློ་དང་ལྡན་བས་ཚོན་སྣ་མ་ལུས་པས། དཀྱིལ་འཁོར་གྲུ་བཞི་པ་རིམ་པ་གཉིས་སམ་ཡང་ན་རིམ་པ་གཅིག་ཁོ་ན་བྲིའོ། །དེར་སྔོན་དུ་བཤད་པའི་དཀྱིལ་འཁོར་ལྷ་གང་མོས་པ་དགོད་པར་བྱའོ། །གལ་ཏེ་རིམ་པ་གཉིས་བྲིས་ན་བར་ཁྱམས་ལ་འཇིག་རྟེན་སྐྱོང་པ་བཅུ་དགོད་པར་བྱའོ། །དེ་ཡང༌། བརྒྱ་བྱིན་དཀར་པོ་རྡོ་རྗེ་འཆང༌། །མེ་ལྷ་དམར་པོ་མེ་ཐབ་འཆང༌། །གཤིན་རྗེ་སྔོན་པོ་བེན་ཅོན་འཆང༌། །བདེན་བྲལ་སྔོ་སྐྱ་རལ་གྲི་འཆང༌།། ཆུ་བདག་དཀར་པོ་ཞགས་པ་འཆང༌། །རླུང་ལྷ་ལྗང་སེར་བ་དན་འཛིན། །གདོད་སྦྱིན་ལྗང་སྔོན་དབྱུག་པ་འཆང༌། །དབང་ཕྱུག་ལྗང་སྐྱ་རྩེ་གསུམ་འཛིན། །ས་བདག་མོ་ནི་བུམ་ལྗང་སེར། །ཉི་ཟླ་ཚངས་པ་དཀར་སེར་ནི། །འོད་འཕྲོ་འཁོར་ལོ་འཛིན་པའོ། །ལྷ་དེ་དག་གི་སྔགས་སམ་ཕྱག་རྒྱའམ་སྐུ་དགོད་པར་བྱའོ། །གཞན་ཡང་གོང་དུ་བཤད་པའི་མཆོད་པའི་ཡོ་བྱད་ཐམས་ཅད་དཀྱིལ་འཁོར་གྱི་མཐའ་ནས་བསྐོར་བར་བྱའོ། །ཡོལ་བ་ནི་དམར་པོའོ། །བླ་རེ་ནི་སྔོན་པོའོ། །དེ་ནས་སྔོན་གྱི་ཆོ་གས་དཀྱིལ་འཁོར་བསྒོམ་པ་སྟེ། རང་བཞིན་གྱི་དཀྱིལ་འཁོར་


DTG071_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་མེད་པར་བྱས་ནས་མཆོད་བསྟོད་ནས་ཚིག་འདིས་གསོལ་བ་གདབ་པོ། །དཀྱིལ་འཁོར་གཙོ་བོ་ལ་སོགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཚེ་འདས་འདི་ཞེས་བྱ་བ་ཡི། །དོན་དུ་དཀྱིལ་འཁོར་འདི་བཞེངས་ན། །ཡོ་བྱད་ཅི་འབྱོར་པ་དག་གིས། །གུས་པས་ཁྱོད་ལ་མཆོད་བྱེད་ན། །སྙིང་བརྩེར་དགོངས་ནས་བཞེས་སུ་གསོལ། །དེ་ནས་འཇིག་རྟེན་སྐྱོང་བ་ལ་མཆོད་ཅིང་གཏོར་མ་ཕུལ་ནས་ཚེ་འདས་པའི་དོན་དུ་ཆོ་ག་བྱེད་པ་ལ་བར་དུ་གཅོད་པ་སོལ་ཅིག་ཅེས་གསོལ་བ་གདབ་པོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་ཁྲོ་བོ་ཆེན་པོ་རྣམས་ལ་ཡང་མཆོད་པ་དང་གཏོར་མ་ཕུལ་ཏེ། དེ་བཞིན་དུ་གསོལ་བ་གདབ་པོ། །དཀྱིལ་འཁོར་དེ་དང་འབྲེལ་པར་ལྷོ་ཕྱོགས་སུ་ནི་སཱ་ཙྪ་བརྒྱ་རྩ་བརྒྱད་བཀོད་པའི་དཀྱིལ་འཁོར་དང་འབྲེལ་པར་གཟུངས་ཀྱི་ཆོ་གས་སྔགས་བརྗོད་དོ། །ཤར་ཕྱོགས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་གོ །ནུབ་ཕྱོགས་སུ་ནི་ཐེག་པ་ཆེན་པོའི་མདོ་སྣ་ཚོགས་པ་ཇི་སྙེད་ཅི་ནུས་པ་བཀླག་གོ །བྱང་ཕྱོགས་སུ་ནི་མྱ་ངན་ལས་འདས་པའི་མདོ་བཀླག་གོ །དེའི་ཚེ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱིས་རང་གི་ལྷག་པའི་ལྷར་བསྒོམས་ནས་མདུན་དུ་གཙུག་ཏོར་དྲི་མ་མེད་པའི་ལྷའི་དཀྱིལ་འཁོར་དམིགས་ནས་བཀླག་པ་དང་སྔགས་བརྗོད་དེ་བདག་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་མདུན་གྱི་དཀྱིལ་འཁོར་གྱི་ལྷ་བསྐུལ་ནས་ལྷའི་ཐུགས་ཀའི་འོད་ཟེར་གྱིས་ཁམས་གསུམ་ཐམས་ཅད་ཁྱབ་ནས་ཁྱད་པར་དུ་བསྒྲུབ་བྱ་ལ་ཕོག་པས་སྔོན་གྱི་རྣམ་པར་སྨིན་པའི་ལུས་གསལ་བར་བལྟས་ནས་བསྒྲུབ་བྱ་དེའི་བཤད་ལམ་དུ་ཡི་གེ་དུ་ནག་པོ་ཅིག་བསམ་མོ། །ཡི་གེ་དུ་དེའི་འོད་ཀྱིས་ས་འོག་སྟོང་ཕྲག་ཉི་ཤུ་ཞབས་སུ་གསལ་བར་བྱས་ནས་བསྒྲུབ་བྱ་དེའི་དབང་པོའི་སྤྱོད་ཡུལ་དུ་དམྱལ་ཁམས་བཅུ་དྲུག་གསལ་བར་བྱ་བར་བསམ་མོ། །དེ་ནས་བསྒྲུབ་བྱ་དེ་ཤིན་ཏུ་འགྱོད་ཅིང་འདར་ནས་མྱ་ངན་གྱིས་གདུངས་ཏེ་སྔོན་དུ་སྤྱད་པའི་སྡིག་པའི་ལས་ཐམས་ཅད་དྲན་ནས་འགྱོད་ཅིང་སྨྲེ་སྔགས་འདོན་ཅིང་བཤགས་པར་བསམས་ལ། སྐབས་འདིར་ལས་


DTG071_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སློབ་དཔོན་གྱིས་རོ་དེ་ལ་ཁྲུས་བྱས་བདེན་པའི་ཚིགས་བཅད་ཀྱིས་དུག་བསལ་པར་བྱའོ། །དེ་ལ་ཚིགས་བཅད་འདི་ཡང་བརྗོད་དོ། །འཇིག་རྟེན་འདིའམ་འཇིག་རྟེན་ལ་སོགས་པ་གོང་དུ་སྨོས་པའི་ཚིགས་སུ་བཅད་པ་རྣམས་ཅི་རིགས་པར་བསྒྱུར་ཅིང་བརྗོད་པར་བྱའོ་སྐབས་དེར་བསྒྲུབ་བྱ་ཐལ་མོ་སྦྱར་ནས་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཕྱག་འཚལ་བར་བསམས་ཤིང་གཉེན་འདུན་ཞིག་གིས་ཚུལ་ཁོ་ན་ལྟར་བྱའོ། །སློབ་དཔོན་གྱིས་ཀྱང་སྔགས་ཨ་མོགྷ་བི་མ་ལེ་ཨཱ་ཀཪྵ་ཡ་ཞེས་པའི་སྐབས་སུ་ཨ་མོ་གྷའི་སྐབས་སུ་བསྒྲུབ་བྱའི་མིང་བཅུག་ནས་བརྗོད་དོ། །དེས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་བཤང་སྒོའི་ཡི་གེ་དུ་ནག་པོ་ལ་ཕོག་པས་རྐེད་པ་ཡན་ཆད་ནི་སྡིག་པའི་གཟུགས་རྐེད་པ་མན་ཆད་ནི་མིའི་གཟུགས་ཤིག་བུད་ནས་གཟུགས་དེ་ཉིད་དེ་འདྲ་བ་དུ་མར་གུར་ནས་དམྱལ་བ་བཅུ་དྲུག་གི་གནས་ཁང་ཁེངས་པར་སོང་པར་བསམ་མོ། །ལུས་འདི་ནི་ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་སྦྱངས་བས་སྔོན་གྱི་གཟུགས་བྱད་ལས་ཤིན་ཏུ་མདངས་བཟང་བར་བསམ་མོ། །ཨཾ་བཾ་སཾ་ཛཾ་ཆེ་གེ་མོ་ན་ར་ཀ་སྱ་སརྦ་ཀརྨ་པ་རི་ཤོདྷ་ཡ་སྭཱ་ཧཱ། ཞེས་རྒྱུན་དུ་བརྗོད་དོ། །ཐུན་མཚམས་སུ་ནི་སློབ་དཔོན་ཉིད་ཀྱིས་དཀྱིལ་འཁོར་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་སྔགས་ཚར་བརྒྱད་བཀླག་པའི་ཚེ་ནི་ཆེ་གེ་མོ་མོཀྵ་ཐ་ལ་པྲཔྟ་ཀུརྦནྟུ་སྭཱ་ཧཱ། ཞེས་བརྗོད་ནས་སྨོན་ལམ་འདི་ཡང་གདབ་པར་བྱའོ། །འདི་ཞེས་བྱ་བ་རིགས་ཀྱི་བུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སངས་རྒྱས་དམ་ཆོས་དགེ་འདུན་དང༌། །རིག་སྔགས་གསང་སྔགས་གཟུངས་སྔགས་དང༌། །སྙིང་པོ་ཕྱག་རྒྱའི་བདེན་པ་དང༌། །གཞན་ཡང་བདེན་པའི་བྱིན་རླབས་ཀྱིས། །དམྱལ་བའི་སྡུག་བསྔལ་མྱུར་ཞི་ནས། །བདེ་བའི་ཞིང་དུ་མྱུར་སྐྱེ་ཤོག །ཅེས་ལན་གསུམ་བརྗོད། །གཞན་ཡང་སྨོན་ལམ་དུ་མ་ཡང་བརྗོད་དོ། །དེ་ནས་ལྕགས་སྣོད་ཀྱི་ནང་དུ་དུ་བ་མེད་བའི་མེ་ལ་ཏིལ་ནག་པོ་བསྲེག་ཅིང་ཨོཾ་ཆེ་གེ་མོ་སརྦ་པཱ་པཾ་ད་ཧ་ན་སརྦ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བསྲེག་གོ །དེ་ནས་བུམ་པའི་ཆུས་ཁྲུས་བྱས་ཡུངས་ཀར་དང་བྱེ་མ་ལ་དྲི་མ་མེད་པའི་


DTG071_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་ནས་རོའམ་རོའི་སྣོད་བྲབ་པར་བྱའོ། །དེའི་འོག་ཏུ་སིལ་སྙན་དུ་མ་དཀྲོལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དུ་མ་བརྗོད་དོ། །དེ་ནས་དཀོན་མཆོག་གི་མཆོད་པ་དང་དགེ་སློང་དང་སྟོན་པ་དང་ནང་དུ་ཡང་དག་འཇོག་ལ་སྟོན་མོ་དྲང་ངོ༌། །དེའི་འོག་ཏུ་བྱིས་པ་དང་དུད་འགྲོ་ལ་ཡང་ཅི་རིགས་པའི་ཟས་སྦྱིན་ཏེ་དེ་ཐམས་ཅད་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ་ཞེས་ལག་པ་གཡས་པས་མཆོག་སྩོལ་བའི་ཕྱག་རྒྱ་དང་བཅས་པར་བདུན་བརྗོད་དེ་སྩལ་ཏོ། །དེ་ནས་སྔགས་འདི་ཚར་གསུམ་བརྗོད་དོ། །ཨོཾ་བཛྲ་སཏྭ་ས་མ་ཡ། །མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བིཛྲཱ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ་།དེ་ལྟར་སྔགས་འདོན་པ་དང་གསུང་རབ་བཀླག་པ་རྒྱུན་མི་ཆད་པར་བྱ་སྟེ། སྡོམ་པ་དང་ལྡན་པའམ་སྐབས་སུ་སྡོམ་པ་བླངས་ཀྱང་རུང་ལྡན་པར་བྱས་ནས་གསུམ་མམ་བཞི་ལ་སོགས་པའི་བར་དུ་མི་ཚིག་གིས་བར་མཆོད་པར་བྱའོ། །འདི་ནི་ཞག་བདུན་ཕྲག་དང་པོ་དམྱལ་བའི་འཇིག་རྟེན་དག་པ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་གཉིས་པ་ལ་ནི་བསྒྲུབ་བྱའི་ལྟེ་བར་ཡི་གེ་ཏྲཱཾ་སྔོན་པོ་བསམས་ལ་བ་རི་ཤོདྷ་ཡ་སྭཱ་ཧཱ་ཞེས་པ་དང་བཅས་པའི་སྔགས་བརྗོད་པའི་ཚེ་ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ལ་ཕོག་པས་བསྒྲུབ་བྱའི་ལྟེ་བའི་ཏྲཱཾ་ཡིག་ལས་དུད་འགྲོ་སྣ་ཚོགས་མགོ་ཡོད་པ་སྟེ། མགོ་བྱེ་བ་ལ་ཡན་ལག་བྱེ་བ་དང་ལྡན་པ་སྟེ། སྐེད་པ་ཡན་ཆད་སྦལ་པ་སྡོ་ནག་རྐེད་པ་མན་ཆད་མི་སྔོ་ནག་ཞིག་བུད་ནས་གཟུགས་དེ་འདྲ་བ་དུ་མར་གྱུར་ཏེ་མཐའི་རྒྱ་མཚོའི་ནང་དུ་སོང་བས་རྒྱ་མཚོ་ཁེངས་ཤིང་དེར་ཡང་འགྱོད་པ་དྲག་པོས་གནས་སོ། །ལུས་འདི་ནི་སྔོན་གྱི་བས་གཟུགས་བཟང་པོར་གྱུར་པར་བསམ་མོ། །བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་ཐམས་ཅད་དུ་དུད་འགྲོའི་འཇིགས་པ་དང་བྲལ་བར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །ལྷག་མ་ཐམས་ཅད་སྔོན་ལྟར་རོ། །འདི་ནི་ཞག་བདུན་ཕྲག་གཉིས་ལ་བྱོལ་


DTG071_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གི་འཇིག་རྟེན་དག་པ་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་གསུམ་པ་ལ་ནི་བསྒྲུབ་བྱའི་གསང་གནས་སུ་ཡི་གེ་པྲེ་སེར་པོ་བསམས་ལ། ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ལ་ཕོག་ནས་གནས་གསུམ་གྱི་སྒྲུབ་པ་ཐམས་ཅད་ཡི་གེ་པྲེ་ལ་བསྡུས་ནས་དེ་ལས་མིའི་གཟུགས་ཤིན་ཏུ་རིད་ཅིང་ཡན་ལག་དང་སྐེ་རབ་ཏུ་ཕྲ་བ། གསུས་པ་ཆེ་བ། མདོག་སེར་སྐྱ། ཁ་གདངས་པ་བུད་ནས་ས་འོག་དཔག་ཚད་ལྔ་བརྒྱའི་ཞབས་སུ་གཟུགས་དུ་མར་གྱུར་ནས་ས་འོག་ས་སྟེངས་ཐམས་ཅད་ཁྱབ་པར་གྱུར་ཅིང་སྔོན་གྱི་ལས་ལ་ཡང་འགྱོད་པར་བསམ་མོ། །པྲེ་ཏ་སརྦ་ཀརྨ་ཨཱ་བ་ར་ཎ་པ་རི་ཤོ་དྷ་ཡ་སྭཱ་ཧཱ་དང་བཅས་པ་བརྗོད་ཅིང་བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་སུ་ཡང་མིང་འདི་ཞེས་བྱ་བ་ཡི་དགས་ཀྱི་འཇིག་རྟེན་ལས་ཐར་བར་གྱུར་ཅིག་ཅེས་བརྗོད་དོ། །ལྷག་མ་ཐམས་ཅད་སྔོན་ལྟར་རོ། །འདི་ནི་ཞག་བདུན་ཕྲག་གསུམ་པའི་ཡི་དགས་ཀྱི་འཇིག་རྟེན་དག་པ་འཕགས་པ་ཀུན་དུ་བཟང་པོའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་བཞི་པ་ལ་བསྒྲུབ་བྱའི་ཁའི་ནང་དུ་སུཾ་ཡིག་ལྗང་གུ་བསམ་མོ། །ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ལ་ཕོག་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སུཾ་ཡིག་ལ་བསྡུས་ནས་ལྷ་མ་ཡིན་གྱི་གཟུགས་ནི་ལྗང་སྔོན་སྐྲ་སེར་བ་མཆེ་བ་བཞི་པ་མིག་དམར་སེར་ཟུར་གསུམ་པ། སྤུ་མང་ཞིང་རྩུབ་པ། སེན་མོ་རིང་ཞིང་ལྕེ་འདྲིལ་བ་བུད་ནས་ལུས་དུ་མར་གྱུར་ཏེ། རི་རབ་ཀྱི་རྩེ་དང་རི་བདུན་གྱི་ངོས་དང་འཛམ་བུའི་གླིང་ཁྱབ་པར་རྒྱུ་ཞིང་སྔོན་གྱི་ལས་ངན་པ་ཐམས་ཅད་ལ་འགྱོད་པར་བསམ་མོ། །དེའི་ཚེ་རྣམ་སྨིན་གྱི་ལུས་འདི་ཉིད་སྐྲག་ནས་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་གྱི་སྡོམ་པ་བཟུང་ནས་སྔོན་གྱི་བས་གཟུགས་བྱད་བཟང་པོར་གྱུར་པར་བསམ་མོ། །ཆེ་གེ་མོ་ཨཱ་ཡུཿསརྦ་ཨཱ་བ་ར་ཎ་པ་རི་ཤོ་དྷ་ཡ་སྭཱ་ཧཱ་བརྗོད་ཅིང་བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་སུ་ལྷ་མ་ཡིན་གྱི་འཇིགས་པ་ལས་ཐར་བར་གྱུར་ཅིག་ཅེས་ཡང་དང་ཡང་བརྗོད་པར་བྱའོ། །འདི་ནི་ཞག་བདུན་ཕྲག་བཞི་པ་ལྷ་མ་ཡིན་གྱི་འཇིག་རྟེན་དག་པ་སའི་སྙིང་པོའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་ལྔ་པ་ལ་བསྒྲུབ་བྱའི་སྙིང་གར་ཎི་ཡིག་སེར་སྐྱ་བསམ་མོ། །ལྷ་


DTG071_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྔགས་ཀྱི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་སྒྲིབ་པ་ཎི་ལ་བསྡུས་པས་མིའི་གཟུགས་སེར་སྐྱ་བུད་དེ་ལུས་སྔ་མ་ལས་མར་མེ་ལས་མར་མེ་ཆད་པ་ལྟར་རོ། །ལུས་དེ་སྔོན་གྱི་ལས་ལ་འགྱོད་ཅིང་འཛམ་བུའི་གླིང་ཁྱད་པར་ཉུལ་བར་བསམ་མོ། །རྣམ་སྨིན་གྱི་ལུས་སྔ་མ་ནི་གཟུགས་བྱད་བཟང་བར་གྱུར་ནས་འོད་ཟེར་གྱིས་རེག་པའི་མཐུས་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སོ་སོར་ཐར་པའི་སྡོམ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བསམས་ནས་གང་ཉེ་དུས་ལན་བརྗོད་ཅིང་སྡོམ་པ་གསུམ་གཟུང་བར་བྱའོ། །ཆེ་གེ་མོ་སརྦ་མ་ནུཥྱ་ཨཱ་བ་ར་ཎ་པ་རི་ཤོདྷ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་སུ་མིའི་གནས་ཀྱི་སྡུག་བསྔལ་ཟད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །འདི་ནི་ཞག་བདུན་ཕྲག་ལྔ་པ་མིའི་འཇིག་རྟེན་དག་པ་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་དྲུག་པའི་བསྒྲུབ་བྱའི་སྤྱི་བོར་ཡི་གེ་ཨ་དཀར་པོ་བསམས་ནས་ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་སྦྱངས་ནས་ཡི་གེ་ཨ་ལ་བསྡུས་པས་པདྨ་དང་ཟླ་བ་ལ་གནས་པའི་ལྷའི་བུ་ཤིན་ཏུ་དཀར་ཞིང་དལ་བར་གྱུར་ཏེ་མགོན་པོ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་སྩལ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུང་བར་བསམ་མོ། །རྣམ་པར་སྨིན་པ་འདིས་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། གསང་སྔགས་ཀྱི་དམ་ཚིག་གནོད་པར་བསམ་མོ། །བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་སུ་ཡང་འདོད་པའི་ལྷ་རྣམ་པར་གཡེང་བའི་འཇིགས་པ་ལས་ཐར་བར་གྱུར་ཅིག་ཅེས་བརྗོད་དོ། །ཆེ་གེ་མོ་སརྦ་དེ་བ་ཨཱ་བ་ར་ཎ་པ་རི་ཤོ་དྷ་ཡ་སྭ་ཧཱ་ཞེས་པ་ལ་སོགས་པ་ལྷག་མ་སྔར་ལྟར་རོ། །འདི་ནི་ཞག་བདུན་ཕྲག་དྲུག་པ་ལྷའི་འཇིག་རྟེན་པ་འཕགས་པ་བྱམས་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་བདུན་པ་ལ་བསྒྲུབ་བྱའི་མཛོད་སྤུར་ཡི་གེ་ཨོཾ་དཀར་པོ་བསམ་མོ། །ལྷ་དང་སྔགས་ཀྱི་འོད་ཟེར་གྱི་རྩེ་མོར་ལྷའི་བུ་དང་ལྷའི་བུ་མོ་བུམ་པ་ཐོགས་པ་དུ་མ་བྱུང་བས་བསྒྲུབ་བྱའི་སྤྱི་བོ་ནས་དབང་བསྐུར་ནས་སྒྲིབ་པ་དག་པས་སྤྱི་བོར་སངས་རྒྱས་རྣམ་པར་སྣང་མཛད་བཞུགས་པར་བསམ་ཞིང་འོག་མིན་གྱི་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་


DTG071_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་འོད་ཟེར་གྱིས་བསྒྲུབ་བྱ་རྣམ་པར་སྣང་མཛད་དང་བཅས་པ་ལ་ཕོག་པ་ཙམ་གྱིས་བསྒྲུབ་བྱའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གདུགས་ལྟ་བུའི་རྣམ་པར་གྱུར་ནས། ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་དཀར་པོ་གསལ་བར་དམིགས་སོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཙིཏྟ་པྲ་ཏི་བྱ་དྷཾ་ནཱཾ་ཀ་རོ་མི་ཞེས་ཕྱོགས་བཅུ་ན་བསྒྲགས་པའི་དེ་མ་ཐག་ཏུ་ཟླ་བའི་དཀྱིལ་འཁོར་གང་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོའི་འོད་ཀྱི་ས་སྤྲུལ་ཤུན་པ་བ་རྗེས་པ་ལྟར་ཁོག་པ་འདིར་གཞག་ནས། ཁོག་པའི་ནང་ནས་རྣམ་སྨིན་གྱི་ལུས་དང་འདྲ་བ་ཞིག་འོད་ཟེར་གྱིས་ཁྲིད་ནས་པདྨའི་གནས་ཆེན་པོའི་དྲུང་དུ་འཁོད་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡསྠཱ་ཨ་ཧཾ་ཞེས་གསུངས་པ་ཙམ་གྱིས་སྙིང་གའི་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་སྣང་ངོ༌། །དེའི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་ནས་བྱོན་པའི་སངས་རྒྱས་ཐམས་ཅད་བྱོན་ནས། ཀྱེ་རྡོ་རྗེ་དབྱིངས་ཞེས་བརྗོད་ཅིང་རིན་པོ་ཆེའི་བུམ་པའི་བདུད་རྩིའི་ཆུ་དུ་མས་དབང་བསྐུར་བར་བསམ་མོ། །ལྷོ་ཕྱོགས་པ་ཐམས་ཅད་ཀྱིས་རིན་པོ་ཆའི་དབུ་རྒྱན་གཞག་པར་བསམ་མོ། །ནུབ་ཕྱོགས་པ་ཐམས་ཅད་ཀྱིས་ལག་ཏུ་རྡོ་རྗེ་གཏད་པ་དང༌། བྱང་ཕྱོགས་པས་དྲིལ་བུ་གཏད་པ་དང༌། ཞིང་འདི་ཉིད་ཀྱི་རྣམ་པར་སྣང་མཛད་ཆེན་པོས་མེ་ཏོག་གི་ཕྲེང་བ་དབུ་ལ་བཞག་པའི་དེ་མ་ཐག་ཏུ་སྐུ་མདོག་དཀར་པོ། །ཞལ་བཞི་ཕྱག་བརྒྱད། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞབས་བཞི་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་གྱུར་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་སྣང་མཛད་ཆེན་པོ་ཞེས་བརྗོད་པར་བསམ་མོ། །བདེན་པ་དང་སྨོན་ལམ་བརྗོད་པ་ཐམས་ཅད་ཀྱི་མཐར་ཡང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག་ཅེས་བརྗོད་ཅིང་སྔགས་ཀྱི་མཐར་ཡང་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་སྭཱ་ཧཱ། ཞེས་བརྗོད་དོ། །འདི་ཐུན་མཚམས་ཐམས་ཅད་དུ་རིག་པའི་དབང་བསྐུར་ཞིང་ཞག་བདུན་གྱི་མཐར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་དང་པོའི་སངས་རྒྱས་ཞེས་མཚན་བཏགས་པར་བསམ་མོ། །ཚིགས་ཐ་མ་གསུམ་པོ་འདི་དག་གི་ཚེ་ལམ་སྦྱང་བ་དང་ལམ་བསྟན་


DTG071_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུན་མཚམས་ཐམས་ཅད་དུ་བྱའོ། །དེ་ལྟར་ཚིགས་བདུན་ཕྲག་གི་རྗེས་སུ་སྦྱིན་སྲེག་བྱ་སྟེ། དེ་ཡང་ལྷའི་གྲོང་ཁྱེར་དུ་བསམས་ནས། བསྲེག་རྫས་ཀྱི་མཆོད་པའམ། ཡང་ན་ཐབ་ཏུ་ལྷའི་དཀྱིལ་འཁོར་བསམས་ནས་རོ་ལ་ཞལ་ཟས་སུ་བྱིན་གྱིས་བརླབས་ནས་བསྲེགས་ཏེ་ཐལ་བར་གྱུར་པ་དང་རུས་པའི་ཐལ་བ་དེ་བརྡུངས་ནས་སྔོན་ལྟར་སཙྪའི་ཆོ་ག་འབི་འབིའི་ནང་དུ་བཅུག་ན་ས་ཚ་ཚ་བྱའོ། །ཚ་ཚ་དེ་དག་ཀྱང་སྔོན་གྱི་ཆོ་གས་བྱས་པའི་མཆོད་རྟེན་གྱི་ནང་དུའམ་ཡང་ན་ཆུ་བོ་ཆེན་པོའི་འགྲམ་དུ་གཞག་གོ །རོ་བསྲེག་པའི་ཆོ་ག་ཡང་གཞན་དུ་ཤེས་པར་བྱའོ། །འདི་ལྟར་ཆོ་ག་འདིའི་དཀྱིལ་འཁོར་གྱི་རྡུལ་ཚོན་གྱིས་ར་བར་གཏོར་ན་ཕྱུགས་ནད་མེད་པར་བྱེད་དོ། །ཡང་ཐོག་དང་ཚད་མང་དང་ཉལ་སར་གཏོར་ན་མིག་ནད་ལ་སོགས་པ་སེལ་ཏོ། །ཞིང་ལ་གཏོར་ན་འབུ་དང་རྩ་དང་སད་དང་སེར་བ་དང་མྱགས་པ་དང་བསྐམས་པ་ཐམས་ཅད་མེད་པར་བྱེད་དོ། །འདི་ནི་ཞག་བདུན་ཕྲག་བདུན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་པ་སྒྲིབ་པ་རྣམ་སེལ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལྟར་བདུན་ཚིགས་ཀྱི་ཚུལ་དེ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་གསུངས་ཏེ། དགེ་བས་ངན་འགྲོ་ལས་གྲོལ་ཞིང༌། །ཤེས་རབ་ཀྱིས་ནི་བྱང་ཆུབ་ཐོབ། །ཕུན་སུམ་ཚོགས་གང་སྔོན་བྱས་ནས། །དེ་བཞིན་ཉིད་རྟོགས་སངས་རྒྱས་འགྱུར། །ལམ་རྒྱུ་བཟང་ཞིང་གསོན་ཚེ་ལ། །དགེ་སྤྱོད་ཤིན་ཏུ་དྲག་པ་ནི། །མཐོ་རིས་སམ་ནི་ཐར་པར་ངེས། །དེ་ལ་བར་དོ་མ་མཆིས་སོ། །ལམ་རྒྱུད་དམན་ཞིང་ཚེ་འདིར་ཡང༌། །ངན་སྤྱོད་ཤིན་ཏུ་མང་པོ་རྣམས། །ལྷ་མི་དམན་དང་ངན་འགྲོར་ངེས། །དེ་ཉིད་ནམ་ཡང་བར་དོ་མེད། །ལས་རྒྱུ་སྣ་ཚོགས་སྣང་མོད་ཀྱང༌། །དགེ་ལ་སྤྲོ་ཞིང་མི་དགེ་སྤང༌། །ཅུང་ཟད་སྤྱོད་པའི་མིང་གང་དེ། །བར་དོ་དེ་ལ་ཡོད་མོད་ཀྱང༌། །བདུན་ཕྲག་གཅིག་སོགས་བདུན་གྱི་མཐའ། །དེ་ལས་ལྷག་པར་མི་གནས་ལགས། །མི་ཡི་ཞག་བདུན་བར་དོའི་ཚེ། །དེ་ཡི་བར་དོ་ཡུད་ཙམ་བདུན། །ཤི་བའི་རྗེས་སུ་དགེ་སྤྱོད་ན། །བར་དོ་བདེ་ཞིང་སྐྱེ་བ་ཡང༌། །བཟང་པོ་དེ་མ་ཐག་ཏུ་འགྲོ། །སྐྱེ་བ་གཞན་དུ་བདེ་སྤྱོད་འགྱུར། །ཤི་བའི་རྗེས་སུ་ངན་སྤྱོད་ན། །བར་དོ་སྡུག་བསྔལ་སྐྱེ་གཞན་


DTG071_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །དམན་པར་སྐྱ་ཞིང་ངན་སྤྱོད་འགྱུར། །བརྩེ་བ་ཅན་གྱིས་ཤིན་ཏུ་སྤང༌། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། ཡིད་བཞིན་ནོར་འདྲའི་གཟུངས་འདི་ནི། །དཔལ་དང་འབྱོར་པ་ཀུན་བྱེད་དེ། །ཤི་བའི་དོན་དུ་བརྗོད་པའམ། །ཡང་ན་ཞག་གྲངས་བདུན་ཕྲག་བདུན། །དཀྱིལ་འཁོར་ཆེན་པོའི་ལྷ་མཆོད་ཕྱིར། །བུམ་པ་ཚ་ཚ་དང་འབྲེལ་ཅིག །འགྲོ་གནས་སྡིག་པ་ཀུན་སེལ་བྱ། །སྔགས་དང་ལྷ་ཡི་གཞི་བརྗིད་ཀྱིས། །མི་དགེའི་ལས་རྣམས་འགྲོ་གཟུགས་སུ། །རྣམ་སྨིན་ལུས་ལ་བྱུང་ནས་ཀྱང༌། །རང་རིག་གནས་སུ་སོང་བར་དམིགས། །འགྲོ་བ་དྲུག་གི་དུག་བསལ་ནས། །མཐར་ནི་ཐར་པའི་ལམ་གཞག་ཕྱིར། །འདྲེན་པའི་འོད་ཀྱིས་རབ་བསྐུལ་ཏེ། །སངས་རྒྱས་ཞིང་དུ་བཞག་ནས་ཀྱང༌། །ཐུབ་རྣམས་དེ་ལ་དབང་བསྐུར་མཛད། །རྣམ་དག་སངས་རྒྱས་སྐུར་གྱུར་ནས། །མཚན་ཡང་ཆེ་གེ་རྣམ་སྣང་མཛད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་མཆོད་རྟེན་མང་ཞབས་སུ་ཤི་བ་པོའི་བར་དུ་གཅོད་པ་ཐམས་ཅད་ཀྱི་མིང་བྲིས་ནས་རྫ་སར་པའི་བུམ་པར་བཅུག་ལ་བཞག་གོ །མཆོད་རྟེན་དང་ཚ་ཚའི་ཆུ་ཇི་སྲིད་པ་ནི་ཤི་བ་པོའི་རོའམ་རུས་པའམ་གོས་བཀྲུས་པའི་ཆུས་བྱའོ། །བུམ་པའི་ནང་གི་སྟེང་གི་ཁྲི་ལ་ཡང་ཤི་བ་པོའི་རྟེན་བཞག་གོ །ཡང་ན་ཚ་ཚའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླགས་པའི་དྲུང་དུ་རུས་པ་གཟུངས་སྔགས་ཀྱི་ཆུས་ཁྲུས་བྱས་ནས་སྙིང་པོ་བྲིས་པ་དཀྲིས་ཏེ་ཚ་ཚའི་ནང་དུ་གཞུག་གོ །དེ་ནས་ཚ་ཚ་བརྒྱ་རྩ་བརྒྱད་རེ་རེ་ཞིང་དཀྱིལ་འཁོར་བྲིས་ནས་བུམ་པ་གང་བ་དང་བཅས་པ་མཆོད་ཅིང་གཟུངས་སྔགས་བརྗོད་དོ། །དེའི་ཚེ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱིས་བསྒྲུབ་བྱ་དེ་དབང་བསྐུར་བར་བསམ་མོ། །གཟུངས་ཀྱི་ཆོ་ག་ཚར་བ་དང་བསྒྲུབ་བྱའི་རྟེན་དེ་ལ་ཁྲུས་བྱའོ། །རུས་པའམ། གོས་སམ། གཟུགས་བརྙན་སྟོང་ཁྲུས་ཀྱིས་དག་པར་བྱས་པར་འགྱུར་རོ། །ཆོ་གའི་ཚུལ་དེ་དང་ལྡན་པའི་ཚ་ཚ་སྟོང་གིས་ནི་བསྒྲུབ་བྱ་དེ་ལྷའི་དབང་པོར་འགྱུར་རོ། །ཁྲིས་ནི་མཐའ་བྲལ་གྱི་བདག་པོར་འགྱུར་རོ། །འབུམ་གྱིས་ནི་དགའ་ལྡན་གྱི་བདག་པོར་འགྱུར་རོ། །ས་ཡས་ནི་འཕྲུལ་དགའི་བདག་པོར་འགྱུར་རོ། །བྱེ་བས་ནི་གཞན་


DTG071_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དབང་བྱེད་ཀྱི་བདག་པོར་འགྱུར་རོ། །དེའི་འོག་ཏུ་གཟུངས་ཀྱི་སྒོ་འབུམ་ཕྲག་ལ་མངའ་བརྙེས་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཐོབ་པར་འགྱུར་རོ། །ཞིང་འབུམ་ཕྲག་མཐའ་ཡས་པ་སྦྱོང་བར་འགྱུར་རོ། །ཆོ་ག་ལྷག་མ་ནི་སྔར་ལྟར་བྱའོ།། ཤི་བ་ལ་ཕན་གདགས་པའི་རིམ་པའོ།། །།གཅན་གཟན་དང་ལ་སོགས་པ་ནི་རྒྱུ་དེ་ཕན་གདགས་པའོ། །ཀུན་ནས་སྒོར་འཇུག་པ་ལ་སོགས་པས་ནི་བཟླས་པའི་གྲངས་གསུངས་ཏེ། ལན་སྟོང་ནི་ཤི་བ་ལ་ཕན་གདགས་པའི་བཟླས་བརྗོད་ཀྱི་གྲངས་སོ། །ཁྲི་ནི་འཆི་བ་སླུ་བའི་ཚེས་བརྒྱད་ནས་ཉའི་བར་དུ་དགེ་སློང་ལ་སོགས་པ་གང་ཟག་བཅུས་བྱེད་པའི་གྲངས་སོ། །འབུམ་ནི་བསྙེན་པའི་བཟླས་བརྗོད་ཀྱི་གྲངས་སོ། །འབུམ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ཅེས་པ་ནི་སྙིང་པོ་འབའ་ཞིག་གུར་གུམ་དང་གི་ཝང་དང་ཙནྡན་ལ་སོགས་པས་སྔོན་བཞིན་བྲིས་ནས་ཚ་ཚའི་ནང་དུ་བཅུག་པའོ། །འབུམ་ཚང་ནས་མཆོད་རྟེན་ཆེན་པོ་ཅིག་གི་ནང་དུ་བཅུག་སྟེ་ཤིང་བུ་བསྒྲེང་ཞིང་རྒྱན་བཏགས་ནས་མཆོད་དོ་ཞེས་པ་ནི་འབུམ་གཏེར་ཆེན་པོའི་རིང་བསྲེལ་ལོ། །དེ་ལ་མཆོད་རྟེན་གྱི་རིམ་པ་ནི། རིའམ་ཐང་ངམ་ལྗོངས་གང་དག །དུར་ཁྲོད་ལ་སོགས་སྤངས་པ་ཡི། །ཡིད་འོང་གནས་སུ་རྒྱལ་བ་ཡི། །སྐུ་གདུང་མཆོད་རྟེན་བརྩིག་པར་བྱ། །ཡང་ན་སའམ་རྡོ་དག་ལ། །མཁས་པས་ཚུལ་བཞིན་བརྐོ་བར་བྱ། །སའམ་རྡོའམ་ཤིང་དག་གམ། །ཡང་ན་ཚོགས་པས་བརྩིག་པར་བྱ། །དེ་ལ་སངས་རྒྱས་ཀྱི་མཆོད་རྟེན་ནི་ཁྲི་འཕང་བཅུ་གསུམ་ཡན་ཆད། །སུམ་ཅུ་རྩ་གཉིས་མན་ཆད་དོ། །རང་སངས་རྒྱས་ཀྱི་དགུ་ཡན་ཆད་བཅུ་གཅིག་མན་ཆད་དེ། ཆར་ཁེབ་དང་ཏོག་ཀྱང་མེད་དོ། །དགྲ་བཅོམ་པའི་ཁྲི་འཕང་བཞི་ཡན་ཆད་དོ། །འཁོར་ལོ་ལྔ་པའོ། །རྒྱུན་དུ་ཞུགས་པ་ནས་ཕྱིར་མི་འོང་བའི་བར་གྱི་ཁྲི་འཕང་གསུམ་ཁོ་ནའོ། །འཁོར་ལོ་བདུན་པའོ། །སོ་སོའི་སྐྱེ་བོའི་ཁྲི་འཕང་གཉིས་འཁོར་ལོ་བཞིའོ། །དེ་ལས་སངས་རྒྱས་ཀྱི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ཆེན་པོ་བརྒྱད་ནི་གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་གིས་ཡོན་བདག་བྱས་ནས་དཔལ་ལྷ་ལས་བབས་


DTG071_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་རྟེན་བརྩིགས་སོ། །ཡུལ་མ་ག་དྷཱ་དབུས་འགྱུར་ཚལ་དུ་རྒྱལ་པོ་མ་སྐྱེས་དགྲས་ཡོན་བདག་བྱས་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྩིགས་སོ། །གྲོང་ཁྱེར་རྩ་མཆོག་ཏུ་གྱད་རྣམས་ཀྱིས་ཡོན་བདག་བྱས་ནས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་བརྩིགས་སོ། །ཡུལ་བཱ་རཱ་ཎ་སཱི་དུ་སེར་སྐྱའི་རྒྱལ་པོ་ཚངས་བྱིན་གྱིས་ཡོན་བདག་བྱས་ནས་དཔལ་ཆོས་ཀྱི་འཁོར་ལོའི་མཆོད་རྟེན་བརྩིགས་སོ། །ཡུལ་ཡངས་པ་ཅན་དུ་རྒྱལ་པོ་ལི་ཙ་བྱི་གཞོན་ནུས་ཡོན་བདག་བྱས་ནས་དཔལ་ཀ་ནི་ཀའི་མཆོད་རྟེན་བརྩིགས་སོ། །ཡུལ་མཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་ཡོན་བདག་བྱས་ནས་དཔལ་བཀྲ་ཤིས་སྒོ་མངས་བརྩིགས་སོ། །ཡུལ་ཆད་གེར་རྒྱལ་པོ་བདུན་འཛིན་ཏ་ལས་ཡོན་བདག་བྱས་ནས་དཔལ་འོད་ཅན་གྱི་མཆོད་རྟེན་བརྩིགས་སོ། །ཡུལ་ཏི་ཀ་ཙ་ཤིར་རྒྱལ་པོ་ཨིནྡྲ་བ་མིས་ཡོན་བདག་བྱས་ནས་མཆོད་རྟེན་པདྨ་ཅན་བརྩིགས་སོ། །སླན་ཆད་ཀྱང་དེ་དག་གི་རྗེས་སུ་འབྲངས་ཏེ་བརྩིག་པར་བྱའོ། །དེ་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཚུལ་དུ་བརྩིགས་ན། སྐུ་གདུང་གི་རྨང་ཡོད་ན་རྨང་རྟེན་ཇི་ལྟར་མཐོ་བ་བཟང་པོ་རྟེན་མེད་ན་བང་རིམ་དང་པོའི་སུམ་ཆའི་ཚད་དོ། །དེའི་སྟེང་དུ་དགེ་བཅུ་ནི་ཕྱིར་བསྐྱེད་པ་དང་རྔམས་བང་རིམ་དང་པོའི་རྔམས་ཕྱེད་དོ། །གནམ་འཕང་ཕྱི་ལ་བང་རིམ་དང་པོའི་ངོས་ཚད་དོ། །དེ་ཡན་ཆད་སྲོག་ཤིང་སྟེ་བང་རིམ་དང་པོའི་གཞི་གསུམ་གྱི་ཚད་དོ། །བང་རིམ་བཞི་འཕང་མཉམ་མོ། །བང་རིམ་རྔམས་ཀྱི་ཕྱིར་ཚད་ཁྲི་འཕང་ངོ༌། །བུམ་རྟེན་ཁྲི་འཕང་གི་ཕྱེད་ཚད་དོ། །བུམ་པ་ནི་བང་རིམ་དང་པོའི་སུམ་གཉིས་ཀྱི་ཚད་དོ། །སྟོད་ཀྱི་སྐེད་ནི་བང་རིམ་གསུམ་པ་དང་མཉམ་མོ། །བྲེ་རྟེན་གྱི་རྒྱ་ནི་བང་རིམ་བཞི་པའི་ལྔ་ཆ་གཅིག་གོ །བྲེ་ནི་བང་རིམ་བཞི་བའི་བཞི་ཆ་གཅིག་གོ །དེ་གཉིས་ཀའི་འཕང་ནི་བང་རིམ་གྱི་སུམ་གཉིས་དང་བང་རིམ་གྱི་ཕྱེད་དོ། །བང་རིམ་བཞི་པའི་ཤར་དང་ལྷོར་གསལ་ཁུང་བང་རིམ་ཉིད་ཀྱི་བརྒྱད་ཆའོ། །སྲོག་ཤིང་གི་རྩ་བ་བང་རིམ་བཞི་པ་ལ་རེག་གོ །འཁོར་ལོ་བཅུ་གསུམ་གྱི་འཕང་དུ་བང་རིམ་དང་པོའི་བཞི་གསུམ་གྱི་ཚད་དོ། །འཁོར་ལོ་དང་པོ་ནི་བྲེའི་ཟུར་བཞི་ལ་སླེབས་སོ། །དེ་བཞི་ཆས་འཁོར་བའི་ཚད་ནི་འཁོར་ལོ་བཅུ་གསུམ་པའོ། །


DTG071_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པོ་ཡང་དེའི་རིམ་གྱིས་གཞོལ་པའོ། །རྩེག་པར་ཐམས་ཅད་ནི་ཅི་མཛེས་སུ་བྱའོ། །ཐུགས་རྗེས་མདོ་གཟུངས་འཕང་ལོ་ཆུང་བ་དང་མཉམ་མོ། །དེའི་རྨད་དུ་རྔམས་ཀྱི་གཞི་གསུམ་ནི་འཇམ་པོ་ཉིད་སྟོད་དུ་བཞི་ཆ་གཅིག་ནི་ཕྲེང་བའི་སུལ་བཅུ་དྲུག་པའོ། །དེའི་སྟེང་དུ་འཁོར་ལོ་བཅུ་གསུམ་པ་ཉིད་ཀྱི་ཤིང་གི་ཕྱེད་ཚད་ཡར་རྩེ་ཕྲ་བ་བང་རིམ་ཉིད་ཀྱི་འཕང་ཕྱེད་དོ། །ཡང་སྲོག་ཤིང་འཕང་དུ་བྲེ་ཕྱེད་ཙམ་སྟེང་དུ་ཟླ་བའི་རྩེ་མོ་གདུགས་དང་མཉམ་སྲོག་ཤིང་ལ་བསྐོར་ཏེ་རྩེ་མོ་བགྲད་དོ། །གདུགས་ནི་འཁོར་ལོ་བདུན་པ་དང་མཉམ་མོ། །གདུགས་ཁེབས་འཁོར་ལོ་དྲུག་པ་དང་མཉམ་མོ། །ཟ་ར་ཚགས་ནི་བྲེའི་འཕང་དང་མཉམ་མོ། །ཡང་སྲོག་ཤིང་འཕང་དུ་བྲེའི་སུམ་ཆའི་ཚད་ཀྱི་སྟེང་དུ་ཉི་མ་ཟླ་བ་ལས་ཁྱད་ཡུད་ཙམ་མོ། །ཉི་མའི་སྟེང་དུ་རྟོག་གི་ཨུཏྤལ་སེར་པོའི་ཏོག་བུ་འདྲ་སྟེ་ཅི་མཛེས་ཉི་མ་དང་ཟླ་བ་དང་ཏོག་པ་ཐམས་ཅད་ཀྱི་ཟུར་ལ་བྱ་མི་ཆགས་པར་བྱ་བའི་ཕྱིར་ལྕགས་ཀྱི་ཐུར་མ་རྣོན་པོ་གཟེར་བར་བྱའོ། །ཏོག་ནི་སེར་པོ་ཉི་མ་ནི་དམར་པོ། །ཟླ་བ་ནི་དཀར་པོ། གདུགས་ཁེབས་ནི་དཀར་པོའོ། །གདུགས་ནི་སྔོན་པོ། །གདུགས་ཀྱི་ཕྱོགས་བཞིར་རིགས་བཞིའི་ཕྱག་རྒྱ་བྲིའོ། །ཐུགས་རྗེའི་ཕུལ་ནི་དམར་པོའོ། །ཐུགས་རྗེ་ཉིད་དང་ཤེས་རབ་བཅུ་ནི་སེར་པོའོ། །འཁོར་ལོ་ཐམས་ཅད་དང་སྲོག་ཤིང་དམར་པོའོ། །མཆོད་རྟེན་ཀྱང་དཀར་པོའོ། །དགེ་བཅུ་ཡང་སེར་པོའོ། །རྨང་དང་རྨང་རྟེན་ལྗང་གུའོ། །མཆོད་རྟེན་བརྩིག་པའི་རིམ་པའོ། །ད་ནི་མཆོད་རྟེན་གྱི་བུམ་རྟེན་གྱི་སྟེང་དུ་སྔོན་ནས་གདུང་མ་བཞི་རྒྱ་གྲམ་དུ་བྲི་བར་བྱའོ། །དེ་ཇི་ལྟར་འཚམ་པའི་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དཀྱིལ་འཁོར་གྱི་ཚད་དང་མཉམ་པའི་ཞེང་གི་གཞི་བྲིའོ། །དེའི་སྟེང་དུ་རྡོ་ལེབ་བམ་སོ་བཏང་བའི་སོ་ཕག་ལེགས་པར་གཞིབ་བོ། །དེའི་སྟེང་དུ་བཀྲ་ཤིས་པའི་ས་རྩྭ་མུཉྫ་གཏུབས་པ་དང༌། བསྲེས་པའི་དྲི་བཟང་པོའི་ཆུས་སྦྲུས་ནས་གྲོ་ཕྱེ་དང་ཤིང་བལ་བསྐོལ་བས་བསྲེ་བར་བྱའོ། །རྒྱ་ཇི་ཙམ་ཡོད་པའི་བཅུ་དྲུག་གམ་བརྒྱད་ཀྱི་ཆ་ནི་འཕངས་སུ་བྱའོ། །གཉེར་མ་དང་སྒོ་འཕུར་མེད་པའི་གྲུ་བཞི་པར་བྱའོ། །དེ་ནས་ཐིག་གདབ་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལས་སྐྱོན་མེད་རས་བལ་འཇམ་པོ་ནི། །ཤིན་ཏུ་


DTG071_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བའི་བུ་མོས་ནི། །ཤར་དུ་བལྟས་ནས་དགུ་བསྒྲིལ་དུ། །སྔགས་འདི་བརྗོད་ཅིང་བཀལ་བར་བྱ། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ། སརྦ་དྷ་རྨཱ་སྥ་ར་སརྦ་དྷ་རྨཱ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷ་རྨཱ་ཧཱུཾ། ཤར་ནུབ་ལྷོ་བྱང་ཚངས་ཐིག་གདབ། །ཚངས་དང་དངོས་དང་གྲུ་ཆད་གདབ། །ནང་གི་ཕྱེད་ཀྱང་ཕྱེད་ཚད་གདབ། །རྒྱབ་ཏུ་ཕྱེད་ཕྱེད་ཚད་བཏབ་ནས། །ལྔ་པ་ཕྱི་ནས་ཆ་རེ་གདབ། །དྲུག་པ་དབུས་དཀར་རྒྱབ་མ་བཀས། །བཞི་རྒྱབ་ཕྱོགས་བཞིར་དབུས་ཆ་བཞི། །རེ་རེ་ཡང་ནི་བཞི་བཞིར་བགོ །དེས་ནི་སྒོ་ཡི་དཀྱིལ་འཁོར་ལོ། །ཕོ་བྲང་ཅི་བདེར་བསྒྲུབ་པར་བྱའོ། །དེའི་རྒྱབ་ཏུ་ཆ་གཉིས་ཀྱང༌། །ཕྱེད་ཆ་རེ་རེར་བསྐོར་བ་ནི། །པདྨ་རྡོ་རྗེ་འོད་ཕྲེང་དང༌། །མཆོད་པ་དགོད་པའི་ས་གཞི་སྟེ། །ཞེས་པའི་ཚུལ་གྱིས་ཐིག་བཏབ་ནས་ས་ཚོན་བཀྱེ་བས་གྲུ་བཞི་སྒོ་བཞི་རྟ་བབས་དང་དྲ་ཤར་དང་ཟླ་མཛེས་དང་བ་དན་ལ་སོགས་པའི་དཀྱིལ་འཁོར་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་བྲིའོ། །ཕྱི་རོལ་དུ་ར་བ་རིམ་པ་གསུམ་ནི་སྣ་ཚིགས་པདྨ་དང་རྡོ་རྗེ་སྔོན་པོའི་ཕྲེང་བ་དང་དམར་སེར་མེ་འོད་འབར་བ་ཐམས་ཅད་དུ་ཟླུམ་པོ་དྲང་བའོ། །སྐྱིལ་འཁོར་དེ་ལ་ལྷའི་རྟེན་དགོད་པར་བྱ་སྟེ། སྐུའམ་ཙ་ག་ལིའམ་ཕྱག་རྒྱའམ་མིང་ཡིག་ཀྱང་རུང་སྟེ། ཚོན་མ་ལུས་པས་བྲིས་ནས་དགོད་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་བརྒྱུད་ལས། ཕུང་པོ་ལྔ་དང་བཅོ་བརྒྱད་ཁམས། །འབྱུང་བཞིར་བཅས་པའི་ལུས་ཀྱིས་ནི། །དཀྱིལ་འཁོར་ཆེན་པོ་འདི་བལྟས་ན། །མི་དེ་མྱུར་དུ་གྲོལ་བར་འགྱུར། །ཞེས་སོ། །དེ་ནས་ལུས་དཀྱིལ་འཁོར་ཅི་ལྟ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་ལའང་ལྷ་ཉི་ཤུ་རྩ་བདུན་དུ་ངེས་སོ། །དེའང་གཟུངས་ཀྱི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་ཡབ་ཡུམ་ལ་ལྷ་མོ་ཉི་ཤུ་རྩ་དྲུག་གིས་བསྐོར་བའོ། །རིག་སྔགས་ཀྱི་དཀྱིལ་འཁོར་ལྷ་མོ་དང་བྱང་ཆུབ་སེམས་དཔའོ། །གསང་སྔགས་ཀྱི་དཀྱིལ་འཁོར་ལ་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ། །འོན་ཀྱང་ཉི་ཤུ་རྩ་བདུན་དེ་དག་ཀྱང་ཕྱོགས་དང་ཁ་དོག་གི་བྱེ་བྲག་གིས་ལྷ་རེ་རེ་ཡང་བཞི་བཞིར་འགྱུར་ལ་དེ་ལྟར་ན་རིགས་འདུས་པའི་ལྷ་བརྒྱ་རྩ་བརྒྱད་དོ། །དེ་ཉི་ཤུ་རྩ་ལྔར་འདུ་ཞིང་དགུ་དང་ལྔ་དང་གཅིག་


DTG071_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་ཡང་ངེས་སོ། །དེ་བརྒྱ་རྩ་བརྒྱད་ཀྱི་དབང་དུ་བྱས་ནས་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་ཞལ་བཞི་ཕྱག་བརྒྱད་ཞབས་བརྒྱད་པ་ཡུམ་དང་བཅས་པའོ། །གཡས་སུ་ཉི་མ་རྣམ་པར་སྣང་མཛད་དོ། །གཡོན་དུ་ཟླ་བ་རྣམ་པར་སྣང་མཛད་དོ། །གཡོན་དུ་ཟླ་བ་རྣམ་པར་སྣང་མཛད། །ཤར་དུ་མིང་སྐྱོད་པ་ལ་རིགས་བཞི་དང་སྤྱན་མ་ལ་སོགས་པ་བཞི་དང༌། གཟུགས་རྡོར་རྗེ་ལ་སོགས་པ་བཞི་དང༌། ལཱ་སྐྱེ་ལ་སོགས་པ་བཞིས་བསྐོར་བའོ། །དེ་ཁོ་ན་བཞིན་དུ་ལྷོ་ནུབ་དང་བྱང་དུ་ཡང་ཤེས་པར་བྱའོ། །དེ་ནི་དབུས་ཀྱི་ཕོ་བྲང་ངོ༌། །དེ་ཡང་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས། ཐབས་དང་ཤེས་རབ་རང་བཞིན་གྱི། །དཀྱིལ་འཁོར་གཙོ་བོ་རྣམ་སྣང་མཛད། །མདོག་སྐྱ་བྱང་ཆུབ་མཆོག་གི་རྒྱ། །ཞལ་བཞི་པ་ལ་ཕྱག་བརྒྱད་དོ། །རིག་པ་ཀུན་གྱི་འབྱུང་གནས་མཆོག །ཟླ་བ་ཉི་མ་རྣམ་སྣང་མཛད། །ཉི་མ་ཟླ་བ་འཆང་བའོ། །ཕྱོགས་བཞི་ཕོ་བྲང་དབུས་སུ་ནི། །རྡོ་རྗེ་རིན་ཆེན་པདྨའི་རིགས། །ལས་ཀྱི་རིགས་རྣམས་སོ་སོར་ཡང༌། །རང་རིག་སངས་རྒྱས་སྲས་པོ་དང༌། །སྤྱན་མ་བདག་མོ་དགོད་དཀར་སྒྲོལ། །གཟུགས་སྒྲ་དྲི་རོ་ལྷ་མོ་དང༌། །སྒེག་མོ་གར་ཕྲེང་གླུ་མ་རྣམས། །ཕྱོགས་མདོག་རིགས་ཀྱི་ཕྱག་རྒྱ་ཅན། །གཡོན་པ་རང་རྟགས་ཕྱག་རྒྱ་འཆང༌། །ལྡེམ་བག་ཞི་བའི་ཚུལ་དུ་བསམ། །ཞེས་པ་དང༌། ཡང༌། བྱང་ཆུབ་སེམས་དཔའ་སུམ་ཅུ་གཉིས། །ལྷ་ཡི་སྣམ་བུར་དགོད་པར་བྱ། །རིག་པའི་ལྷ་མོ་ཁྲོ་མོ་ཆེ། །མོས་པས་སྒོ་ལ་དགོད་པར་བྱ། །ཞེས་གསུངས་སོ། །དེ་ཡི་རྒྱབ་ཏུ་ལྷ་རྣམས་ལ། །བསྐལ་བཟང་སེམས་དཔའ་བཅུ་དྲུག་གོ །སྒོ་བཞིར་ལྷ་མོ་བཞིའམ་ཁྲོ་བོ་བཞི་དབུས་ཀྱི་གཙོ་བོ་ལ་ཡང་གཟུངས་ཀྱི་ཚུལ་དུ་སྒྲུབ་པ་ལ་ལྷ་མོ་བཞིའོ། །རིག་སྔགས་དང་གསང་སྔགས་ཀྱི་ཚུལ་དུ་སྒྲུབ་པ་ལ་རིགས་བཞི་ཉིད་དོ། །ཡང་དབུས་སུ་རིགས་ལྔ་མཚམས་སུ་སྤྱན་མ་ལ་སོགས་པ་བཞི་དང་ཕོ་བྲང་གི་དབུས་སུ་གཟུགས་རྡོ་རྗེ་ལ་སོགས་པ་བཞི་དང༌། སྒོ་བཞིར་ལྕགས་ཀྱུ་མ་ལ་སོགས་པ་བཞིའམ་ཡང་ན་ཁྲོ་མོ་བཞིའོ། །སྒོའི་ནང་གི་ལྷ་རྣམས་ལ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཟུང་རེ་སྟེ་བརྒྱད་དོ། །རྟེན་དེ་དག་བཀོད་ནས་དཀྱིལ་འཁོར་ཡོལ་


DTG071_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བ་དམར་པོ་དང་བལ་རེ་སྔོན་པོས་བྱའོ། །ཅོད་པན་དང་བ་དན་དང་རྒྱལ་མཚན་དང་གདུགས་ལ་སོགས་པ་ངོས་རེ་རེ་ཡང་བརྒྱད་བརྒྱད་མངོན་པར་འདུ་བྱ་སྟེ་ལེགས་པར་དགོད། དེའི་སྟེང་དུ་ཁྲི་བཅས་ནས་ཡོན་གྱི་བདག་པོ་གང་དེའི་གོས་ལ་སོགས་པ་དང་གཟུགས་བརྙན་གཞག་པར་བྱའོ། །དེ་ནི་དཀྱིལ་འཁོར་གྱི་རིམ་པའོ། །ད་ནི་དཀྱིལ་འཁོར་དེ་ལ་མཆོད་པར་བྱ་སྟེ། ལྷའི་གྲངས་ཀྱི་མཆོད་པས་དཀྱིལ་འཁོར་དེ་ཡོངས་སུ་བསྐོར་ནས་སྒྲུབ་པ་པོ་ཕྱོགས་བཞིར་བཞུགས་ཏེ་ཇི་ལྟར་བཀོད་པའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་པར་ལྷའི་ཚོགས་དང་བཅས་པ་སྐད་ཅིག་གིས་དམིགས་ནས་རང་བཞིན་གྱིས་ལྷ་བཅུག་སྟེ། ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ཡིག་ལས་འཕྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམ་ཞིང༌། གཞུང་གཞན་དུ་གསུངས་པའི་ཚིགས་བཅད་དང་སྔགས་དུ་མས་མཆོད་ཅིང་བསྟོད་པར་བྱའོ། །སིལ་སྙན་དུ་མའི་ཚོགས་དཀྲོལ་ཞིང་བཀྲ་ཤིས་ཀྱི་གླུ་དུ་མ་དང་སྨོན་ལམ་དུ་མ་བརྗོད་པར་བྱའོ། །དེ་ལ་བཀྲ་ཤིས་ནི། རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་འཇིག་བྱེད་པ། །ཚེ་དང་འབྱོར་དང་སྟོབས་དང་བདེ་བ་རྣམ་འཕེལ་བ། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་འགྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམ་བསྒྲིམས་ཏེ་ཉོན། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉི་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན། དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་རེང་འདིར་ཞི་བྱེད་ལེགས་གྱུར་ཅིག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྤྱོད་པ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་ཡིན་དང༌། །དགེ་བ་ཉམས་སེམས་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང༌། །ཡང་དག་སྤྱིན་མཛད་འགྲོ་བའི་དོན་ལ་མི་སླུ་བའི། །རིན་ཆེན་འབྱུང་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་


DTG071_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སེམས་ཅན་རྣམས་ཀྱི་དོན་ལ་ཐུགས་ནི་རབ་ཏུ་དགོངས་མཛད་དེ། །འགྲོ་བ་མཐའ་དག་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང༌། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་དང༌། །རྣམ་སྣང་མཛད་དང་ཐམས་ཅད་སྐྱོབ་དང་རྣམ་པར་གཟིགས། །ཀུན་དུ་མཆོད་ཅིང་རྒྱས་པར་གྱུར་པ་གཟི་ཆེན་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨའི་བླ་དང་ཤཱཀྱ་ཐུབ་དང་ཐུབ་ཆེན་དང༌། །ཡེ་ཤེས་དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང༌། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་སྲུངས་དང༌། །མར་མེ་མཛད་དང་ཤིན་ཏུ་བརྗིད་པར་གཤེགས་པ་དང༌། །འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨ་མཛེས་དང་ཡེ་ཤེས་སྟོབས་དང་ཟླ་འོད་དང༌། །ཉི་མའི་ཞལ་དང་དགྲ་ལས་རྒྱལ་དང་བལྟམས་པ་དང༌། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང༌། །འདྲེན་པ་མཆོག་སྦྱིན་རིན་ཆེན་ཏོག་ཏུ་བྱས་པ་དང༌། །རྣམ་པར་སེལ་དང་ལག་ན་རིན་ཆེན་རྒྱལ་པོ་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒྱལ་དབང་གཙུག་ཏོར་ཅན། །སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང༌། །ནམ་མཁའི་སྙིང་པོ་དང་ནི་


DTG071_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡི་སྙིང་པོ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇམ་དཔལ་གཙུག་ཕུད་ཤིན་ཏུ་མཛེས་པར་རབ་བརྒྱན་པ། །གཞོན་ནུའི་གཟུགས་ནི་གསེར་མཆོག་འོད་དང་ལྡན་པ་དང༌། །རྟག་ཏུ་རྒྱལ་བར་དཀའ་བ་ལག་ན་རྡོ་རྗེ་དཔལ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བྱམས་པ་ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། །ལྕང་ལོ་འཁྲིལ་མངའ་མཆོད་རྟེན་གཙུག་ཏོར་གནས་པ་དང༌། །ཀུན་དུ་བཟང་དང་ནོར་བཟངས་དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང༌། །དེ་བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང༌། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས་མི་ཐུབ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་དང༌། །ཕྱིར་བཟློག་མ་དང་བསིལ་བའི་ཚལ་ནི་རྒྱལ་ལས་འཁྲུངས། །ལྷ་མོ་རི་ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོད་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་མ་དང༌། །གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱར་གྲགས་པ་དང༌། །བད་སའི་སྙིང་པོ་གཅིག་དང་ཀུ་ཤའི་གྱད་ལྡན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རྡོ་རྗེ་ལྕགས་ཀྱུ་དང་ནི་གཙུག་འཕྱང་འོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབ་སྦྱོར་དང༌། །ཟླ་འོད་དེ་ཡང་གཞོན་ནུའི་གཟུགས་དང་ལྡན་པ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །གཤིན་རྗེ་གཤེད་པོ་འཇིགས་ཀུན་རབ་ཏུ་འཇོམས་མཛད་དང༌། །པདྨ་མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞན་གྱིས་མི་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་མི་གཡོ་བགེགས་རིགས་རབ་ཏུ་འཇོམས་པ་དང༌། །ཕུན་སུམ་ཚོགས་བྱེད་རྨུགས་འཛིན་ཨུཏྤལ་མདོག་ཅན་དང༌། །གླང་ཆེན་ཀོ་རློན་སྟག་ལྤགས་དག་གིས་བརྒྱན་གྱུར་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་ཤཱ་རིའི་བུ་དང་མཽ་དགལ་འོད་སྲུངས་དང༌། །


DTG071_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་འཛིན་དང་མ་འགགས་ཉེ་བ་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྟོབས་ཆེན་བགེགས་ཀྱི་རིགས་ནི་རབ་ཏུ་འཇོམས་པ་དང༌། །འོད་ཟེར་ལྡན་དང་ཆ་བྱད་རབ་ཏུ་འཚེར་བ་དང། །དུག་སེལ་སྤྲུལ་གདུག་རབ་ཏུ་རྒྱགས་པ་འཇིག་བྱེད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕྲོག་མ་རྣ་ཆ་རྣམ་པ་སྣ་ཚོགས་གཡོ་འགུལ་བ། །བུ་ཕོ་ལྔ་བརྒྱ་དག་གིས་བརྒྱན་པར་གྱུར་དེ་དང༌། །གནོད་སྦྱིན་བདག་པོ་ལྔ་རྩེན་དང་ནི་པདྨའི་མིག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་དང༌། །རིན་ཆེན་སྒྲོལ་མར་གྲགས་དང་ནོར་གྱི་རྒྱུན་མཆོག་དང༌། །གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོའི་དཔལ་ཐོབ་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང༌། །བྱམས་པའི་སྟོབས་ནི་གཏོང་བའི་སྟོབས་ཆེན་ལྡན་པ་དང༌། །སྤྲིན་གྱི་ཏོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རབ་ཏུ་དགའ་བ་ལ་སོགས་ས་བཅུ་དེ་དག་དང༌། །དཔའ་བས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང། །རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་པི་ན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལུམྦའི་ཚལ་ནི་བུང་བ་ལང་ལོང་འཕུར་ལྡིང་ཞིང༌། །མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་མང་པོའི་སྒྲ་འབྱིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གཽ་ཏ་མི། །ཤཱཀྱའི་བུ་མོ་རྫུ་འཕྲུལ་ཆེན་མོ་གྲགས་འཛིན་དང༌། །ནཻ་རཉྫ་ན་བསོད་ནམས་ལྡན་པ་འབབ་ཆུར་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་པདྨ་བུང་བའི་ཁྱུ་ལྡིང་དང༌། །འཇམ་དཔལ་ཨུཏྤལ་སྔོན་པོ་ཡིད་དུ་འོང་བ་དང༌། །མགོན་པོ་བྱམས་པ་ཡི་ནི་ཀླུ་ཤིང་མེ་ཏོག་བསྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོད་གྲུབ་པས་ལེགས་བསྣམས་རལ་གྲི་མཆོག་དང་ནི། །མི་བསྐྱོད་རྡོ་རྗེའི་རྡོ་རྗེ་ཉིད་དང་གཞན་ཡང་ནི། །སྐྱོབ་པ་ཐམས་


DTG071_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ནི་ཕྱག་མཚན་མ་ལུས་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང༌། །དཔག་བསམ་གྱི་ནི་ཤིང་དང་བུམ་པ་བཟང་པོ་དང༌། །རྒྱལ་བ་ཀུན་གྱིས་ངེས་པར་བསྟན་པའི་བྱང་ཆུབ་ཤིང༌། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང༌། །ནང་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་ཚེ། །དགའ་སྟོན་ཀུན་ན་འཇུག་དང་དགོས་པ་སྒྲུབ་པ་དང༌། །མིང་མཚན་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཉོན། །རྒྱལ་བ་དག་དང་རྒྱལ་བའི་སྲས་ཀྱི་མཚན་འདི་མ་ལུས་པར། །ལྷ་ལ་གུས་བཞིན་ཉིན་ཅིག་བཞིན་དུ་ནང་པར་སུ་བརྗོད་པ། །དེ་ནི་དམྱལ་བ་ཡི་དགས་གནས་སུ་མི་སྐྱེ་ནད་མེད་ཅིང༌། །དཔལ་དང་བསོད་ནམས་ནོར་དང་བཀྲ་ཤིས་རྣམ་པར་འཕེལ། །ཆེ་བའི་ཆེ་མཆོག་དཀོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །འབྱུང་པོ་གང་དག་དེང་འདིར་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པ་འདི་གསུངས་དེ་ལ་སྡིག་མེད་ཅིང༌། །ལྷར་བཅས་ལྷ་མིན་གྱིས་རྟག་མཆོད་འོས་པའི། །བདེན་པ་འདི་ས་ནི་དེང་འདིར་བདེ་ལེགས་ཤོག །ཕྱོགས་བཞི་ནས་སྙན་པ་བརྗོད་པར་བྱའོ། །སྨོན་ལམ་ནི། ཨོཾ་བདེ་གཤེགས་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་པདྨོ་ལས་ཀྱི་རིགས། །སྣ་ཚོགས་རིགས་ཀྱི་རྒྱལ་བ་དང༌། །རྫས་ཀྱི་ཚོགས་རྣམས་བདག་ལ་དགོངས། །ཐོག་མེད་ལས་ཀྱི་སྲིད་རྒྱུན་ནས། །བསགས་པའི་དགེ་བ་ཅི་སྙེད་དང༌། །གཟུངས་སྔགས་འདི་ཡི་མཐུ་དང་ནི། །རིག་སྔགས་ཕྱག་རྒྱའི་བདེན་པ་དང༌། །གསང་སྔགས་འདི་ཡི་བྱིན་རླབས་ཀྱིས། །ཟག་མེད་ཡེ་ཤེས་སྣང་བའི་རྒྱན། །ནམ་མཁའི་མཐའ་དང་མཉམ་པ་སྟེ། །མྱུར་བ་ཉིད་དུ་སྐྱེ་བར་ཤོག །མིག་དང་རྣ་བའི་མངོན་ཤེས་དང༌། །གཞན་གྱི་སེམས་དོན་ཤེས་པ་དང༌། །སྔ་ཕྱི་སྐྱེ་གནས་ཤེས་


DTG071_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། །རྫུ་འཕྲུལ་དུ་མ་བསྒྱུར་བ་ཡང༌། །ད་ལྟ་ཉིད་དུ་ཐོབ་པར་ཤོག །ཆུ་སྟེངས་འགྲོ་དང་རིགས་མྱུར་ཕྱིན། །མིག་སྨན་བུམ་པ་གཏེར་དང་ནི། །རལ་གྲི་བཟུང་ནས་མཁའ་ལ་འགྲོ། །མི་སྣང་བསྒྱུར་ལུས་ཐོབ་པར་ཤོག །ས་འོག་འགྲོ་དང་གཏེར་མཐོང་དང། །བཅུད་རྣམས་རྙེད་ཅིང་རིང་འཚོ་དང༌། །གཞན་ལུས་དབང་པོ་བསྒྱུར་བ་དང༌། །མདོག་བཟང་ན་རྒ་མེད་ཐོབ་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །འགྲོ་དོན་སྣ་ཚོགས་ཅི་འདོད་པ། །རང་རང་སྐལ་བ་ཇི་བཞིན་དུ། །ཐོགས་པ་མེད་པར་བྱེད་པར་ཤོག །གལ་ཏེ་ལེ་ལོའི་རྐྱེན་གྱིས་གོལ་གྱུར་ནས། །འབྲས་བུ་དམ་པ་མྱུར་དུ་མ་རྙེད་ཀྱང༌། །བདེ་འགྲོ་མཐོ་རིས་ལྷ་དབང་དམ་པ་དང༌། །ཆོས་ལྡན་ཡུལ་དབུས་མི་ལུས་ཐོབ་པར་ཤོག །དེ་ནས་བླ་མེད་བྱང་ཆུབ་མ་ཐོབ་པར། །ལས་ཀྱི་འཁོར་ལོས་སྲིད་གསུམ་གར་སྐྱེས་ཀྱང༌། །ལུས་དང་སྲོག་ནི་ཡལ་བར་གྱུར་ཀྱང་རུང༌། །བླ་མེད་བྱང་ཆུབ་སེམས་ནི་མི་གཏོང་ཤོག །བླ་མེད་བྱང་ཆུབ་མ་ཐོབ་པར་དུ་ནི། །ལུས་དང་སྲོག་ལ་ཆགས་པ་མེད་པར་ཡང༌། །བག་ཡོད་མགོ་ལ་མེ་འབར་ཇི་བཞིན་དུ། །བརྩོན་འགྲུས་ཆེན་པོ་རྒྱུན་མི་འཆད་པར་ཤོག །བདག་དང་གཞན་དོན་བྱང་ཆུབ་སྒྲུབ་པ་ལ། །བར་ཆད་མེད་ཅིང་བརྩོན་པ་མ་གཏོགས་པ། །འཇིག་རྟེན་དག་ན་སེམས་ནི་སྐད་ཅིག་ཀྱང༌། །བདག་གིས་དོན་མེད་གཡེང་བར་མ་གྱུར་ཅིག །ཚེ་རབས་ཀུན་དུ་དམ་ཆོས་སྤྱོད་པ་ལ། །མི་དགེ་གཞན་གྱི་དབང་དུ་མ་གྱུར་ཅིག །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང༌། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག །དགེ་བཤེས་དམ་པ་རྣམས་དང་མི་འབྲལ་ཞིང༌། །རྣལ་འབྱོར་བརྩོན་པའི་གྲོགས་དང་འགྲོགས་པ་དང༌། །སྐྱོན་བྲལ་སེམས་དང་སྤྱོད་པ་མཐུན་པ་ཡིས། །འཇིག་རྟེན་དམན་པའི་གནས་ལ་ཆགས་མ་གྱུར། །བྱང་ཆུབ་རང་བཞིན་བྱང་ཆུབ་ཐོབ་པའི་རྒྱུ། །ཤེས་རབ་ཆེ་དང་སྙིང་རྗེ་ཆེ་ལ་སོགས། །བདག་ཅག་ཚེ་རབས་ཀུན་དུ་མི་འབྲལ་ཞིང༌། །རྣམ་ཐར་མང་པོའི་སྒོར་ནི་འཇུག་པར་ཤོག །རྒྱལ་སྲིད་མཐོ་རིས་སྡུག་དང་གཉེན་བཤེས་དང༌། །འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་དང༌། །ཐབས་ལ་མཁས་པའི་སྤྱོད་ཡུལ་མ་གཏོགས་པ། །ཤེས་


DTG071_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཆོག་གིས་གང་ལའང་ཆགས་མ་གྱུར། །གཞན་དོན་འཁོར་པ་རྣམས་སུ་སྤྱོད་པ་ན། །བསྡུ་བའི་དངོས་དང་ཕ་རོལ་ཕྱིན་ལ་སོགས། །ཐབས་ལ་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །དེ་བཞིན་དུ་གཞན་ཡང་སྨོན་ལམ་གདབ་པར་བྱའོ། །དེ་ནི་དཀྱིལ་འཁོར་མཆོད་པའི་རིམ་པའོ། །དེ་ནས་མཆོད་རྟེན་ཡང་དང་ཡང་དུ་དྲི་ཞིམ་པོའི་ཆུ་བའི་ལྕིབ་དང་བཅས་པས་བྱུགས་ཏེ། །སྔོན་ལྟར་ཐིག་བཏབ་ལ་ལྷའི་ཕོ་བྲང་ཐམས་ཅད་དང་སྒོ་ལ་སོགས་པ་ཐམས་ཅད་ཀྱི་རིས་སུ་བྲིས་ནས་པདྨ་དང་ཟླ་བའི་སྟེང་དུ་མེ་ཏོག་ཚོམ་བུ་ལྷ་གྲངས་སུ་བཞག་ནས། ཞིང་ཁམས་བྱེ་བ་ཕྲག་བརྒྱ་དཀྱིལ་འཁོར་གྱི་ཁང་པ་བརྗོད་ཀྱིས་མི་ལང་བར་ཁེངས་པར་བསམས་ནས་ཚ་ཚ་རེ་རེ་ཞིང་དཀྱིལ་འཁོར་རེ་རེ་རུ་བསམས་ནས། ཚོམ་བུ་ལྷ་གྲངས་སུ་བཞག་ནས་བརྒྱའམ། སྟོང་ངམ་ཁྲིའམ་འབུམ་མམ་ས་ཡའི་བར་དུ་གཞུག་པར་བྱའོ། །མཆོད་རྟེན་གཅིག་གི་ནང་དུ་བྱེ་བ་ལས་ལྷག་པར་གཞུག་པར་མེ་བྱའོ། །དེ་ནས་སྐུ་གདུང་གི་ནང་གི་ཁྲིའམ། ཐམས་ཅད་དུ་ཕྱུང་སྟེ། སྒོ་ཐམས་ཅད་བཅད་ནས་ལེགས་པར་ཞལ་བྱུག་བྱའོ། །འདི་ནི་ཚ་ཚ་གཞུག་པའི་རིམ་པའོ། །དེའི་འོག་ཏུ་མཆོད་རྟེན་གྱི་ངོས་ཐམས་ཅད་དུ་ཐུར་མ་མང་དུ་བཙུགས་ནས་དེ་ལ་མེ་ཏོག་ཕྲེང་བ་དང་བ་དན་ལ་སོགས་པས་ཕྲེང་བའི་ཚུལ་དུ་བརྒྱན་པར་བྱའོ། །མཆོད་རྟེན་གྱི་ཕྱོགས་བཞིར་མཆོད་པའི་དཀྱིལ་འཁོར་བཞི་བྱས་ཏེ། ཡོན་ཆབ་ལ་སོགས་པའི་མཆོད་པའི་བྱེ་བྲག་དངོས་སུ་བཤམས་པ་དང༌། འདོད་པའི་ཡོན་ཏན་གྱི་ཚོགས་དང་ནོར་བུ་དང་འཁོར་ལོ་དང་རྟ་དང་གླང་པོ་ཆེ་དང། བཙུན་མོ་དང༌། བློན་པོ་དང༌། དམག་མི་ལ་སོགས་པ་ནི་བཅོས་པའི་ཚུལ་དུ་བྱས་ནས་ཚིགས་སུ་བཅད་པའི་དབྱངས་དང་སྔགས་སུ་བཅས་པས་དབུལ་བར་བྱའོ། །ཕྱོགས་བཞིར་མདོ་བཞི་བཀླག་པར་བྱའོ། །དེའི་འོག་ཏུ་སྙིང་པོ་ཉི་ཚེ་བརྗོད་ཅིང་བསྐོར་བ་བརྒྱ་རྩ་བརྒྱད་བྱ་སྟེ། བཀྲ་ཤིས་བརྗོད་ལ་སྨོན་ལམ་གདབ་པར་བྱའོ། །དེ་ཡང་མཆོད་རྟེན་ནི་མཆོད་རྟེན་ཆེན་པོ་རིན་པོ་ཆེའི་སྙིང་པོ་ནམ་མཁའ་མ་ལུས་པ་ཁྱབ་པ་ཁ་དོག་སྣ་ཚོགས་པ་གྲུ་བཞི་སྒོ་བཞི་པ་རིན་པོ་ཆེ་དུ་མ་ལས་གྲུབ་པ་འོད་ཀྱི་སྣང་བ་དང་ལྡན་པ་བསམ་མོ། །ཚ་ཚ་རེ་རེ་ཡང་གཞལ་ཡས་ཁང་རེ་རེར་


DTG071_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ཏེ་བུམ་པའི་ནང་དུ་ཇི་ལྟར་བཀོད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་དང་གྲངས་མཉམ་པར་བསམས་ནས་ཁྲུས་བྱས་ནས་རང་བཞིན་གྱི་ལྷ་དང་གཉིས་སུ་མེད་པར་བྱས་ནས་ན་བཟའ་དང་རྒྱན་ཕྲེང་ལ་སོགས་པ་ཐམས་ཅད་དབུལ་བར་བྱའོ། །དེ་ནི་མཆོད་རྟེན་མཆོད་པའོ། །མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ། །བདག་ཀྱང་འབར་བར་འགྱུར་རོ་ཞེས་པའི་ཚིག་འདི་ནི་སྔོན་དུ་གསུངས་པའི་རྨི་ལམ་ལྟ་བུར་ཀུན་དུ་ཤེས་སོ་ཞེས་བྱ་བའི་ཚིག་དང་འབྲེལ་ཏེ་རྨི་ལམ་དུ་བྱུང་བ་ནི་རྗེས་སུ་སྤྱོད་པའི་རྟགས་ཏེ། ལས་དང་པོ་བསམ་དུ་བརྗོད་ན་སྔགས་ཀྱི་མཐུ་བྱ་བ་དང་བྱ་བ་མ་ཡིན་པ་རྨི་ལམ་དུ་ཤེས་པར་བྱའོ། །ཚིག་གཉིས་པ་འདི་མངོན་དུ་གྱུར་པའི་རྟགས་སོ། །དེ་ལ་མཆོད་རྟེན་འབར་བ་ནི་སྔགས་དང་རྫས་ཀྱི་མཐུས་དྲོད་ཐོབ་པའོ། །བདག་འབར་བ་ནི་ཏིང་ངེ་འཛིན་གྱི་མཐུས། །རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ་པའོ། །དེ་ལ་རྟགས་ཀྱི་རིམ་པ་ནི་གང་ཡང་གཟུངས་ཀྱི་ཆོ་ག་ལ་འཇུག་པའམ་ཞུགས་པའི་ཚེ་རྨི་ལམ་དུ་ཡིད་དུ་འོང་བའི་ཚལ་དང༌། ཁང་བཟངས་དང༌། ཁྱེའུ་དང་བུ་མོའམ། དགེ་སློང་ངམ། དགེ་འདུན་ལ་སོགས་པ་ལྷན་ཅིག་དགའ་བའམ། ག་ཞའམ། ཆོས་ཉན་པའམ། ཁྲི་ལ་སོགས་པའི་སྟེང་དུ་གནས་པའམ། གྲུའམ་ཟམ་གཟིངས་ལ་སོགས་པ་བསྒྲལ་བར་སྨིན་འདོད་པ་འགྲུབ་པོ། །སྐྱུགས་པའམ་ཁྲག་འབྱུང་བའམ། ཁྲུས་བྱས་པ་ལ་སོགས་པ་རྨི་ན་སྡིག་པ་ཟད་དོ། །མཆོད་རྟེན་ནམ་ཚ་ཚ་ལ་དྲི་ཞིམ་པོ་བྲོ་ན་ལྷ་གནས་དྲུག་ཏུ་སྐྱེ་བར་ངེས་སོ། །གལ་ཏེ་དྲི་ཅུང་ཟད་བྲོ་བ་ཡང་ལོངས་སྤྱོད་དང་ལྡན་པའི་མིར་སྐྱེའོ། །སྒྲ་གྲག་ན་གཟུགས་ཁམས་ཀྱི་ལྷར་སྐྱེའོ། །འོད་བྱུང་ན་རིག་འཛིན་མཆོག་ཐོབ་པར་འགྱུར་རོ། །དེ་དང་དེ་ལ་སོགས་པ་ཡོན་ཏན་མཐའ་ཡས་ཏེ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་དུ་ཤེས་པར་བྱའོ། །གང་འཇིག་རྟེན་འདིར་ཐོབ་པར་འགྱུར་བའི་ཡོན་ཏན་རྣམས་ནི་རྫས་དང་ཡོ་བྱད་ཚང་ཞིང་མ་ཉམས་པ་དང༌། དུས་ཚོད་བཟང་པོ་དང༌། སྦྱོར་བ་བཟང་པོ་དང༌། ཚུལ་བསྡམས་པས་ཐོབ་པར་འགྱུར་རོ། །མ་འོངས་པའི་དུས་ཀྱི་འབྲས་བུ་བཟང་པོ་ཇི་སྙེད་པ་ནི་དད་པ་དང༌། སྙིང་རྗེ་མཆོག་དང་ལྡན་པ་དང༌། ལྷག་པའི་ཤེས་རབ་


DTG071_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐོབ་པར་འགྱུར་རོ། །དེ་ནི་ལྟས་ཀྱི་རིམ་པའོ། །ངེས་པར་འཕྲལ་དུ་ལ་སོགས་པ་ནི་ཕན་པར་གསུངས་སོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པ་ནི་ཞི་བ་ལ་སོགས་པའི་ལས་གྲུབ་ན་གཞན་གྱི་དོན་སྤྱོད་པ་ལ་ཐོགས་པ་མེད་པའོ། །ས་བཅུ་ལ་གནས་པ་ནི་རལ་གྲི་ལ་སོགས་པ་རིག་པ་འཛིན་པའི་གནས་བརྒྱད་ཐོབ་པའོ། །ལུང་བསྟན་པ་ཐོབ་པ་ནི་མངོན་པར་ཤེས་པ་དྲུག་ཐོབ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པའོ། །ད་ནི་སྔོན་བྱུང་རྗེས་འཇུག་གཉིས་པོས་མཚམས་སྦྱར་བས་གཞུང་བསྡུ་བ་ནི་དེ་ནས་ལ་སོགས་པ་གསུངས་ཏེ། མཐུ་ཆེན་པོ་ནི་གོང་དུ་གསུངས་པའི་ཕན་ཡོན་ཐམས་ཅད་བསྐྱེད་པ་ལ་གདོན་མི་ཟ་བའོ། །ཡོན་ཏན་གྲངས་མེད་པའི་འབྱུང་ཁུངས་ཡིན་པའི་ཕྱིར་དཔེ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཉན་ཐོས་ལ་སོགས་པས་མཐོང་བར་དཀའ་བ་འདིའི་དོན་གྱི་སྒྲ་དང་ཚད་མའི་སྤྱོད་ཡུལ་མ་ཡིན་པས་ཐོབ་པར་དཀའ་བའོ། །གཟུང་བར་བགྱིའོ་ཞེས་པ་ནི་བསྟན་པའི་དོན་ལ་ནུས་པ་མེད་པའོ། །རྒྱས་པར་བགྱིའོ་ཞེས་པས་སྔགས་ཀྱི་ངོ་བོ་བཟུང་སྟེ་སྐྱེ་བ་མེད་ན་འགག་པ་གཏན་མེད། མ་འགགས་པའི་ཆོས་ལ་དབང་པོ་རབ་འབྲིང་ཐམས་ཅད་རྒྱུན་མི་འཆད་པར་ལོངས་སྤྱོད་པར་འགྱུར་བའོ། །སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ་ཞེས་པ་ནི། སྣོད་དུ་མ་གྱུར་པ་གང་ཡང་མེད་ཅེས་བྱ་བའོ། །དཔེར་ན་གླ་རྩི་བཅུག་པའི་སྣོད་དྲི་ཞིམ་པོར་འགྱུར་བ་ལྟར་སྔགས་འཆད་པ་པོ་ཡང་བྱིང་ཡི་རླབས་ཀྱི་སྒོ་དུ་མ་དང་ལྡན་པར་འགྱུར་བས་སེམས་ཅན་ཆེན་པོ་ཞེས་བྱའོ། །ཕྱི་བཞིན་འབྲང་ཞེས་པ་ནི་དཔེར་ན་མིའི་མིག་གང་གི་སྤྱོད་ཡུལ་ལ་སྲིན་བུ་ལ་སོགས་པ་ལ་རྒྱང་རིང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་དུ་ཁམས་གསུམ་ཐམས་ཅད་ལ་ཉེ་བ་དང་རིང་བ་མི་མངའོ། །བསྲུང་བ་དང་ནི་གནས་དང་ལུས་དང་ལོངས་སྤྱོད་དོ། །བསྐྱབ་པ་ནི་འཁོར་བའི་རྒྱ་མཚོ་ལས་སོ། །སྦ་བ་ནི་བདུད་ཀྱི་འཆིང་བ་ལས་སོ། །བསྐྱང་བ་ནི་ལམ་ལོག་པ་ལས་སོ། །བུ་བཞིན་ཞེས་པ་ནི་ཚད་མེད་པས་གཟིགས་པ་རྒྱུན་མི་གཅོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོགས་པ་ནི་


DTG071_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་རྗེས་སུ་གདམས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ཡང་བདག་ལྟར་འགྲོ་བ་ལ་དགོངས་པའི་ཕྱིར་གྲོགས་པོ་ཞེས་བོས་སོ། །ལེགས་སོ་དང་པོས་ནི་ཀུན་རྫོབ་ཏུ་ཐ་དད་པར་མཁྱེན་པ་སྟེ་ཆོས་འཛིན་པ་ནི་བསྐྱང་བ་ལེགས་སོ། །ལེགས་སོ་གཉིས་པ་ནི་དོན་དམ་པར་ཐ་མི་དད་པར་མཁྱེན་པ་སྟེ་ཆོས་བསྐྱང་བ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག་ཅེས་པ་ནི་རང་དོན་རྫོགས་པར་མཛད་ཅེས་པའོ། །ངས་ཁྱེད་ལ་གཏད་དོ་ཞེས་པས་གཞན་དོན་ཡང་རྫོགས་པར་གྱིས་ཤིག་ཅེས་པའོ། །དཔེར་ན་ཕས་བུ་ལ་ནོར་གད་པ་ཡང་ཚ་བོ་ལ་སོགས་པ་ཕྱིས་འབྱུང་བའི་གཞི་ཤུགས་ཀྱིས་འབྱུང་བ་དང་འདྲ་བར་གང་ཟག་སྣོད་ལྡན་རྣམས་བྱིན་གྱིས་རློབས་ལ་བརྒྱུད་པ་རྒྱུན་མ་ཆད་པར་མཛོད་ཅེས་པའི་དོན་ཏོ། །ཕན་ཡོན་ལ་སོགས་པ་གང་བརྡ་ཕྲད་པར་སླ་བ་ནི་མ་བཀྲལ་ལོ། །སྒྲིབ་པ་རྣམ་སེལ་ལ་སོགས་པ། །སེམས་དཔའ་བཅུ་དྲུག་རྟོག་པ་དང༌། །སོ་སོར་འབྲང་དང་སྟོང་འཇོམས་སོགས། །རིག་པའི་ལྷ་མོའི་རྒྱུད་རྣམས་དང༌། །ཀྲྀ་ཡའི་རིགས་བསྡུས་ལ་སོགས་པ་དང༌། །རྣལ་འབྱོར་པ་མཆོག་ལ་སོགས་དང༌། །དང་པོ་སངས་རྒྱས་ལ་སོགས་དང༌། །གཟུངས་འདིའི་ཆོ་ག་རྒྱས་གསུངས་ཀྱང༌། །ལེ་ལོ་ཅན་རྣམས་སྤྲོ་བསྐྱེད་། ཕྱིར། །ཤིན་ཏུ་བསྡུས་ནས་བཤད་པ་ལ། །ཚུལ་བཞིན་གཞུང་ནས་གསུངས་པ་ལྟར། །ཕན་ཡོན་ཐམས་ཅད་ཐོབ་པར་འགྱུར། །གང་གི་ལྕགས་ཀྱུ་བཟུང་ནས་ཉ་ར་ཡིས། །ཀླུ་ཡི་ཕྱུགས་རྣམས་འབུམ་ཕྲག་བཏོན་པ་ལྟར། །བདག་དགེ་ཀུན་སློང་འགྲོ་རྣམས་བྱང་ཆུབ་ཀྱི། །རིན་ཆེན་གླིང་ཐོབ་མཛད་ཕྱིར་བྲིས་པ་ལས། །སྐྱེ་འགྱུར་དགེ་བས་གཟུངས་དོན་ལ་འཇུག་ཅིང༌། །འགྲོ་ཀུན་དྲི་མེད་ཡིད་བཞིན་ནོར་ཐོབ་ཤོག །ཀུན་ནས་སྐོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང༌། དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཆེན་པོ་དངོས་གྲུབ་ཐོབ་པ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། །།གསངས་སྔགས་རིག་འཛིན་སྡེ་སྣོད་ལ། །མཁའ་ལྟར་ཤེས་རབ་དང་བ་ནི། །ཉི་མ་ལྟ་བུར་མ་རྨོངས་པའི། །


DTG071_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཛ་ཡ་དེ་པ་ལ། །ལང་སོ་བནྡེ་ཚུལ་བརྩེགས་ཀྱིས། །གུས་བཅས་མང་དུ་གསོལ་བཏབ་ནས། །སྤུ་རྒྱལ་བོད་ལས་ཁྱད་པར་དུ། །ནད་མེད་ས་གཙང་མདོ་ཁམས་སུ། །ཡིད་བཞིན་ནོར་འདྲའི་གཟུངས་མཆོག་གི །འགྲེལ་པ་དཔག་བསམ་ཤིང་འདྲ་འདི། །བསྒྱུར་བའི་དགེ་བས་དད་ལྡན་རྣམས། །གཟུངས་འདི་རྒྱ་ཆེར་སྤྱོད་པར་ཤོག །།པཎྜི་ཏ་ཛ་ཡ་དེ་བ་དང༌། །ལོ་ཙཱ་བ་ལང་སོ་བནྡེ་ཚུལ་ཁྲིམས་བརྩེགས་ཀྱིས་བསྒྱུར་བའོ།།


previousཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། ལྷན་ཅིག་སྐྱེས་པའི་རོལ་པ།next