Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གཅིག་པ།


   
   
   
   
འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང་། 
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང་། next

འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང་།


DTG071_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་སུ་བཱ་ཧུ་པ་རི་པྲྀཙྪ་ནཱ་མ་ཏནྟྲ་པིཎྜཱརྠ་པི་ཏི། བོད་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གསང་སྔགས་རིག་སྔགས་དབང་ཕྱུག་གི །ཡེ་ཤེས་ཉི་མའི་འོད་ཟེར་འབར་བ་དེས། །རིག་སྔགས་རྒྱ་མཚོའི་གསང་སྔགས་རྣམས་ཀྱི། །དངོས་གྲུབ་པདྨ་ངེས་པར་ཕྱེ་བ་དང༌། དཔུང་བཟངས་ཐུགས་


DTG071_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཟླ་བ་ཤར་བ་དེས། །དངོས་གྲུབ་ཚོལ་ལ་རྨོངས་པའི་གཏི་མུག་གི །མུན་གྱིས་བསྒྲིབས་པའི་སྐྱེ་བོ་རྣམས་གཟིགས་ནས། །ཡབ་ལ་ཞུས་པ་དེ་ལ་ཕྱག་འཚལ་ལོ། །མདོ་སྡེ་འཆད་པར་འདོད་པ་རྣམས། །དགའ་བར་བྱེད་པའི་བསྡུས་པའི་དོན། །འདི་ནི་སློབ་དཔོན་བདག་ཉིད་ཆེ། །སངས་རྒྱས་གསང་བས་ཡང་དག་མཛད། །དེ་ཡི་སྔོམ་ཡང་རྣམ་གསུམ་སྟེ། །རྒྱུད་ཀྱི་ལུས་སུ་གཞག་པ་དང༌། །ཀུན་ལ་མེད་དུ་མི་རུང་དང༌། །དོན་རྣམས་ཕྱེ་བས་མདོ་འདི་བསྡུས། །དེ་ལ་དང་པོ་རྒྱུད་ཀྱི་ལུས་རྣམ་པར་གཞག་པའི་དབང་དུ་མཛད་ནས་མདོ་སྡེ་འདི་ལས་ནི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་དང༌། འཇིག་རྟེན་པའི་ལྷའི་བྱེ་བྲག་རྣམས་ཀྱི་རིག་སྔགས་དང༌། གསང་སྔགས་བཤད་པ་གང་ཡིན་པ་དེ་དག །རིགས་གསུམ་པོ་དེ་བཞིན་གཤེགས་པ་དང༌། པདྨ་དང་རྡོ་རྗེ་དང༌། དེ་བཞིན་དུ་གཞན་ཡང་ནོར་ཅན་དང༌། རྒྱས་པ་དང༌། འཇིག་རྟེན་པའི་རིགས་ཀྱང་གསུམ་དུ་ཡང་དག་པར་བསྡུས་པ་སྟོན་ཏོ་ཞེས་གསུངས་སོ། །དེ་ལ་མདོ་སྡེ་འདི་ཞེས་བྱ་བ་ནི་ཞལ་ནས་གསུངས་པ་རྨད་དུ་བྱུང་བའི་སྡེ་ལས། བྱ་བའི་རྒྱུད་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ཞེས་གྲགས་སོ། །སངས་རྒྱས་ཞེས་བྱ་བ་ནི་མ་རིག་པའི་གཉིད་སངས་ཤིང་པདྨ་རྒྱས་པ་བཞིན་དུ་བྱེ་ཞིང་རྒྱས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བྱང་ཆུབ་དང་སེམས་ཅན་ལ་དམིགས་པའམ། བྱང་ཆུབ་ཀྱི་ཕྱིར་གསན་ཐུབ་པའི་དོན་ཏོ། །འཇིག་རྟེན་པ་ཞེས་བྱ་བ་ནི། ཁམས་གསུམ་པའི་འདོད་ཆགས་དང་མ་བྲལ་བའི་གསང་སྔགས་ཀྱི་ལྷ་རྣམས་སོ། །ལྷའི་བྱེ་བྲག་རྣམས་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇིག་རྟེན་པ་སྤྱི་དང༌། སོ་སོའི་རྣམ་གྲངས་གཞག་པའོ། །རིག་སྔགས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་འཇོམས་པ་དང། དོན་ཕུན་སུམ་ཚོགས་པ་ཐོབ་པའམ། །འདིས་ཇི་ལྟར་གྱུར་པའི་དངོས་པོ་རིག་པས་ན་རིག་སྔགས་ཏེ། དེ་ཡང་བུད་མེད་ཀྱི་གཟུགས་དང༌། དབྱིབས་ཀྱི་ལྷ་དང༌། དེ་སྟོན་པའི་སྒྲ་དང༌། ཕྱག་རྒྱ་ལ་སོགས་པའོ། །གསང་སྔགས་ཞེས་བྱ་བ་ནི། ཤེས་པ་དང་དཔུང་གཉེན་


DTG071_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྡན་པའམ། གསངས་ཏེ་བརྗོད་པའི་ཕྱིར་གསང་སྔགས་ཏེ། གཟུགས་ལ་སོགས་པ་ནི་སྔ་མ་ལས་ཟློག་པའི་སྐྱེས་པའི་ཞེས་བྱ་བར་སྦྱར་རོ། །བཤད་པ་གང་ཡིན་པ་དེ་དག་ཅེས་བྱ་བ་ནི། སོ་སོའི་རྒྱུད་དང༌། ཆོ་ག་ཞིབ་མོ་ཐ་དད་པའོ། །རིགས་གསུམ་པོ་ཞེས་བྱ་བ་ནི་བྱ་བའི་རྒྱུད་ལ་གཞན་དག་ལས་གྲགས་པ་སྟེ། དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང༌། སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་པ་བཞིན་དུ་བྱོན་པའི་དོན་ཏོ། །དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་གཙུག་ཏོར་ལ་སོགས་པ་དང་བཅས་པའོ། །པདྨའི་རིགས་ཞེས་བྱ་བ་ནི། ཉོན་མོངས་པས་མ་གོས་པའི་ཐུགས་རྗེའི་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་གཟིགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། དེས་འགྲོ་བ་བསྒྲལ་བར་བྱིན་གྱིས་བརླབས་པའི་རིག་སྔགས་སྒྲོལ་མ་ལ་སོགས་པའི་འཁོར་དང་བཅས་པའོ། །རྡོ་རྗེའི་རིགས་ཞེས་བྱ་བ་ནི། བསྟན་པ་བསྲུང་བ་དང༌། སྡང་བ་རྣམས་གཞོམ་པའི་དོན་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྐྱེད་པའི་ཡེ་ཤེས་དེ་རྡོ་རྗེར་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེར་དབང་བསྐུར་ཏེ། དེའི་བྱིན་གྱི་རླབས་བསྟན་པའི་གསང་སྔགས་ཀྱི་ལྷ་ཁྲོ་བོ་ལ་སོགས་པའི་ཚོགས་དང་བཅས་པའོ། །ཁ་ཅིག་ན་རེ་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། །རོ་སྟོད་ལས་ནི་བྱུང་བའི་མཆོག། ལྟེ་བ་མན་ཆད་ཐ་མ་ཡིན། །བར་གྱི་ལུས་ལས་བྱུང་བ་འབྲིང༌། །གསང་སྔགས་རྣམས་ཀྱི་དངོས་གྲུབ་བསྟན། །ཞེས་གསུངས་པ་དང༌། རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས་ཀྱང༌། རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང༌། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང༌། ཕྱག་ན་པདྨའི་ལུས་འདྲ་བ་དག །ཕྱོགས་བཅུ་ན་གསང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་ཀྱང་གསུངས་པས། བཤད་པ་དེ་འགལ་ལོ་ཞེ་ན། གཞན་དག་ན་རེ་གཙུག་ཏོར་གྱི་རྒྱུད་ལས་གཙུག་ཏོར་འཁོར་


DTG071_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྒྱུར་བའི་རང་བཞིན་བཤད་པ་ལས། བཅོམ་ལྡན་འདས་འདི་ནི། སངས་རྒྱས་ཐམས་ཅད་དང༌། གསང་སྔགས་ཀྱི་ཚུལ་དུ་གནས་ནས། ཐུགས་རྗེ་ཆེན་པོའི་ལུས་ཅན་ཐམས་ཅད་ལ་སྟོན་པར་བཞུགས་ཤིང༌། གསང་སྔགས་རྣམས་ཀྱི་བདག་པོ་མཛད་དོ་ཞེས་གསུངས་སོ། །གཞན་ཡང༌། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་བ། གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །ཅེས་གསུངས་ཏེ། གང་ལྟར་ཡང་མི་འགལ་ལོ། །ཇི་སྐད་དུ། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་རྗེས་ལུགས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི། སྔ་མ་གསུམ་དང་འདྲ་བར་རིག་སྔགས་ཀྱི་ལྷའི་རྣམ་གྲངས་སུ་གཞག་པའི་དོན་ཏོ། །གཞན་ཡང་ཞེས་བྱ་བ་ནི་རྒྱུད་གཞན་ལ་མ་གྲགས་པ་འདིར་གླེངས་པའི་ཐ་ཚིག་གོ །ནོར་ཅན་གྱི་རིགས་ཞེས་བྱ་བ་ནི། དཔལ་ནོར་བུ་བཟང་པོ་ལ་སོགས་པས་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས། སེམས་ཅན་གྱི་དབུལ་བའི་གནོད་པ་སེལ་ཞེས་བྱ་བའི་དོན་ཏོ། །རྒྱས་པའི་རིགས་ཞེས་བྱ་བ་ནི། ནོར་བུ་ལྔ་བརྒྱ་དང་འགྲོགས་ཤིང༌། ཆོ་ལོ་ལྔས་རྩེ་བར་སྟོན་པས་ལྔས་རྩེན་ཏེ། དེས་བུ་ཚ་འཕན་པ་དང༌། ལོངས་སྤྱོད་འཕེལ་བ་རྒྱས་པའི་ལས་གྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་པའི་རིགས་ཞེས་བྱ་བ་ནི། ལྔ་པོ་དེ་རྣམས་ལ་མ་གཏོགས་པའི་ལྷ་དང༌། ལྷ་མ་ཡིན་ལ་སོགས་པས་སོ་སོའི་གསང་སྔགས་ཆོ་ག་དང་བཅས་ཏེ་ཕུལ་བའོ། །གསུམ་དུ་ཡང་དག་པར་བསྡུས་པ་སྟོན་ཏོ་ཞེས་བྱ་བ་ནི། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་བགབ་ཏུ་ཕལ་ཆེར་འདུས་པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་བཞིན་གཤེགས་པའི་བྱིན་


DTG071_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རླབས་ལས་བྱུང་བ་ཡང་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པ་ཡང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། དོན་དེ་རྒྱུད་འདི་ཉིད་ལས་ཀྱང༌། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམ་པ། ཞེས་གསུངས་སོ། །དེ་ལྟར་དེ་རྣམས་སངས་རྒྱས་ཀྱིས་བཏུལ་ཏེ་དམ་ཚིག་ལ་གནས་ཤིང་རིགས་གསུམ་པོའི་ནང་དུ་འདུས་པར་སྣང་གིས་ཀྱང༌། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་བའི་ཚེ་སོ་སོ་ནས་བཤད་པའི་རྒྱུད་རྣམས་ནི་འདིར་མི་བསྡུ་བར་རིག་པར་བྱ་སྟེ། རྒྱུད་འདི་ཉིད་ལས་ཇི་སྐད་དུ། དེ་ནས་གཞན་ཡང་འཇིག་རྟེན་པར་བསྡུས་ནས། །ཞར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་འདི་ཐམས་ཅད་ལ་མེད་དུ་མི་རུང་བ་ཉིད་དུ་བསྟན་པའི་དབང་དུ་མཛད་ནས། དེ་དག་གི་རིགས་དང༌། རིག་སྔགས་དང༌། གསང་སྔགས་དང༌། ལས་ཀྱི་དབྱེ་བ་དང༌། མཉེས་པར་བྱ་བའི་ཐབས་ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལ། དེ་ལས་གཞན་དུ་ནི་ཅུང་ཟད་ཙམ་དུ་བསྟན་པ་དང༌། གཞན་དག་ཏུ་ནི་མ་གསུངས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། རིག་སྔགས་ཐམས་ཅད་ཀྱིས་མཉེས་པར་བྱས་པའི་ཐབས་སུ་གྱུར་པ། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌། གྲུབ་པའི་སྤྱོད་པ་བསྟན་པ་རྣམས་དཔུང་བཟངས་ཀྱིས་ཞུས་པའི་གསང་སྔགས་ཀྱི་མདོ་སྡེའི་ལེའུ་བཅུ་གཅིག་པོ་འདིར་གཏན་ལ་དབབ་པར་བསྟན་ཏོ་ཞེས་གསུངས་སོ། །དེ་དག་གི་རིགས་དང༌། རིག་སྔགས་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའོ། །ལས་ཀྱི་དབྱེ་བ་ཞེས་བྱ་བ་ནི་བཟླས་བརྗོད་དང་སྦྱིན་སྲེག་གི་ཁྱད་པར་གྱིས། ཞི་བ་དང༌། རྒྱས་པ་དང༌། དབང་དང། དྲག་ཤུལ་སྤྱོད་པར་གསུངས་སོ། །མཉེས་པར་བྱ་བའི་ཐབས་ཞེས་བྱ་བ་ནི། དམ་ཚིག་འཛིན་པ་དང༌། དབང་བསྐུར་བ་དང༌། མཆོད་པ་ལ་སོགས་པའི་ངེས་པའི་མཚན་ཉིད་དང༌། བཟླས་བརྗོད་དང༌། སྦྱིན་སྲེག་བྱེད་པའོ། །ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལ་ཞེས་བྱ་བ་


DTG071_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱུད་ལ་ལ་དག་ལས་འཕྲོས་ཆེ་བར་གསུངས་པ། དབང་པོ་རྟུལ་པོ་རྣམས་ཀྱིས་མི་འདུས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་གཞན་དག་ནི་ཅུང་ཟད་ཙམ་དུ་བསྟན་པ་དང་ཞེས་བྱ་བ་ནི། ཁ་ཅིག་ཏུ་ཟུར་ཙམ་གྱིས་བསྟན་པ་ཐོས་པ་ཉུང་དུས་མི་གོ་བའོ། །གཞན་དག་ཏུ་ནི་མ་གསུངས་སོ་ཞེས་བྱ་བ་ནི་རྒྱུད་ཁ་ཅིག་ཏུ་གསང་སྔགས་དང༌། དེའི་ཕན་ཡོན་ཙམ་ནི་གསུངས་ལ། དེ་དག་གི་རིགས་ལ་སོགས་པའི་དབྱེ་བ་དང་མཉེས་པར་བྱ་བའི་ཐབས་ནི་མ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །དགོངས་ནས་ཞེས་བྱ་བ་ནི། དོན་མ་འདུས་པ་དང༌། མ་གོ་བ་དང༌། ཆོ་ག་མེད་པའི་རྣམས་བསྒྲུབ་ཏུ་མི་རུང་བ་ལས་དགོངས་པའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཅོམ་ཞིང་གཟུགས་ལ་སོགས་པའི་ལེགས་པ་དྲུག་དང་ལྡན་པའི་དོན་ཏོ། །རིགས་ཐམས་ཅད་ཀྱིས་མཉེས་པར་བྱ་བའི་ཐབས་སུ་གྱུར་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་ཐམས་ཅད་ལ་ཡང་འདི་སྦྱར་དགོས་པར་བསྟན་ཏོ། །འཇུག་པ་ཞེས་བྱ་བ་ནི། རིག་སྔགས་འཆང་སྒྲུབ་པ་དང༌། མི་སྒྲུབ་པ་གཉི་གའི་ཐུན་མོང་དང༌། ཐུན་མོང་མ་ཡིན་པར་འཇུག་པའོ། །སྦྱོར་བ་ཞེས་བྱ་བ་ནི། ལྷ་རྣམས་པ་དྲུག་པོ་གཟུགས་དང༌། ཕྱག་རྒྱ་དང༌། ཡི་གེ་དང༌། སྒྲ་དང༌། ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པ་དང༌། དོན་དམ་པའི་ཏིང་ངེ་འཛིན་གཉིས་སུ་མེད་པ་ལ་སྦྱར་བའོ། །སྒྲུབ་པ་ཞེས་བྱ་བ་ནི་ལུས་སམ། རྫས་སམ། ལོངས་སྤྱོད་དག་སྒྲུབ་པའོ། །གྲུབ་པ་ཞེས་བྱ་བ་ནི་འབར་བ་ལ་སོགས་པའི་བྱེ་བྲག་གིས་དངོས་གྲུབ་གང་ཡང་རུང་བ་ཞིག་ཏུ་གྱུར་ནས། ཇི་ལྟར་སྤྱད་པ་བསྟན་པའོ། །དཔུང་བཟངས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་སྲས་ཏེ་ཡབ་ཀྱི་དཔུང་པ་བཟང་པོ་ལས་འཁྲུངས་པ། འདིར་ཞུས་པའི་གང་ཟག་གི་དབང་དུ་མཛད་དེ། རྒྱུད་ཀྱི་མིང་ཡང་དེ་དང་མཐུན་པར་བཏགས་པར་རིག་པར་བྱའོ། །ལེའུ་བཅུ་གཅིག་པོ་ཞེས་བྱ་བ་ནི་ལེའུ་རིམ་པར་བཀོད་པའི་གྲངས་སོ། །གཏན་ལ་ཕབ་པར་བསྟན་ཏོ་ཞེས་བྱ་བ་ནི་མདོར་བསྡུས་པ་དང༌། གོ་སླ་བར་བྱས་ཏེ་ངེས་པར་བསྟན་པའི་དོན་ཏོ། །དོན་རྣམ་པར་དབྱེ་བའི་དབང་དུ་མཛད་


DTG071_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལ་ལེའུ་རིམ་པར་དང་པོ་ནི་དོན་བདུན་གྱིས་བཤད་པར་བསྟན་ལ། ཚིག་དང་པོའི་དོན་ནི་འདི་ལྟ་སྟེ། མདོ་སྡེ་དང༌། དེ་འཆད་པ་དང༌། ཞུ་བ་དང༌། འབྲེལ་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པ་རྣམས་ཀྱིས་བསྟན་ཏེ་ཞེས་གསུངས་སོ། །དེ་ལ་ལེའུ་དང་པོ་ཞེས་བྱ་བ་ནི་ཐོག་མར་གསུངས་པའི་ལེའུའོ། །དོན་བདུན་གྱིས་བཤད་པར་བསྟན་ལ་ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་བདུན་ནོ། །ཚིག་དང་པོའི་དོན་ཞེས་བྱ་བ་ནི་བདུན་པའི་དང་པོའོ། །དེ་ལ་མདོ་སྡེ་ཞེས་བྱ་བ་ནི་དཔུང་བཟངས་ཀྱིས་ཞུས་པ་ཞེས་གྲགས་པའོ། །དེ་འཆད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཏོ། །ཞུ་བ་ནི་འཕགས་པ་དཔུང་བཟངས་ཏེ། དེ་གཉིས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང༌། གཟུངས་དང༌། སོ་སོ་ཡང་དག་པར་རིག་པ་དང༌། ཏིང་ངེ་འཛིན་དང༌། དབང་དང༌། བཟོད་པ་དང༌། རྣམ་པར་ཐར་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་སྒྲིབ་པ་མ་ལུས་པར་སྤངས་པས་བཤད་ཅིང་གཟུང་བའི་སྒོ་ནས་གང་དག་གང་ཟག་གི་རྗེས་སུ་འབྲང་བ་རྣམས་རྒྱུད་ལ་གུས་པ་སྐྱེའོ། །འབྲེལ་པ་ཞེས་བྱ་བ་ནི་འཕགས་པ་རྡོ་རྗེ་འཛིན་པ་ལ་སོགས་པ་རིག་སྔགས་ཐམས་ཅད་དུ་གྲུབ་པས། རྒྱུད་འདི་ལས་བཤད་པའམ། ཡང་ན་རྒྱུད་འདི་ལས་གོམས་ཤིང༌། འདི་མན་ངག་བཞིན་དུ་སྤྱད་པས། རིག་སྔགས་འཆང་རྣམས་དངོས་གྲུབ་ཐོབ་པའི་ཕྱིར་རོ། །བརྗོད་པར་བྱ་བ་ཞེས་བྱ་བ་ནི། རིག་སྔགས་ཐམས་ཅད་མཉེས་པའི་ཐབས་སུ་གྱུར་པ། འཇུག་པ་ལ་སོགས་པའི་སྤྱོད་པ་རྒྱུད་འདིས་སྟོན་པའི་དོན་ཏོ། །དགོས་པ་ཞེས་བྱ་བ་ནི་ཆོ་གའི་གནས་རྣམས་གཏན་ལ་ཕབ་པར་ཤེས་པ་དང༌། ཡིད་ལ་བྱེད་པའི་ཕན་ཡོན་ཐོབ་པར་འགྱུར་བའོ། །དེ་ལ་ཆོ་གའི་གནས་རྣམས་གཏན་ལ་ཕབ་པར་ཤེས་པས་ནི། འཇུག་པ་ལ་སོགས་པའི་དུས་ན་ལས་སུ་བྱ་བ་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པས་བདེ་བླག་ཏུ་སྒྲུབ་པ་ལ་འཇུག་ནུས་ལ། ཡིད་ལ་བྱེད་པའི་ཕན་ཡོན་ཐོབ་པས་ནི་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་ལྷག་མཐོང་འཕེལ་བའི་རྗེས་


DTG071_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཐུན་པར་འགྱུར་བའི་ཕྱིར་རོ། །དེ་ཡང་རིག་སྔགས་འཆང་གི་སྡེ་སྣོད་ལས། གནས་པ་གསུམ་དང༌། རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བར་བྱའོ། །དེ་ལ་གནས་པ་གསུམ་ནི་འཕགས་པ་དང༌། ལྷའི་དང༌། ཚངས་པའི་གནས་པའོ། །དེ་ལ་འཕགས་པའི་གནས་པ་ནི་འཕགས་པའི་བདེན་པ་བཞིའོ། །ལྷའི་བསམ་གཏན་བཞིའོ། །ཚངས་པ་ནི་ཚད་མེད་པ་བཞིའོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ནོ་ཞེས་འབྱུང་བ་དང་མཐུན་པར་འདི་ཡང་གསུངས་སོ། །དེ་དག་འོག་ནས་ཐོད་རྒལ་དུ་འབྱུང་བ་རྣམས་འདིར་སྦྱར་བར་བྱ་སྟེ། དེ་ལ་འཕགས་པའི་གནས་པ་བདེན་པ་བཞི་པོ་འདི་ཅིའི་ཕྱིར་བཤད་ཅེ་ན། མྱ་ངན་ལས་འདས་པ་དང༌། འཁོར་བ་གཉིས་ཀྱི་ཡོན་ཏན་དང་ཉེས་པ་མ་རྟོགས་པའི་ཕྱིར། བྱིས་པ་རྣམས་སྲིད་པ་དང༌། ལོངས་སྤྱོད་ལ་མངོན་པར་དགའ་ཞིང་མྱ་ངན་ལས་འདས་པ་ལ་སྐྲག་གོ །དེའི་ཕྱིར་འཁོར་བ་ལ་སྐྱོ་བར་བྱ་བའི་དོན་དང༌། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་དོན་དུ་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པར་བསྟན་ཏོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག །ཅེས་བྱ་བ་དང༌། ལུས་འདི་མི་གཙང་པགས་པ་ཤ་ཁྲག་རྐང༌། །གླང་རྒྱས་རྒྱུ་མ་མཆེར་མཆིན་མཁལ་མ་ཞག །མཁྲིས་བ་བད་ཀན་ཁུ་ཆུ་ཕྱི་ས་དང༌། །གཅིན་སྣབས་བ་སྤུ་སྐྲ་དང་རུས་པ་དང༌། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤང་སྒོའི་མཚན་དང་བུ་ག་དགུ་པོ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། །འཛག་པའི་རྒྱུ་ནི་རྟག་ཏུ་འབྱུང་བ་ཡིན། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང༌། ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན། །ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་ལུས་ལ་གནས་པ་ཡིན། །འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང༌། །ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་


DTG071_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སོ་སོ་རྣམ་པར་བརྟག །དེ་ལྟར་གང་གིས་ངེས་པར་བརྟགས་པ་ན། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི། །འདོད་ཆགས་རྩ་ནས་ཡོང་ཡེ་ཞི་འགྱུར་ཏེ། །ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན། །ཞེས་གསུངས་ཏེ། འདིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཏེ། དེ་ལ་ཡོངས་སུ་བརྟགས་པས། སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ་ཞེས་བསྟན་ཏོ། །ཚོར་བ་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། ཚོལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ། །མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། །ངན་པ་སྐྱེ་རྒ་འཆི་བའི་སྡུག་བསྔལ་ཅན། །ཡུལ་རྣམས་ཀུན་དུ་སོང་ནའང་མེད་པ་མིན། །ཤ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས། །གང་དུ་སོང་ནའང་སྡུག་བསྔལ་ཉིད་ཡིན་པས། །ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་ན། །རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ། །ཞེས་གསུངས་ཏེ། འདིས་ནི་སྲེད་པའི་རྒྱུ་ནི་ཚོར་བ་སྟེ། དེ་ལ་ཡོངས་སུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ་ཞེས་བསྟན་ཏོ། །སེམས་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། སེམས་ནི་གློག་དང་སྤྲེའུ་དང་རླུང་དང་མཚུངས། རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་འདོད་དགུར་འདོད་ཡོན་མངོན་དགའ་བ། གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། ཞེས་བྱ་བ་དང༌། དེའི་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། །སེམས་ནི་དང་བར་ལྷ་མི་བདེ་བ་དང༌། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང༌། །སེམས་དམྱལ་གནས་ཤིང་མི་སྡུག་དབུལ་པོར་འགྱུར། །སེམས་ནི་རབ་ཏུ་དང་བར་གྱུར་པའི་མིས། །ས་ཆུ་མེ་རླུང་སྐྱེ་རྒ་འཆི་སོགས་དང༌། །བར་དང་ཐ་མར་གནོད་པ་ཀུན་བྲལ་བ། །རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ། ཉོན་མོངས་དུག་བཅས་རྣམ་པར་འཇིག་འགྱུར་བ། །དང་པོའི་སེམས་ཀྱིས་ཐོབ་པར་གྱུར་པ་ཡིན། །ཞེས་གསུངས་ཏེ། འདིས་ནི་རྟག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ།


DTG071_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡོངས་སུ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆད་པར་དོགས་པའི་འཇིགས་པ་མེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཆོས་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། །འདོད་རྒྱལ་ལས་ཀྱང་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་མ་ཡིན་ཏེ། །རྒྱུ་མེད་ཅན་མིན་སྐྱེས་བུས་མ་བྱས་ཀྱང༌། །ལས་དང་ཉོན་མོངས་པ་ལས་སེམས་ཅན་བྱུང༌། །གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་གཟུགས་ཀྱང་བདག་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས། །གཟུགས་ནི་དབུ་བ་རྡོས་པ་དག་དང་འདྲ་བ་སྟེ། ཚོར་བ་ཆུའི་ཆུ་བུར་བཞིན་དུ་རྟག་པ་མེད། །དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན། །གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུངས། །ཞེས་གསུངས་ཏེ། །འདིས་ནི་ཆོས་ལ་ཡོངས་སུ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་མེད་པའི་ཕྱིར། ལམ་གྱི་བདེན་པ་ལ་འཇུག་གོ་ཞེས་བསྟན་ཏོ། །འདིར་ཚིགས་སུ་བཅད་པ། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །དྲན་པ་ཉེ་བར་གཞག་པ་བསྒོམས་པ་དེ་ཉིད་ལ་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་གཉིས་སྐྱེད་པ་དང༌། མ་སྐྱེས་པ་ཐ་དད་པས་བརྩོན་འགྲུས་རྣམ་པ་བཞི་འབྱུང་བ་ནི། ཡང་དག་པར་སྤང་བ་སྟེ། མི་མཐུན་པའི་ཕྱོགས་བསལ་བ་ལ་སྐྱེས་པ་རྣམས་ཀྱི་རྒྱུད་བཅད་པའི་དབང་དུ་མཛད་ནས། ཚིག་རྩུབ་ཕྲ་མ་ཀྱལ་པ་སྨྲ་བ་དང༌། །གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་དང༌། །རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང༌། །ཆང་དད་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་གིས་ལུས་དང་ངག་དང་ནི། དེ་བཞིན་ཡིད་ཀྱི་བསོད་ནམས་བསགས་བྱས་ཀྱང༌། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང༌། །ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལས་དགེ་བའི་ཆོས་


DTG071_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མི་སྐྱེའོ། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི །ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །ཞེས་བྱ་བ་དང༌། སེར་སྣ་དྲེགས་དང་རྒྱགས་པ་རྣམ་སྤངས་ཏེ། །ཞེས་གསུངས་ཏེ། འདི་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བསྟན་ཏོ། །མི་མཐུན་པའི་ཕྱོག་བསལ་བ་ལམ་སྐྱེས་པ་རྣམས་མི་བསྐྱེད་པའི་དབང་དུ་མཛད་ནས། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང༌། །ཐུབ་པའི་དགེ་འདུན་དབྱེན་ནི་བྱེད་པ་དང། །དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད། །གཏི་མུག་གིས་ནི་སྡིག་པ་ཅི་བྱས་ནའང༌། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་དང༌། །སློབ་པ་གསོད་ཀྱི་དགེ་འདུན་མངའ་བ་ལ། །གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་དང༌། །མཚམས་མེད་ཉེ་ལྡར་དེ་བཞིན་གཤེགས་པས་གསུངས། །ཚུལ་ཉམས་མི་ནི་འགའ་ཞིག་འདི་བྱེད་པ། །བསྐལ་པའི་བར་དུ་མནར་མེད་སྡུག་བསྔལ་མྱོང༌། །གསངས་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོད་མི་འཐོབ། །གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག །ཆུད་གཟོན་པ་འམ་མེས་ནི་སྲེག་པ་དང༌། །བསམ་པ་ངན་པས་ཆུར་ནི་འདོར་བ་དང༌།། ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བའམ། །བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་དང་དགེ་སློང་མ་གསོད་དང༌། །དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང༌། །ངན་པའི་སེམས་ཀྱིས་ལྷ་ཁང་སྲེག་ཀྱང་རུང༌། །མི་ཡི་ཡུལ་ནི་སྡིག་པ་འདི་བྱས་པ། །དཀའ་བ་སྤྱོད་བར་ལྡན་ཡང་གྲུབ་མི་ཐོབ། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི། །བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང༌། །བདག་ཉིད་མནར་མེད་ཡུན་རིང་དམྱལ་བར་བཙོ། །དེ་ལས་ཐར་ནའང་ལས་ཀྱི་དབང་གིས་ནི། །རིགས་ངན་མི་དང་དུད་འགྲོར་སྐྱེ་བ་འཐོབ། །འདི་དག་ངས་ན་


DTG071_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་མདོར་བཤད་དོ། །ཞེས་བྱ་བ་དང༌། གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །རིག་སྔགས་གཅོད་དང་གནོན་པར་བྱེད་བའམ། །བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད། །དོན་མེད་བཞིན་དུ་སེན་མོས་རྩ་གཅོད་དང༌། །རྐང་པས་རྐང་མཉེད་པ་ལ་སོགས་པའོ། །སྣ་འབིགས་དགེ་འདུན་ལ་ནི་མི་གུས་དང༌། །འབྱུང་པོ་བྱིན་པའམ་ལྷ་བཤོས་གཏོར་མའམ། །ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། །འདོད་ཆགས་ཟིལ་གྱིས་ནོན་པས་དུད་འགྲེ་དང༌། །བུད་མེད་བགྲོད་བྱ་མིན་པར་བགྲོད་མི་བྱ། །གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང༌། །རྟ་རྒྱུག་པ་དང་ལྕག་གིས་གཞུ་མི་བྱ། །གང་ཞིག་སེམས་ཅན་ན་དང་སྡུག་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོ་མེད་པ་དང༌། ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི། །དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ། །དཔེར་ན་ནམ་མཁའ་མཐའ་ཐུག་མེད་པ་ལ། །འདོམ་གྱིས་བཅལ་བས་མཐའ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས། །རྒྱ་དང་རྙི་གཏོར་རྩ་བའི་དུག་དག་གིས། །ཁྱི་ལ་སོགས་པའི་སེམས་ཅན་གསོད་པ་དང། །བྱ་རོག་ལ་སོགས་གཟེབ་ཀྱིས་བཅིང་བྱས་ན། །འདི་དང་ཕ་རོལ་དུ་ཡང་གྲུབ་མི་ཐོབ། །བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། །རྐང་བས་མི་བརྫི་མགོ་ལ་གདགས་མི་བྱ། །བཀྲེས་པས་གདུངས་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ། ཞེས་གསུངས་ཏེ། འདིས་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བསྟན་ཏོ། །གཉེན་པོ་སྐྱེས་པ་ལ། མ་སྐྱེས་པ་རྣམས་སྐྱེད་པའི་དབང་དུ་མཛད་ནས། དགེ་དང་མི་དགེའི་ཤེས་པ་གཟུང་ན་ནི། །བྲམ་ཟེ་དམངས་རིགས་དག་ལ་ཁྱད་པར་མེད། །འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང༌། །འདི་ནི་དམངས་རིགས་ཡིན་ཞེས་བརྟགས་པར་ཟད། །བདེན་པའི་ལམ་དམིགས་དགེ་བའི་རྗེས་


DTG071_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ནས། །དམངས་རིགས་དག་ཀྱང་རྒ་ཤི་མེད་པར་འགྲོ། །ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན། །བྲམ་ཟེ་གང་ཡིན་མི་བཟད་དམྱལ་བར་ལྟུང༌། །ལུས་ཅན་ཤིན་ཏུ་དྲི་མ་ལྡན་པ་དག །འདི་ན་གཞན་གྱིས་འདག་པར་མི་འགྱུར་ཏེ། །དེ་ནི་སྡིག་པ་རྣམ་པར་བསལ་བ་དང། །བསོད་ནམས་མ་ལུས་ཡོངས་སུ་བཟུང་བས་འདག །ཅེས་གསུངས་ཏེ། འདིས་ནི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་གཞོག་གོ་ཞེས་བསྟན་ཏོ། །གཉེན་པོ་བསྐྱེད་པ་ལ་སྐྱེས་པ་རྣམས་ཀྱི་རྒྱུད་ཀྱི་རྗེས་སུ་འཇུག་པའི་དབང་དུ་མཛད་ནས། དེ་ལྟར་སྡིག་པའི་ཆོས་ལ་རྣམ་གྲོལ་ནས། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བ་དང་ནི་ལྡན་གྱུར་པ། །ཟློས་པས་སྐྱོན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་འཕྲེང་བ་དྲི་དང་མར་མེ་དབུལ། །གདུགས་དང་རྒྱལ་མཚན་དྲི་དང་རོལ་མོ་དང༌། །མཆོག་ཏུ་དང་པ་ཡིས་ནི་མཆོད་པར་བྱ། །ཞེས་བྱ་བ་དང༌། ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱི། །བསོད་ནམས་ལུས་ཅན་ལ་ནི་འཕེལ་བ་འགྱུར། །ཞེས་བྱ་བ་དང༌། ཇི་ལྟར་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས། །གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལ་ནི་མཆོད་རྟེན་འབུམ་གདབ་པ་འམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེས་ནི་དེ་ཡི་སྡིག་པ་སྲེག་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་གྱུར་ནས། །དེས་ན་གསང་སྔགས་མཐུ་ཡིས་འདི་ཉིད་ལ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ། །ཅེས་གསུངས་ཏེ། འདིས་ནི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང༌། ཕྱིར་ཞིང་འབྱུང་བ་དང༌། །ཡོངས་སུ་རྫོགས་


DTG071_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར། །འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བསྟན་ཏོ། །འདིར་ཚིགས་སུ་བཅད་པ། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་ཡང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང༌། །མི་མཐུན་པའི་ཕྱོགས་བསལ་བའི་བརྩོན་འགྲུས་བརྩམ་པའི་སེམས་གནས་པའི་ལུས་ལས་སུ་རུང་བ་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞིར་འགྱུར་བའི་ཕྱིར། ཡང་དག་པར་སྤོང་བའི་འོག་ཏུ། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྟན་ཏོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། །དེ་ཡི་བདེ་བར་གཤེགས་ལ་དད་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །རྡོ་རྗེའི་རིགས་ཞེས་བརྗོད་པ་རྒྱ་ཆེན་དང༌། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཞེས་གསུངས་ཏེ། འདི་ནི་གང་གི་ཚེ། འདུན་པའི་དབང་གིས་བརྩོན་འགྲུས་རྩོམ་པ་ལ་གུས་པར་འཇུག་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་གོ་ཞེས་བསྟན་ཏོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང༌། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་དང་སྨད། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །དཔེར་ནི་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར། །དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། །སྔགས་པ་སྐད་ཅིག་ཙམ་ཡང་གནས་མི་བྱ། ཞེས་གསུངས་ཏེ། འདིས་ནི་གང་གི་ཚེ་བརྩོན་འགྲུས་རྩོམ་པ་ན་རྟག་པར་སྦྱོར་བས་སེམས་རྩེ་གཅིག་པ་ཉིད་ལ་རེག་གོ །ཞེས་བསྟན་ཏོ། །སེམས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ནས། འཕགས་པ་གཙུག་ན་རིན་པོ་ཆེས་ཞུ་བའི་མདོ་ལས། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་བས་སེམས་ཡེངས་པར་འགྱུར་ཞེས་འབྱུང་བ་དང་མཐུན་པར་གསུངས་ཏེ། བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །ཞེས་གསུངས་སོ། །འདིས་ནི་སྔོན་གྱི་ཏིང་ངེ་འཛིན་གྱི་ས་བོན་ལ་བརྟེན་ནས། རང་བཞིན་གྱི་སྙིང་རྗེ་ཆེན་པོས་སེམས་འཛིན་ཅིང༌། སེམས་རྩེ་གཅིག་


DTG071_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལ་རེག་གོ་ཞེས་བསྟན་ཏོ། །དཔྱོད་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ནས། རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེ་གཞག་པར་བྱ། །ཞེས་བྱ་བ་དང༌། ལེ་ལོ་འདོད་ཆགས་མི་དགེར་ལྡན་པའི་སེམས། །གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག །དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར། །ཞེས་གསུངས་ཏེ། འདིས་ནི་གང་གི་ཚེ་དམིགས་པ་རབ་ཏུ་རྣམ་པར་འབྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་གོ་ཞེས་བསྟན་ཏོ། །སེམས་ལས་སུ་རུང་བ་དེའི་དགོད་པ་གང་ཞེ་ན། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་བྱ་བ་འདི་སྤང་བར་དགོངས་པའོ། །དེའི་རྒྱུ་གང་ཞེ་ན། སྤོང་བའི་འདུ་བྱེད་བརྒྱད་དེ། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་གྱུར་པ་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་ཡང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་བཤད་དོ། །འདིར་ཚིགས་སུ་བཅད་པ། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སེམས་ལས་སུ་རུང་ནས། དེའི་འོག་ཏུ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས། རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ། དབང་པོ་ལྔ་རྣམ་པར་གཞག་གོ །དད་པའི་དབང་པོའི་དབང་དུ་མཛད་ནས། དཀོན་མཆོག་གསུམ་ལ་དད་པས་བརྟེན་པར་བྱ། །ཞེས་གསུངས་ཏེ། འདིས་ནི་གང་ཡོད་པ་ཉིད་དང༌། ཡོན་ཏན་ཅན་དང་བུས་པ་རྣམས་ལ་གོ་རིམས་བཞིན་དུ། མངོན་པར་ཡིད་ཆེས་པ་དང༌། དད་པ་དང༌། འདོད་པ་


DTG071_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི། དད་པའི་མཚན་ཉིད་དུ་བསྟན་ཏོ། །བརྩོན་འགྲུས་ཀྱི་དབང་དུ་མཛད་ནས། །སོས་ཀའི་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གི་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག །ཅེས་གསུངས་ཏེ། འདིས་ནི་དེ་ལྟར་དད་པར་འགྱུར་བ་ནི་འཁོར་བའི་བཙོན་ར་ནས་འབྱུང་བར་སྦྱོར་བས་དེའི་ཕྱིར། བརྩོན་འགྲུས་རྩོམ་མོ་ཞེས་བསྟན་ཏོ། །དྲན་པའི་དབང་པོའི་དབང་དུ་མཛད་ནས། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། ཡོངས་སུ་བསྔོ་བ་ལ་མཁས་པ་ནི། དྲན་པའི་དབང་པོ་ཞེས་འབྱུང་བ་དང་མཐུན་པར་གསུངས་ཏེ། མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང༌། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡིས། །དགེ་བ་དེ་ཀུན་བླ་ན་མེད་པ་ཡིས། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ། །དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོ་ནི་གཅིག་ཏུ་འགྱུར་བ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི། །བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །སཱ་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང༌། །སཱ་ལུ་རྙེད་ནས་བསྒྲིམས་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང༌། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། །མ་བསྒྲུབས་བཞིན་དུ་མི་ཡི་ལོངས་སྤྱོད་གྲུབ། །ཚེ་རིང་བ་འདི་ལེགས་པར་ཐོབ་པ་དང། །ཆོས་བཞིན་བསྒྲུབ་པའི་ཡུལ་དག་རྙེད་པའམ། །སྐྱེ་བ་མེད་པར་འགྱུར་ཞིང་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །ཞེས་གསུངས་ཏེ། འདི་ནི་དེའི་འབྲས་བུ་ལ་རེ་བ་བསྒྲུབས་པས་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུར་འགྱུར་རོ་ཞེས་བསྟན་ཏོ། །གཞན་ཡང༌། འགྲེང་དང་འདུག་དང་གཉིད་ལོག་ཉལ་བ་དང༌། །འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་ན། །རྗེས་སུ་དྲན་པ་སོ་སོའི་ཡོན་ཏན་དང༌། །རིགས་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། །ཞེས་བྱ་བ་དང༌། བདེ་གཤེགས་ཆོས་དང་དགེ་འདུན་བཅས་པར་དྲན་བྱས་ཏེ། །ཤཱ་རིའི་བུ་དང་ང་ལ་


DTG071_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་སྦྱར་བཏུད་ནས་ཉལ། །དེ་ལྟར་སྦགས་པའི་སྡིག་པ་མཐའ་དག་ཟད་པར་བྱ། །ཞེས་བྱ་བ་དང༌། ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས། །བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྟ། །དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བསྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་བྱ་བ་དང༌། ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང༌། །ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང༌། །ཐོས་མོང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང༌། །དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ། །ཅེས་བྱ་བ་དང༌། གང་གི་ཚེ་ན་སེམས་ནི་དང་བ་ཡིས། །མི་ཡི་ཡུལ་ནས་བྱང་ཆུབ་སེམས་བླངས་པ། །དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང༌། །འཇིག་རྟེན་མ་ལུས་རྣམས་ཀྱི་ཕྱག་བྱར་འོས། །མིས་ནི་མངོན་པར་མཐོ་བ་མ་ལུས་པའི། །བསླབ་པ་མཐའ་དག་བླངས་པར་གྱུར་པ་དང༌། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང༌། །དཀོན་མཆོག་གསུམ་གྱི་གདུང་ཡང་བསབ་པ་ཡིན། །ཞེས་གསུངས་པ་འདི་དག་གིས་ནི། དམིགས་པ་བསལ་བའི་མཚན་ཉིད་ནི། དྲན་པའི་དབང་པོར་བསྟན་ཏེ། དེས་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པ་བསྒྲུབ་པར་སྟན་ཏོ། །ཏིང་ངེ་འཛིན་གྱི་ད་པར་པོའི་དབང་དུ་མཛད་ནས། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ནས་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་དང༌། ཚེ་རབས་གཞན་དུ་གང་དང་གང་བྱས་པའི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱང༌། །བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ན། །དང་


DTG071_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིས་ནི་ཏིང་ངེ་འཛིན་ནི་རྩེ་གཅིག་པའི་མཚན་ཉིད་རྒྱུ་དང་བཅས་པ་ཡིན་པས། །སེམས་ཀྱི་བསླབ་པ་བསྒྲུབ་པར་བསྟན་ཏོ། །ཤེས་རབ་ཀྱི་དབང་པོའི་དབང་དུ་མཛད་ནས། །ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང༌། །མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག །ལུས་ཀྱི་ཁ་བརྒྱུད་རྗེས་སུ་རབ་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང༌། །ཞེས་གསུངས་ཏེ། འདིས་ནི་ཤེས་རབ་ཀྱི་དབང་པོས་ཆོས་རྣམ་པར་འབྱེད་པ་བསྟེན་ཏོ། །འདིར་ཚིགས་སུ་བཅད་པ། ཐར་པའི་ཆ་དང་མཐུན་བ་སྐྱེད་ནས། །འདུན་དང་སྦྱོར་དང་དབང་བྱེད་དེ། །དམིགས་པ་བརྗེད་པར་མ་གྱུར་དང༌། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ༌། །དད་པ་ལ་སོགས་དེ་དག་ཉིད། །སྟོབས་དང་ལྡན་པར་གྱུར་པ་ལ། །སྟོབས་རྣམས་ཞེས་བྱ་བ་སྟེ། འདིར་ཚིགས་སུ་བཅད་པ། །མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །དབང་པོ་རྣམས་ཀྱང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཟག་པ་མེད་བའི་ཆོས་འབྱུང་བའི་ཚུལ་དུ་རིག་པར་བྱ་སྟེ། ཆོས་ཀྱི་མཆོག་གི་འོག་ཏུ། མཐོང་བའི་ལམ་འབྱུང་བས། སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བཤད་དོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །དེས་ན་བརྩོན་འགྲུས་དང་ནི་བཟོད་པ་དང༌། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཞེས་བྱ་བ་དང༌། ཆགས་དང་རྣམ་བྲལ་དགེ་ལ་དགའ་བ་དང༌། །རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་ཞིང༌། །སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡི། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །ཅེས་བྱ་བ་དང༌། ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ། །མི་ཡིས་ལེགས་པར་སྤྱད་པ་བགྱིས་ནས་ནི། །དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས། །ཉི་མ་བཞིན་དུ་ཤིན་ཏུ་འབར་བར་འགྱུར། །ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང༌། །ནད་དང་


DTG071_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལུས་ཉམས་མི་འགྱུར་བ། །ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་འདིས་ནི། །བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ། །དྲན་པའི་སྟོབས་ཀྱིས་དམིགས་པ་དེ་ལས་མ་གཡེང་བའི་ཕྱིར་རོ་ཞེས་བསྟན་ཏོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། ལུས་དང་ངག་ཡིད་ལག་པ་མིག་དག་ནི། །སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དག །རབ་ཏུ་བསྡམས་ནས་དེ་ལ་ཡིད་གཞོལ་ཞིང༌། །བྱམས་ལ་གནས་ཞིང་ཀུ་ཤའི་ཁྲེས་ལ་འདུག །ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ། །དེ་སྲིད་དུ་ནི་འབུམ་མམ་ཉིས་འབུམ་བཟླས། །ཞེས་གསུངས་ཏེ། འདིས་ནི་རང་བཞིན་གྱི་ཡན་ལག་བསྟན་ཏེ། བྱང་ཆུབ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཏོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། ཇི་ལྟར་རི་དགས་དབང་པོ་བཀྲེས་པ་དག །མཐུ་སྟོབས་ཆེན་པོས་གླང་ཆེན་གསོད་པ་དང༌། །དེ་བཞིན་སྦྱང་ཀུ་ཕག་དང་རི་དགས་དང༌། །ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར། །དེ་བཞིན་སྔགས་པ་སེང་གེའི་ཚུལ་གྱིས་སུ། །རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ། བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང༌། །འབད་པ་མཆོག་རྣམས་ཀྱིས་ཀྱང་བརྟན་པར་བྱ། །ཞེས་གསུངས་ཏེ། འདིས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་སོ་སོ་སྐྱེ་བོའི་ས་ལས་ཤིན་ཏུ་འདའ་བའི་ཕྱིར་རོ་ཞེས་བསྟན་ཏོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་འཐོབ། །ལུས་སྦྱངས་པ་ནི་བདེ་བའི་སྐལ་ལྡན་འགྱུར། །ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་འགྱུར། །ཞེས་གསུངས་ཏེ། འདིས་ནི་ཕན་ཡོན་གྱི་ཡན་ལག་བསྟན་ཏེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། དངོས་གྲུབ་ཉེ་ན་ཟློས་


DTG071_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་དང༌། །སེམས་ནི་སྡིག་ལ་ནམ་ཡང་དགའ་མི་འགྱུར། །བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་ཡི། །སྡུག་བསྔལ་དྲག་པོས་ཉེན་ཀྱང་གཡོ་མི་འགྱུར། །སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྦུར་དང༌། །སྡིག་སྦྲུལ་རྐང་བརྒྱ་པ་དང་སྦུར་དང་འདྲེ། །ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་ཡི་ནི། །ལུས་དང་དྲི་མ་ལ་ཡང་མི་འགོང་ངོ༌། །ཚིག་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་དངགས་དང་ནི་བྲི་བ་རྣམས་ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང༌། །ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར། །སྐྱེ་བོས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང༌། །མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། །བུད་མེད་འདོད་ལྷའི་མདས་ཕོག་པ་རྣམས་ཀྱིས། །འདོད་པ་ལོངས་སྤྱོད་སྤྱིར་ནི་འབོད་པར་འགྱུར། །གང་ཚེ་མཁའ་ལས་ལྷ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ། །མིས་ནི་དག་པའི་ཡིད་ཀྱིས་མཐོང་ཐོས་ནས། །དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །ཞེས་གསུངས་ཏེ། འདིས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཡིན་པས། ཀུན་ནས་ཉོན་མོངས་པ་མེད་པ་ནི་རྣམ་པར་དག་པའོ་ཞེས་བསྟན་ཏོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱིས་དེ་བཞིན་འབར་བར་འགྱུར། །ཞེས་གསུངས་ཏེ། འདིས་ནི་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་པས་རྗེས་སུ་གཟུང་བའི་ཕྱིར། སེམས་མཉམ་པར་འཇོག་གོ །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས། ཉོན་མོངས་པ་རྣམ་སོ་སོར་སྤོང་ངོ་ཞེས་བསྟན་ཏོ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང༌། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་གནས་པ་ཐོབ་བ་སྟེ། །སེམས་ནི་ལས་སུ་རུང་བར་གྱུར་པར་ངེས། །ཞེས་བྱ་བ་དང༌། བཏང་སྙོམས་ལྡན་ཞེས་ཀྱང་


DTG071_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། འདིས་ནི་ཀུན་ནས་ཉོན་མོངས་པར་གྱུར་པ་དང་མཐུན་པའི་སེམས་མི་ཉམས་པ་དང༌། སེམས་རྣལ་དུ་མི་འཇུག་པ་དང༌། སེམས་རྩོལ་བ་དང་བཅས་པའི་གཉེན་པོ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་བའི་ངོ་བོ་ཉིད་དོ། །འདིར་ཚིགས་སུ་བཅད་པ། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་དེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །བྱང་ཆུབ་ཀྱི་ཡན་ལག་གིས་མཐོང་བ་གང་ཡིན་པའི་ལམ་དེ་ཐོབ་པར་བསྒོམས་པས་མཐོང་བའི་ལམ་གྱི་འོག་ཏུ་བསྒོམ་པའི་ལམ་དུ་བསྟན་པ་ནི་ལམ་གྱི་ཡན་ལག་བརྒྱད་དེ། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་འདི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བསྟེན་པར་བྱ། །ཞེས་གསུངས་སོ། །མིང་ཙམ་བརྗོད་པས་རང་གི་ངོ་བོ་མི་ཤེས་པའི་ཕྱིར་རེ་རེ་ནས་སྟོན་ཏེ། དེ་ལ་ཡང་དག་བའི་ལྟ་བའི་དབང་དུ་མཛད་ནས། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང༌། དྲག་པོ་རླུང་སོགས་ལྷ་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་མི་བརྟེན་ཞིང༌། །དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད། །དེ་རྣམས་ཆོས་ལའང་ངན་སེམས་མི་བྱ་ཞིང༌། །དེ་ཡི་སྤྱོད་ལ་ནམ་ཡང་དགའ་མི་བྱ། །དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླས། །སྦྱིན་པ་སྦྱིན་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིན། །བདེ་བར་གཤེགས་པ་ཀུན་གྱིས་བསྟེན་པ་ཡི། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །དེ་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི། །ཕྱག་འཚལ་ཉ་ལ་ཕྱག་ནི་མི་འཚལ་མེད། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །འཇིག་རྟེན་ཀུན་གྱི་མངོན་མཐོའི་བསླབ་པ་ཅན། །སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ་དེ་ལ་ཅི་ཡི་ཕྱིར། །བུ་གཅིག་བདག་ཉིད་ཀུན་གྱིས་ཕྱག་མི་བྱ། །སྐྱེས་བུ་བསམ་ཡས་


DTG071_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་རྫུ་འཕྲུལ་ཅན། །དེ་ལ་མི་ངན་གང་ཞིག་མི་འདུད་པ། །དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས། །དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ཏོ། །དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི། །ཡིད་འོང་ཕྱི་ནས་འབྲས་བུར་གྱུར་པ་ལྟར། །སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས། །འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས། །གང་གི་རང་བཞིན་ཆགས་དང་རྣམ་བྲལ་ཡང༌། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང༌། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ལ་རྗེས་སུ་ཆགས་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་འདི་ནི་ཡང་དག་པའི་ལྟ་བའི་རྒྱུ་སྟེ། འདིར་རྒྱུ་ལ་འབྲས་བུ་བཏགས་ནས་ཡང་དག་པའི་ལྟ་བར་གཞག་གོ །གཞན་ཡང༌། དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤངས་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །ཞེས་གསུངས་ཏེ། འདིས་ནི་མཐོང་བའི་ལམ་གྱིས་རྟོགས་པ་ལ། བདག་གིས་འདི་ལྟ་བུ་རྟོགས་སོ་ཞེས་ཡོངས་སུ་གཅོད་པར་བསྟན་ཏོ། །ཡང་དག་པའི་རྟོག་པའི་དབང་དུ་མཛད་ནས། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོའམ། །བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་ཡང༌། །ཞེས་གསུངས་ཏེ། འདིར་ནི་མི་མཐུན་པའི་ཕྱོགས་ཙམ་ཞིག་སྨོས་ཏེ། དངོས་སུ་ནི་ཡང་དག་པའི་རྟོག་པས་དག་ཀུན་ནས་སློང་སྟེ། མ་བརྟགས་མ་དཔྱད་པར་ཚིག་མི་སྨྲ་བའི་ཕྱིར། ཡང་དག་པའི་རྟོག་པས་བསླང་བའི་དག་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་གོ །ཡང་དག་པའི་ངག་གི་དབང་དུ་བྱས་ནས། ཡུལ་སའི་གཏམ་དང་མི་དབང་བསྟེན་པ་དང༌། །དམག་དང་གྱད་དང་ན་ཆུང་གཏམ་དག་དང༌། །སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། །ཞེས་གསུངས་ཏེ། འདིར་ནི་མི་མཐུན་པའི་ཕྱོགས་ཙམ་ཞིག་གསུངས་


DTG071_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དངོས་སུ་གཞན་དག་ལ་རྒོལ་ཞིང་ལེན་འདེབས་པ་ན། བསྙད་པ་དང་འབྲེལ་པའི་གཏམ་རྣམ་པར་ངེས་པ་འདིས་ནི། དེ་ཁོ་ན་ཉིད་ངེས་པར་རྟོག་སོ་ཞེས་ཤེས་རབ་ལ་གཞན་དག་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའི་དབང་དུ་མཛད་ནས། བདག་ལ་བསྟོད་པར་ནམ་ཡང་མི་བྱ་ཞིང༌། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་དག །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །ཞེས་བྱ་བ་དང༌། སྔགས་པ་གསང་སྔགས་བསླབ་པ་མནོས་པ་ནི། །གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང༌། །མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས། །ཀུན་དགའ་ལུ་མ་རྫིང་བུར་འགྲོ་མི་བྱ། །སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན། །ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ། །རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང༌། །ནགས་ཚལ་སྟོང་པ་དག་དང་ཡུལ་སྟོང་དང༌། གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས། །ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཟླ་བ་བརྒྱད་པོ་འདི་ཡི་དུས་དག་ཏུ། །གནས་ནི་གང་ཡང་རུང་བ་ཅིག་ཏུ་བསྟན། །མཚོ་དང་ཤིང་དང་རི་བོའམ་དགོན་པའི་གནས། །མཚེའུ་དང་ཁང་པ་ནགས་སམ་ཆུ་དོགས་སུ།། དགུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས། །སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ། །ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །ཚུལ་ཞུགས་གནས་གཞན་མི་འགྲོ་གསུངས་པ་བཞིན། དེ་བཞིན་བཅོམ་ལྡན་འདས་ཀྱིས་སྔགས་པ་ཡང༌། །ཟླ་བ་གསུམ་དུ་གཅིག་ཏུ་གནས་པ་གསུངས། །སྔགས་པས་དབྱར་ནི་བསྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདའ་བར་བྱ། །དབྱར་འདས་ནས་ནི་གསང་སྔགས་གཟི་བསྐྱེད་པས། །བདག་ཉིད་བསྲུང་བྱས་སྒྲུབ་ལ་འཇུག་པར་བྱ། །ཞེས་གསུངས་ཏེ། །འདིས་ནི་ཉེས་པར་སྤྱོད་པ་དང། །མི་མཐུན་པར་བསྟན་ཏེ། །དེ་དང་ལྡན་ན་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་དོ། །དེའི་ཕྱིར་འདི་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ནོ་ཞེས་ཡིད་ཆེས་པ་འབྱུང་ངོ་ཞེས་བསྟན་ཏོ། །ཡང་དག་པའི་འཚོ་བའི་དབང་དུ་མཛད་ནས། །ཡོངས་སུ་འཛིན་པ་


DTG071_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང༌། །སྟན་དང་མལ་སྟན་ངན་དོན་ཙམ་གྱིས་ཀྱང༌། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ། །ཅེས་བྱ་བ་དང༌། གཙུག་ཕུད་གཞག་སྟེ་སྐྲ་ནི་བྲེགས་ནས་སུ། །འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོའམ་གསོ་མའམ། །ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པ། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང༌། །མཆོག་ཏུ་ཟླུམ་ཞིང་མ་གས་རྨ་མེད་པར། །ཡིད་དུ་འོང་བའི་ལྷུང་བཟད་བཅང་བར་བྱ། །བཟའ་བཏུང་མེད་ཅིང་དམངས་རིགས་མང་བ་དང༌། །མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང༌། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ། །བྲམ་ཟེ་ཕྱི་རོལ་སྐྱེ་བོ་མེད་པར་བསྟེན། །ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། །རིགས་ཀྱིས་རློམ་ཞིང་སྙིང་རྗེ་མི་ལྡན་པ། །དེ་དག་བདེ་བར་གཤེགས་ཀྱི་མཆོད་རྟེན་ལ། །མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར། །བྲམ་ཟེ་སངས་རྒྱས་པ་ལ་ཇི་ལྟར་དམན། །སྨྲ་ལས་བྲམ་ཟེ་དག་ལ་དམངས་རིགས་རྣམས། །བསྙེན་བཀུར་དང་ནི་མཆོད་པར་འབྱུང་བས་ན།། དམངས་རིགས་ཀྱིས་ཀྱང་གསང་སྔགས་ཇི་ལྟར་བཟླས། །ལྷ་དང་མགྲོན་མཆོད་པ་དང་ལས་དྲུག་དང༌། །རྒྱལ་པོ་དང་ནི་མེ་ལ་བརྟེན་པ་དང༌། །བུ་ཡི་དོན་དུ་འགྲོ་བར་བྱ་བ་དག །བྲམ་ཟེ་རྣམས་ཀྱིས་ངེས་པར་བསྒྲུབས་པ་ཡིན། །རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས། །གྲུབ་པ་འདི་ལ་ཐེ་ཚོམ་མ་བྱེད་ཅེས། །བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས། །བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད། །ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། །ཉི་མ་ཕྱེད་མཚམས་ཚུན་ཆད་བསླང་བར་བྱ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་བ་སྦྱིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་


DTG071_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་པས་རང་གི་བུ་ཡི་ཤ །ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་བཞིན། །ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང༌། །དེ་བཞིན་ཉུང་དུས་སྲང་ནི་དམར་འགྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་འཛུགས་པ་ལྟར། །དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང༌། །ཤིང་རྟའི་དམིགས་བསྐུ་བཞིན་དུ་ཁ་ཟས་བཟའ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་བས། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་གཅིག་ཐོགས་ནས་སུ། །གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་བླ། །གང་དུ་དག་པར་འགྲོ་ཞིང་འཛིན་མེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་བཏུལ་བཞིན་དུ། །རབ་དང་འབྲིང་ལ་སོགས་པར་སྤངས་ནས་སུ། །མི་སྨྲ་བར་ནི་གཞན་གྱི་གྲོང་དུ་འགྲོ། །གང་ན་བ་གཞོན་བེའུ་ཕྲུག་ཆུང་བ་དང༌། །གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང༌། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང༌། །གང་ན་ཁྱི་ཟ་དགའ་སྟོན་བྱེད་པ་དང༌། །གང་ན་སྐྱེ་བོ་མང་པོ་འདུས་པ་དང། །དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །བསོད་སྙོམས་ཅི་རྙེད་ཁྱེར་ནས་འོངས་བས་ཀྱང༌། །དང་པོ་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། །དུས་སུ་ཟོས་


DTG071_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དུས་གསུམ་ཁྲུས་བྱ་སྟེ། །ཞེས་གསུངས་ཏེ། འདིས་ནི་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར། །རིགས་པ་དང་ཚོད་ཟིན་པར་ཆོས་གོས་ལ་སོགས་པ་ཚོལ་བས་ན། གདོན་མི་ཟ་བར་འདིས་ནི་ཡོ་བྱད་རྣམས་ལ་སྲེད་པ་སྤངས་སོ་ཞེས་ཡོ་བྱད་བསྙུངས་པར་ཡིད་ཆེས་སོ་ཞེས་བསྟན་ཏོ། །ཡང་དག་པའི་རྩོལ་བའི་དབང་དུ་མཛད་ནས། །གང་ཚེ་ཟློས་དཀའི་སེམས་ནི་ཞི་བ་ལ། །བརྟེན་པས་གཉིད་ཀྱིས་དྲན་པ་རྨོངས་གྱུར་ན། །ལངས་ནས་བཅག་ཅིང་ཕྱོགས་སུ་བལྟ་བ་དང༌། །ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། །ཞེས་བྱ་བ་དང༌། གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང༌། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང༌། །གད་རྒྱངས་ཀུ་ཅོ་དག་དང་གླུ་གར་དང༌། །ཅང་དང་པི་ཝང་དག་དང་རྫ་རྔའི་སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང༌། །བུད་མེད་རྒྱན་གྱིས་སིལ་ཁྲོལ་སྒྲ་རྣམས་དང༌། །ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད། །ཅེས་གསུངས་ཏེ། འདིར་ནི་བྱིང་བ་དང་རྒོད་པའི་སྐྱོན་སྤང་བའི་ཐབས་ཉི་ཚེ་ཙམ་སྨོས་པར་ཟད་ཀྱི། །དངོས་སུ་ནི་བྱིང་བ་དང་རྒོད་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་དུས་ཀྱི་བརྩོན་འགྲུས་ཡང་དག་པའི་ལྟ་བས་བསྡུས་པ་ནི་ཡང་དག་པའི་རྩོལ་བ་སྟེ། དེས་བསྒོམ་པར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་དེའི་གཉེན་པོ་ལམ་བསྒོམ་པའོ། །ཡང་དག་པའི་དྲན་པའི་དབང་དུ་མཛད་ནས། །སྟངས་དང་མཆོངས་པ་དང་ནི་གར་བྱེད་དང༌། །གླུ་ལེན་རྔ་རྡུང་སྐྱེ་བོས་དཔྱས་གྱུར་དང༌། །ལྷག་པའི་ང་རྒྱལ་འདྲིད་དང་འདོད་ཆེན་དང༌། །རྒྱལ་པོ་དང་ནི་འདུས་ལ་བལྟ་འདོད་དང༌། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང༌། །བསྟན་བཅོས་ངན་དང་སྙན་དངགས་ཀློག་འདོན་དང༌། །ཆགས་དང་ཚིག་དང་དྲེགས་དང་རྒྱགས་པ་དང༌། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང༌། །ཞེས་བྱ་བ་དང༌། གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །གོང་མོ་སྲེག་པ་དུར་པ་སྐྱེས་པ་དང༌། །བུད་མེད་བུ་མོ་དེ་བཞིན་ར་ལུག་སོགས། །ཐལ་མོ་འགྱེད་པ་མི་བལྟ་མི་བྱའོ། །ཞེས་གསུངས་ཏེ། འདིར་ནི་མི་མཐུན་པའི་ཕྱོགས་ཉི་ཚེ་ཙམ་ཞིག་


DTG071_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཀྱི། དངོས་སུ་ནི་ལམ་བསྒོམ་པ་དེ་ཉིད་ལ་བྱིང་བ་དང་རྒོད་པའི་ཉོན་མོངས་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་གི་རྒྱུ་རྣམས་ལ་དྲན་བཞིན་དུ་ཉེ་བར་གནས་པ་ནི་ཡང་དག་པའི་དྲན་པའོ། །ཡང་དག་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོའི་མཐར་ནི་རབ་ཏུ་གྲགས། །དཔེར་ན་དྲི་མེད་ཆུ་ནི་རྡུལ་སོགས་ཀྱིས། །སྐད་ཅིག་ཏུ་ཡང་རྙོག་པར་བྱེད་པ་ལྟར། །དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས། །འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོག་པར་འགྱུར། །ཞེས་གསུངས་ཏེ། འདིས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བར་བསྟན་ཏོ། །འདིར་ཚིགས་སུ་བཅད་པ། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །རིག་སྔགས་འཆང་སོ་སོའི་སྐྱེ་བོའི་ཚོགས་ཀྱི་ལམ་ལ་གནས་པ་རྣམས་ཀྱིས་ཀྱང༌། དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་བྱ་བ་དང༌། དབང་པོའི་སྒོ་བསྡམ་པ་དང༌། ཟས་ཀྱི་ཚོང་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། དེ་བཞིན་དུ་གནས་པ་ལ་མངོན་པར་བརྩོན་པར་བྱས་ནས། དངོས་གྲུབ་ལ་གཞོལ་ཞིང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་ཡང་བསྒོམ་དགོས་པར་བསྟན་པའི་དབང་དུ་མཛད་ནས། ལས་འདི་རྣམས་ཀྱི་གསང་སྔགས་དངོས་གྲུབ་ཅི་ཞེས་གསུངས་ཏེ། དེ་བཞིན་དུ་རྒྱུར་གྱུར་པ་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པས་མངོན་པར་རྟོགས་པ་དང༌། རྣམ་པར་ཐར་པར་འགྱུར་བའི་གནས་ཀྱི་སྣོད་ཉིད་དུ་གྱུར་པའི་ཕྱིར། ཚོགས་ཀྱི་ལམ་ལ་གནས་པས་ཀྱང༌། དེའི་གོང་མའི་ལམ་དུ་གྱུར་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་རྗེས་སུ་མཐུན་པར་བསྒོམ་དགོས་པར་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་འདིས་ནི་མཐོ་རིས་ཐར་པ་ཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དག །འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །ངོམས་


DTG071_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སེམས་ཀྱི་ལུས་དང་ངག་ཡིད་ཀྱིས། །གུས་པས་བསོད་ནམས་གང་དག་བསགས་པ་ཡང༌། །བདེ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ནས། །དགེ་བའི་ལས་དེ་ཡང་དག་བསྐྱེད་པ་ཡིན། །ཞེས་གསུངས་སོ། །འོན་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་རྣམས་མདོ་ལས་ཅི་ཡི་ཕྱིར་གོ་རིམས་བཞིན་མ་བཀོད་ཅེ་ན། གསང་སྔགས་ཀྱི་རྒྱུད་ཀྱི་ལུགས་ལས་སློབ་དཔོན་གྱི་མན་ངག་གཅེས་པར་བསྟན་པའི་ཕྱིར། དོན་སྦས་པ་དང༌། ལས་ཀྱི་སྐབས་སོ་སོས་ཏིང་ངེ་འཛིན་གྱི་སྒོ་ལ་སོགས་པ་ཐ་དད་པར་བསྟན་ཏེ། སློབ་དཔོན་རྒྱལ་བའི་འོད་ཀྱིས་ཀྱང་འདི་སྐད་དུ། རྒྱས་པ་ལ་ནི་དགའ་སེམས་ཀྱིས། །དབང་ལ་རབ་ཏུ་མཛའ་བ་ཡིས། །ཁྲོས་པ་ཡིས་ནི་དྲག་ཤུལ་ལ། །ཞེས་གསུངས་པའི་ཕྱིར་རོ། །འཕགས་པའི་གནས་པ་བཞི་དང་སྦྱར་བ་བཤད་ཟིན་ཏོ། །དེ་ལྟར་སྒྲུབ་པའི་རྣལ་འབྱོར་པ་འཁོར་བས་སྐྱོ་ཞིང་མྱ་ངན་ལས་འདས་པ་ལ་གཞོལ་བ་དེ། སྙོམས་པར་འཇུག་པའི་སྒྲིབ་བ་དང་བྲལ་བར་བྱ་བའི་དོན་དུ་ཏིང་ངེ་འཛིན་ལ་སྦྱོར་བའི་ཕྱིར། །ལྷའི་གནས་པ་བསམ་གཏན་བསྒོམ་དགོས་པར་སྟོན་ཏེ། དེ་ལ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་རྟོག་པ་དང༌། དཔྱོད་པའི་དབང་དུ་མཛད་ནས། གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང༌། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་རྣམས་དང༌། །གང་རྒྱངས་ཀུ་ཅོ་དག་དང་གླུ་གར་དང༌། །ཅང་དང་པི་ཝང་དག་དང་རྫ་རྔའི་སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང༌། །བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང༌། ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད། །ཅེས་བྱ་བ་དང༌། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །


DTG071_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་བླ། །ཞེས་བྱ་བ་དང༌། སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་དག །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ནི། གཉེན་པོའི་ཡན་ལག་བསྟན་ཏེ། དེ་གཉིས་ཀྱི་འདོད་པ་དང་གནོད་སེམས་དང༌། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བའི་དབང་དུ་མཛད་ནས། དགའ་བ་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །ཞེས་གསུངས་ཏེ། འདིས་ནི་ཕན་ཡོན་གྱི་ཡན་ལག་བསྟན་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས་གཉེན་པོ་བྱས་པའི་མི་མཐུན་པའི་ཕྱོགས་ལ། དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་འཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པའི་དབང་དུ་མཛད་ནས། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །ཞེས་གསུངས་པ་འདིས་ནི་གཉེན་པོ་དང༌། །ཕན་ཡོན་གཉི་གའི་གནས་ཀྱི་ཡན་ལག་བསྟན་ཏེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་དགའ་བ་དང་བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །ནང་རབ་ཏུ་དང་བའི་དབང་དུ་མཛད་ནས། སེམས་ནི་དང་བས་ལྷ་མིའི་བདེ་བ་དང༌། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་འདིས་ནི་རྟོག་པ་དང་དཔྱོད་པ་ཉིད་སྐྱོན་དུ་མཐོང་སྟེ། དེའི་གཉེན་པོར་བསྟན་ཏོ། །དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཡན་ལག་ལ་ལྷག་མ་གཉིས་པ་སྔ་མ་བཞིན་ནོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་བཏང་སྙོམས་ཀྱི་དབང་དུ་མཛད་ནས། བཏང་སྙོམས་ལྡན་ཞེས་གསུངས་ཏེ། སེམས་མཉམ་པ་ཉིད་དང༌། སེམས་རྣལ་དུ་འཇུག་པ་དང༌། སེམས་ལྷུན་གྱིས་གྲུབ་པའོ། །དྲན་པ་དང༌། ཤེས་བཞིན་གྱི་དབང་དུ་མཛད་ནས།


DTG071_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རླུང་མེད་ཁང་བའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །ཞེས་གསུངས་ཏེ། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཤེས་བཞིན་ནི་གཞན་དུ་མི་གཡེང་བ་སྟེ། འདི་གསུམ་གྱིས་ནི་དགའ་བའི་རྣམ་པར་རྟོག་པ་སྤོང་བས། གཉེན་པོའི་ཡན་ལག་ཏུ་བསྟན་ཏོ། །བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི། ཡན་ལག་ལྷག་མ་རྣམས་དང་གོ་རིམས་བཞིན་ནོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནས། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི། བདེ་བའི་གཉེན་པོའི་ཡན་ལག་གོ །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དབང་དུ་མཛད་ནས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང༌། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་དང་སྨད། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །ཞེས་གསུངས་པ་འདིས་ནི། །ཕན་ཡོན་གྱི་ཡན་ལག་བསྟན་ཏོ། །སེམས་རྩེ་གཅིག་པ་ཉིད་ནི། །དེ་གཉི་གའི་གནས་ཀྱི་ཡན་ལག་གོ །འདི་ཡི་དགོས་པ་ནི། རྣམ་པར་གཡེང་བ་ལས་གླན་པའོ། །ཕན་ཡོན་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པ་སྟེ། འདིར་ཚིགས་སུ་བཅད་པ། དམིགས་པ་ལ་ནི་སེམས་གཏད་ནས། དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་གྱུར་ནས། །དེ་ལས་སླར་ནི་གླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས།།


DTG071_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ལྷའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི། །གནས་སྐབས་གང་དུ་ཡང་སེམས་ཅན་རྣམས་ཀྱི་དོན་ལྷུར་ལེན་པ་ལ་གཞོལ་བའི་ཕྱིར། །དེའི་འོག་ཏུ་ཚངས་པའི་གནས་པ་ཚད་མེད་པ་བཞི་བསྒོམ་དགོས་པར་སྟོན་ཏེ། དེ་ལ་བྱམས་པའི་དབང་དུ་མཛད་ནས། བྱམས་དང་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས། སེམས་ཅན་རྣམས་ལ་ཕན་པ་དང༌། ཕྲད་པར་ཤོག་ཤིག་པར་བསམས་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཏོ། །སྙིང་རྗེའི་དབང་དུ་མཛད་ནས་སྙིང་རྗེ་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས། སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤོག་ཤིག་པར་བསམས་པའི་གནས་པའི་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཏོ། །དགའ་བའི་དབང་དུ་མཛད་ནས། དགའ་བ་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་ཤོག་ཤིག་པར་བསམས་པའི་གནས་པ་ཡང་དག་པར་སྦྱོར་བའི་ཏིང་ངེ་འཛིན་ཏོ། །བཏང་སྙོམས་ཀྱི་དབང་དུ་མཛད་ནས། །བཏང་སྙོམས་ལྡན་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ལ་ཕན་པར་བསམས་པའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་སེམས་མཉམ་པ་ཉིད་ལ་དང༌། སེམས་རྣལ་དུ་འདུག་པ་དང༌། སེམས་ལྷུན་གྱིས་གྲུབ་པའོ། །འདིར་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་གནོད་སེམས་དང༌། །རྣམ་འཚེ་མི་དགའ་གནོད་སེམས་དང༌། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་རེག །ཅེས་བྱ་བ་དང༌། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བའང་ཡོངས་མི་གཏོང༌། །ཚངས་པའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་རྟོགས་པ་ལ་འཇུག་པར་གཞོལ་བའི་ཡུལ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་དགོས་པར་སྟོན་ཏེ། དེ་ལ་སྟོང་པ་ཉིད་བསྟན་པའི་དབང་དུ་མཛད་ནས།།


DTG071_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའི་ཕུང་བཞིའང་རིག་པར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བསྟན་ཏོ། །མཚན་མ་མེད་པའི་དབང་དུ་མཛད་ནས། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ། །བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསྟན་ཏོ། །སྨོན་པ་མེད་པའི་དབང་དུ་མཛད་ནས། ཡུལ་སའི་གཏམ་དང་མི་དབང་བསྟན་པ་དང༌། །དམག་དང་གྱད་དང་ན་ཆུང་གཏམ་དག་དང༌། །སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་གཏམ་དང་སྨད་འཚོང་གཏམ་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་རྟེན་སྤང་བའི་ཕྱིར་བསྟན་ཏོ། །འདིར་ཚིགས་སུ་བཅད་པ། ཡོངས་སུ་ཤེས་དང་སྤོང་བ་དང༌། །མངོན་གསུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམས་གསུམ་དུ་ཡོངས་སུ་བསྒྲགས། །རྣམ་པར་ཐར་པའི་སྒོ་གསུམ་དང་སྦྱར་བ་བཤད་ཟིན་ཏོ། །དེ་བཞིན་དུ་བཟླས་བརྗོད་ཡན་ལག་དང་བཅས་པ་དང༌། སྒྲའི་ཏིང་ངེ་འཛིན་ལ་སོགས་ཏེ། འདིར་མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ལ་བྱེད་པ་བསྟན་པ་འདི་དག་གིས་ཀྱང་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང༌། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པའི་ཕྱིར་ཡིད་ལ་བྱེད་པའི་ཕན་ཡོན་བསྟན་པ་ཡིན་ནོ། །དགོས་པའི་ཡང་དགོས་པ་ཞེས་བྱ་བ་ནི་ཆོ་གའི་གནས་ལ་མཁས་པ་དང༌། ཡིད་ལ་བྱེད་པའི་ཕན་ཡོན་ཐོབ་པས་མཐོང་བའི་ཆོས་ལ་མངོན་པར་མཐོ་བ་དང༌། སྲིད་པ་གཞན་དུ་ངེས་པར་ལེགས་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ལྟར་འབྲེལ་པ་ལ་སོགས་པའི་རྒྱུད་ཀྱི་


DTG071_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བཟང་པོ་འདི་རྣམས་ཁོང་དུ་ཆུད་པའི་སྒོ་ནས་ནི། གང་དག་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་འཆད་པ་ལ་སོགས་པ་ལ་གུས་པ་སྐྱེའོ། །བསྡུས་པའི་དོན་གཞན་ནི་དངོས་སུ་གོ་བར་ཟད་དོ། །འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་བཀྲོལ་བའི་བརྗེད་བྱང་རྫོགས་སོ།། །།


previousའཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང་། next