Nitartha Digital Library
Tibetan
 
previousརིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ། ལས་ཀྱི་རྡོ་རྗེ།no next

རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ།
ལས་ཀྱི་རྡོ་རྗེ།


DTG072_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་བ་ཏི་བི་དྱཱ་རཱ་ཛ་སཱུ་ཏྲཱཾ་ཏི་ས་ཧ་ར་ཥ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ་ཞེས་བྱ་བ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་ལ་ཕྱག་འཚལ་ལོ།། བདེར་གཤེགས་ཡང་དག་རྫོགས་པའི་སྐུ། །སྐྱོན་གྱིས་མ་གོས་ཡོངས་རྫོགས་པ། །གཞན་ཡང་སེམས་ཅན་དོན་མཛད་དེ། །ཐུབ་པའི་སྐུ་ལ་ཕྱག་འཚལ་ལོ། །བསིལ་བའི་ཚལ་གྱི་མདོ་སྡེ་འདི། །ཡང་དག་བསམས་ལ་སྟོན་བྱེད་པ། །རབ་རིབ་ཀྱིས་ནི་མི་ཤེས་པའི། །བདག་གི་བསམས་ལ་ཡང་དག་བཤད། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནི། འདི་སྐད་ཅེས་བྱ་བ་ནི། སྒྲོ་སྐུར་དང་བྲལ་བའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ཀུན་དགའ་བོས་སོ། །གྲོགས་མེད་དམ་ཞེ་ན། ཉན་ཐོས་ལ་སོགས་པ་དང་ཐབས་ཅིག་ཏུ་ཐོས་པའོ། །སུ་ལ་ཐོས་ན། བཅོམ་ལྡན་འདས་ལའོ། །གང་ཐོས་ན་བསིལ་བའི་ཚལ་གྱི་མདོ་འདི་ཐོས་པའོ། །སུས་ཐོས་ན་ཀུན་དགའ་བོས་ཐོས་པའོ། །དུས་གཅིག་ན་ཞེས་བྱ་བའི་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྡུད་པ་པོ་ཤེས་རབ་ཆེ་བར་གོ་བ་དང༌། དམ་པའི་ཆོས་འབྱུང་བ་དཀོན་པའི་དོན་ཏོ། །སྟོན་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་པ་ནི་བཞི་བཅོམ། བཞི་ནི་དགྲའོ། །དགྲ་ནི་བདུད་བཞིའོ། །བདུད་བཞི་ནི་ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་དང༌། ལྷའི་བུའི་བདུད་དང་བཞིའོ། །གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེའི་གདན་ལ་བཞུགས་པའི་དུས་སོ། །ལྡན་པ་ཞེས་བྱ་བ་ནི། སྐལ་བ་དང་ལྡན་པས་ན། བཅོམ་ལྡན་ནོ། །འདས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའོ། །འདས་པ་ནི་གང་གི་དུས་ཤེ་ན། དཔྱིད་ཟླར་བའི་གནམ་སྟོང་གི་ནུབ་མོའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི། དན་ཏ་ཀའི་གྲོང་ཁྱེར་དང༌། ཀ་ལིང་ཀའི་གྲོང་ཁྱེར་དང༌། མ་ག་ཏའི་གྲོང་ཁྱེར་དང་གསུམ་པོ་ཡོད་པ་ལས། མ་ག་ཏའི་གྲོང་ཁྱེར་ན། དྲང་སྲོང་སྒོམ་ཆེན་གཅིག་ཡོད་པ་ལས། བྱིས་པ་གཅིག་གིས་གནོད་པ་བྱས་པས། དྲང་


DTG072_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་གི་ཁ་ནས་མེ་བྱུང་བས། གྲོང་ཁྱེར་གསུམ་པོ་ཚིག་བས་དུར་ཁྲོད་གསུམ་དུ་གྱུར། དེའི་ཚེ་ལྷའི་བུ་ཤེད་ལས་སྐྱེས་དང༌། ཤེད་བུ་གྲོགས་གཉིས་བྱུང་སྟེ། འཇིག་རྟེན་གྱི་མི་རྣམས་བྱུང་སྟེ། དང་པོ་སའི་བཅུད་ཟ། གཉིས་པ་བདུད་རྩིའི་ཞག་ཟ། གསུམ་པ་མྱུ་གུ་ཟ། བཞི་པ་འབྲས་སཱ་ལུའི་ལྗང་པ་ཟ་བ་ལ། སེམས་ཅན་དེ་རྣམས་མ་མཐུན་ནས། སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཚོགས་ཤིང་འདུས་པ་ལ། བདག་ཅག་གི་ནང་ནས་སེམས་ཅན་ལྷག་པར་གཟུགས་བཟང་བ། ལྷག་པར་ལྟན་སྡུག་པ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ་ནི། བདག་ཅག་གི་ཞིང་རྣམས་ཀྱི་བདག་པོར་བསྐོས་དང༌། དེས་བདག་ཅག་ཆད་པ་གཅད་པར་བྱ་བ་ནི་ཆད་པས་གཅོད་པར་འགྱུར། ཕན་གདགས་པར་བྱ་བ་རྣམས་ལ་ཕན་འདོགས། བདག་ཅག་གི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས། དེ་ཆོས་བཞིན་དུ་ཐོག་ཤས་སྦྱིན་པར་བྱའོ་ཟེར་ནས། དེ་རྣམས་ཀྱི་ནང་ནས་ལྷག་པར་གཟུགས་བཟང་བ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ་ཞིང་རྣམས་ཀྱི་བདག་པོར་བསྐོས་ཏེ། འདི་སྐད་ཅེས་ཀྱི་སེམས་ཅན་ཁྱོད་ཚུར་ཤོག་ཁོ་བོ་ཅག་ལས་ཆད་པ་གཅད་པར་འོས་པ་རྣམས་ལ་ཆད་པ་ཆོད་ཅིག་ཕན་གདགས་པར་བྱ་བ་རྣམས་ལ་ནི་ཕན་ཐོགས་ཤིག་ཁོ་བོ་ཅག་གི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས། ཁྱོད་ལ་ཁོ་བོ་ཅག་གིས་ཆོས་བཞིན་དུ་ཐོག་ཤས་སྦྱིན་ནོ།། དེས་དེ་རྣམས་ལ་ཆད་པ་གཅོད་པར་བྱ་བ་ལ་ནི་ཆད་པ་གཅོད། ཕན་གདགས་པར་བྱ་བ་རྣམས་ལ་ནི་ཕན་འདོགས་པར་བྱེད་ཅིང་དེ་ལ་དེ་རྣམས་ཀྱི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས། ཆོས་བཞིན་དུ་ཐོག་ཤས་འབུལ་ཏེ། སྐྱེ་བོའི་ཚིགས་ཆེན་པོས་བཀུར་ཞིང༌། སྐྱེ་བོའི་ཚོགས་ཆེན་པོ་མང་པོས་བཀུར་བས་མང་པོས་བཀུར་བ་ཞེས་གྲགས་སོ། །ཞིང་དེ་རྣམས་ཀྱི་བདག་པོར་གྱུར་པ་ན། ཉམས་པ་ལས་སྐྱོ་བར་བྱེད་པས་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །ཆོས་ཀྱིས་མགུ་བར་བྱེད་ཅིང༌། ཚུལ་ཁྲིམས་ཉམས་སུ་བླངས་


DTG072_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གནས། ཤེས་རབ་ཉམས་སུ་བླངས་ཏེ་གནས་པས། རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་གྲགས་སོ། །མི་རྣམས་ནི་བསོད་ནམས་རྟག་པར་བྱ་བའི་ཕྱིར། འབྲས་སཱ་ལུ་ལྗང་པ་དགོས་སོ། །འཇག་མའི་སྤྱིལ་བོ་ལ་མེ་མི་གཏང་བའི་ཁྲིམས་བཅས་སོ། །དེ་ནས་དུས་ནམ་ཞིག་ན་རྒྱལ་པོའི་བཙུན་མོས་མེ་ཤོར་བས་རྒྱལ་པོ་ན་རེ་རང་གི་ཁྲིམས་རང་གིས་བཤིག་ཏུ་མི་བཏུབ་པས། བྱ་རྒོད་ཕུང་པོའི་རིའི་ནུབ་ཕྱོགས་སུ་ངའི་ཁྱིམ་ཅིག་རྩིགས་ཤིག་གསུངས་སོ། །དེ་ནས་བརྩིགས་པས། ཉིན་མོ་བརྩིགས་པ་ནུབ་མོ་ཞིག་པ་ལ། རྒྱལ་པོའི་ཞལ་ནས་ང་བསོད་ནམས་ཁྱད་པར་དུ་འཕགས་པ་ཡིན་པས། ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ། །བྲིས་ཤིག་གསུངས་པས། ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ་ཞེས་བྲིས་པས། མི་མ་ཡིན་གྱི་གནོད་པ་ཞིའོ། །དེ་ནས་ཕོ་བྲང་བཻཌཱུ་ཪྻ་ཞེས་བྱ་བར་ཀྱང་གྲགས་སོ། །རྒྱལ་པོའི་ཁབ་ཀྱི་ཚད་ནི་གཞན་དུ་ཤེས་པར་བྱའོ། །བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་ནི། གཞལ་ཡས་ཁང་ངོ༌། །ཅིའི་ཕྱིར་གཞལ་ཡས་ཁང་ཞེ་ན། སངས་རྒྱས་རབས་བདུན་བཞུགས་ནས་ཆོས་གསུངས་པའི་བྱིར་རོ། །བྱ་རྒོད་ཕུང་པོའི་རི་ནི་བརྩེགས་པའོ། །ཅིའི་ཕྱིར་བརྩེགས་ཤེ་ན། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཕྱིར་རོ། །གསེར་དང༌། དངུལ་དང༌། པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལའོ། །རི་རབ་དེ་དེ་བཞིན་དུ་བརྒྱན་པས་གཞལ་ཡས་ཁང་ངོ༌། །རི་རབ་དེའི་ཚད་ནི་འདི་ལྟ་སྟེ། མཐོ་བ་ཟླུམ་པ། གནམ་འཕང་དང༌། རྒྱར་ཡངས་པ། ལོ་ཏོག་ཐམས་ཅད་ཀྱིས་འཛིན་མེ་ཏོག་དང། ཕྲེང་བ་དང༌། སྤོས་རྣམ་པ་སྣ་ཚོགས་དང་ལྡན་པའོ། །དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་བྱ་བ་ནི། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་དུ་སྦྱོར་བ། ཆད་པ། ཡང་དག་པའི་ཡེ་ཤེས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང༌། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས། རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་


DTG072_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། ཚེ་དང་ལྡན་པ་བྱམས་མའི་བུ་གང་བོ་དང༌། ཚེ་དང་ལྡན་པ་ཀ་པི་ན་དང༌། ཚེ་དང་ལྡན་པ་རབ་འབྱོར་དང༌། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང༌། ཚེ་དང་ལྡན་པ་སྐུལ་བྱེད་དང༌། ཚེ་དང་ལྡན་པ་དགའ་བྱེད་དང༌། ཚེ་དང་ལྡན་པ་འོད་སྲུངས་དང༌། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང༌། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང༌། དེ་དག་ལ་སོགས་པ་ཉན་ཐོས་རབ་ཏུ་མང་པོ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟ་ལ་སོགས་པ་མང་པོ་འདུས་པའོ། །ཐབས་ཅིག་ཏུ་ཞེས་བྱ་བ་ནི། འཁོར་དེ་དག་དང༌། བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་དུ་རྣམ་པར་འཕྲུལ་པ་དང༌། ཆོ་འཕྲུལ་ཆེན་པོ་ཀུན་དུ་སྟོན་པ་དང༌། སེམས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་མཉམ་ཞིང་རྒྱ་ཆེ་ལ་ཟབ་པ་དང༌། སྤོབས་པ་དང༌། ཆོ་འཕྲུལ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང༌། རྣམ་པར་ཐར་པའི་སྒོ་དང༌། གཟུངས་དང༌། ཏིང་ངེ་འཛིན་དང༌། དབང་དང༌། མངོན་པར་ཤེས་པ་དང༌། མ་འདྲེས་པ་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། ས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བསྡུ་བའི་དངོས་པོ་དང༌། བྱམས་པ་དང༌། སྙིང་རྗེ་དང་དགའ་བ་དང༌། བཏང་སྙོམས་དང༌། བྱམས་པའི་སྟོབས་དང༌། དབེན་པ་དང༌། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང༌། ནམ་མཁའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། འཇིག་རྟེན་དབང་ཕྱུག་


DTG072_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོ་དང༌། ཉི་མ་གྲགས་པ་དང༌། ཟླ་བའི་གྲགས་པ་དང༌། རྡོ་རྗེའི་སྙིང་པོ་དང༌། རྡོ་རྗེ་གྲགས་དང༌། འཇམ་དཔལ་གྲགས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་ཐབས་ཅིག་ཏུའོ། །བཞུགས་ཏེ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས་འདིར་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་བ་དང༌། སངས་རྒྱས་ཀྱི་མཛད་པ་ཤིན་ཏུ་ཡོངས་སུ་རྫོགས་པར་མཐར་ཕྱིན་པ་དང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངས་སུ་རྫོགས། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང༌། ས་མཉེས་པ་ནི་ཤིན་ཏུ་ཡོངས་སུ་གཟུང༌། རིན་པོ་ཆེ་རྡོ་རྗེ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་ནི་བཞུགས་ཏེ། སེང་གེའི་ཁྲི་ནི་གང་ཞེ་ན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་གང་དུ་གཤེགས་པའི་ས་ན་ཡོད་པའོ། །རིན་པོ་ཆེ་དང༌། རྡོ་རྗེ་པདྨའི་ཁྲི་བྱ་རྒོད་ཀྱི་ཕུང་པོའི་རི་མཛེས་པ་དང༌། རིན་པོ་ཆེ་དང༌། མུ་ཏིག་དང༌། དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་སི་ལི་སི་ལིའི་སྒྲ་འབྱུང་བ། རྡོ་རྗེ་དང༌། རིན་པོ་ཆེ་དུ་མའི་སྟེགས་བུ་ལ། རྩ་བ་ལེགས་པར་བརྟན་པ། རྡོ་རྗེ་དང༌། རིན་པོ་ཆེ་དུ་མའི་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་དང༌། འདབ་མའི་རྣམ་རྟེན་བཅུག་པ། རིན་པོ་ཆེ་དུ་མའི་པདྨའི་སྙིང་པོ་ལ་ཆགས་པའི་རིན་པོ་ཆེ་ཀེ་ཀེ་རུ་དང༌། ཀེ་ཀེ་རུ་ཆེན་པོ་དང༌། ཨིནྡྲ་ནཱི་ལ་དང༌། ཨིནྡྲ་ནཱི་ལ་ཆེན་པོ་དང༌། མདུན་ནས་འོད་ཟེར་ཆེན་པོ་བར་སྣང་ལ་ཁྱབ་པས་ཀུན་དུ་མཛེས་པ་དང༌། རིན་པོ་ཆེ་དང༌། རྡོ་རྗེའི་ཐུར་མས་བརྒྱན་པའི་གདུགས་ཡུ་བས་བསྟོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གྲིབ་མར་བསྒྲིབས་ཤིང་བསྐྱབས་བ། དཔག་བསམ་གྱི་ཤིང་དུ་མས་བརྒྱན་པར་མཛེས་པ། རྡོ་རྗེ་རིན་པོ་ཆེའི་ཁྲི་བྱ་རྒོད་ཀྱི་ཕུང་པོའི་རྩེ་མོ་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་འབར། ས་ཕྱོགས་ནི་ཉི་མ་སྟོང་པས་ལྷག་པའི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་


DTG072_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་ནི་སྡུག་པར་སྣང༌། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཤིན་ཏུ་རྒྱས་ཤིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །སྤྱི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་མཐོང༌། བདུད་ཀྱི་ལས་ཐམས་ཅད་ལས་ནི་ངེས་པར་རྒྱལ། དེ་ཁོ་ན་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད། སྤྱན་ལྔ་ནི་མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་སེང་གེའི་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ། དཔག་ཏུ་མེད་པར་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྟོབས་དང། སྨོན་ལམ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དཀའ་བ་སྤྱད་པས་མངོན་པར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་བརྒྱན་པར་མཛེས་ཤིང༌། རིན་པོ་ཆེ་རྡོ་རྗེ་ཆེན་པོའི་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་གནས་དང༌། འཁོར་ཕུན་སུམ་ཚོགས་པའི་གནས་སྐབས་ཏེ་དང་པོའོ།། །།དེའི་ཚེ་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་པའི་ཚེའོ། །ཚེ་དང་ལྡན་པ་སྒྲ་གཅན་ཟིན་ཞེས་བྱ་བ་ནི། གཞོན་ནུ་ལ་རབ་ཏུ་བྱུང་བ། འདུལ་བའི་བྱ་བ་མང་པོ་མི་ཤེས་པ། ང་རྒྱལ་གྱིས་ཁེངས་ཤིང་སངས་རྒྱས་ཀྱི་སྲས་ཡིན་སེམས་ནས་ཆོས་ལ་མ་ཆུད་དོ། །རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ནགས་ན་ཞེས་བྱ་བ་ནི། དཔག་ཚད་བརྒྱ་ཡོད་


DTG072_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ། འཇིགས་སུ་རུང་བ། རོ་དང༌། རོ་ལངས་དང༌། ཅེ་སྦྱང་དང༌། སྟག་དང༌། སྦྲུལ་དང༌། སེང་གེ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། འབྱུང་བོ་རྣམས་ཀྱིས་རོ་ལམ་མཐུན་ཞིང༌། ཕར་འགྲད་ཚུར་འགྲད་བྱས་ཤིང་སྐད་རྣམ་པ་སྣ་ཚོགས་འདོན་པ་དང༌། ཅེ་སྦྱང་རྣམས་འཐབ་པའི་སྐད་འཇིགས་སུ་རུང་བ་དང༌། ཀེང་རུས་དང༌། མགོ་དང༌། པགས་པ་དང༌། ལག་པའི་སོར་མོ་དང༌། རྐང་པའི་དུམ་བུ་དང༌། རོའི་དུམ་བུ་དང༌། གསལ་ཤིང་ལ་བསྐྱོན་པ་དང༌། ཤིང་ལ་བཏགས་ནས་མགོ་གཞུག་ཟློག་པའི་རོ་དང༌། མན་མཁལ་ལྕགས་ཀྱུས་ཕིགས་ནས་ཤིང་ལ་བཀའ་བའི་རོ་དང༌། མཚོན་གྱིས་དུམ་བུར་བྱས་ཤིང༌། ཁ་ཡོ་བ་དང༌། མིག་ཡར་ལ་བལྟས་ཤིང་ཤི་བ་དང༌། རོ་མི་གཅིག་པ་སྣ་ཚོགས་ཀྱིས་ཁེངས་ཏེ། དུར་ཁྲོད་ཤར་ན་བཏྲའི་ནགས་ཚལ་ཡོད་དེ། ནགས་ཚལ་གྱི་ནང་ན་ལྷའི་གདོན་མ་རུངས་པ་ཐམས་ཅད་གནས་པའོ། །ལྷོ་ཕྱོགས་ན་ཀ་རཉྫ་ཀའི་ནགས་ཚལ་ཡོད་དེ། གཤིན་རྗེ་དང༌། གྲུལ་བུམ་དང༌། མཁའ་འགྲོ་གནས་ཏེ། ནུབ་ཕྱོགས་ན་ལ་དའི་ནགས་ཚལ་ཡིན་ཏེ། འདབ་ཆགས་བྱ་དང༌། ནམ་མཁའ་ལྡིང་དང༌། ཀླུའི་གདོན་གནས་པའོ། །བྱང་ཕྱོགས་ན་བྲང་ཀི་ཊཱིའི་ནགས་ཚལ་ཡོད་དེ། ནགས་ཚལ་དེའི་ནང་ན། གནོད་སྦྱིན་དང༌། ཤ་ཟ་དང༌། གདོན་མ་རུངས་པ་ཐམས་ཅད་གནས་པའོ། །ཤར་ལྷོ་མཚམས་ན་ཙུ་ཏའི་ནགས་ཚལ་ཡོད་དེ། མེ་ལྷ་དང༌། བརྗེད་བྱེད་དང༌། སྨྱོ་བྱེད་ལ་སོགས་པའི་གདོན་རྣམས་གནས་པའོ། །ལྷོ་ནུབ་མཚམས་ན་ཨུ་དུམྺཱ་རའི་ནགས་ཚལ་ཡོད་དེ། དེའི་ནང་ན་སྲིན་པོའི་གདོན་དང༌། མ་མོའི་གདོན་ལ་སོགས་པའོ། །ནུབ་བྱང་གི་མཚམས་ན་ནྱ་གྲོ་དྷའི་ནགས་ཚལ་ལ་རླུང་གི་གདོན་དང༌། ལྷ་མ་ཡིན་ལ་སོགས་པ་གནས་པའོ། །བྱང་ཤར་གྱི་མཚམས་ན་ཏ་ལའི་ནགས་ཚལ་ཡོད་དེ། དེའི་ནང་ན་དབང་ལྡན་གྱི་གདོན་དང༌། འབྱུང་པོ་ཐམས་ཅད་གནས་པའོ། །དེ་བཞིན་དུ་དེ་དག་ལ་སོགས་པ་ཤིང་སྣ་ཚོགས་ཀྱིས་ཁེངས་ཤིང་འབྱུང་པོ་དང༌། ཤ་ཟ་དང༌། རོ་ལངས་དང༌། བར་སྣང་ལ་རྒྱུ་བའི་བྱ་དང༌། བྱ་རོག་


DTG072_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང། འུག་པ་དང༌། བྱ་རྒོད་དང༌། ཁྲུང་ཁྲུང་དང༌། དེ་བཞིན་དུ་ཀ་རཎྜ་ལ་སོགས་པ་ཡང༌། རྟག་ཏུ་འགྱུར་ཞིང་རོ་ལ་རྒོད་དེ། གཞན་ཡང་བྱ་ལ་སོགས་པ་སྐད་སྣ་ཚོགས་འདོན་པས་འཇིགས་སུ་རུང་སྟེ། ས་སྲིན་དང༌། ས་བདག་ལ་སོགས་པ་ཡང་དེ་བཞིན་ཏེ། དངོས་གྲུབ་ཐོབ་པ་དང༌། རྣལ་འབྱོར་པའི་ཚོགས་མང་པོ་དང༌། རོ་ལ་རྒོད་ཅིང་ཟ་འདོད་པའི་ཚོགས་དང༌། དངོས་གྲུབ་འདོད་པས་སྒོམ་པ་ཡང་ཤ་སྟག་གོ །ཡི་དགས་དང༌། ཤ་ཟ་དང༌། བྱ་དང༌། རྣལ་འབྱོར་བའི་ཚོགས་ཀྱིས་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང༌། ཧི་ཧི་དང་ཧ་ཧ་དང༌། ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་ཤིང༌། འཇིགས་སུ་རུང་བ་དུར་ཁྲོད་བསིལ་བའི་ཚལ་ན་འབྱུང་པོ་རྣམས་གནས་སོ། །དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་ཤར་ཕྱོགས་ན། དེ་ནས་དཔག་ཚད་ལྡན། ན་ལེནྡྲའི་གྲོང་ཁྱེར་ཆེན་པོའོ། །དེའི་ལྷོ་ཕྱོགས་དཔག་ཚད་གཉིས་ན། གྲོང་ཁྱེར་ཡངས་པ་ཅན་གནས་པའོ། །དེའི་ནུབ་ཕྱོགས་དཔག་ཚད་ཕྱེད་དང་གཉིས་ན་ཀ་ལིངྐའི་གྲོང་ཁྱེར་གནས་པའོ། །དེའི་བྱང་ཕྱོགས་ན། དཔག་ཚད་གཅིག་ལ་བྱ་རྒོད་ཀྱི་ཕུང་པོ་དང༌། རྒྱལ་པོའི་ཁབ་ན་གནས་པའོ། །བྱ་རྒོད་ཕུང་པོ་དང༌། རྒྱལ་པོའི་ཁབ་ཀྱི་པར་ན་རྒྱང་གྲགས་གཅིག་གོ །དེ་བཞིན་དུ་གྲོང་དང་གྲོང་རྡལ་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། གཞན་ཡང་མང་པོའོ། །བུད་ཤིང་ཆེན་པོ་སུའི་ཕྱོགས་ན་འདུག་གོ་ཞེས་བྱ་བ་ནི། ང་རྒྱལ་ཆེ་ཞིང་ཉན་ཐོས་ཙམ་ལ་འགྲན་ཏེ། ང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྲས་ཡིན་སེམས་ནས། ཐོས་པ་མི་བྱེད་ཅིང༌། བཅོམ་ལྡན་འདས་ལ་ཞུ་བ་མི་འབུལ་ཞིང༌། རང་མཐོང་གི་ང་རྒྱལ་གྱིས། ངས་ནི་དགྲ་བཅོམ་པ་གྲུབ་པར་བྱ་ཡི་སྙམ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་ཕྱིན་ཏོ། །དེར་འདི་ལྟ་སྟེ་ཞེས་པ་ནི། བསྒོམ་མོ་སྙམ་ནས་བསྡད་པ་དང། མ་རུངས་པའི་འབྱུང་པོ་རྣམས་ཀྱིས་འཚེ་བར་བྱས་སོ། །ལྷའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། ལྷ་དང་དྲང་སྲོང་གང་གནས་པ། དེ་དག་ཐམས་ཅད་མི་བཟད་ཅིང༌། །འཇིགས་པའི་སེམས་ཀྱིས་ཉན་བྱེད་པ། །བྱེ་བ་སྟོང་གི་ལྷ་དག་དང༌།།


DTG072_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག་བརྒྱའི་ལྷ་རྣམས་དང༌། །ལྷ་ཡི་བུ་མོ་སྐལ་ཆེན་དང༌། །ཐགས་བཟངས་རིས་དང་སྒྲ་གཅན་དང༌། །ལྷ་མིན་བྱེ་བ་ཕྲག་སྟོང་དང༌། །ལྷ་མིན་བྱེ་བ་ཕྲག་བརྒྱ་དང༌། །དེ་དག་བུ་མོ་འཕྲུལ་ལྡན་པ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ལ། །དེ་བཞིན་སྐད་ཀྱང་སྣ་ཚོགས་འདོན། །གཞོན་ནུ་སྒྲ་ཟིན་རྩར་བསྡད་ནས། །འཚེ་བར་བྱས་ཏེ་སྡིག་པ་རྣམས། ལྷའི་གདོན་རྣམས་དང༌། ལྷ་མ་ཡིན་གྱི་གདོན་རྣམས་ཀྱིས་ཀྱང༌། འདུག་ཏུ་མི་སྟེར་ཞིང་དྲག་ཤུལ་བསྟན་ཏོ། །ཀླུའི་གདོན་རྣམས་དང༌། གནོད་སྦྱིན་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། རབ་ཏུ་གནས་ན་རྒྱ་མཚོ་དང༌། །ཀླུ་ཡི་རྒྱལ་བོ་གཟི་ཅན་དང༌། །ཀླུ་ཡི་རྒྱལ་པོ་མ་དྲོས་དང༌། །དགའ་བོ་ཉེ་དགའ་གཉིས་པོ་དང༌། །རྡོ་རྗེ་བློ་གྲོས་པཀྵུ་དང༌། །གངྒཱ་དགའ་བོ་སིན་དྷུ་མཚོ། །བྱ་ཡི་རྒྱལ་པོ་འདབ་བཟང་དང༌། །རྒྱ་མཚོ་ཆེན་པོ་འཁྲུག་བྱེད་དང༌། །རིགས་ནི་ཀླུ་ནི་ཀླུ་བཞི་དང༌། །ས་སྲིན་ས་བདག་ཟ་བྱེད་དང༌། །མ་རུངས་བྱེད་ཅིང་ཁྲོ་བ་དང༌། །གདུག་པ་བྱེད་ཅིང་འཚེ་བྱེད་དང༌། །སྟོང་ཕྲག་བྱེ་བའི་ཀླུ་ཡི་གདོན། །བྱེ་བ་བརྒྱ་ཡི་ཀླུ་དག་དང༌། །དེ་ཡི་བུ་མོ་སྐལ་ཆེན་རྣམས། །རྟག་ཏུ་སེམས་ཅན་གནོད་པར་བྱེད། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །གསུས་ཆེན་འཇིགས་པ་ཆེན་པོ་སྟེ། །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་པོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་པོ་རྣམས་གཏང་སྟེ།། ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །སྦྲུལ་གྱི་ཞགས་པ་ཐོགས་པ་དང༌། །ལག་བཞི་ལག་ན་སྒྲོན་མ་ཐོགས། །ལག་ན་མཚོན་དང་མི་ལྤགས་ཐོགས། །རྡོ་རྗེ་མདུང་རྩེ་ལག་ན་ཐོགས། །རབ་ཏུ་གྲགས་པའི་གཏམ་བརྒལ་ནས། །ཕྱོགས་ཀུན་དུ་ནི་གྲགས་པར་བྱེད། །དེ་ཡི་གནས་ན་འགོད་པ་ཡི། །ཟབ་མོ་ཡི་ནི་རྟག་ཏུ་བསྐྱང༌། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་རྣམས་ཀྱང་འཛིན། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་འཁྲུལ་ཅིང་འདོད་པའི་གཟུགས། །གནོད་སྦྱིན་དེ་དག་མ་རུངས་པ། །


DTG072_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་འཚེ་བར་བྱེད། །གཞོན་ནུ་སྒྲ་ཟིན་བསྒོམ་པ་ལ། །དྲག་ཤུལ་གྱིས་ནི་གནོད་པ་བྱས། །ཀླུའི་གདོན་དང་གནོད་སྦྱིན་གྱི་གདོན་གྱིས་བསྒོམ་པར་མི་སྟེར་ཞིང་དྲག་ཤུལ་གྱིས་འཚེ་བར་བྱས་སོ་ཞེས་བྱ་བའོ། །སྲིན་པོའི་གདོན་རྣམས་དང་མིའམ་ཅིའི་གདོན་རྣམས་དང་ཞེས་བྱ་བ་ནི། །མི་འམ་ཅི་དང་སྲིན་པོ་དང༌། །རྣམ་པ་སྣ་ཚོགས་གཟུགས་བསྟན་པ། །ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་འབྲལ་བདག་ཏུ་སྣང༌། །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་ཀུན་དུ་དཀྲིས། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང༌། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །མི་བཟད་པ་ཡི་དབུགས་འབྱིན་ཅིང༌། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །སྲོག་ཆགས་རྒྱུད་ནི་ཇི་སྙེད་པ། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང༌། །ཁ་ཅིག་དག་ནི་རི་ཡང་ཐོགས། །ལ་ལ་རལ་གྲི་འཁོར་ལོ་ཐོགས། །བགེགས་ནི་བརྒྱ་ཕྲག་སྟོད་རྣམས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པོ། །མིག་ཕྱུང་བ་ལ་བཞིན་མི་སྡུག །སྲིན་པོ་སོ་ནི་རྣོ་བ་དང༌། །སྣ་དང་རྣ་བ་བཅད་པ་དང༌། །ལྕེ་བཅད་གདོང་ནི་གཉེར་མ་ཅན། །རྐང་ལག་དག་ནི་འཁུམས་པ་དང༌།། མགོ་བོ་བཅད་པའི་སྲིན་པོ་རྣམས། །སྐབས་ནི་རབ་ཏུ་འཚོལ་བར་བྱེད། །སྡིག་པ་ཅན་རྣམས་གཟི་བརྗིད་འཕྲོག །མི་དག་གི་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང༌། །སྤུ་ཡི་བར་དང་གནད་རྣམས་དང༌། །དེ་བཞིན་རྨ་ཡི་ཁ་རྣམས་ཟླུམ། །སྲིན་པོ་མིའམ་ཅིའི་གདོན་རྣམས་ཀྱིས། །འཚེ་བ་རབ་ཏུ་བྱས་པའོ། །སྲིན་པོ་དང་མི་འམ་ཅིའི་གདོན་གྱིས། གཞོན་ནུ་སྒྲ་གཅན་ཟིན་ལ་རྣམ་པ་སྣ་ཚོགས་ཀྱི་གཟུགས་བསྟན་ཞིང་གནོད་པ་སྐྱེལ་བའོ། །ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང༌། དྲི་ཟའི་གདོན་རྣམས་དང་ཞེས་བྱ་བ་ནི། ལྟོ་འཕྱེ་དྲི་ཟའི་གདོན་རྣམས་ཀྱིས། །སྙིང་རྗེ་མེད་ཅིང་འཚེ་བྱེད་པ། །རྣམ་པ་སྣ་ཚོགས་སྒྲ་འབྱིན་ནས། །གཞོན་ནུ་དེ་ལ་འཚེ་བར་བྱེད། །རྫ་རྔ་དག་ནི་བརྡུངས་ནས་སུ། །ལ་ལས་རྔ་ཟླུམ་དག་ནི་བརྡུངས། །པི་ཝང་གླིང་བུ་འཁར་རྔ་དང༌། །སྟོབས་ཆེན་རྣམས་ནི་སྒྲ་འབྱིན་ཏེ། །རོལ་མོའི་དབྱངས་སྒྲ་སྣ་ཚོགས་དང༌། །


DTG072_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་དང་གར་རྣམས་བྱས་ནས་སུ། །གཞོན་ནུ་དེ་ལ་འཚེ་བར་བྱེད། །ལྟོ་འཕྱེའི་གདོན་རྣམས་དང༌། དྲི་ཟིའི་གདོན་རྣམས་ཀྱིས་ཀྱང༌། གཞོན་ནུ་སྒྲ་གཅན་ཟིན་ལ་སྒྲ་སྣ་ཚོགས་ཀྱི་སྐད་ཀྱིས་འཚེ་བར་བྱེད་པའོ། །མི་མ་ཡིན་གྱི་གདོན་རྣམས་དང༌། རླུང་ལྷའི་གདོན་རྣམས་དང་ཞེས་བྱ་བ་ནི། དེ་ཡི་མདུན་ན་འཇུག་པ་ཡི། །མི་མ་ཡིན་དང་རླུང་ལྷའི་གདོན། །ལག་པ་བཞི་པ་མ་རུངས་པ། །རྐང་མངས་དང་ནི་རྐང་གཅིག་པ། །རྐང་པ་བཞི་དང་རྐང་པ་གཉིས། །རྐང་པ་སྒྲེང་ལ་སྤྱི་གཙུག་དང༌། །ལུས་མངས་མགོ་བོ་གཅིག་པ་དང༌། །ལུས་གཅིག་པ་ལ་མགོ་བཞི་དང༌། །མིག་མངས་པོ་ལ་ལུས་ཕྱེད་དང༌། །མིག་གཅིག་ལྟོ་བ་བཅུ་གཉིས་དང༌། །བོང་བུ་རྔ་མོ་གླང་ཆེན་མགོ །ལག་པ་སྒྲེང་ལ་མགོ་བཏུད་དང༌། །མཚོན་ཆའི་སོ་དང་མཚོན་ཆའི་ལག །མཚོན་ཆའི་རྐང་པ་མི་མ་ཡིན། །ཟངས་ཀྱི་སྐྲ་དང་ཟངས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག །ཟངས་ཀྱི་སྣ་དང་ལྕགས་ཀྱི་ཁ། །རྐང་ལག་ཀུན་དུ་འབར་བ་དང༌། །མི་ཡི་ལུས་སུ་གནས་པ་རྣམས། །སྒུར་ཞར་ལྦ་བ་གསུམ་ཡོད་པ། །མིག་མི་སྡུག་ལ་ཁ་གླལ་བ། །ཆུ་སྲིན་དག་གི་གཟུགས་དང་ནི། །གཟུགས་མི་སྡུག་ལ་ཁ་རལ་པོ། །མཆུ་འཕྱངས་བོ་དང་སོ་ཡོན་པོ། །རབ་ཏུ་གདུག་པ་ཁྲོ་གཉེར་ཅན། །གསུས་པོ་ཆེ་དང་བུམ་སྣ་བོ། །རྣ་འཕྱངས་པ་དང་རྣ་བ་མེད། །ལག་རིངས་དང་ནི་རྣ་བ་རིང༌། །སྣ་ཡི་རྩེ་དང་ལག་རྩེ་རིང༌། ལུས་བསྐམས་ལུས་ནི་རིང་བ་དང༌། །སྐྲ་རིང་རབ་ཏུ་བརྒྱན་པ་དང༌། །རྐང་པ་མིད་པ་ཕྲ་བ་དང༌། །དྲི་ནག་བ་དང་བུམ་ལྟོ་བོ། །ཡན་ལག་ཆུ་སྲིན་འདྲ་བ་དང༌། །མི་མ་ཡིན་དང་རླུང་ལྷའི་སྡེ། མདུན་ལ་རྒྱུ་ཞིང་ལྟས་ངན་བསྟན། །སེམས་ཅན་ཐམས་ཅད་འཚེ་བྱེད་པ། །གཞོན་ནུས་ལུས་ལ་འཚེ་བར་བྱེད། །མི་མ་ཡིན་གྱི་གདོན་དང་རླུང་ལྷའི་གདོན་རྣམས་ཀྱིས་ཀྱང༌། སྣ་ཚོགས་ཀྱིས་གཟུགས་བསྟན་ཞིང་གཞོན་ནུའི་ལུས་ལ་འཚེ་བར་བྱས་སོ། །ཡི་དགས་ཀྱི་གདོན་རྣམས་དང༌། འབྱུང་པོའི་གདོན་རྣམས་དང་ཞེས་བྱ་བ་ནི། ཡི་དགས་འབྱུང་པོའི་གདོན་རྣམས་ཀྱིས། །ཕྱོགས་བཞི་ལ་ནི་གནོད་བྱེད་པ། །མི་སྡུག་གཟུགས་ནི་བསྟན་ནས་སུ། །དྲག་པོའི་ཚུལ་གྱིས་སྒྲ་


DTG072_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྱིན། །ཤིན་ཏུ་འཇིགས་པའི་ཚུལ་བསྟན་ནས། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །རྣམ་ལྟོ་བ་ལ་རྣ་བོ་ཆེ། །གྱེན་དུ་བརྫེས་སྐྲ་རབ་ཏུ་དམར། །མགོ་བོ་ཆེ་ལ་མཇུག་རིངས་པོ། །སྐེམ་པོ་སྒྲུར་པོ་བུམ་ལྟོ་བོ། །རི་རབ་རྩེ་མོ་འགུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །ལྡོན་ཤིང་རི་རབ་རྡོ་བ་དང༌། །སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ། །དུང་དང་རྔ་ཆེན་རྫ་རྔ་དང༌། །འབྱུང་པོ་ཡི་དགས་རྣམས་ཀྱིས་རྡུང༌། །ཤིན་ཏུ་མི་སྲུན་ཐལ་མདོག་འདྲ། །མགལ་བ་ཆུ་ལ་བཅུག་པའི་མདོག །ཁྲག་ལ་དགའ་ཞིང་ཤལ་དགའ། །བཞིན་མི་སྡུག་ཅིང་གཟུགས་ཆེ་བ། །ཀེང་རུས་གཟུགས་ནི་སྐྲ་རིངས་པོ། །མིག་ཡོ་ཁ་ཡོ་མགོ་གཉིས་པ། །སྐྱེས་པ་བུད་མེད་གནོད་བྱས་ནས། །གཟི་བརྗིད་འཕྲོག་ཅིང་སྲོག་ཀྱང་འཕྲོག །ཕྱོགས་བཞི་དག་ནས་གནོད་པ་པོ། །གཞོན་ནུ་སྒྲ་ཟིན་འཚེ་བར་བྱས། །ཡི་དགས་ཀྱི་གདོན་དང་འབྱུང་པོའི་གདོན་རྣམས་ཀྱིས་གཞོན་ནུ་སྒྲ་གཅན་ཟིན་ལ་ཕྱོགས་བཞི་ནས་བྱས་སོ། །ཤ་ཟའི་གདོན་རྣམས་དང་གྲུལ་བུམ་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། ཤ་ཟ་གྲུལ་བུམ་གདོན་རྣམས་ནི། །སྟོབས་དང་ལྡན་ཞིང་ལུས་ངན་པོ། །གསུས་པོ་ཆེ་ལ་མགོ་བོ་ཆེ། །མིག་ཟླུམ་སྣ་ནི་སྦྲུལ་འདྲ་བ། །ལ་ལ་ཆུ་སྲིན་སྣ་འདྲ་སྟེ། །སྐད་ཅིག་ཙམ་གྱིས་གར་ཡང་ཁྱབ། །ས་གཡོ་བྱེད་ཅིང་རི་རབ་འགུལ། །མ་རུངས་པ་ནི་འབེབས་བྱེད་པ། །སྐེ་བ་ཆེ་ལ་སྒྲ་ཡང་འབྱིན། །ལ་ལ་མི་ལྤགས་ཐོགས་ནས་སུ། །སེམས་ཅན་རྣམས་ལ་འཚེ་བར་བྱེད། །མི་ཡི་གཟུགས་ལ་ཞུགས་ནས་སུ། །མཛེ་ཡི་ནང་རྣམས་གཏོང་བའི་བདག །དེ་བཞིན་ཕྲན་ཚེགས་ནད་གཏང་བ། །སེམས་ཅན་རྣམས་ལ་འཚེ་བར་བྱེད། །གྲུལ་བུམ་རྔ་བྲན་རྣམས་ཀྱི་སྒྲ། །འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན། །མིད་པོ་ཆེ་ལ་བོང་བུའི་སྒྲ། །ནག་པོ་སྔོན་པོ་སེར་པོ་དང༌། །དམར་སེར་མེ་ལྟར་དམར་སེར་དང༌། །ཁབ་འདྲའི་སྤུ་དང་རལ་གྲིའི་སྐྲ། །དམར་པོ་ཁྲག་གིས་བསྐུས་པ་རྣམས། །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག །སོ་རྣོན་ལག་པ་དམར་པོ་དང༌། །མཆུ་ནི་ཁྲག་གིས་བསྐུས་པ་དང༌། །ལུས་ཕྱེད་དག་ནི་ཟོས་པ་


DTG072_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །སྙིམ་པ་ཤིན་ཏུ་གང་བ་དང༌། །བྱིན་པ་དག་ནི་ཟ་བཞིན་དུ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོགས། །ཀེང་རུས་ཀྱི་ནི་ལུས་ཀྱིས་སུ། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁྲག་གིས་རབ་ཏུ་གང་བ་ཡི། །མི་ཡི་པགས་པ་ཐོགས་ནས་སུ། །མི་བཟད་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུགས། །གྲོང་ཁྱེར་རྣམས་ཀྱི་སྒོ་དག་དང༌། །ཁྱིམ་ནས་ཁྱིམ་དུ་རྣམ་པར་འཐོར། །རླུང་དང་བད་ཀན་མཁྲིས་པ་རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །ཤ་ཟ་གྲུལ་བུམ་གདོན་རྣམས་ནི། །གཞོན་ནུ་དེ་ལ་གནོད་པར་བྱེད། །ཤ་ཟ་གྲུལ་བུམ་གདོན་རྣམས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ནད་བཏང་ལ་རྣམ་པར་འཚེ་བར་བྱས་སོ། །གཟིག་རྣམས་དང༌། བྱ་རོག་རྣམས་དང༌། འུག་པ་རྣམས་དང༌། གྲོག་སྦུར་དང༌། སྡིག་བ་རྣམས་དང་ཞེས་བྱ་བ་ནི། རྣམ་པར་འཁྲུལ་ཞིང་འདོད་པའི་གཟུགས། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་ལང་བོང་བུ་དང༌། །གླང་པོ་ཆེ་ཡི་གཟུགས་འདྲ་དང༌། །དོམ་དང་ལུག་དང་སྤྱང་ཀི་དང༌། །ཁྱི་དང་ཝ་དང་ར་དག་དང༌། །བྱི་ལ་བྱི་བ་སྤྲེའུའི་གཟུགས། །བསེ་དང་ཕག་དང་དྲེད་མོ་དང༌། །ཉ་དང་རུས་སྦལ་དག་གི་གཟུགས། །ཁ་ཅིག་དག་ནི་སྲམ་གྱི་གཟུགས། །ཁྭ་དང་འུག་པ་ཁུ་བྱུག་དང༌། །བྱ་རོག་ཁྲ་དང་ཉ་མིད་ཅན། །རྨ་བྱ་དང་པ་ཐི་བ་དང༌། །ཁྲུང་ཁྲུང་དང་ནི་བྱ་རྣམས་དང༌། །ཁ་ཅིག་བྱ་གག་གཟུགས་རྣམས་སུ། །གདོན་རྣམས་ལ་ནི་མི་ཡིས་མཐོང༌། །འདབ་བཟངས་བྱ་ཡི་ཚུལ་གྱིས་ཀྱང༌། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁ་ཅིག་མི་ཡི་མགོ་ཅན་ལ། །ལུས་ནི་བྱ་གག་བོང་བུ་འདྲ། །ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་བྲལ་བ་དག་ཏུ་སྣང༌། །ས་དང་བར་སྣང་ཕྱོགས་དག་ཏུ། །ཁེངས་ནས་སེམས་ཅན་བྱུང་བ་སྟེ། །གཞོན་ནུའི་ལུས་ལ་རྣམ་པར་ཟ། །བསྡད་པ་གང་དང་གང་རྣམས་སུ། །སེམས་ཅན་རྣམས་ཀྱིས་འདུག་མི་སྟེར། །བར་སྣང་ཚོགས་ནས་བྱུང་ནས་སུ། །གཞོན་ནུའི་ལུས་ལ་འཚེ་བར་བྱས། །གཞོན་ནུ་སྒྲ་གཅན་ཟིན་ལ་དུར་ཁྲོད་བསིལ་བའི་ཚལ་དུ་འདུག་མི་སྟེར་ཞིང༌། །ལུས་ལ་འཚེ་བར་བྱེད་པའོ། །གཞན་ཡང་མི་དང་མི་མ་ཡིན་གྱི་སེམས་


DTG072_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱིས་ཞེས་བྱ་བ་ནི། ཞགས་པ་རལ་གྲི་འཛིན་རྣམས་དང༌། །མདའ་གཞུ་མདུང་རྣམས་ཐོགས་ནས་སུ། །སྐྲ་འཛིངས་སྐྲ་མདུད་སྤྱི་གཙུག་ཏུ། །ཁྲོ་བོའི་ཚུལ་དུ་བསྟན་པ་སྟེ། །ཞི་བའི་ཚུལ་དུ་མི་སྟོན་ཏོ། །མི་རྒོད་མང་པོ་དེར་བྱུང་ནས། །བསྡིགས་ཤིང་འཚོག་པར་བྱེད་པ་སྟེ། །ཁྲིད་པའི་ཚུལ་ནི་བསྟན་ནས་སུ། །མཚོན་གྱིས་བརྡེགས་ཤིང་བསྡིགས་པར་བྱེད། །སེམས་ཅན་ཐམས་ཅད་གནོད་བྱེད་པ། །མི་རྒོད་དེ་རྣམས་སྡིག་པ་ཅན། །ལྷ་དང་ཀླུ་དང་དྲི་ཟ་དང༌། །གནོད་སྦྱིན་སྲིན་པོ་ལྷ་མ་ཡིན། །ཉིན་གསུམ་པ་ཡི་སྨྱོ་བྱེད་དང༌། །དེ་བཞིན་དུ་ནི་རི་དགས་དང། །འཇིགས་རྟེན་འཚེ་བ་གང་ཡིན་པ། །གདོན་སྦྱིན་སྲིན་པོ་མ་རུངས་རྣམས། །འདིར་ནི་འཁོད་དེ་གཞོན་ནུ་ལ། །དྲག་ཤུལ་གྱིས་ནི་གནོད་བྱེད་དོ། །གཞན་ཡང་བྱ་རོག་འུག་པ་དང༌། །བྱ་གག་བྱ་ལ་སོགས་པ་ཡིས། །བར་སྣང་དག་ལ་འཚེ་བར་བྱས། །གདོན་རྣམས་དེ་རྣམས་དག་གིས་ནི། །ལོག་པར་བསྟན་ནས་འཚེ་བྱེད་པ། །བུད་མེད་དག་དང་སྐྱེས་པ་དང༌། །དེ་བཞིན་བུ་ཕོ་བུ་མོ་དང༌། །མངལ་ན་གནས་པའང་འཇིག་པར་བྱེད། །དུད་འགྲོའི་སྐྱེ་གནས་གཏོགས་པའང་འཚེ། །སྐར་མ་དག་དང་ཉི་ཟླ་དང༌། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། །ལོ་ཏོག་ས་བོན་འབྲས་བུ་དང༌། །མེ་ཏོག་སྨན་དང་ཟས་སྐོམ་དང༌། །མི་རྣམས་ཀྱི་ནི་དཔལ་འཕྲོག་ཅིང༌། །མཐོན་པོ་རྣམས་ནི་དམའ་བར་བྱེད། །འཇིག་རྟེན་དག་ན་སྣང་བ་རྣམས། །དམག་དང་འཐབ་མོ་ཤ་གཉེར་དང༌། །ཚིག་གམ་གཞིག་གམ་གསང་བྱ་བ། །དེ་ཀུན་འབྱུང་པོའི་རྣམ་པར་སྒྱུར། །སྦེད་ཅིག་གཏོང་བར་བྱེད་པ་དང༌། །ལོག་པར་བྱེད་ཅིང་དགད་པར་འགྱེད། །འཇིག་པར་བྱེད་ཅིང་ལྟ་བར་བགྱིད། །དགྲར་འགྱུར་པ་ཡང་སྟོན་པར་བགྱིད། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །སྒོ་ནས་སེ་གོལ་སྒྲ་ཕྱུང་ཞིང༌། །མི་སྙན་བརྗོད་དེ་ཟ་བར་བགྱིད། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། །དགའ་ཞིང་དཀའ་མཆིད་སྨྲ་བར་བགྱིད། །བུ་མོ་སྡུ་གུའི་གཟུགས་དག་ཏུ། །འདོད་པ་སྤྱོད་པར་དགའ་བར་བགྱིད། །ཉི་མ་སྐར་མའི་གཟུགས་དང་ནི། །ཟླ་བའི་གཟུགས་


DTG072_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གདའ་བར་བགྱིད། །རླུང་དང་སྐར་མདའ་ལྕེ་གཟུགས་སུ། །དེ་ལ་གནོད་པ་བྱེད་པར་གདའ། །སྐར་མའི་ཚོགས་དང་འདྲ་བ་དག །འཇིགས་པར་བགྱིད་པ་ཝ་དང་ཁྱིར། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང༌། །མཆོད་རྟེན་དག་གི་གནས་ན་གདའ། །སྐྱེས་པ་གཞོན་ནུའི་གཟུགས་མཛེས་ལས། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །ནད་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གདོན་ཆེན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་བླངས་བགྱིས་ཤིང༌། །ལམ་དན་ཀུན་དུ་སྐོར་བར་བགྱིད། །རྣམ་པ་སྣ་ཚོགས་གཟུགས་དག་དང༌། །རྣམ་པ་སྣ་ཚོགས་སྒྲ་རྣམས་དང༌། །རྣམ་བ་སྣ་ཚོགས་ནད་ཀྱི་རྣམས། །ལུས་ལ་ན་བ་གནས་པར་སྟོན། །ནད་རྣམས་ཀུན་གྱི་མཚན་ཉིད་ཀྱང༌། །ཕྱིན་ཅི་ལོག་ཏུ་སྟོན་པར་བགྱིད། །ཇི་སྙེད་འཇིག་རྟེན་རང་བཞིན་དག །ཐམས་ཅད་ལོག་པར་དེ་དག་སྟོན། །དེ་བཞིན་ལོག་པར་སྟོན་བྱེད་པ། །འཇིག་རྟེན་ལ་ནི་འཇིགས་པར་བྱེད། །འཚེ་བ་སྒྲ་ཟིན་གཞོན་ནུ་ལ། །ཕྱིན་ཅི་ལོག་ཅིང་གནོད་པར་བྱེད། །གཞོན་ནུ་སྒྲ་གཅན་ཟིན་ལ་གནོད་པ་དེ་རྣམས་ཀྱིས། ཞེ་སྡང་བྱས་ཤིང་འཚེ་བར་བྱས་སོ། །ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་ནི་ཤིན་ཏུ་གཙེས་སོ་ཞེས་བྱ་བ་ནི། དུག་ལྔ་ཁོང་དུ་ཤར་བས་ཞེ་སྡང་བྱས་ཤིང་ང་རྒྱལ་ཆེ་བ་དང༌། མ་ཤེས་པར་ཤེས་པར་སྨྲ་བ། མ་སྙན་པར་སྙན་པར་སྨྲ་བ། རང་གི་རིག་པས་བསྒྲུབས་པ་བྱས་པ། རང་གི་རིག་པས་སྨྲ་ཞིང་གཞན་ལ་སྟོན་པ། བླ་མ་ལ་མི་ཞུ་ཞིང༌། རང་རིག་གིས་བསྟན་པ་དང༌། བླ་མའི་རིག་པ་བཞག་ཅིང་རང་རིག་སྨྲ་བ་དང༌། ལུང་དང་བཀའ་ལ་མི་བརྟེན་ཅིང༌། རང་གི་ང་རྒྱལ་གྱིས་རང་བཟོ་བྱས་པ་དང༌། ཚེ་ཕྱི་མ་ལ་མནར་མེད་དུ་སྐྱེ་སྟེ། ཚེ་འདི་ལ་ཡང་གདོན་དེ་རྣམས་ཀྱིས་འཚེ་བར་བྱེད་ཅིང་སྲོག་འཕྲོག་པའོ། །དེ་བཞིན་དུ་གཞོན་ནུ་སྒྲ་གཅན་ཟིན་ཡང༌། སྐད་སྣ་ཚོགས་འབྱིན་ཅིང་གཟུགས་སྣ་ཚོགས་སྟོན་ཅིང་གདོན་རྣམས་ཀྱིས་ཕར་འཐེན་ཚུན་འཐེན་བྱས་ཤིང་རང་གི་ལུས་ལ་རང་དབང་མེད་དོ། །གཞོན་ནུ་སྒྲ་གཅན་ཟིན་དེ་


DTG072_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པར་བྱེད་ཅིང་འདར་ཏེ། ལུས་ལ་ཡང་ན་ཚས་ཐེབས་ཏེ། བཅོམ་ལྡན་འདས་དྲན་ཞིང་སྐད་སྣ་ཚོགས་འབྱིན་ཞིང་ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ། །ཆོས་ལ་སྐྱབས་སུ་གསོལ་ལོ། །དགེ་འདུན་ལ་སྐྱབས་སུ་གསོལ་ལོ། །དེ་སྐད་ཅེས་གསོལ་བ་དང༌། གདོན་རྣམས་ཀྱིས་ལན་ཅིག་གཞག་གོ །བཞག་མ་ཐག་ཏུ་བསིལ་བ་ཚལ་ནས་བྲོས་ཏེ། བྲོས་མ་ཐག་ཏུ་གདོན་རྣམས་ཀྱིས་དེད་པ་དང༌། གཞོན་ནུ་སྒྲ་གཅན་ཟིན་མདོག་ཤོར་ཞིང༌། བ་སྤུ་ཡང་གྱེན་ལ་ལོག་སྟེ། ཧག་ཟད་ཅིང་འཇིགས་པའི་སྡུག་བསྔལ་ཉམས་སུ་མྱོང་ངོ༌། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་གཞོན་ནུ་སྒྲ་གཅན་ཟིན་གདོན་གྱིས་ཟིན་པའི་གནས་སྐབས་ཏེ་གཉིས་པའོ།། །།དེ་ནས་ཞེས་བྱ་བ་ནི། གདོན་གྱིས་ཟིན་པའི་དེ་ནས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན། བྱ་རྒོད་ཀྱི་ཕུང་པོའི་རིག་ལ་དང་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ། ཕྱིན་ནས་ཞེས་བྱ་བ་ནི། གདོན་ཐམས་ཅད་ཀྱིས་འཚེ་བར་བྱས་པས། འཇིགས་ཤིང་མདོག་ཀྱང་ཤོར་ཏེ། བ་སྤུ་རྣམས་གྱེན་དུ་ལོག་ཅིང༌། གཡེངས་ཏེ་ཕར་ལྟ་ཚུར་ལྟ་བྱས་ཤིང༌། གདོན་རྣམས་ཀྱིས་ཕྱིར་འབྲང་ངོ་སེམས་སོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། བག་ཆགས་ཤེས་བྱའི་དྲི་མ་ཐམས་ཅད་འཇོམས་པ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ། དེ་ཁོན་ཉིད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཅེས་པ་རྡོ་རྗེའི་སེང་གེ་པདྨ་ཆེན་པོའི་གདན་ལ་བཞུགས་ཏེ། བྱ་རྒོད་ཕུང་པོའི་རི་གཞལ་ཡས་ཁང་གི་རང་བཞིན་གྱི་ས་གཞི་ལ། བྱང་ཆུབ་སེམས་དཔའ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་དང༌། ལྷ་དང༌། མི་དང༌། འཁོར་ཕུན་སུམ་ཚོགས་པའི་སྤྱན་སྔར་འཇིགས་ཤིང་ལུས་པོ་ཐམས་ཅད་འདར་བ་དང་ཁ་ནས་དབུགས་ཀྱང་འཐོན་ཏོ། །བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཞེས་བྱ་བ་ནི། ཚེ་དང་ལྡན་པ་སྒྲ་གཅན་ཟིན་གདོན་གྱིས་བཏབ་པའི་འཇིགས་པས་བཅོམ་ལྡན་འདས་ལ་གུས་པར་བྱའོ། །བཅོམ་


DTG072_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། མཆི་མ་བླགས་སོ་ཞེས་བྱ་བ་ནི། གདོན་གྱིས་བཏབ་པའི་ཡུས་ཀྱིས། ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་དབྱར་གྱི་ཆར་བཞིན་དུ་གདོང་གི་མཆི་མ་མི་ཐུབ་པོ། །དེ་ནས་ཞེས་བྱ་བ་ནི། གཞོན་ནུ་སྒྲ་གཅན་ཟིན་ཡུས་ཆེ་བ་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པའི་སེམས་དང་ལྡན་པ་སྔོན་གྱི་བྱ་བ་དུར་ཁྲོད་བསིལ་བའི་ཚལ་གྱི་ལོ་རྒྱུས་ཐུགས་ཀྱིས་མཁྱེན་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པའོ་ཞེས་སྒྲ་གཅན་འཛིན་ཁྱོད་ཅིའི་ཕྱིར་ངའི་མདུན་དུ་འདུག་ནས་མཆི་མ་བླག་ཅེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྐད་ཅིག་མས་ཐུགས་སུ་ཆུད་ནས། དེས་ཚིག་གི་གཏམ་དྲིས་པའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་སྨྲས་པའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེས་ཚིག་གི་གཏམ་སྨྲས་ཤིང་ཞུས་པའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་ཞེས་བྱ་བ་ནི། བྱ་རྒོད་ཀྱི་ཕུང་པོའི་རི་དང་རྒྱལ་པོའི་ཁབ་དང༌། བསིལ་བའི་ཚལ་གྱི་བར་ན་དཔག་ཚད་གཅིག་ཡོད་དེ། བྱ་རྒོད་ཀྱི་ཕུང་པོའི་རིའི་ལྷོ་ཕྱོགས་ན་རོ་ཐམས་ཅད་བསྐྱལ་བའི་ས། རྣམ་རྟོག་གསུམ་བཅོམ་པའི་བསིལ་བའི་ཚལ་ལོ། །རྣམ་རྟོག་གསུམ་དང༌། བསིལ་བའི་ཚལ་ནི་ངེས་ཚིག་གང་གི་ཕྱིར་ཞེ་ན། བསིལ་བའི་ཚལ་དེ་ཡང༌། འཇིགས་པའི་སྒྲའི་རྣམ་པར་རྟོག་པ་བྱུང་སྟེ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་སྒོམ་ཞིང༌། བྱམས་པའི་སྟོབས་ཀྱིས་འཇིགས་པ་དང་བྲལ་བའོ། །རྣམ་པར་རྟོག་པ་དེ་སྤངས་པས་འཇིགས་པའི་རང་བཞིན་དེ་མི་འབྱུང་ངོ༌། །ངོ་ཚའི་རྣམ་པར་རྟོག་པ་ནི་ཡི་དགས་དང༌། རོ་ཡང་གཅེར་བུར་གནས་ཏེ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཡང་མི་རྟག་སྟེ། དེའི་ངོ་བོར་བཞག་ནས་འཇིག་རྟེན་གྱི་ཁམས་སྒྱུ་མ་ལྟ་བུ་ཡིན་ཏེ། དེའི་


DTG072_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་ངོ་ཚ་བའི་རྣམ་རྟོག་དང་འདྲལ་བའོ། །སྐྱུགས་བྲོ་བའི་རྣམ་རྟོག་ནི་དུར་ཁྲོད་བསིལ་བའི་ཚལ་དེ་ལ་ཡང་འབྱུང་སྟེ། རོའི་རྣམ་པ་མི་གཅིག་པ་དང་ཤ་དང་ཁྲག་དང་ཀླད་པ་ལ་སོགས་པས་ཁེངས་པའི་ས་གཞི་ཡིན་ཏེ། དེ་བཞིན་དུ་རང་གི་ལུས་ལས་རྣག་དང་མཆིལ་མ་དང་རྒྱུ་མ་དང་གཅི་བ་ལ་སོགས་པ་ཡང་འབྱུང་སྟེ། དེ་བཞིན་དུ་མི་རྟག་ཅིང་རྣམ་པར་རྟོག་པ་མེད་དོ། །བསིལ་བའི་ཚལ་ནི་རྣམ་པར་རྟོག་པ་གསུམ་དང་བྲལ་ཞིང༌། ཡང་དག་པའི་ཡེ་ཤེས་དེ་ནས་དེ་བྱུང་སྟེ། དངོས་གྲུབ་ཐམས་ཅད་ཀྱིས་གཞི། བྱང་ཆུབ་ཐོབ་པའི་ལམ། སྒྱུ་མ་ཐམས་ཅད་བསྟན་པ། མི་རྟག་པའི་རང་བཞིན་དུ་བསྟན་པ། སེམས་ཅན་ཐམས་ཅད་དུག་གསུམ་གྱི་རང་བཞིན་གྱི་རྣམ་པར་རྟོག་པ་དང་བྲལ་བར་བྱེད་པས་ན་བསིལ་བའི་ཚལ་ཡིན་ཏེ། དེ་བཞིན་དུ་ལུས་ངག་ཡིད་ཞི་བར་བྱེད་པས་ན། བསིལ་བའི་ཚལ་ཡིན་ཞེས། ཡང་ན་བསིལ་བའི་ཚལ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་འབྲལ་བའི་ཕྱིར་རོ། །བུད་ཤིང་ཆེན་པོ་ལྟ་བུའི་ཕྱོགས་ན་མ་ཆིས་ན་ཞེས་བྱ་བ་ནི། དུག་ལྔའི་རང་བཞིན་གྱིས་ང་རྒྱལ་དང་ཞེ་སྡང་བྱས་ཏེ། དེ་བཞིན་དུ་གཏི་མུག་ཀྱང་ཤས་ཆེ་ཞིང༌། བཅོམ་ལྡན་འདས་ལ་མི་ཞུ་ཞིང་བདག་དགྲ་བཅོམ་པ་ཐོབ་པར་བྱ་སྙམ་ནས་བསིལ་བའི་ཚལ་དུ་མཆིས་སོ་ཞེས་སྨྲས་སོ། །དེར་ཞེས་བྱ་བ་ནི་དུར་ཁྲོད་བསིལ་བའི་ཚལ་གྱི་དབུས་སུ་བདག་གིས་སྡུག་བསྔལ་ཐམས་ཅད་མྱོང་བ་ཞེས་པའོ། །ལྷའི་གདོན་རྣམས་དང་ལྷ་མ་ཡིན་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་གྱི་གདོན་ཡང་གཟུགས་སྣ་ཚོགས་སྟོན་ཅིང༌། ལྷའི་འཁོར་ཕོ་དང་ལྷའི་འཁོར་མོ་སྣ་ཚོགས་པ་བྱེ་བ་སྟོང་གི་ལྷ་དང༌། བྱེ་བ་ཕྲག་བརྒྱའི་ལྷ་རྣམས་དང༌། དེ་བཞིན་དུ་ལྷ་མ་ཡིན་གྱིས་ཀྱང་འཚེ་བར་བྱས་སོ་ཞེས་བྱ་བའོ། །ཀླུའི་གདོན་རྣམས་དང་གནོད་སྦྱིན་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། ཀླུའི་ནད་ཐམས་ཅད་གཏོང་ཞིང༌། གནོད་སྦྱིན་གྱི་གཟུགས་སྣ་ཚོགས་བསྟན་ཏེ། དེ་བཞིན་དུ་བྱེ་བ་སྟོང་གི་ཀླུ་དང༌། བྱེ་བ་སྟོང་གི་གནོད་སྦྱིན་དང་བྱེ་བ་ཕྲག་བརྒྱའི་ཀླུའི་གཡོག་དང་ཐབས་ཅིག་ཏུ་འཚེ་བར་བྱས་སོ། །སྲིན་


DTG072_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གདོན་རྣམས་དང༌། མིའམ་ཅིའི་གདོན་རྣམས་དང་ཞེས་བྱ་བ་ནི། ཤ་ཁྲག་ལ་དགའ་ཞིང༌། གདོན་དེ་གཉིས་ནི་དཔོན་གཡོག་དང་བཅས་ཤིང༌། བྱེ་བ་སྟོང་དང་བྱེ་བ་ཕྲག་བརྒྱའི་གདོན་རྣམས་ཀྱིས་ཀྱང་བདག་ལ་འཚེ་བར་བྱས་སོ་ཞེས་པའོ། །དྲི་ཟའི་གདོན་རྣམས་དང༌། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང་ཞེས་བྱ་བ་ནི། གླུ་ལེན་ཞིང་བྲོ་རྡུང་ཞིང་སྒྲ་སྣ་ཚོགས་སྟོན་ཏེ། གདོན་དེ་གཉིས་ནི་བྱེ་བ་ཕྲག་བརྒྱ་འཁོར་གཡོག་དང་བཅས་པ་བྱུང་སྟེ། དེ་བཞིན་དུ་བདག་ལ་གནོད་བ་བསྐྱལ་ཞེས་བྱ་བའོ། །མིའི་གདོན་རྣམས་དང༌། རླུང་ལྷའི་གདོན་རྣམས་དང་ཞེས་བྱ་བ་ནི། དུར་ཁྲོད་བསིལ་བའི་ཚལ་གྱི་ནང་ན། གཟུགས་དང་སྒྲ་སྣ་ཚོགས་བྱས་ཤིང་བྱུང་བ་སྟེ། དེ་བཞིན་དུ་གཡོག་དང་འཁོར་མང་པོ་འདུས་ཤིང་སྒོམ་དུ་མི་སྟེར་བའོ། །ཡི་དགས་ཀྱི་གདོན་རྣམས་དང་འབྱུང་པོའི་གདོན་རྣམས་དང་ཞེས་བྱ་བ་ནི། གདོན་དེ་གཉིས་ཀྱང་བཞིན་མི་སྡུག་ཅིང། མདུན་དུ་ལྟར་བྱུང་སྟེ། གཟུགས་སྣ་ཚོགས་སྟོན་ཅིང་སྒྲ་སྣ་ཚོགས་སྟོན་པའོ། །ཤ་ཟའི་གདོན་རྣམས་དང༌། གྲུལ་བུམ་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། གསུས་པོ་ཆེ་ལ་མགོ་ཆེ་བ་མང་པོ་འདུས་ནས་བྱུང་སྟེ། གདོན་དེ་རྣམས་ཀྱིས་ཀྱང་ཕྱོགས་བཞི་ནས་འཚེ་བར་བྱས་པའོ། །གཟིག་རྣམས་དང་བྱ་རོག་རྣམས་དང་འུག་པ་རྣམས་དང་གྲོག་སྤུར་རྣམས་དང་སྡིག་སྤྲུལ་རྣམས་དང་ཞེས་བྱ་བ་ནི། ས་དང་བར་སྣང་ལ་རྒྱུ་བའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ལུས་ལ་འཚེ་བར་བྱས་ཤིང་བདག་ལ་ན་ཚ་བྱུང་ངོ་ཞེས་པའོ། །མི་དང་མི་མ་ཡིན་པའི་སེམས་ཅན་རྣམས་ཀྱིས། བདག་ཤིན་ཏུ་གཙེས་པ་ལགས་མོད་ཀྱི་ཞེས་བྱ་བ་ནི། མི་རྒོད་མཚོན་སྣ་ཚོགས་ཐོགས་པ་དང༌། གཞན་ཡང་བགེགས་མ་རུངས་པ་རྣམས་ཀྱིས་ཀྱང༌། གཞོན་ནུ་སྒྲ་གཅན་ཟིན་ལ་སྡུག་བསྔལ་ཐམས་ཅད་མྱོང་ཞིང་འཚེ་བར་བྱས་སོ་ཞེས་པའོ། །དེ་ནས་ཞེས་བྱ་བ་ནི། སྒྲ་གཅན་ཟིན་གྱིས་སྨྲས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ལ་འཁོར་ཕུན་སུམ་ཚོགས་པའི་ནང་དུ་ཁྱུ་མཆོག་དང་སེང་གེའི་སྒྲ་སྒྲོགས་པའོ། །སྒྲ་གཅན་ཟིན་ཁྱོད་ཀྱིས་ཞེས་བྱ་བ་ནི།


DTG072_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་གི་རང་བཞིན་གྱིས་ང་རྒྱལ་དང༌། ཕྲག་དོག་བྱས་ཏེ་ད་ཡང་ཁྱོད་ཀྱིས་མ་བྱེད་ཅིག་ཅེས་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་བེ་ཅོན་ཆེན་པོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་ནི་ཆོས་ཀྱི་སྐུ་སྟེ། བསིལ་བ་ནི་ལོངས་སྐུའོ། །ཚལ་ནི་སྤྲུལ་སྐུ་སྟེ། བེ་ཅོན་ནི་ཆང་པ་ཐམས་ཅད་དང་བྲལ་བར་བྱེད་པའོ། །དེ་བཞིན་ཅིའི་ཕྱིར་ཞེ་ན། རིག་པ་ནི་སྟོང་པ་སྟེ། ངོ་བོ་ཉིད་དང་བྲལ་ཞིང་བརྗོད་དུ་མེད་པའོ། །སྔགས་ནི་མ་མནྟྲ་སྟེ་སྐྱོབ་པ་དང་སྲུང་བའོ། །དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །བསིལ་བ་ནི་སྒྱུ་མ་ལྟ་བུའི་རང་བཞིན་ཏེ། །ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། གཉིས་ཀ་ཡང་མ་ཡིན་ནོ། །ཚལ་ནི་སྤྲུལ་སྐུ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དུས་གཅིག་ཏུ་ནམ་མཁས་ཁྱབ་པ་བཞིན་དུ་ཁྱབ་པའོ། །བེ་ཅོན་གྱི་ལྷའི་གདོན་རྣམས་ཀྱི་ཆད་པ་དང་འཇིག་རྟེན་འདིའི་རྒྱལ་པོ་དང༌། རྐུན་པོ་དང་ཆུ་དང་མེ་ལ་སོགས་པའི་ཆད་པ་དང༌། གཞན་ཡང་གཤིན་རྗེ་དང་འཁོར་བ་ན་འབྲལ་ཏེ། དེ་སྡུག་བསྔལ་ཐམས་ཅད་དང་བྲལ་བས་ན་བེ་ཅོན་ཞེས་པའོ། །ཡང་ན་བསིལ་བའི་ཚལ་ནི་ལུས་ངག་ཡིད་ཞི་བར་བྱས་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པའོ། །གཟུངས་ཀྱི་རིག་སྔགས་ཞེས་བྱ་བ་ནི། གཟུངས་ནི་ལུས་དང་ངག་དང་ཡིད་ཀྱི་གཟུངས་ཏེ། དེ་ཡང་དག་པར་གཟུང་ཞིང༌། སྟོང་པ་ཉིད་ལ་སེམས་བཞག་ནས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པའོ། །འཁོར་བཞི་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་གར་གཤེགས་པའི་སར་འཁོར་བའོ། །དགེ་སློང་རྣམས་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང༌། དགྲ་བཅོམ་པ་ལ་སོགས་པའོ། །དགེ་སློང་མ་རྣམས་དང་ཞེས་བྱ་བ་ནི། སྒྲ་གཅན་ཟིན་གྱི་མ་དང༌། དགེ་སློང་མ་ལྔ་བརྒྱ་ལ་སོགས་པའོ། །དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་དང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་དང༌། བཙུན་མོ་ལ་སོགས་པའོ། །བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། ཡུན་རིངས་པོའི་དོན་དང་ཕན་པ་དང་བདེ་བར་


DTG072_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཟུང་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་བར་གྱུར་ན། སྡུག་བསྔལ་ཐམས་ཅད་དང་འབྲལ་ཞིང་བདེ་བ་ཐོབ་པའོ། །ལྷ་དང་མིས་ཀྱང་དེ་བཞིན་དུ་ཟུང་ཤིག་ཅེས་བྱ་བ་ནི། གཟུགས་ཁམས་ཀྱི་ལྷ་དང་འདོད་ཁམས་ཀྱི་ལྷ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་གུས་པར་བྱེད་པའི་མི་རྣམས་ཀྱིས། རིག་སྔགས་འདི་ཟུང་ཤིག་ཅེས་པའོ། །རིགས་ཀྱི་ངོ་བོ་ཉིད་གང་ཞེ་ན་ཤེས་རབ་དང་ཐབས་ཡིན་ཏེ། འདིར་ནི་ཤེས་རབ་ཀྱི་ངོ་བོ་ལས། ཐབས་ཀྱི་ངོ་བོར་མི་སྣང་ངོ་ཞེས་པའོ། །སློབ་དཔོན་ལས་ཀྱི་རྡོ་རྗེས་གསུངས་པ་ནི། མཚོན་པ་དག་ནི་ཡེ་ཤེས་ཏེ། །མཚོན་བྱེད་རིག་སྔགས་རྒྱལ་མོ་ལ། །ཕྱག་མཚན་སྐུ་མདོག་བསྟན་པ་སྟེ། །ཐབས་ཀྱི་ངོ་བོ་དེ་བཞིན་ནོ། །དེ་བཞིན་དུ་བྱ་བ་ནན་ཏན་གྱི་ཡེ་ཤེས་མཚོན་པ་ནི་ཤེས་རབ་པོ། །རིག་སྔགས་ཉིད་སྒོམ་པ་ནི་ཐབས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་མཚོན་པར་བྱེད་པའོ། །དེའི་ཕྱིར་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །དེའི་ཕྱག་མཚན་དང་སྐུ་མདོག་ནི་གང་ཞེ་ན། ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་ལྗང་གུ་སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ་ཞལ་གཡས་དཀར་པོ། གཡོན་དམར་བ་ལོ་བཅུ་དྲུག་པའི་གཟུགས་སུ་བཞུགས་པ་ཕྱག་གཡས་པ་གསུམ་ན། རལ་གྲི་དང༌། སྐྱབས་སྦྱིན་དང༌། རིན་པོ་ཆེའི་སྟེང་ན་རྡོ་རྗེའོ། །གཡོན་པ་གསུམ་ན་བུམ་པའི་སྟེང་ན་རྡོ་རྗེ་དང༌། ཞགས་པ་དང་ལྕགས་ཀྱུའོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ལས་ཀྱི་རིགས་རླུང་གི་ཁམས་ལུས་ཀྱི་སྐྱེ་མཆེད་ཏྲཾ་གི་ཡིག་འབྲུ་ལས་ཡེ་ཤེས་ལྔ་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་སོ། །རིག་སྔགས་ཀྱི་ངོ་བོ་ཉིད་སེམས་ཅན་གྱི་དོན་བྱེད་པའི་ཚིག་ནི་ལས་ཀྱི་སྙིང་པོ་སྟེ། འདི་ལྟ་སྟེ། ཨ་ང་གཱ་བ་ང་གཱ་བྷཾ་གཱ་ལ་སོགས་པའོ། །རྒྱལ་པོ་དང་དབང་པོ་དང་ཞེས་བྱ་བ་ནི། བརྒྱ་བྱིན་ཡིན་ཏེ། ཞལ་གཅིག་པ་ཕྱག་བཞི་པ་སྐུ་མདོག་སེར་པོ། །སྤྱན་གསུམ་པ་ལ་དཔྲལ་


DTG072_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མིག་ཕྲེང་ལ་ཡོད་པ། ལྷའི་དབུ་རྒྱན་ལ་སོགས་པས་བརྒྱན་པ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་མདའོ། །གཡོན་པ་གཉིས་ན་གདུགས་དང༌། གཞུ་བསྣམས་པ། གླང་པོ་ཆེ་ལ་ཞོན་པའོ། །རྒྱལ་པོ་གཤིན་རྗེ་དང་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་ནག་པོ་ཁྲོ་བོའི་ཚུལ་དུ་བསྟན་པ་དབུ་སྐྲ་ཐོར་ཚུགས་ཅན་གཡས་པ་གཉིས་ན་རལ་གྲི་དང་བེ་ཅོན་འཛིན་པ། གཡོན་པ་གཉིས་ན་ཞགས་པ་དང་ལྕགས་ཀྱུ་བསྣམས་པའོ། །མ་ཧེ་ལ་ཞོན་པ་ཞལ་གཅིག་ཕྱག་བཞི་པ་སྟེ། སྐུ་མདོག་དཀར་པོ་གོ་ཆ་གྱོན་པ། །གཡས་གཡོན་གཉིས་ན་པདྨ་དཀར་པོ་བསྣམས་པ། གཡས་པ་ན་རལ་གྲི་གཡོན་པ་ན་རི་བོང་གི་རྒྱལ་མཚན་བསྣམས་པའོ། །རྔ་མོ་དཀར་པོའི་ཤིང་རྟ་ལ་ཞོན་པའོ། །རྒྱལ་པོ་ཆུ་ལྷ་དང་ཞེས་པ་ནི། ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་སྤྲུལ་གྱི་གདེངས་ཀ་དང་བཅས་པ་ཕྱག་གཡས་པའི་དང་པོ་ན་པདྨ་དམར་པོ་སྟེ། འོག་མ་ནི་རིན་པོ་ཆེའོ། །གཡོན་པ་དང་པོ་ན་སྤྲུལ་གྱི་ཞགས་པ་འོག་མ་ན་བུམ་པ་བསྣམས་པ་སྟེ། ཆུ་སྲིན་ལ་ཞོན་པའོ། །རྒྱལ་པོ་དང་ཉི་མ་དང་ཞེས་བྱ་བ་ནི། ཞལ་གཅིག་སྐུ་མདོག་དམར་པོ་ཕྱག་བཞི་པ་གཡས་གཡོན་གཉིས་ན་པདྨ་དམར་པོ་འཛིན་པ། གཡས་ན་རལ་གྲི་གཡོན་པ་ན་ལྕགས་ཀྱུ་བསྣམས་པའོ། །ཤིང་རྟ་དང་བཅས་ཤིང་ནམ་མཁའ་ལ་རྒྱུ་བའོ། །རྒྱལ་པོ་རླུང་ལྷ་དང་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་སྔོ་སྐྱ་ཕྱག་གཡས་པ་གཉིས་ན་བ་དན་དང་ལྕགས་ཀྱུ་བསྣམས་པ་གཡོན་པ་གཉིས་ན་རླུང་འཁྱིལ་བ་དང༌། བུམ་པ་བསྣམས་ཤིང་ཤ་བ་ལ་ཞོན་པའོ། །རྒྱལ་པོ་གཟི་ཅན་དང་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་གཉིས་པ་སྟེ། སྐུ་མདོག་སེར་པོ་ཕྱག་གཡས་ན་སྦྲུལ་ཞགས་འཛིན་ཞིང༌། གཡོན་ན་ཨ་འབྲས་འཛིན་པ་ཀུ་བེ་རལ་ཞོན་པའོ། །རྒྱལ་པོ་སེམས་ཞེས་བྱ་བ་ནི། པ་བསངས་ཡིན་ཏེ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ། །ཕྱག་གཡས་ན་བུམ་པ་སྤྱི་བླུགས་གཡོན་པ་ཕྲེང་བ་བསྣམས་པ། པདྨའི་གདན་ལ་ཞུགས་པའོ། །རྒྱལ་པོ་གཤིན་རྗེའི་དབྱུག་ཏོ་ཅན་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དམར་ནག་ཕྱག་


DTG072_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་གཉིས་ན། རལ་གྲི་དང་ཐོབ་བསྣམས་པ། གཡོན་པ་གཉིས་ན་ཞགས་པ་དང་སྡིགས་མཛུབ་མཛད་ཅིང༌། རོ་ལངས་ལ་ཞོན་པའོ། །རྒྱལ་པོ་མེའི་དབྱུག་ཏོ་ཅན་ཞེས་བྱ་བ་ནི། མེ་ལྷའི་དབང་པོ་ཡིན་ཏེ། ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དམར་པོ། ཕྱག་གཡས་པ་གཉིས་ན་རྩེ་གཅིག་དང་བུམ་པ་སྤྱི་བླུགས་བསྣམས་པ། གཡོན་པ་མེ་འབར་བ་དང་ཕྲེང་བ་བསྣམས་པར་སྐྱེས་ལ་ཞོན་པའོ། །རྒྱལ་པོ་དབྱུག་ཏོ་ཅན་དང་ཞེས་བྱ་བ་ནི་མིག་དམར་ཡིན་ཏེ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་ཁྲོ་བོ། གཡས་ན་དབྱུག་ཏོ་མིག་ཅན་འཛིན་པ། གཡོན་པ་ནི་མི་མགོ་སྡིགས་མཛུབ་བསྣམས་པ། ར་དམར་པོ་ལ་ཞོན་པའོ། །རྒྱལ་པོ་རྒྱལ་བ་ཞེས་བྱ་བ་ནི་སྤེན་པ་ཡིན་ཏེ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་ཕྱག་གཡས་ན་བུ་སྟི་བསྣམས་པ། གཡོན་ན་བུམ་པ་བསྣམས་པ། བྲག་གི་གདན་ལ་ཞུགས་པའོ།། རྒྱལ་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་ནི། ཕུར་བུ་ཡིན་ཏེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག་ཕྱག་གཡས་གཡོན་གཉིས་ཀྱིས་མདའ་གཞུ་བསྣམས་ཤིང་གླང་པོ་ཆེ་ལ་ཞོན་པའོ། །རྒྱལ་པོ་འཇིགས་པ་དང་ཞེས་བྱ་བ་ནི། ལག་པ་ཡིན་ཏེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ལྗང་ནག་ཕྱག་གཡས་ན་རལ་གྲི་གཡོན་ན་སྡིགས་མཛུབ་རུས་སྦལ་ལ་ཞོན་པ། རྒྱལ་པོ་རྣམ་པར་གཟིགས་དང་ཞེས་བྱ་བ་ནི། རཱ་ཧུ་ལ་ཡིན་ཏེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ་རོ་སྨད་མེད་པ་ཕྱག་གཡས་གཡོན་གཉིས་ན་ཟླ་བ་དང་ཉི་མ་བསྣམས་པ། སྤྲིན་གྱི་གདན་ལ་བཞུགས་པའོ། །རྒྱལ་པོ་འབྱུང་པོ་ཞེས་བྱ་བ་ནི། དབང་ལྡན་ཡིན་ཏེ། ཞལ་གཅིག་ཕྱག་བཞི་པ། ཐལ་བའི་མདོག་ཅན་སྤྱན་གསུམ་པ་ཕྱག་གཡས་བ་གཉིས་ན་རྩེ་གསུམ་དང་བུམ་པ་སྤྱི་བླུགས་བསྣམས་པ། གཡོན་གཉིས་ན་ཕྲེང་བ་དང༌། ཨ་འབྲས་བསྣམས་པ་གླང་ལ་ཞོན་པའོ། །རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་ནི། དྲི་ཟིའི་རྒྱལ་པོ་ཡིན་ཏེ། ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་ཕྱག་གཡས་གཡོན་གཉིས་ན་འཁོར་ལོ་དང༌། མཆོད་རྟེན་བསྣམས་པ། པདྨའི་གདན་ལ་བཞུགས་པའོ། །རྒྱལ་པོ་འཕགས་


DTG072_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པོ་དང་ཞེས་བྱ་བ་ནི། གྲུལ་བུམ་གྱི་རྒྱལ་པོ་ཡིན་ཏེ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་མཐིང་ག །ཕྱག་གཡས་པ་གཉིས་ན་དབྱུག་ཏོ་དང་ཐོབ་བསྣམས་པ། གཡོན་པ་གཉིས་ན་རིན་པོ་ཆེ་དང་རྩེ་གསུམ་བསྣམས་པ། པདྨའི་གདན་ལ་བཞུགས་པའོ། །རྒྱལ་པོ་མིག་མི་བཟང་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་ཡིན་ཏེ། ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དམར་པོ་ཕྱག་གཡས་པ་ན་པདྨ། གཉིས་པ་ན་དགྲ་སྟ། གཡོན་དང་པོ་ན་སྤྲུལ་གྱི་ཞགས་པ་གཉིས་པ་དུང་བསྣམས་པ། པདྨའི་གདན་ལ་བཞུགས་པའོ། །རྒྱལ་པོ་ལུས་ངན་པོ་ཞེས་བྱ་བ་ནི་གནོད་སྦྱིན་གྱི་རྒྱལ་པོ་ཡིན་ཏེ། ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང་གུ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི་།འོག་མ་དབྱུག་ཏོ། །གཡོན་པ་ན་ནེའུ་ལེ། འོག་མ་ན་བུམ་པ། པདྨའི་གདན་ལ་བཞུགས་པའོ། །རྒྱལ་པོ་མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་ནི། ཞལ་བཞི་པ་ཕྱག་བཞི་པ་སྐུ་མདོག་སེར་པོ། །སྤྱན་གསུམ་པ་ཕྱག་གཡས་ན་དབྱུ་གུ་རྩེ་གསུམ། འོག་མན་མཆོད་སྦྱིན། གཡོན་དང་པོ་ན་ཕྲེང་བ། འོག་མ་ན་བུམ་པ་སྤྱི་བླུགས། པདྨའི་གདན་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ་འཇིག་རྟེན་ལ་ཐུགས་བརྩེ་བ་བླ་ན་མེད་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྣམས་ཡིན་ཏེ། དེ་ཡང་ཆོས་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་སྐུ་ཡིན་ཏེ། འདིར་ཡང་སྤྲུལ་སྐུའི་རང་བཞིན་ནི་ཐུགས་རྗེ་ཆེ་ཞིང་སེམས་ཅན་གྱི་དོན་ལ་བཤད་དེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་འཛམ་བུ་གླིང་གི་གསེར་གྱི་ཁ་དོག་འདྲ་བ། ས་གནོན་གྱི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སེང་གེ་པདྨའི་གདན་ལ་བཞུགས་པ། རབ་ཏུ་བྱུང་བའི་ཆ་བྱད་དུ་བཞུགས་པ། དུས་གཅིག་ཏུ་སེམས་ཅན་གྱི་དོན་ལ་སྙིང་རྗེས་ཁྱབ་པའོ། །བདག་དང་སེམས་ཅན་ཐམས་ཅད་ལ་སྲུང་དུ་གསོལ། སྲུང་དུ་གསོལ་ཞེས་བྱ་བ་ནི། རིག་པ་འཆང་བ་གང་ཡིན་པ་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་རྣམས་ཀྱིས་ཀྱང་སྲུང་ཞིང་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ། བླ་ན་མེད་པ་ཡང་དག་པའི་བདེ་བ་ཐོབ་པའོ། །སེམས་ཅན་ཐམས་


DTG072_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་དེ་བཞིན་ནོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་གྱུར་པ་དང༌། ཆད་པ་སྤང་བ་དང་མཚོན་ཆ་སྤང་བ་དང་དུག་བསད་པ་དང་དུག་གཞིལ་བ་དང་མཚམས་བཅད་པ་དང་ས་བཅིང་བ་མཛད་དུ་གསོལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདི་ལ་གུས་པར་བྱས་ནས། འཆང་བ་དང༌། ཀློག་པ་དང༌། སྒོམ་པ་ལ་སོགས་པ་བྱས་ཏེ། དེ་བཞིན་དུ་དེ་ནི་འགྲུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བར་བྱའོ་ཞེས་པའོ། །རིག་སྔགས་ནི་གང་ཞེ་ན། ཡེ་ཤེས་ལྔ་དང་ལྡན་པ་སྟེ། མཚོན་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོའི་བདག་ཉིད་དོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣམ་པར་དག་པའོ། །གཞི་བསྟན་པ་ནི་རྣམ་པར་ཐར་པའི་ཡེ་ཤེས་ལྔ་དང་ལྡན་པ་སྟེ། མཚོན་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་བདག་ཉིད་དོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣམ་པ་ཞལ་བཞི་བསྟན་པ་ནི་རྣམ་པར་ཐར་པའི་སྒོ་བཞིའི་རྣམ་པར་དག་པའོ། །སངས་རྒྱས་ལྔའི་དབུ་རྒྱན་ནི་གཏི་མུག་ལ་སོགས་པ་དུག་ལྔ་བཅོམ་ནས། ཡེ་ཤེས་ལྔ་ཤར་བའི་རྣམ་པར་དག་པའོ། །སྤྱན་གསུམ་དང་ལྡན་པ་ནི་ཡེ་ཤེས་ཀྱི་སྤྱན་གྱིས་མུན་པ་མུན་ནག་བཅོམ་ནས་འཁོར་བ་ཐམས་ཅད་ལས་ཐར་བར་བྱེད་པའོ། །ཞལ་ནག་པོ་དང་དཀར་པོ་དང་དམར་པོ་དང་སེར་པོ་བསྟན་པ་ནི། མངོན་སྤྱོད་དང་ཞི་བ་དང་དབང་དང་རྒྱས་པའི་ལས་བཞི་བསྟན་པའོ། །ཁྲོ་བོ་དང༌། ཞི་བ་དང༌། སྒེག་པ་དང༌། དགོད་པ་ནི་སེམས་ཅན་མི་གཅིག་པའི་ཐེག་པ་སྣ་ཚོགས་བསྟན་པའོ། །སྐུ་མདོག་ནག་པོ་ནི་བྱམས་པ་ཆེན་པོ་དང་ལྡན་པའི་རྣམ་པར་དག་པའོ། །རྒྱན་ཐམས་ཅད་དང་ལྡན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །ཕྱག་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པར་དག་པའོ། །གཡས་དང་བོ་ན་རལ་གྲི་ནི་ཤེས་རབ་ཀྱི་རང་བཞིན་བློ་དམན་པ་རྣམས་ལ་བློ་འཕེལ་བར་བྱེད་པའོ། །འོག་མ་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ་ནི། སེམས་ཅན་མ་རིག་པའི་ལས་ལས་ཐར་བར་བྱེད་པའོ། །དེའི་འོག་མ་ན་དགྲ་སྟ་བསྣམས་པ་ནི། འཁོར་བ་རྣམས་ལ་གཅོད་པར་བྱེད་པའོ། །ཐ་མ་ན་མདའ་


DTG072_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་ནི། ཐབས་ཀྱི་རང་བཞིན་བརྟན་པའོ། །གཡོན་པའི་དང་པོ་ན་ཞགས་པ་བསྣམས་པ་ནི་འཁོར་བ་ན་གནས་པའི་སེམས་ཅན་འདྲེན་པའོ། དེའི་འོག་མས་འཁོར་ལོ་བསྣམས་པ་ནི། གཏི་མུག་ལ་སོགས་པའི་དུག་ལྔ་གཅོད་པའོ། །དེའི་འོག་མ་ན་རྩེ་གསུམ་བསྣམས་པ་ནི། སྲིད་པ་གསུམ་འཇོམས་པར་བྱེད་པའོ། །ཐ་མ་ན་གཞུ་བསྣམས་པ་ནི། ཤེས་རབ་ཀྱི་རང་བཞིན་རྣམ་པར་དག་པའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་པ་ནི། བདུད་བཞི་རྣམ་པར་བཅོམ་པའི་བརྡའོ། །པདྨ་དང་ཟླ་བའི་གདན་ལ་བཞུགས་པ་ནི། ཆོས་དེའི་ཉམས་མྱོང་འཁོར་བ་ཐམས་ཅད་ལས་ཐར་བའོ། །ཉི་མའི་འོད་དང་ལྡན་པ་ནི། རིག་སྔགས་ཀྱིས་བྱ་བ་བསྟན་ནས། ཁྲོ་བོའི་ཚུལ་དུ་སེམས་ཅན་མ་རུངས་པ་རྣམས་འདུལ་བའོ། །རིག་སྔགས་ཀྱི་སྙིང་པོ་གང་ཞེ་ན། འདི་ལྟ་སྟེ། བཱ་ལ་བཱ་ཏི་ཙ་ར་མ་ཏི་ལ་སོགས་པའོ། །སྒྲ་གཅན་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་ཞེས་བྱ་བ་ནི་གདོན་ཐམས་ཅད་ལས་ཐར་བར་བྱེད་པ། ཆད་པ་ཐམས་ཅད་འཇོམས་པ། ལས་ཐམས་ཅད་ལས་ཀྱང་ཐར་བ་སྟེ། རིག་སྔགས་འདི་ནི་གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ། མཐུ་ཆེ་ཞིང་དཔའ་བ། སངས་རྒྱས་ཐམས་ཅད་ཀྱི་རིགས་པའི་ཕྱག་རྒྱའོ། །རིག་སྔགས་འདི་བཟུང་ན་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའོ། །བརྒྱ་རྩ་བརྒྱད་པ་འདི་སྐུད་པ་ལ་བཏགས་སམ་ཞེས་བྱ་བ་ནི། སྐུད་པ་སྔོན་པོ་བྲམ་ཟེའམ། རྒྱལ་རིགས་སམ། རྗེ་རིགས་ལ་སོགས་པའི་བུ་མོ་ལོ་བརྒྱད་ནས་བཅུ་གཉིས་ལོན་པའི་བར་གྱིས་གོས་གཙང་མགོན་ཞིང་ཁྲུས་ལེགས་པར་བྱས་ཏེ། ཁ་ཟས་དཀར་པོ་ལ་བརྟེན་ཅིང་ཁ་ལྷོ་ཕྱོགས་སུ་བསྟན་ལ་བཀལ་བར་བྱའོ། །རིག་སྔགས་རེ་རེ་ལ་མདུད་པ་རེ་རེ་བོར་ཏེ། རིག་སྔགས་དང་མདུད་པ་ནི་བརྒྱ་རྩ་བརྒྱད་དུ་བྱའོ། །དེ་བཞིན་དུ་བྱས་ན། གདོན་ཐམས་ཅད་ལས་ཐར་བ་དང༌། སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །མགུལ་ལམ་ལུས་སམ་ལག་པ་ལ་བཏགས་ན་ཞེས་བྱ་བ་ནི། གྲོ་གའམ། ཤིང་ཤུན་ནམ། རས་སམ། དར་ལ་སོགས་པ་ལ་བྲིས་ནས་མགུལ་དུ་བཏགས་ཏེ། རྒྱལ་མཚན་གྱི་རྩེ་མོའམ། མཆོད་


DTG072_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་རྩེ་མོའམ། རྔ་ལ་སོགས་པ་ལ་བཏགས་བས་ཀྱང༌། ཐོས་པ་ཙམ་གྱིས་ཀྱང་བསྲུང་བར་འགྱུར་ཏེ་མཐོང་བ་ཅམ་ཡང་བསྲུང་ངོ༌། །ཀུན་ནས་དཔག་ཚང་བརྒྱ་ཁོར་ཡུག་ཏུ་ཞེས་བྱ་བ་ནི། གཞན་གྱི་ཡུལ་དུ་འགྲོ་ན་ཡང་རང་གི་ཡུལ་གྱི་སྲུང་བ་བྱས་པས་ཀྱང་སྲུང་བར་འགྱུར་རོ། །དེ་བཞིན་དུ་རིག་སྔགས་འདི་མཐུ་ཆེ་ཞིང་གཟི་བརྗིད་ཆེ་བ་སྟེ། ཐུགས་རྗེ་ཆེ་ཞིང་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །དྲེའམ་མེ་ཏོག་རྣམས་དང་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་བཞིན་དུ་མཆོད་པར་བྱས་ཏེ་ཆོ་གར་བྱས་ཏེ། གཟུང་བར་བྱས་ཏེ། འཆང་བ་ལ་སོགས་པ་གུས་པར་བྱས་ན། དེ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་རྣམས་ཀྱིས་དེ་བསྲུང་བར་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང༌། ཚེ་འདི་དང་ཚེ་ཕྱི་མ་རྣམས་ལ་ཡང་སྲུང་བར་བྱེད་དེ། འདིའི་ལམ་ལས་ཡང་དག་པའི་བྱང་ཆུབ་ཐོབ་པའོ། །དེ་ལ་ཞེས་བྱ་བ་ནི་རིག་སྔགས་འདི་འཆང་བ་སྟེ། བླ་ན་མེད་པའི་བྱང་ཆུབ་ཐོབ་ཅིང༌། ད་ལྟར་ཡང་ཆད་པ་ལ་སོགས་པ་ཐམས་ཅད་དང་བྲལ་བའོ། །མི་དང་མི་མ་ཡིན་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ་ཞེས་བྱ་བ་ནི། མི་ནི་རྒྱལ་པོ་དང༌། རྐུན་པོ་དང༌། མི་རྒོད་དང་གཉེན་བཤེས་ལ་སོགས་པས་ལྟོ་བྱེད་པའི་ཆད་པ་དང་གཞན་ཡང་འཇིགས་པ་ཐམས་ཅད་དང་འབྲལ་བའོ། །མི་མ་ཡིན་པ་རྣམས་ནི་ལྷའི་གདོན་ལ་སོགས་པ་མ་རུངས་པ་རྣམས་ཡིན་ཏེ། ཆུ་དང་མེའི་འཇིགས་པ་ལ་སོགས་པ་དང་བྲལ་བའོ། །མཚོན་དང་དུག་དང་ཞེས་བྱ་བ་ནི། གཡུལ་འགྱེད་པ་དང་གློ་བུར་དུ་འཐབ་པ་སྟེ། དེས་མི་ཚུགས་ཤིང་དུག་རྣམ་པ་གསུམ་གྱིས་ཀྱང་མི་ཚུག་ས་སོ། །ནད་དང་རིམས་རྣམས་དང་ཞེས་བྱ་བ་ནི། མཛེ་ལས་གྱུར་པ་ལ་སོགས་པ་དང་བད་ཀན་དང་མཁྲིས་པ་དང་རླུང་དང་ལྡན་པ་དང༌། འདུས་པ་ལ་སོགས་པའི་ནད་དོ། །རིམས་དྲག་པོ་དང་ཞེས་བྱ་བ་ནི་བཞི་འདུས་པ་ཡིན་ཏེ། དེ་བཞིན་དུ་རླུང་ཤས་ཆེ་ཞིང་གཞུ་བཞིན་དུ་གུག་སྟེ། མདའ་བཏང་བ་བཞིན་དུ་རེངས་ནས་འཆི་བར་འགྱུར་རོ། །རིག་སྔགས་དང་གསང་སྔགས་དང་ཞེས་བྱ་བ་ནི།


DTG072_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་སྦོད་གཏོང་བཏང་བ་དང༌། འཇིག་རྟེན་གྱི་རིག་པ་རྦད་པ་དང༌། དེ་བཞིན་དུ་གསང་སྔགས་གཤིན་རྗེ་དང༌། མ་མོ་དང༌། འཇིག་རྟེན་གྱི་ངན་སྔགས་ཀྱིས་ཀྱང་མི་ཚུགས་པའོ། །རོ་ལོངས་དང༌། ཁྲོ་དུག་དང་ཞེས་བྱ་བ་ནི། རིག་པ་མཁན་པོས་རོ་ལངས་བསྒྲུབས་ནས་བཏང་སྟེ། དེ་ཡང་དེའི་ཁྲོ་དུག་གིས་ཀྱང་མི་ཚུགས་སོ། །མེ་དང་ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ནི། དུས་མ་ཡིན་བར་འཆི་བ་རྣམས་ཡིན་ཏེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེའི་འཇིགས་པས་ཀྱང་མི་ཚུགས་སོ། །རིག་སྔགས་དང་གསང་སྔགས་དང༌། སྦྱོར་བས་ལེགས་པར་སྦྱོར་བ་ཐམས་ཅད་ཀྱི་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའོ་ཞེས་བྱ་བ་ནི། བྲི་ཉེས་དང༌། སྨྲ་ཉེས་དང༌། སྒོམ་ཉེས་པ་དང༌། གཏམ་ཉེས་པ་དང༌། ཚུལ་ཉེས་པ་དང༌། དེ་ལ་སོགས་པ་ཉེས་པ་ཐམས་ཅད་ནི། རིག་སྔགས་འདིའི་གསང་སྔགས་ཀྱིས་ཉེས་པ་ཐམས་ཅད་ཀྱང་གསོ་བར་བྱས་པའོ། །རིག་སྔགས་འདིའི་གསང་སྔགས་ཀྱི་ཚིག་ཙམ་གྱིས་བར་ཆོད་བྱེད་པའོ། །གདོན་རྣམས་ཀྱིས་མི་ཚུགས་པའོ། །མ་གྲུབ་པ་རྣམས་གྲུབ་པར་བྱེད། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་དོ། །གཞན་ཡང་དངོས་གྲུབ་ཉམས་པར་གྱུར་ན། རིག་སྔགས་འདིས་འགྲུབ་པར་འགྱུར་ཏེ། ཐོབ་པ་རྣམས་གཞན་ལམ་བཏང་སྟེ། གློ་བུར་གྱི་བར་ཆོད་ཀྱིས་མི་ཚུགས་པའོ། །ཕ་རོལ་གྱི་སྦྱོར་བ་འཆིང་བའོ་ཞེས་བྱ་བ་ནི། སྔགས་དང་འཇིག་རྟེན་གྱི་སྐྱོན་རྣམས་ཡིན་ཏེ། དེའི་འཇིགས་པས་ཀྱང་མི་ཚུགས་པའོ། །ཕ་རོལ་གྱི་བཅིངས་པ་ལས་གྲོལ་བར་བྱེད་པའོ་ཞེས་བྱ་བ་ནི། གཞན་གྱིས་སྦྱོར་བའི་སྔགས་བཏང་སྟེ། དེས་ཀྱང་མི་ཚུགས་ཤིང་བར་ཆོད་དང་བྲལ་བའོ། །ནད་དང་མྱ་ངན་ངང་བགེགས་རྣམས་འཇིགས་པར་བྱེད་པའོ་ཞེས་བྱ་བ་ནི། བཞི་བརྒྱ་བརྒྱད་ཅུའི་ནད་རྣམས་དང་མྱ་ངན་གྱིས་མི་ཕོག་ཅིང༌། བགེགས་གྱི་རིགས་སྟོང་ཕྲག་བརྒྱད་ཅུ་ལས་ཐར་བའོ། །འཐབ་པ་རབ་ཏུ་ཞི་བར་བྱེད་པའོ་ཞེས་བྱ་བ་ནི། ཕྲ་མ་དང་གཅུགས་དང་འཐབ་རྩོད་ཀྱི་རྒྱུ་རྣམས་རྣ་བས་མི་ཐོས་ཤིང༌། བདེ་བ་དང་དགེ་བའི་གཏམ་ཐོས་ཏེ། འཐབ་རྩོད་དང་


DTG072_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཉག་ཉོག་གི་སྡུག་བསྔལ་དང་བྲལ་བའོ། །གདོན་ཐམས་ཅད་ཟློག་པར་བྱེད་པའོ་ཞེས་བྱ་བ་ནི། སྒོམ་པ་ལ་སྒོམ་དུ་མི་སྟེར་བ་དགེ་བ་དང་དགེ་བ་བྱེད་པ་དེ་རྣམས་ཀྱང་བགེགས་རིགས་ཏེ། དེ་རྣམས་ཀྱིས་མི་ཚུགས་ཤིང༌། རིག་པའི་གཟི་བརྗིད་ཀྱིས་མི་ཚུགས་པའོ། །གདོན་གང་གིས་མི་གཏོང་བ་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་མགོ་ཆལ་པ་བདུན་དུ་འགས་པའོ་ཞེས་བྱ་བ་ནི། རིག་སྔགས་ཀྱིས་སྲུང་བ་དང་འཆང་བ་དང་སྒོམ་པ་དང༌། ཁ་ཏོན་བྱེད་པ་ལ་སོགས་པ་ལ་གནོད་པར་བྱེད་ན། རིག་སྔགས་ཀྱི་དམོད་མོས་མགོ་ཚལ་པ་ཚལ་པར་འགྱུར་རོ། །སྲོག་དང་བྲལ་ཞིང་དམྱལ་བ་མནར་མེད་དུ་སྐྱེའོ། །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་བ་ཀུན་དུ་འབར་བ། ཀུན་དུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ། དེའི་མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་བ་བདུན་དུ་འགས་སོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་བཀའ་ལས་འདས་པ་དང༌། རིག་སྔགས་འདི་འཆང་བ་ལ་བར་ཆོད་བྱེད་པ་དང༌། གཞན་ཡང་འདིའི་སྒོ་ནས་དགེ་བ་ལ་བར་ཆོད་བྱེད་ན། ཕྱག་ན་རྡོ་རྗེའི་གཟི་བརྗིད་ཀྱིས་དུམ་བུར་བྱས་ཤིང༌། དངོས་པོ་མི་སྣང་བར་བྱེད་པའོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་ལྕགས་ཀྱི་འཁོར་ལོ་སྤུ་གྲིའི་སོ་ལྟ་བུའི་མཚོན་གྱིས་ཕུང་བར་བྱེད་དོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་དམ་ལས་འདས་ཤིང༌། གདོན་རྣམས་ཀྱིས་སེམས་ཅན་ལ་འཚེ་བར་བྱས་ཏེ། དེའི་རིག་སྔགས་ཀྱི་དམོད་མོས་རྒྱལ་པོ་བཞི་རྣམས་ཀྱིས་ཀྱང་ལྕགས་ཀྱི་འཁོར་ལོ་མེ་ལྕེ་འབར་བས་དུམ་བུ་དུམ་བུར་བྱས་ཤིང༌། ཆད་པ་གཅོད་པར་འགྱུར་རོ། །གནོད་སྦྱིན་གྱི་འཇིག་རྟེན་དེ་ནས་ཤི་འཕོས་ནས། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གནས་པ་མི་ཐོབ་པོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་བཀའ་ལས་འདས་པའི་གདོན་དེ་ཤི་བ་ནི་རྒྱལ་པོ་བཞིའི་ཆད་པས་ཤི་སྟེ། གལ་ཏེ་འབྱུང་པོའི་ཚོགས་སུ་སྐྱེས་ན། ལྕང་ལོ་ཅན་གྱི་ཕོ་བྲང་དུ་མི་ཚུད་དོ། །སྒྲ་གཅན་ཟིན་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གཞོན་ནུ་ལ་བཀའ་སྩལ་པའོ། །རྒྱལ་པོ་དང་མི་རྒོད་དང་མེ་དང་ཆུ་དང་མཚོན་དང་འབྲོག་དང་དགོན་པ་དང༌།


DTG072_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངམ་དུ་སོང་བ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདིས་ཆད་པ་ཐམས་ཅད་གཅོད་པར་བྱེད་པ་སྟེ། གཞོན་ནུ་སྒྲ་གཅན་ཟིན་གྱིས་ཀྱང་སྒོམས་ཤིག །ཡིད་ལ་ཟུང་ཤིག །མཆོད་པར་གྱིས་ཤིག །ཁ་ཏོན་དུ་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱིས་ཤིག་ཅེས་བྱའོ། །དེ་བཞིན་དུ་བྱས་ན་དེ་དང་དེའི་འཇིགས་པ་དང་བྲལ་བའོ། །ཡང་ན་བདུད་བཞིས་མི་ཚུགས་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་འཇོམས་པའོ། །གང་གི་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་པ་འདི་ལན་ཅིག་བརྗོད་ན། སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། ད་ལྟར་བྱས་པ་ཡང་དག་སྟེ། སྔོན་དུ་བྱས་པ་ཡང་འདག་པའོ། །དེ་བཞིན་དུ་མཐུ་ཆེ་ཞིང་གཟི་བརྗིད་དང་ལྡན་པ། ངན་སོང་གསུམ་གྱི་སྡུག་བསྔལ་དང་བྲལ་བར་བྱེད་པའོ། །སྒྲ་གཅན་ཟིན་ཞེས་བྱ་བ་ནི། སྒྲ་གཅན་ཟིན་གྱི་རྐྱེན་གྱིས་སེམས་ཅན་གྱི་དོན་ལ། བཅོམ་ལྡན་འདས་ཀྱིས་ཡང་ནས་ཡང་དུ་བཀའ་སྩལ་པའོ། །བེ་ཅོན་ཆེན་པོའི་གཟུགས་ཀྱི་རིག་སྔགས་འདི། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དགུ་བཅུ་རྩ་གཅིག་གི་བྱེ་མ་སྙེད་ཀྱིས་གསུངས་པ་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདིས་ཆད་པ་ཐམས་ཅད་འཇོམས་པ། བྱང་ཆུབ་ཀྱི་ལམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཁམས་བསམ་གྱིས་མི་ཁྱབ་ཅིང་ངོ་བོ་ཉིད་དང་བྲལ་བའོ། །གསུང་བ་གསུང་བར་འགྱུར་པ་ཞེས་བྱ་བ་ནི། འདས་པ་རྣམས་ཀྱིས་ཀྱང་གསུངས་པའོ། །མ་འོངས་པ་རྣམས་གྱིས་ཀྱང་གསུངས་ཏེ། དེ་བཞིན་དུ་ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང་གསུངས་པའོ། །ཕྱག་འཚལ་རྗེས་སུ་ཡི་རང་འདིའི་ལམ་གྱིས་འབྲས་བུ་གྲུབ་པའོ། །གྲུབ་མཆོག་ཏུ་གྲུབ་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ནི། ཐུན་མོང་གི་དངོས་གྲུབ་པ་ཞེས་བྱ་བ་ནི། ཐུན་མོང་གི་དངོས་གྲུབ་ཀྱང་འགྲུབ་སྟེ། ཐུན་མོང་མ་ཡིན་པ་ཡང་དེ་བཞིན་ནོ། །ཐུན་མོང་གི་དངོས་གྲུབ་ནི། འཇིག་རྟེན་འདིའི་ས་ལ་སྤྱོད་པ་དང༌། ནམ་མཁའ་ལ་སྤྱོད་པ་དང་སའི་འོག་ན་སྤྱོད་པའོ། །དེ་ལ་སོགས་པ་ཕྲ་མོའི་དངོས་གྲུབ་ཀྱང་ཡོད་དེ།


DTG072_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ལ་སོགས་པའོ། །ཐུན་མོང་མ་ཡིན་པའི་དངོས་གྲུབ་ནི། ས་ལ་སྤྱོད་པ་ལ་སོགས་པ་ནི་མགོ་མཉམ་སྟེ། ནམ་མཁའ་འཇིག་རྟེན་གྱི་ཁམས་ལ་ཁྱབ་པ་བཞིན་དུ་འཁོར་བ་བོར་ཞིང༌། སྲིད་པ་མ་ཡིན་འདས་པ་ཡང་མ་ཡིན་ཏེ། ད་ལྟར་ཡོད་པ་ཡང་མ་ཡིན་ནོ། །དེའི་དངོས་གྲུབ་ཐོབ་པའི་ཕྱིར་ན་མཆོག་ཏུ་གྲུབ་པའོ། །གཞན་གྱིས་མི་ཐུབ་པ་ནི་འཁོར་བའི་སྡུག་བསྔལ་གྱིས་མི་ཐུབ་སྟེ། དེ་བཞིན་དུ་གདོན་ལ་སོགས་པས་ཀྱང་མི་ཐུབ་པའོ། །ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ལ་སོགས་པས་བསྟོད་པ་ཞེས་བྱ་བ་ནི། རིག་སྔགས་འདི་ལ་རྟག་ཏུ་རྗེས་སུ་ཡི་རང་སྟེ། མཆོད་པར་བྱས་ཤིང་རིག་སྔགས་ཀྱི་རྒྱལ་མོའི་བཀའ་ལས་མི་འདའོ། །འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་སྟེ་ཞེས་བྱ་བ་ནི། གནོད་པ་སྐྱེལ་བའི་སེམས་ཡོད་པ་རྣམས་ཀྱང་རིག་སྔགས་ཀྱི་སྲུང་བ་ཡོད་པར་གྱུར་ནས། གཞན་ཡང་དེའི་རྩར་བསྡད་ནས། དེ་རྣམས་ཀྱང་སྲུང་བར་འགྱུར་རོ། །རྟག་ཏུ་འབྱུང་པོ་རྣམས་ཀྱིས་ཕྱག་འཚལ་ཞིང་རྗེས་སུ་ཡི་རང་བའོ། །བདག་དང་སེམས་ཅན་ཐམས་ཅད་གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། ཚེ་དང་ལྡན་པ་གཞོན་ནུ་སྒྲ་གཅན་ཟིན་གྱིས་ཀྱང༌། རིག་སྔགས་འདི་ལུས་ལ་བཏགས་བར་བྱས་སོ། །ཡིད་ལ་བཟུང་ཞིང་ཁ་ཏོན་དུ་བྱས་སོ། །བསྒོམས་པར་བྱས་སོ། །གཞན་གྱིས་མི་ཐུབ་པ་རིག་སྔགས་ཀྱི་གོ་ཆ་གོན་ནས་གཏི་མུག་ལ་སོགས་པ་དུག་ལྔ་བོར་ཏེ། དགྲ་བཅོམ་པའི་འབྲས་བུ་བསྒྲུབ་པར་དུར་ཁྲོད་བསིལ་བའི་ཚལ་འཇིགས་སུ་རུང་བའི་ནང་དུ་སོང་ངོ༌། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་བསྲུང་བའོ། །ནད་མེད་པ་དང་འཇིགས་པ་མེད་པར་གྱུར་ཅིག་ཅེས་བྱ་བ་ནི། ལྷའི་གདོན་རྣམས་དང༌། ལྷ་མ་ཡིན་གྱི་གདོན་རྣམས་དང༌། ཀླུའི་གདོན་རྣམས་དང༌། གནོད་སྦྱིན་གྱི་གདོན་རྣམས་དང༌། སྲིན་པོའི་གདོན་རྣམས་དང༌། མིའམ་ཅིའི་གདོན་


DTG072_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང༌། ལྷོ་འཕྱེ་ཆེན་པོའི་གདོན་རྣམས་དང༌། དྲི་ཟའི་གདོན་རྣམས་དང༌། མི་མ་ཡིན་གྱི་གདོན་རྣམས་དང༌། རླུང་ལྷའི་གདོན་རྣམས་དང༌། ཡི་དགས་ཀྱི་གདོན་རྣམས་དང༌། འབྱུང་པོའི་གདོན་རྣམས་དང༌། ཤ་ཟའི་གདོན་རྣམས་དང༌། གྲུལ་བུམ་གྱི་གདོན་རྣམས་དང༌། གཟིག་རྣམས་དང༌། བྱ་རོག་རྣམས་དང༌། འུག་པ་རྣམས་དང༌། གྲོག་སྦུར་རྣམས་དང༌། སྡིག་སྦྲུལ་རྣམས་དང༌། གཞན་ཡང་མི་དང་མི་མ་ཡིན་གྱི་སེམས་ཅན་རྣམས་ཀྱིས་ཀྱང༌། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་གུས་པར་བྱས་ཏེ་ཕྱག་འཚལ་ལོ། །མཆོད་པར་བྱས་སོ། །ཚེ་དང་ལྡན་པ་གཞོན་ནུ་སྒྲ་གཅན་ཟིན་ཡང་དགྲ་བཅོམ་པ་ཡང་དག་པ་ཐོབ་ཅིང༌། ཟག་པ་ཟད་པ། རྫུ་འཕྲུལ་དང་ལྡན་པ། ཆོ་འཕྲུལ་སྟོན་ནུས་པའོ། །བཀྲ་ཤིས་ཏེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འཇུག་པའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱིས། གཞོན་ནུ་སྒྲ་གཅན་ཟིན་གྱི་གདོན་འདུལ་བའི་གནས་སྐབས་ཏེ་གསུམ་པའོ། །རིག་སྔགས་ཀྱི་སྙིང་པོ་བརྟག་པ་དང་པོ་རྫོགས་སོ།། །།དེ་ནས་རྒྱལ་པོ་ཆེན་པོ་ལུས་ངན་པོ་དང༌། ཡུལ་འཁོར་སྲུང་དང༌། མིག་མི་བཟང་དང༌། འཕགས་སྐྱེས་པོ་བུ་དང་བཅས་པ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང༌། དྲི་ཟའི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང༌། གྲུལ་བུམ་གྱི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང༌། ཀླུའི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང་བཅས་པ། དེ་བཞིན་དུ་བུ་དང་ཡང་བཅས་པའོ། །བློན་པོ་དང་བཅས་པ། འཁོར་དང་བཅས། མངག་གཞུག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་འཁོར་དང་བཅས་ཞེས་བྱ་བ་ནི། གནོད་སྦྱིན་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། ཀླུ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང༌། ཐབས་ཅིག་ཏུ་སྟེ། དེ་བཞིན་དུ་ཆུང་མ་དང༌། བུ་དང་བུ་མོ་དང༌། ཚ་བོ་དང་ཡང་ཚ་བོ་ལ་སོགས་པ་དང་ཐབས་ཅིག་ཏུའོ། །ཁ་དོག་འཕགས་པ་དག་ནམ་ཕྱེད་ན་ལྷགས་ནས། གྲོས་མཐུན་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་དོང་སྟེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱང་བྱ་རྒོད་ཀྱི་ཕུང་པོའི་རི་ནས། སེམས་ཅན་གྱི་དོན་ལ་འཁོར་བཞི་པོ་དག་དང་བཅས་


DTG072_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འཇིགས་སུ་རུང་བ་བསིལ་བའི་ཚལ་གྱི་ནང་དུ་ཕྱིན་ནས་ཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་འཁོར་དང་བཅས་པ་རྣམས་ཀྱང་སོ་སོ་རང་རང་གི་གཟི་བརྗིད་དང་མཐུ་དང་ཁ་དོག་དང་སྟོབས་དང་རྫུ་འཕྲུལ་དང་བཅས་ཤིང་དུར་ཁྲོད་བསིལ་བའི་ཚལ་ལ་ཁ་བལྟས་པའོ། །རང་བཞིན་གྱི་ཁ་དོག་དང་མཐུས་འོད་ཆེན་པོ་སྣང་བར་བྱས་ནས་ཞེས་བྱ་བ་ནི། གཞན་རྣམས་ཀྱི་ཁ་དོག་མ་ཡིན་ཏེ། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པའི་གཟི་བརྗིད་ཀྱི་སོ་སོ་རང་རང་གི་རང་བཞིན་མཐུའི་ཁ་དོག་ཅེས་བྱའོ། །བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་དང༌། ལྷ་དང་མི་དང༌། འཁོར་མང་པོ་འདུས་པའི་ནང་དུ། བཅོམ་ལྡན་འདས་ཀྱི་མདུན་དུའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ཏེ་ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞི་དང་འཁོར་དེ་དག་རྣམས་དང་བཅས་ཤིང་བཅོམ་ལྡན་འདས་ལ་གུས་པར་བྱས་ནས་སོ་སོ་རང་རང་གི་མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པར་བྱས་སོ། །བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་ལུས་ངག་ཡིད་གསུམ་གྱིས་གུས་པར་བྱས་ནས། ཡང་དང་ཡང་ང་ཕྱག་འཚལ་ཏེ། དེ་རྣམས་ཀྱང་ཐབས་ཅིག་ཏུ་འཁོད་པའོ། །ཕྱོགས་གཅིག་ཏུ་འཁོད་ནས། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཚེགས་སུ་བཅད་པས་བསྟོད་པ་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་དབྱངས་གཅིག་སྐད་ཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ལ་གུས་པར་བྱས་པའོ། །འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། ཆོས་ཀྱི་རང་བཞིན་དབྱེར་མེད་པ། ངོ་བོ་ཉིད་དང་བྲལ་བའི་ཆོས་སྐུ་དང་སྒྱུ་མ་ལྟ་བུའི་རང་བཞིན་མེ་ལོང་གི་གཟུགས་བརྙན་བཞིན་དུ་སྣང་བ། ལོངས་སྤྱོད་རྫོགས་པའི་སྐུ་དང་ལྡན་པ་དང་ངོ༌། །མཚན་བཟང་པོ་སུམ་


DTG072_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཞིང༌། སེམས་ཅན་གྱི་དོན་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སྤྲུལ་པའི་སྐུས་ཁྱབ་པའོ། །སྦྲུལ་པའི་སྐུ་དེ་ཡང་དཔའ་བ་དང་ཞིང་བདུད་བཞི་བཅོམ་པ་ལ་སྟོབས་དང་ལྡན་ཏེ། བག་ཆགས་དང་ཤེས་བྱའི་སྒྲིབ་པས་མ་གོས་ཤིང༌། ཉོན་མོངས་པ་ལྔ་བཅོམ་ཞིང༌། འཁོར་བའི་མིང་ཡང་མེད་དེ། དེ་བཞིན་ཉིད་དུ་ལྡན་པའི་སངས་རྒྱས་ལ་ཕྱག་འཚལ་ཞིང་འདུད་པའོ། །གཽ་ཏ་མ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །ཞེས་བྱ་བ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་གྱི་དོན་ལ་ཐུགས་ལ་གཟུང་བ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སྐད་ཅིག་མས་ཁྱབ་པ། སེམས་ཅན་ལྟ་བ་མི་གཅིག་པ་རྣམས་ལ་སོ་སོ་རང་རང་གི་ཆོས་སྟོན་པ་སྟེ། དེ་ལྟ་བུའི་སངས་རྒྱས་ལ་འཇིག་རྟེན་དག་གིས་མི་འཚལ་ལོ་ཞེས་བྱ་བའོ། །ལན་གཉིས་ལན་གསུམ་དུ་ཡང་རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ་ཞེས་བྱ་བ་ནི། ལན་དང་པོ་འབུལ་བ་ནི་ཆོས་སྐུའི་རང་བཞིན་གཉིས་སུ་མེད་པའི་སྐུ་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ལ་དབུལ་བའོ། །ལན་གཉིས་པ་ནི་སྒྱུ་མ་ལྟ་བུའི་རང་བཞིན་གྱི་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་ལ་འབུལ་བའོ། །སེམས་ཅན་དོན་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་གྱི་རང་བཞིན་དང་ལྡན་ཏེ། སྟོང་གསུམ་ལ་སྐད་ཅིག་མས་སྤྲུལ་པའི་སྐུས་ཁྱབ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་ལ་བསྟོད་པའོ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། གྲོང་ཁྱེར་སེར་སྐྱའི་གཞིའི་གྲོང་ཁྱེར་རབ་རིམ་པ་བདུན་དང༌། འོབས་རིམ་པ་བདུན་གྱིས་བསྐོར་ནས་གྲོང་ཁྱེར་གྱི་སྒོ་འཕར་ལྕགས་ལས་བྱས་ཤིང༌། སྒོ་འཕར་རྣམས་ལ་དྲིལ་བུ་ཤིན་ཏུ་སྒྲ་གསལ་བ་བཏགས་ཏེ་སྒོ་ཕྱེན་དེའི་སྒྲས་དཔག་ཚད་གཅིག་འཁོར་ཡུག་ཏུ་གྲགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཟས་གཙང་མ་ཡོད་དེ། བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་སྒྱུ་མ་ཆེན་པོའི་མངལ་དུ་ཞུགས་ཏེ་སྐྱེས་ནས་རབ་ཏུ་བྱུང་ནས་མ་ག་དྷཱའི་དབུས་སུ་རྡོ་རྗེ་གདན་


DTG072_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ལྷའི་བདུད་ལ་སོགས་པ་བཅོམ་ཞིང༌། དེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཏེ། དེ་ལྟ་བུའི་རང་བཞིན་དུ་ཤཱཀྱའི་བུ་སངས་རྒྱས་ཏེ། གཽ་ཏ་མའི་རིགས་སུ་སྐྱེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་ལ་ཕྱག་འཚལ། བསྟོད་ཅིང་འདུད་དོ་ཞེས་བྱའོ། །གཽ་ཏ་མ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མཁྱེན་པ། ལྷ་རྣམས་ཀྱིས་ཅི་སྨོས་ཞེས་ཏེ། རྒྱ་མཚོའི་ནང་ན་ནོར་ཡོད་པ་བཞིན་དུའོ། །རྒྱལ་པོ་བཞི་ལ་སོགས་པས་བཅོམ་ལྡན་འདས་ལ་བསྟོད་པའོ། །དེ་ནས་ཞེས་བྱ་བ་ནི་རྒྱལ་པོ་བཞིས་བསྟོད་པའི་དེ་ནས་སོ། །བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞུ་བ་དབུལ་བའོ། །བཙུན་པ་བཅོམ་ལྡན་འདས་ཡུལ་དང་སྤྲོ་ལགས་སམ། འཚོ་བ་དང་ལྡན་ལགས་སམ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་འཁོར་བཞི་པོ་དེ་དག་ཀྱང་བདེ་བར་གནས་སམ་ཞེས་བྱ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱི་སྐུ་བདེ་ལགས་སམ། སྙུན་མི་མངའ་ལགས་སམ། ཉམ་ང་བམ་མཆིས་སམ་ཞེས་བྱ་བ་ནི། བདུད་བཞི་པོ་རྣམས་ཀྱིས་བར་དུ་མཆོད་དམ། འཇིག་རྟེན་གྱི་དུག་གསུམ་པོ་མ་ཤར་རམ་ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་སྐུ་ལ། གནོད་པ་མི་མངའ་ལགས་སམ་ཞེས་བྱ་བ་ནི་མ་རུངས་པ་བདུད་བཞིའི་རིགས་ཀྱི་འབྱུང་པོ་རྣམས་ཀྱིས་ཆོས་ལ་བར་ཆོད་མ་བྱས་སམ་ཞེས་བྱ་བའོ། །བཅོམ་ལྡན་འདས་ལ་གནོད་སྦྱིན་དང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ལ་བར་ཆོད་བྱེད་ཅིང༌། སེམས་ཅན་རྣམས་ལ་གནོད་པར་བྱེད་པ་རྣམས་ཡིན་ཏེ། ཡིད་མི་བདེ་བར་བྱེད་པ་ཡང་དེ་རྣམས་ཡིན་ཏེ། ལུས་ལན་ཚ་དྲག་པོས་ཐེབས་པར་བྱེད་པ་ཡང་དེ་ཡིན་ནོ། །སེམས་ཅན་མངལ་ན་འཚེ་བ་ནི། མིའི་ཁོང་དུ་ཞུགས་ནས། མེར་མེར་པོ་དང༌། ནུར་ནུར་པོ་རྣམས་ཀྱང་འཆགས་སུ་མི་སྟེར་ཏེ། གལ་ཏེ་ཆགས་ནས་ཀྱང་མ་ལན་ཚ་དྲག་པོས་ཐེབས་ནས་འཆི་བ་དང་ཤི་རོ་དང་སྐྱེས་ནས་ཤི་བ་དང༌། དེར་མ་ནུས་


DTG072_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ན་གླགས་གར་རྙེད་པའི་དུས་སུ་གནོད་པ་སྐྱེལ་བའོ། །མངལ་དུ་ཞུགས་པའི་དུས་སུ་ཡང་གཟི་བརྗིད་འཕྲོག་ཅིང༌། སྐྱེས་པ་དང་བུད་མེད་ཀྱི་ཚོགས་ཀྱང་འཇིགས་པར་བྱེད་པའོ། །ཆུང་བ་ལ་འཇུ་བ་ནི་བ་སྤུའི་རྩེ་མོ་བརྒྱ་སྟོང་ཙམ་གནས་ཞེས་བྱ་བའོ། །ཆེ་བ་ནི་རི་རབ་བས་ཀྱང་ཆེ་སྟེ། སྟོབས་བཏང་ན་རི་རབ་ཀྱང་འགུལ་ལོ། །རྒྱུ་བའི་དུས་ཁམས་གསུམ་སྐད་ཅིག་མས་རྒྱུའོ། །དེ་ལྟ་བུའི་འབྱུང་པོ་རྣམས་ཀྱིས་གནོད་པར་མ་བྱས་སམ་ཞེས་བྱ་བའོ། །རིམས་དྲག་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་ནད་བཞི་བརྒྱ་བརྒྱད་ཅུ་དེ་ལས་འདུ་བ་ཡིན་ཏེ། ནད་དེ་རྣམས་ཀྱང་མི་མངའ་འམ་ཞེས་པའོ། །མི་དང་མི་མ་ཡིན་པ་སྡང་བར་སེམས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། རྐུན་པོ་དང་མི་རྒོད་དང་རྒྱལ་པོ་ལ་སོགས་པ་ཡིན་ཏེ། མི་དང་མི་མ་ཡིན་པ་ནི་མ་རུངས་པའི་སྡིག་ཅན་གྱི་རིགས་སེམས་ཅན་ལ་འཚེ་བར་བྱེད་པ་རྣམས་སོ། །དེ་རྣམས་ཀྱིས་ཀྱང་གནོད་པ་མ་བྱས་སམ་ཞེས་བྱའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་རྒྱལ་པོ་བཞིས་སྙུན་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལས་སྙུན་གསོལ་བ་ནི་ལན་བཀའ་སྩལ་པའོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ང་ལ་ནི་ཐམས་ཅད་ཡོད་དེ་ཞེས་བྱ་བ་ནི། རྒྱ་མཚོ་ལྟ་བུ་སྟེ། དེའི་ནང་ན་རིན་པོ་ཆེ་སྣ་ཚོགས་ཟད་མི་ཤེས་པ་ཡོད་པ་བཞིན་དུ་ངལ་ཡང་དེ་བཞིན་ནོ། །ཡུལ་དང་ཡང་སྤྲོད། འཚོ་བ་དང་ཡང་ལྡན། ལུས་ཀྱང་བདེ། ནད་ཀྱང་མེད། ཉམ་ང་བ་ཡང་མེད་དོ་ཞེས་བྱ་བ་ནི། མངོན་སུམ་དུ་འཁོར་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ཏེ། དང་པོ་ཕུང་པོའི་བདུད་བཅོམ་པ་སྟེ། །གཉིས་པ་ཉོན་མོངས་པའོ། །དེ་བཞིན་དུ་གསུམ་པ་འཆི་བདག་གི་བདུད་བཅོམ་པ་སྟེ། བཞི་པ་ལྷའི་བུའི་བདུད་བཅོམ་པའོ། །དེ་བས་ཉམ་མིང་བ་ཞེས་བྱ་བའོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ངའི་ལུས་ལ་ནི་གནོད་པ་ཡང་མེད་དོ་ཞེས་བྱ་བ་ནི་རྡོ་རྗེ་ཕུང་པོའི་རང་བཞིན་གྱི་སྐུ་ལ་སྨོས་ཅི་དགོས་ཏེ། གཞན་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ཡང་མི་ཚུགས་སོ། །ཀྱེ་རྒྱལ་པོ་


DTG072_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དགངས་ནི་འཇིག་རྟེན་ལྷ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་རྣམས་ལ་གནོད་པ་སྐྱེལ་བར་འདོད་པས་ཀྱང་གནོད་པ་སྐྱེལ་བའི་སྐབས་མ་རྙེད་ཅིང༌། གནོད་པ་རྣམས་ཀྱང་མི་སྣང་བའོ། །གལ་ཏེ་གཞན་གྱི་སེམས་མ་དད་པ་སྐྱེས་པར་གྱུར་ན། འཇིག་རྟེན་འདི་ལ་སྡུག་བསྔལ་དྲག་པོས་ཐེབས་ཤིང་ཤི་ནས་ཀྱང་མདའ་འཕངས་པ་བཞིན་དུ་དམྱལ་བར་འགྲོའོ། །དམྱལ་བ་ནས་ཀྱང་ངན་སོང་ནས་ངན་སོང་དུ་མི་ཐར་ཏེ། ཐར་པའི་དུས་ཀྱང་མི་འོང་ངོ༌། །དེ་བས་ན་བདེ་བར་གཤེགས་པ་བླ་མ་དང༌། ཉོན་མོངས་པ་ལ་སོགས་པ་དང༌། ཕ་མ་ལ་སོགས་པ་ལ་ཡང་གནོད་པར་མི་བྱའོ། །དེའི་ཕྱིར་ན་གནོད་པར་བྱེད་པར་སེམས་པ་ཡང་དག་པར་མ་མཐོང་ངོ་ཞེས་བྱ་བའོ། །ཀྱེ་རྒྱལ་པོ་ཆེན་པོ་དག་དེ་ལྟ་མོད་ཀྱི་ཁྱེད་ཀྱི་འཁོར་རྣམས་པའི་འཁོར་ལ་གནོད་པར་བྱེད་པར་སེམས་སོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་བལྟས་པས་མ་རུངས་པའི་གནོད་རྣམས་ཀྱིས་གནོད་པར་བྱ་བར་སེམས་སོ། །དེ་སེམས་མ་ཐག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་སྨྲ་བ་དང༌། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་བ་ཞེས་བྱ་བའོ། །བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གསོལ་བ་མཆིས་ཏེ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིས་སེམས་བཅོམ་ལྡན་འདས་ལ་གུས་པར་བྱས་ནས་སྲུང་བ་དང་སྦ་བ་དང་ཡོངས་སུ་བསྐྱབ་པ་དང་ཞི་བ་དང་བདེ་ལེགས་ཀྱི་ཚིགས་ནི་བཅོམ་ལྡན་འདས་ལ་ཞུས་པའོ། །དེའི་སླད་དུ་བཅོམ་ལྡན་འདས་ལ་བལྟ་བ་པ་དང༌། ཕྱག་བགྱི་བ་དང༌། བསྙེན་བཀུར་བགྱི་བ་དང༌། བཅོམ་ལྡན་འདས་ཉིད་ལ་ཞུ་བའི་སླད་དུ། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པ་ལགས་སོ་ཞེས་བྱ་བ་ནི། གནོད་པའི་སེམས་ནི་ཅི་མཆིས་ཏེ། །ཞེས་བྱ་བ་དང་རྒྱལ་པོ་ཆེན་པོ་བཞི་དང་འཁོར་རྣམས་ཀྱང་བསྲུང་བར་འདོད་ཅིང༌། རིག་སྔགས་ཀྱི་


DTG072_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་བསིལ་བའི་ཚལ་གྱིས་གྲགས་པ་ཐོས་པ་དང༌། སྲུང་བ་དང་བདེ་བར་འདོད་པས་བཅོམ་ལྡན་འདས་ཉིད་ལ་གུས་པར་བྱས་ཤིང༌། ཞུ་བ་དབུལ་བའོ། །དེ་ཅིའི་སླད་དུ་ཞེན་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བཀའ་དང༌། རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་གནས་ཤིང་ནད་མེད་དེ། མ་རུངས་པའི་གདོན་ཐམས་ཅད་བཅོམ་ཞིང་ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལ་འཇུག་པའོ། །བཙུན་པ་བཅོམ་ལྡན་འདས་དགོན་པ་དང་བས་མཐའི་གནས་མལ་འདི་དག་ན་ཞེས་བྱ་བ་ནི་འཇིགས་སུ་རུང་བ་དུར་ཁྲོད་བསིལ་བའི་ཚལ་ན་རོ་ལངས་དང་རོ་དང་ཅེ་སྤྱང་ལ་སོགས་པ་དང༌། བྱའི་ཚོགས་མང་པོ་འདུས་པའི་ས། ཁྱི་དང་ཅེས་སྤྱང་འཐབ་པའི་སྒྲས་འཇིགས་སུ་རུང་སྟེ། དེ་བཞིན་དུ་རོ་ལངས་དང་ཡི་དགས་ཀྱང་སྐད་འདོན་ཞིང་འཇིགས་སུ་རུང་སྟེ། དེ་བས་ན་བས་མཐའི་གནས་མལ་ཞེས་བཏགས་པའོ། །ཤིན་ཏུ་སྡང་བའི་གནོད་སྦྱིན་དང༌། །ཞེས་བྱ་བ་ལ་སོགས་པ་ནི། ས་གཞི་ངེར་གནས་པའི་གདོན་རྣམས་ནི་ཤིན་ཏུ་མི་སྲུན་ཞིང་རོ་ལ་དགའ་སྟེ། གསོན་པའི་ཤ་ཁྲག་ལ་དགའ་ཞིང་སེམས་ཅན་རྣམས་ལ་འཚེ་བར་བྱེད་དེ། གཟུགས་སྣ་ཚོགས་སྟོན་ཅིང་གཟི་བརྗིད་འཕྲོག་པ་དང༌། སྐད་སྣ་ཚོགས་འདོན་ཞིང་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ལ་འཇིགས་པར་བྱེད་པ་དང༌། གདོན་རིགས་མི་གཅིག་པ་བསམ་གྱིས་མི་ཁྱབ་པ་གནས་ཤིང་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལ་གནོད་པའོ། །རིམས་དང་ཞེས་བྱ་བ་ལ་སོགས་པ་ནི། ནད་བཞི་བརྒྱ་རྩ་བཞི་དེ་རིམས་དེ་དག་ལ་འདུས་ཏེ། ནད་དེ་རྣམས་ཀྱང་མ་རུངས་པའི་འབྱུང་པོ་རྣམས་ཀྱིས་བཏང་ཞིང་སེམས་ཅན་རྣམས་ལ་གནོད་པ་སྐྱེལ་བའོ། །མི་དང་མི་མ་ལགས་པ་ཞེས་བྱ་བ་ལ་སོགས་པ་ནི། ས་གཞི་དེར་མི་རྒོད་ལ་སོགས་པ་འགྱུར་བ་སྟེ། གཞན་ཡང་རྒྱལ་པོ་ལ་སོགས་པའི་འཇིགས་པ་དང་མི་དང་མི་མ་ཡིན་པ་མ་རུངས་པའི་འབྱུང་པོ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་དང༌། རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་མ་ནུས་པའོ་ཞེས་བྱ་བའོ་བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ཀྱང་དེ་ལ་གནས་ལགས་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་


DTG072_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་འཁོར་བཞི་པོ་ཡང་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་ལ་སྦྱོར་ཞིང་ད་ལ་གནས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནི། སྲོད་དང་ཐོ་རངས་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་སོ་ཞེས་བྱ་བ་ནི་ད་ལྟ་བར་ཆོད་ཀྱི་རྐྱེན་ཟློག་པ་དང༌། ཚེ་ཕྱི་མའི་དོན་ལ་བྱང་ཆུབ་ཀྱི་ལམ་བསྒོམས་པ་དང༌། དེ་ལྟར་མི་རྟག་པའི་རང་བཞིན་བསྒོམ་སྟེ། ཉན་ཐོས་དེ་རྣམས་ཀྱང་རིག་སྔགས་ཡིད་ལ་བྱེད་པའོ། །བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་དང་སྲིན་པོ་ནས་གནོད་པར་བགྱིད་པའི་བར་གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་དད་པའི་སེམས་དང་ལྡན་ཞིང་ཅུང་ཟད་ཅིག་མཆིས་པར་བས་སོ་ཞེས་བྱ་བ་ནི། གཞན་ཡང་སྡིག་པའི་སེམས་དང་ལྡན་པ་རྣམས་ནི། བཅོམ་ལྡན་འདས་ཀྱི་ཞལ་མཐོང་མ་ཐག་ཏུ་དགེ་བའི་སེམས་ལ་བརྩོན་ཞིང་སེམས་ཅན་གཞན་རྣམས་ལ་ཡང་སྡང་བ་དང་སྡིག་པའི་སེམས་དང་མི་ལྡན་ཞིང་བྱམས་པ་དང་སྙིང་རྗེ་ལ་བརྩོན་ཞིང་ཆོས་ཀྱི་སེམས་དང་ལྡན་ཏེ། སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་པའོ། །དེའི་ཡོན་ཏན་གྱིས་ནི་ཅུང་ཟད་ཅིག་མཆིས་བས་སོ་ཞེས་བྱ་བའོ། །གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་མ་དད་པའི་སེམས་དང་ལྡན་པ་ནི། ཆེས་མང་ལགས་ཏེ་ཞེས་བྱ་བ་ནི། གང་དང་གང་དག་སེམས་ཅན་རྣམས་ནི་དགེ་བ་ལ་མི་བརྩོན་ཞིང་སྡིག་ལ་བརྩོན་པར་འགྱུར་རོ། །སྡིག་པའི་སེམས་དང་སྡང་བའི་སེམས་དང་གཅིག་གིས་གཅིག་ལ་འཚེ་བར་བྱེད་པའི་སེམས་དང་ལྡན་བའོ། །བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་ཞིང་ཆོས་ལ་རྩོམ་པ་ཉུང་སྟེ། དེ་ཅིའི་ཕྱིར་ཞེ་ན། མ་རིག་པའི་རྐྱེན་གྱིས་ཉོན་མོངས་པ་འཕྲལ་དུ་སྐྱེ་སྟེ། ཕལ་ཆེར་སེམས་ཅན་དེ་རྣམས་ནི་མཐོ་རིས་སུ་འགྲོ་བ་ཉུང་ཞིང་ངན་སོང་གསུམ་དུ་སྐྱེ་བའོ། །དེ་བས་ན་འབྱུང་པོ་ཡི་དགས་ཀྱི་ལུས་ཐོབ་ནས་ཀྱང་གཞན་ལ་གནོད་པར་བྱེད་པའི་སེམས་དང་ལྡན་པར་སྐྱེ་བའོ། །དེ་དག་ནི་ཞེས་བྱ་བ་ནི་མ་རུངས་པའི་གདོན་དང་འབྱུང་པོ་རྣམས་གླགས་བཙལ་ཞིང༌། དགེ་བ་དང་བསྒོམ་པ་ལ་སོགས་པ་ལ་བར་ཆོད་བྱས་ནས་མཐོ་རིས་ཐོབ་ཏུ་མི་སྟེར་


DTG072_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བཅུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་སྦྱོར་བ་ལ་བརྩོན་པར་གནས་པ་རྣམས་ལ་གནོད་པར་བྱེད་པར་སེམས་ལགས་ཏེ་ཞེས་བྱ་བ་ནི། ཕུང་པོ་ལ་གནོད་པར་བྱས་ནས་རླུང་དང་མཁྲིས་པ་དང༌། བད་ཀན་དང་འདུས་པའི་ནད་བཏང་ཞིང་དགེ་བའི་སྦྱོར་བ་དེ་ཡང་མི་ནུས་པར་བྱེད་པའི་སེམས་དང་ལྡན་པ་མང་པོ་འདུས་པའོ། །སེམས་ལ་གནོད་པར་བྱེད་ཅིང་མི་དགའ་བར་བྱེད་པ་སྟེ། བསྒོམ་སྙིང་མི་འདོད་ཅིང་ལོག་པར་བྱེད་པའི་སེམས་དང་ལྡན་པ་མང་པོ་ཡོད་པའོ། །བསྒོམ་པའི་དུས་སུ་སྲོག་ལ་ཞུགས་ཤིང་འཆི་བར་བྱེད་པའི་སེམས་དང་ལྡན་པ་མང་པོ་ཤ་སྟག་ཡོད་པའོ། །བསྒོམ་པའི་དུས་སུ་ལྟས་ངན་པ་དང་རྨི་ལམ་ངན་པ་བསྟན་ཞིང་ཕལ་ཆེར་དངོས་པོར་འབྱུང་ཞིང་སྒོམ་དུ་མི་སྟེར་བ་སྟེ། བསྒོམ་པའི་གང་ཟག་ལ་འཇིགས་པར་བྱས་ཤིང༌། ནམ་སྒོམ་པའི་དུས་སུ་བར་ཆོད་བྱེད་ཅིང་སྒོམ་དུ་སྟེར་བའོ། །དེ་བས་ན་གདོན་དེ་དག་གིས་གནོད་པར་བགྱིད་པ་ལགས་ཏེ་ཞེས་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་བཅོམ་ལྡན་འདས་ཀྱི་འཁོར་བཞི་པོ་ལ། གདོན་གྱིས་གླགས་བཙལ་བའི་གནས་སྐབས་ཏེ་བཞི་པའོ།། །།དེ་དག་དགག་པའི་སླད་དུ་ཞེས་བྱ་བ་ནི་གདོན་མ་རུངས་པ་རྣམས་དང་སྡིག་ཅན་བདུད་ཀྱི་རིགས་དང་ས་དང་བར་སྣང་དང་ས་འོག་ལ་རྒྱུ་བའི་འབྱུང་པོ་རྣམས་སྟོང་ཕྲག་བརྒྱད་ཅུ་སྟེ། དེ་ཕྲག་ཉི་ཤུ་རྩ་དྲུག་གོ །དེ་བཞིན་དུ་གཡོག་དང་ཆུང་མ་དང་བུ་དང་བུ་མོ་ལ་ཡང་ཡིན་ནོ། །གནོད་སྦྱིན་མ་རུངས་པ་རྣམས་དད་པར་བགྱི་བ་དང་ཞེས་བྱ་བ་ནི། དེ་བཞིན་དུ་མ་རུངས་པའི་གདོན་རྣམས་མི་དད་དེ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བྱིན་གྱི་རླབས་ཀྱིས་དད་པར་བྱེད་པའོ། །དད་པ་རྣམས་སླར་ཞིང་དད་པར་བགྱི་བ་དང་ཞེས་བྱ་བ་ནི་ཕྱི་བཞིན་ནས་ཡོད་པའི་སེམས་ནི་ཡང་དང་ཡང་དུ་དད་པ་སྐྱེས་པ་སྟེ། དེ་འོང་བར་མི་བྱེད་པའི་སེམས་ནི་བརྟན་པར་མི་བྱེད་པའོ། །འཁོར་བཞི་པོ་རྣམས་བདེ་ལེགས་དང་ཞེས་བྱ་བ་ནི་སྔར་གནོད་པར་བྱེད་འདོད་པའི་སེམས་དང་སྡང་བར་འདོད་པའི་གདོན་དེ་རྣམས་ནི་དད་པའི་སེམས་དང་ལྡན་པར་གྱུར་ན། འཁོར་བཞི་པོ་དེ་དག་དང་སེམས་ཅན་ཐམས་ཅད་བདེ་བར་གནས་པར་འགྱུར་རོ། །བདེ་བར་གནས་


DTG072_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱི་བ་དང་ཞེས་བྱ་བ་ནི། བསྒོམ་པ་དང་ཉན་པ་ལ་ཡང་བར་ཆོད་མེད་ཅིང་དེ་བཞིན་དུ་སྤྱོད་པ་དང༌། དགེ་བའི་རྩ་བ་བསྔོ་བ་ལ་བར་ཆོད་མེད་ཅིང་དེ་རྣམས་ལ་བདེ་བར་བགྱི་བས་ན་བདེ་བའོ། །མ་ལུས་པར་ཤིན་ཏུ་མཉམ་པར་བཞག་པར་འགྱུར་བའི་སླད་དུ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་མ་ལུས་པར་འཇོམས་ཏེ། དེ་འཇོམས་ན་བར་དུ་གཅོད་པའི་བགེགས་ཀྱང་སྨོས་ཅི་དགོས་ཏེ། ཤེས་བྱ་དང་བག་ཆགས་ཀྱི་དྲི་མས་མི་གོས་པའོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བཤད་པར་འཚལ་ལོ་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་ཡོད་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཐབས་ཤེས་རབ་གཉིས་སུ་མེད་དེ། དེའི་ཆོས་ཀྱི་ཉམས་མྱོང་གིས་ཟླ་བ་སེམས་ཅན་རྣམས་ལ་བསིལ་བར་བྱེད་པ་བཞིན་དུ་དེས་ཀྱང་སེམས་ཅན་རྣམས་ལ་བདེ་བར་བྱས་པའོ། །རིག་སྔགས་དེས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ནམ་མཁས་ཁྱབ་པ་བཞིན་དུ་ཁྱབ་པའོ། །མི་མ་ཡིན་པ་སྡང་སེམས་ཅན། །རྒྱལ་བའི་བསྟན་ལ་མ་དད་པ། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་རྣམས་ལ་ཕན་པར་བགྱིད་པས་མི་མ་ཡིན་གྱི་གདོན་དང༌། ལྷའི་གདོན་ལ་སོགས་པ་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་བྱིན་གྱི་རླབས་ཀྱིས་སྡིག་པའི་སེམས་དང་ལྡན་པ་ཡང་སྡིག་པའི་སེམས་མེད་ཅིང་སྲོག་གཅོད་པའི་སེམས་དང་ལྡན་པ་རྣམས་ཀྱང་སྲོག་མི་གཅོད་ཅིང༌། བསྟན་པ་ཡང་སྲུང་བར་བྱེད་པའོ། །དེ་དག་བདག་གིས་བཟློག་པར་བྱ། །རྒྱལ་ཆེན་རྣམས་ནི་བདག་ལ་ཉོན། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བཀས་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་མ་དད་པར་བྱས་པ་སྟེ། དད་པ་རྣམས་ཀྱང་སྤང་བར་མི་བྱེད་པའོ། །རྒྱལ་ཆེན་བཞི་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་སེམས་ལ་ཟུང་ཤིག་ཅེས་བྱའོ། །མདོ་ཆེན་འདི་ནི་ཐོས་ནས་ཀྱང༌། །མི་རྣམས་ལ་ནི་གནོད་མ་བྱེད། །ཅེས་བྱ་བ་ནི། སྡིག་པ་ཐམས་ཅད་རླག་པར་བྱེད་པས་ན་མདོ་སྟེ། དགེ་བའི་རྩ་བ་འདོད་པས་ན་མདོའོ། །ཡང་ན་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཆོས་ཀྱི་ངེས་ཚིག་དང༌། དགེ་བ་དང་མི་


DTG072_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཐམས་ཅད་དེ་ནས་འབྱུང་ཞིང་བཤད་དེ་གསལ་བར་བཤད་པས་མདོ་ཞེས་བྱའོ། །ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་དང༌། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལྟ་བུའི་ཡེ་ཤེས་ཀྱི་དོན་ཐོབ་པས་ན་ཐོབ་པ་སྟེ། ད་ལྟ་བུའི་རང་བཞིན་གྱི་དོན་གྱིས་འཇིགས་པ་མེད་ཅིང་གནོད་པ་ཡང་མི་མངའ་སྟེ། སེམས་ཅན་རྣམས་ལ་ཕན་པར་བྱེད་པའོ། །གནོད་སྦྱིན་སྲིན་པོ་ཀླུ་རྣམས་དང༌། །ནམ་མཁའ་ལྡིང་དང་གསང་བ་པ། །ཞེས་བྱ་བ་ནི། མ་རུངས་པ་ཐམས་ཅད་དེ་རྣམས་ཀྱིས་བྱེད་དེ། སྡིག་པ་ཡང་དེ་རྣམས་ཀྱིས་བྱེད་པ། སེམས་ཅན་ལ་གནོད་པར་བྱེད་ཅིང་ཟ་བ་དང་འཐུང་བ་ཚོལ་བའོ། །ཕན་པར་མི་འདོད་གང་ཡང་རུང༌། །དེ་དག་ཐམས་ཅད་བཟློག་པར་བྱ། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་དང་རིག་སྔགས་ཀྱི་དམོད་མོས། མ་རུངས་པ་ཐམས་ཅད་རླག་པར་བྱེད་ཅིང་ཐལ་བར་བཏང་སྟེ། མ་དད་པ་རྣམས་ཀྱང་སྣང་བར་མི་བྱེད་དོ། །ལྷ་དང་ལྷ་མིན་རླུང་ལྷ་དང༌། །མ་མོའི་ཚོགས་ཀྱིས་གང་བ་ཡི། །ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་ཀྱི་ལྷ་དང༌། །འདོད་པའི་ཁམས་ཀྱི་ལྷ་རྣམས་དང༌། །ཕྱོགས་སྐྱོང་བ་ལ་སོགས་པ་དང༌། དམ་ཚིག་ལ་གནས་པའི་ལྷ་མོ་རྣམས་ཡིན་ཏེ། དེ་ཡང་ཡེ་ཤེས་པ་དང༌། འཇིག་རྟེན་གྱི་ལྷ་མོ་རྣམས་སོ། །གཞལ་མེད་ཁང་མཛེས་དེ་དག་ནི། །མེ་དང་འདྲ་བར་འོད་གསལ་ཞིང༌། །ཞེས་བྱ་བ་ནི། འཇིག་རྟེན་པ་ནི་འཇིག་རྟེན་གྱི་ཁམས་གཞལ་ཡས་ཁང་ལ་གནས་ཏེ། ཡེ་ཤེས་པ་ཡང་དེ་བཞིན་ཡིན་ཏེ། སོ་སོ་རང་རང་གི་འོད་ཟེར་གྱི་སྣང་བས་ནམ་མཁའ་ལ་མཛེས་པར་སྣང་བའོ། །ཉི་མ་ཟླ་བའི་ཚུལ་འདྲ་བར། །རིན་ཆེན་ལས་བྱས་ཤིན་ཏུ་སྣང༌། །ཞེས་བྱ་བ་ནི། མུན་པ་མུན་ནག་གི་ནང་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མི་སྣང་སྟེ། དེ་བཞིན་དུ་ཉི་མ་ཟླ་བས་གསལ་བར་བྱས་ཤིང་རིན་པོ་ཆེ་མཐོང་ངོ༌། །དེ་བཞིན་དུ་གློ་བུར་གྱི་སྐྱོན་ཉོན་མོངས་པ་རྣམས་ཀྱིས་བཀག་ཅིང༌། བླ་མ་དམ་པ་རྣམས་ཀྱི་གདམས་ངག་བསྟན་པས་ཡེ་ཤེས་དེ་སྣང་བའོ། །བ་སོད་ནམས་བྱས་པ་དག་གིས་གང༌། །རབ་སྡང་གདོན་རྣམས་རྣམ་པར་སྤངས། །ཞེས་བྱ་བ་ནི།


DTG072_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དེའི་དགེ་བ་བྱས་པའི་བསོད་ནམས་བསམ་གྱིས་མི་ཁྱབ་པའོ། །གནོད་པར་བྱེད་པ་དང༌། སྡིག་བ་བསགས་པ་ཐམས་ཅད་དེས་དེའི་འཇོམས་པར་བྱེད་པའོ། །མི་ལ་གནོད་བྱེད་གང་ཡིན་པའི། །འབྱུང་པོ་གྲུལ་བུམ་སྲིན་པོ་དང༌། །ཞེས་བྱ་བ་ནི་ཁམས་གསུམ་ཙམ་ཡང་སྐད་ཅིག་གིས་ཁྱབ་སྟེ། །ལ་ལ་བཟའ་རྒྱུ་ཡོང་ཅིང་མཆོད་པར་འོས་ཏེ། ལ་ལ་སེམས་ཅན་རྣམས་ཀྱིས་ཀྱང་སྡང་ཞིང་དམོད་མོས་པའོ། །དེ་འབྱུང་པོ་རྣམས་ཀྱིས་ཀྱང་མིའི་སེམས་ཅན་ལ་གནོད་པར་བྱེད་པའོ། །ཡི་དགས་སྲུལ་པོ་དེ་དག་གིས། །རྨད་བྱུང་དེ་དག་མི་མཐོང་སྟེ། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་ཡེ་ཤེས་སྡིག་ཅན་དེ་དག་གིས་མི་མཐོང་ཞིང་དེ་དག་རྣམས་ཀྱང་བདེ་བར་གནས་པར་མི་འགྱུར་རོ། །གཟི་བརྗིད་ལྡན་པའི་ལྷ་རྣམས་ཀྱིས། །གྲོང་ཁྱེར་དུ་ཡང་མི་འགྲོའོ། །ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཏེ། སེམས་ཅན་ལ་གནོད་པར་མི་བྱེད་ཅིང༌། བྱམས་པ་དང་སྙིང་རྗེས་འཚོ་བའོ། །དེ་རྣམས་ཀྱི་གཟི་བརྗིད་ཀྱིས་མ་རུངས་པའི་གདོན་རྣམས་ཀྱང་རྩར་འགྲོ་བར་མི་ནུས་ཤིང༌། །གནས་ཀྱང་ཐོབ་པར་མི་འགྱུར་རོ། །འབྱུང་པོ་ཆེན་པོ་འདུ་བ་ན། །དེར་ཡང་དེ་དག་འདུར་མི་དབང༌། །ཞེས་བྱ་བ་ནི། སེམས་ཅན་ལ་གནོད་པར་བྱེད་པ་འབྱུང་པོ་དེ་ཀུན་ཡང༌། ལྕང་ལོ་ཅན་གྱི་ཕོ་བྲང་ཅི་སྨོས་ཏེ། དེའི་ར་བའི་ཕྱི་རོལ་ཡང་མི་ཐོབ་ཅིང༌། རིག་སྔགས་ཀྱི་དམོད་མོས་བདེ་བར་མི་གནས་པའོ། །སྟན་ནམ་ཡང་ན་ཆུ་ཡང་རུང༌། །ཟས་དང་སྐོམ་ཡང་མི་དབང་ངོ༌། །ཞེས་བྱ་བ་ནི། དེ་བཞིན་དེ་ལ་དམ་ལས་འདས་པ་རྣམས་འཐུང་བ་དང་ཟ་བ་ཅི་སྨོས་ཏེ། འཐུང་བའི་སྐོམ་ཡང་ཟངས་གྱི་ཆུར་མཐོང་ངོ༌། །བཟའ་བའི་ཟས་ཀྱང་ལྕགས་ཀྱི་ཐུ་ལུམ་འབར་བར་མཐོང༌། ལུས་ངན་གྱི་ནི་པོ་བྲང་དུ། །ནམ་ཡང་དེ་དག་འགྲོ་མི་འགྱུར། །ཞེས་བྱ་བ་ནི། གནོད་སྦྱིན་གྱི་སྡེ་དཔོན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་སྡིག་ཅན་འབྱུང་པོ་གནོད་བྱེད་རྣམས་དང༌། གཞན་ཡང་གནོད་སྦྱིན་རྣམས་ཀྱིས་སྲུང་ཞིང་ཕོ་བྲང་ནང་དུ་སྟན་ཡང་ཐོབ་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་རྣམས་ཀྱི་ཚིག །འབྱུང་


DTG072_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་ཞིག་མི་ཉན་པ། །ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་སྨྲས་པ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་ནི། ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། སྤྱན་མི་བཟང་དང༌། ལུས་ངན་པོ་རྣམས་ཡིན་ཏེ། དེའི་རིག་སྔགས་ཀྱི་དམོད་མོ་དང་རྒྱལ་པོ་བཞིའི་ཆད་པས། འབྱུང་པོ་དེ་རྣམས་བདེ་བར་མི་འགྱུར་རོ། །དེ་ཡི་ཁ་ནས་ཁྲག་དྲོན་དག །མྱུར་དུ་རབ་ཏུ་འབབ་པར་འགྱུར། །ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་དེ་རྣམས་རྒྱལ་པོ་ཆེན་པོ་བཞིའི་ཆད་པས་མྱུར་དུ་ནད་ཀྱིས་ཐེབས་ཏེ། ཁ་ནས་ཁྲག་དྲོན་སྐྱུག་ཅིང་སྲོག་གི་དུས་ལ་བབ་སྟེ། མདའ་འཕངས་པ་བཞིན་དུ་མྱུར་དུ་དམྱལ་བར་སྐྱེས་སོ། །དེ་ཡི་བརླ་ཡི་གཡས་རོལ་ནས། །ཕོལ་མིག་དག་ཀྱང་འབྱུང་འགྱུར་ཏེ། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱི་བརླ་གཡས་རོལ་ནས་མ་རུངས་པའི་ནད་འབྱུང་སྟེ། དེ་ཅིའི་ཕྱིར་འབྱུང་ཞེ་ན། རིག་སྔགས་ཀྱི་བཀའ་ལས་འདས་པ་དང། སེམས་ཅན་ལ་གནོད་པར་བྱས་པའི་ཕྱིར་རོ། །དེ་ནི་ནད་ཀྱིས་འཆི་འགྱུར་ཞིང༌། །གདོན་སྦྱིན་གཟུགས་ཀྱང་སྟོན་པར་འགྱུར། །ཞེས་བྱ་བ་ནི། ནད་དེ་རྣམས་ཀྱིས་བཏབ་ན་འཆི་སྟེ། ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་ཞིང༌། འབྱུང་པོའི་ལུས་བླངས་པར་གྱུར་ཀྱང་གཞན་རྣམས་ཀྱིས་བསྙེན་དུ་མི་བཏུབ་ཅིང༌། །དེ་བས་ཀྱང་སྡུག་བསྔལ་ཐོབ་པར་འགྱུར་རོ། །འཇིག་རྟེན་སྐྱོང་གིས་བཤད་པ་ཡི། །མདོ་ལས་གང་ཞིག་འགལ་བྱེད་པ། །ཞེས་བྱ་བ་ནི། འཇིག་རྟེན་སྐྱོང་བ་བཅུ་པོ་སྟེ། བརྒྱ་བྱིན་དང༌། གཤིན་རྗེ་དང༌། ཆུ་ལྷ་དང༌། གནོད་སྦྱིན་དང༌། མི་ལྷ་དང༌། སྲིན་པོ་དང༌། རླུང་ལྷ་དང༌། དབང་ལྡན་དང༌། ཉི་མ་དང༌། ཟླ་བ་དང༌། ཚངས་པ་དང༌། ས་བདག་དང་ངོ༌། །དེ་རྣམས་ཀྱིས་ཀྱང་ཆད་པར་གསུངས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་འཇིག་རྟེན་སྐྱོང་བ་ནི་ཐབས་ལ་མཁས་པ། སེམས་ཅན་ལ་སྙིང་རྗེ་ཆེ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱིས་ཀྱང་བདེན་པའི་བཀའ་གསུངས་པའོ། །འཇིགས་པ་ཐམས་ཅད་དེ་ལའོ། །མགོ་བོ་ཚལ་པ་བདུན་དུ་འགས། །ཞེས་བྱ་བ་ནི། ས་གཡོ་བའི་འཇིགས་པ་དང༌། མེའི་ཆར་འབབ་པ་དང༌། གནོད་སྦྱིན་


DTG072_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་ལ་སོགས་པའི་འཇིགས་པ་དང༌། ཟ་བ་དང་སྐོམ་མེད་ཅིང་རིག་སྔགས་ཀྱང་དམོད་མོས་འཆི་བའི་དུས་སུམ་གོ་ཚལ་པར་འགས་ནས་འཆིའོ། །རྒྱལ་པོ་ཆེན་པོ་རྣམས་ཀྱི་ཚིག །གནོད་སྦྱིན་གང་དག་མ་ཉན་པ། །ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱི་བུ་ལ་སོགས་པས་གསུངས་ཏེ། རིག་སྔགས་ཀྱི་བཀའ་ལས་འདའ་བ་དང༌། རྒྱལ་པོ་ཆེན་པོ་བཞིའི་བཀའ་མ་ཉན་པར་གྱུར་ན། དེ་རྣམས་ཀྱིས་སྡུག་བསྔལ་ཆེན་པོ་ཐོབ་པའོ། །འབྱུང་པོ་སྲིན་པོ་གང་ཡོད་པ། །ངན་ཕྲེང་ལྷག་པའི་ངན་ཕྲེང་རྣམས། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ནི་གཅིག་ལ་གཅིག་གི་ཕྲག་དོག་གིས་ངན་སེམས་སྐྱེ་སྟེ། དེའི་ངན་པ་ཡང་ནས་ཡང་དུ་ངན་པའོ། །ལྕགས་ལས་བྱས་པའི་འཁོར་ལོ་ཡི། །མཚོན་ཆ་སྤུ་གྲི་སོ་འདྲ་བས། །ཞེས་བྱ་བ་ནི། དེ་ཡིས་དེ་ངན་པ་རྣམས་ནི་རིག་སྔགས་ཀྱི་བཀའ་ལས་འདས་ཏེ། མཚོན་ཆ་ལྟ་བུའི་ལས་ཀྱི་སྤུ་གྲིས་ཡང་ནས་ཡང་དུ་གཅོད་ཅིང་སྡུག་བསྔལ་ཆེན་པོ་ཐོབ་པའོ། །གནོད་སྦྱིན་དེ་དག་བརླག་པར་འགྱུར། །རྒྱལ་པོ་ཆེན་པོ་དཔལ་དང་ལྡན། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལས་འདས་པ་དང༌། རིག་སྔགས་ཀྱི་བཀའི་དམོད་མོས་རླག་པར་བྱེད་པ་སྟེ། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་ཀྱང༌། དཔལ་དང་ལྡན་པ་ནི་གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ་སྟེ། རྫུ་འཕྲུལ་དང་ལྡན་ཞིང་སེམས་ཅན་གྱི་དོན་བྱེད་པའོ། །གོ་ཆ་སྲ་ཞིང་མཚོན་རྣོ་ལ། སྟན་རྣམས་ལ་ནི་འཁོད་པ་དག །ཅེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་དང༌། རིག་སྔགས་ཀྱི་བཀའ་ལས་འདས་པ་ལ་ནི། དེ་དག་དང་འཁོད་པར་བྱས་ནས། །མཚོན་ཆ་སྣ་ཚོགས་ཐོགས་ནས་ཕྱོགས་ཕྱོགས་སུ་བསྡད་པའོ། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང༌། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ཞེས་བྱ་བ་ནི། དྲི་ཟའི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་འཁོར་གཡོག་དང་བཅས་པ་སྟེ། དེ་བཞིན་དུ་གྲུལ་བུམ་གྱི་རྒྱལ་པོ་འཁོར་གཡོག་དང་བཅས་པའོ། །ནུབ་ཕྱོགས་ན་ནི་མིག་མི་བཟང༌། །བྱང་ཕྱོགས་ན་ནི་ལུས་ངན་པོ། །ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་


DTG072_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཡོག་དང་བཅས་པ་སྟེ། དེ་བཞིན་དུ་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱང་ཡིན་ནོ། །གོ་ཆ་གོན་ཞིང་མཚོན་སྣ་ཚོགས་པ་སྟོབས་དང་ལྡན་པ་ཤ་སྟག་གོ །དེ་དག་དེ་ན་འཁོད་པ་ཡི། །ཉེན་སྐོར་གནོད་སྦྱིན་འདི་རྣམས་གནས། །ཞེས་བྱ་བ་ནི་ཕྱོགས་བཞི་ནས་བུ་དང་འཁོར་གཡོག་དང་ཆུང་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ཕྱོགས་ཕྱོགས་ནས་སྲུང་ཞིང་གནས་པའོ། །སེང་གེའི་གཟུགས་དང་སྟག་གི་གཟུགས། །མི་སྡུག་པ་དང་འགྲོ་ཞིང་རྒྱུ། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱང་འདུལ་བར་བྱེད་པའི་རྒྱལ་པོ་རྣམས་ནི་སེང་གེ་དང་སྟག་གི་མགོ་ཅན་དུ་གནས་པའོ། །སྐད་ཅིག་མས་སྟོང་རྒྱུ་ཞིང་འཁོར་བར་གནས་པའོ། །གླང་ཆེན་གཟུགས་དང་རྟ་ཡི་གཟུགས། །ཁ་ཅིག་མ་ཧེའི་གཟུགས་ཅན་ཏེ། །ཞེས་བྱ་བ་ནི་སྟོབས་དང་ལྡན་ཞིང་གཟི་བརྗིད་ཆེ་སྟེ། སྐད་ཅིག་མས་རི་རབ་རྩེ་མོ་དང་བར་སྣང་དང་ས་སྟེང་དང་ས་འོག་ཏུ་དུས་གཅིག་ཏུ་རྒྱུའོ།། དྲེད་མོ་དང་ནི་བ་ཡི་གཟུགས། །ལུག་དང་སྤྱང་ཀི་ཕག་རྒོད་རྣམས། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱང་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཞིང་སེམས་ཅན་རྣམས་ལ་བསྟན་པའོ། །རྣ་བ་འཕྱང་དང་རྣ་བོ་ཆེ། །རྣ་བ་གཅིག་པ་ཐ་དད་པ། །ཞེས་བྱ་བ་ནི། གླང་པོ་ཆེ་བཞིན་དུ་རྣ་བ་འཕྱང་བ་སྟེ། རྣ་བ་གཅིག་པུས་གོས་བྱས་ཤིང༌། །ལུས་བོ་ཐམས་ཅད་ཁེབས་པ་སྟེ། །དེ་བཞིན་དུ་གཟུགས་བསྟན་ཞིང་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །སྐད་ཆེར་འབྱིན་ཅིང་འཇིགས་བྱེད་པ། །ས་གཞི་རབ་ཏུ་གཡོ་བར་བྱེད། །ཅེས་བྱ་བ་ནི། བུམ་པའི་ནང་དུ་སྐད་སྨྲས་པ་བཞིན་དུ་སེམས་ཅན་རྣམས་ལ་འཚེ་བར་བྱས་ཤིང་འཇིགས་པར་བྱེད་དེ། བར་ཆོད་བྱེད་པ་དང༌། གནོད་པར་བྱེད་པའི་དུས་སུ་ས་གཡོ་ཞིང་སྐད་སྣ་ཚོགས་འདོན་པར་བྱེད་པའོ། །བོང་བུ་དང་ནི་རྔ་མོ་ཆེ། །ཆ་ལུགས་གཞན་ཡང་ཉེ་འཁོར་འཁོད། །ཅེས་བྱ་བ་ནི། མིའི་ལུས་ལ་རྔ་མོ་བོང་བུའི་མགོ་བོ་དང༌། གཞན་ཡང་སེམས་ཅན་གྱི་གཟུགས་སུ་སྤྲུལ་ནས། གཟུགས་དངོས་སུ་བསྟན་པ་དང༌། རྨི་ལམ་དུ་བསྟན་པའོ། །རྒྱལ་པོ་ཆེན་པོ་སྟོབས་པོ་ཆེ། །དེ་དག་ཕན་ཚུན་འདུ་བ་ནི། །ཞེས་བྱ་བ་ནི། དེ་བཞིན་དུ་སྟོབས་དང་ལྡན་པས་འབྱུང་པོ་མ་རུངས་པ་རྣམས་ཀྱང༌།


DTG072_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་རྣམས་ཀྱིས་འདུལ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའོ། །ལྷ་ཡི་ཤིང་རྟ་བཅས་པ་ཡིས། །ནམ་མཁའ་ལས་ནི་འགྲོ་བར་བྱེད། །ཅེས་བྱ་བ་ནི། སྣ་ཚོགས་པའི་མཚོན་ཆ་ཐོགས་ཤིང་དཔུང་དང་བཅས་ཤིང་འགྲོ་བ་སྟེ། དེ་བཞིན་དུ་བར་སྣང་དང་ས་འོག་དངས་སྟེངས་ལ་རྒྱུ་བའོ། །གནོད་སྦྱིན་དག་གི་བདག་པོ་ཡང༌། །མི་རྣམས་ལ་ནི་བདེ་ལེགས་བྱེད། །ཅེས་བྱ་བ་ནི། སངས་རྒྱས་ཀྱི་བདེན་པ་དང༌། རིག་སྔགས་ཀྱི་བཀའ་ལས་མི་འདའ་ཞིང༌། གནོད་སྦྱིན་འཁོར་གཡོག་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཀྱི་བདག་པོ་སྟེ། རྣམ་ཐོས་ཀྱི་བུ་དེ་ཡང་སེམས་ཅན་ལ་གནོད་པར་མི་བྱེད་ཅིང༌། སྙིང་རྗེ་ལ་གནས་པའོ། །དེ་བཞིན་དུ་རིག་སྔགས་ལ་མཆོད་པར་བྱེད་ཅིང༌། གུས་པར་བྱེད་པའོ། །རིག་སྔགས་ཀྱི་ངོ་བོ་ནི་གང་ཞེ་ན། ལས་ཀྱི་རིགས་ལས། ལས་ཀྱི་རིགས་མ་ཡིན་ཏེ། མཚོན་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས། །མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོའོ། །ཡེ་ཤེས་ལྔའི་བདག་ཉིད་ཅན། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་ཞལ་གསུམ་ཕྱག་དྲུག་པ་སྐུ་མདོག་ལྗང་གུའོ། །ཞལ་གཡས་མཐིང་ག །གཡོན་དམར་བ་སྟེ། ཕྱག་གཡས་པ་གཉིས་ན་རལ་གྲི་དང་རྡོ་རྗེ་རྒྱ་གྲམ་མོ། །གཡོན་པ་གཉིས་ན། སྐྱབས་སྦྱིན་དང་འཁོར་ལོ་བསྣམས་པའོ། །ཕྱག་འོག་མའི་གཡས་གཡོན་གྱིས་མདའ་གཞུ་འགེངས་པ་སྟེ། རྒྱན་ཐམས་ཅད་དང་ལྡན་པའོ། །ཞབས་གཡས་བསྐུམ་པ། གཡོན་བརྐྱང་བ། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང༌། ཉི་མའི་འོད་དང་ལྡན་ཞིང་བཞད་པའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་གསང་སྔགས་ནི་གང་ཞེ་ན། འདི་ལྟ་སྟེ། བྷ་ག་ཧུ་མུ་ལེ་བྷ་ག་ཧུ་མུ་ལེ། ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །མི་ལ་ཞོན་པ་སྡེ་བཅས་པ། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་ཚིགས་སུ་བཅད་པ་འདི་ཐོས་པ་ཙམ་གྱིས་ལུས་འདར་ཞིང་འཇིགས་པར་གནས་ཏེ། གནོད་སྦྱིན་གྱི་གདོན་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཀྱང་དེ་བཞིན་ནོ། །འདི་སྨྲས་ནས་ནི་ཚུབ་མ་ལངས། །དེ་བཞིན་རི་ཡང་


DTG072_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་པར་འགྱུར། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདིའི་གཟི་བརྗིད་དང་སྟོབས་ཀྱིས་རླུང་ཚུབ་སྣ་ཚོགས་འབྱུང་སྟེ། ས་ནི་ལན་དྲུག་ཏུ་གཡོས་ཤིང༌། དྲིལ་བུའི་སྐད་བཞིན་དུ་རིངས་པར་སྣང་ངོ༌། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི། །རིན་ཆེན་ཤིང་རྟ་བཅས་པ་ན། །ཞེས་བྱ་བ་ནི། བྱང་ངོས་ཀྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དེ་ཡང་གཟུགས་སྣ་ཚོགས་བསྟན་ཞིང༌། རིན་པོ་ཆེའི་གདན་ལ་བཞུགས་ནས། སྐད་སྣ་ཚོགས་སྨྲ་བའོ། །ལྷ་དང་མི་ཡི་སྒྲ་སྐད་བསྒྲགས། །རྒྱལ་པོ་ཆེན་པོ་མཆིས་པ་ན། །ཞེས་བྱ་བ་ནི། ལྷ་དང་མིའི་གཟུགས་སུ་སྤྲུལ་ཞིང་རྫུ་འཕྲུལ་ཆེན་པོ་བསྟན་ཏེ། སྐད་སྣ་ཚོགས་ཀྱང་དེ་བཞིན་དུ་སྨྲས་པའོ། །དངོས་པོ་རྣམས་ཀྱང་འབར་འགྱུར་རོ། །སྲིན་པོ་འདོད་དགུར་བསྒྱུར་བའི་གཟུགས། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གསང་སྔགས་ཀྱི་དམོད་མོ་དང༌། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུའི་སྟོབས་ཀྱིས་ཀྱང༌། མ་རུངས་པའི་སྲིན་པོ་འབྱུང་པོ་རྣམས་ཀྱང་དངོས་པོ་རྣམས་ནི་སྐྲག་པར་འགྱུར་རོ། །དེ་ཡི་མདུན་ན་རྒྱུག་པར་བགྱིད། །མི་མ་ཡིན་པའི་གཟུགས་རྣམས་ཀྱིས། །ཞེས་བྱ་བ་ནི། གཟི་བརྗིད་དེ་མཐོང་ཞིང་འཇིགས་པར་བྱེད་ཅིང་ཕྱིར་འགྲོ་བའོ། །འཇིགས་ཤིང་སྐྲག་པ་སྐྱེད་པར་བགྱིད། །ཆེ་ཞིང་གཏུམ་ལ་མི་བཟད་པ། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱི་མཚན་ཉིད་ནི། སེམས་ཅན་ལ་འཚེ་བར་བྱེད་ཅིང༌། རྨི་ལམ་ཉམས་པ་ལ་ཡང་གཟུགས་བསྟན་ཞིང༌། འཇིགས་པའི་སྒྲ་སྒྲོགས་ཏེ་རྟག་ཏུ་སེམས་ཅན་ལ་གནོད་པར་བྱེད་པའོ། །དྲག་ཅིད་མཐོང་ན་མི་སྡུག་ལ། །སྤུ་ཡང་རིང་ལ་སེན་མོ་རིང༌། །ཞེས་བྱ་བ་ནི། བཞིན་མི་སྡུག་ཅིང་ལུས་དང་གདོང་པ་ཁྲ་བོར་གནས་ཏེ། ཁབ་དང་འདྲ་བའི་སྤུས་ནི་ལུས་ལ་ཁེངས་ཤིང་དེ་བཞིན་དུ་སྡེར་མོ་ཡང་མཚོན་དང་འདྲ་བའོ། །ལག་ན་རལ་གྲི་ཐོ་བ་ཐོགས། །སོ་ནི་ཟངས་ཅན་འཇིགས་པར་བགྱིད། །ཅེས་བྱ་བ་ནི། འབྱུང་པོ་དེ་རྣམས་ནི་ཁྲག་ཁྲུག་ལ་དགའ་ཞིང༌། ཕྲ་མ་བྱེད་པ་ལ་དགའ་བ་སྟེ། དེ་བཞིན་དུ་ཁྲག་ཁྲུག་བྱེད་པའི་ཤ་ཁྲག་ལ་དགའ་ཞིང་འཇིགས་པའི་རལ་གྲི་དང་འཇིགས་པའི་ཟངས་ཀྱི་སོ་རྣམས་


DTG072_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སེམས་ཅན་ལ་འཚེ་བར་བྱེད་པའོ། །སྣ་ཆེ་རྔ་མོ་སྟག་གི་འདྲ། །དྲག་ཅིང་ལག་པ་ཁྲག་དམར་བ། །ཞེས་བྱ་བ་ནི། འབྱུང་པོ་འདི་རྣམས་ཀྱིས་ཀྱང་སྣ་ཚོགས་ཀྱི་གཟུགས་བསྟན་ཞིང༌། མིའི་ལུས་ལ་མགོ་གཅིག་པ་བསྟན་ཞིང་བུད་མེད་ཀྱི་མངལ་ཁྲག་ལ་དགའ་ཞིང་བྱིས་པ་རྣམས་ལ་གནོད་པར་བྱེད་པའོ། །ཡན་ལག་མ་ཚད་ཕྱེད་ཚལ་ལུས། །མིག་སེར་ལུས་ཀྱང་ཤིན་ཏུ་སེར། །ཞེས་བྱ་བ་ནི། ལ་ལ་མགོ་བོ་མེད་ཅིང་བྲང་ལ་གདོང་པ་ཡོད་པ་སྟེ། ལ་ལ་ལག་པ་གཅིག་མེད་ཅིང༌། མགོ་ལ་གནས་པའོ། །ཚན་གཅིག་ལ་ཡང་རྐང་པ་གཅིག་མེད་ཅིང༌། །ལྟེ་བ་ནས་རེས་སྣད་རེས་མི་སྣང་བར་བྱེད་དེ། ལ་ལ་ཕྱེད་གཟུགས་སུ་སྣང་ཞིང་སེམས་ཅན་རྣམས་སྐྲག་པར་བྱེད་པའོ། །དྲི་མ་ཅན་ལ་ལུས་སྐེམ་པ། །སྐྲ་བརྫེས་ལྕགས་ཀྱི་མཆུ་ཅན་ལ། །ཞེས་བྱ་བ་ནི་ཀེང་རུས་ལ་པགས་པས་གཡོགས་པ་དང་འདྲ་བ་ཡོད་དེ། དེ་ལ་དྲག་པ་ཆགས་ཤིང་བཞིན་མི་སྡུག་པ་སྟེ། ཁབ་ཀྱི་རྩེ་མོ་ཙམ་གྱི་མཆུ་ལ་གསུས་པ་ཡང་རི་ཙམ་མོ། །དེ་ལྟ་བུའི་ལུས་ལ་སྐྲ་བཟང་བརྫེས་པའོ། །མཚོན་ཆ་ཚབས་ཆེར་འདེབས་པར་བགྱིད། །རྣ་བ་གཞུ་འདྲ་སྟོབས་པོ་ཆེ། །ཞེས་བྱ་བ་ནི། འཐབ་མོ་ལ་སྦྱར་ཏེ། གཅིག་ལ་གཅིག་འཛུགས་ཤིང༌། འཁྲུག་པ་དབུང་དང་བཅས་པ་བྱས་ཏེ། དེ་ལ་མཚོན་ཆ་ཚབས་ཆེར་འབེབས་པ་ཞེས་བྱ་བའོ། །རྣ་བ་གཞུ་འདྲ་བ་ཡོད་ཅིང་བཞིན་མི་སྡུག་པ་ཡིན་ཏེ། དེ་ལྟ་བུའི་འབྱུང་པོ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ལ་དྲག་པོར་གནོད་པའོ། །སྦྲུལ་གྱི་གཟུགས་ཅན་བེའུའི་གཟུགས། །ཕག་གི་གཟུགས་ཅན་ལྟོ་པོ་ཆེ། །ཞེས་བྱ་བ་ནི། མིའི་ལུས་ལ་མགོ་བརྙན་མི་གཅིག་པ་སྟེ། རྟག་ཏུ་ལྟས་དང་རྨི་ལམ་ལ་ཡང་དེའི་གཟུགས་བསྟན་ལ། རྣམ་པར་རྟོག་པ་སྐྱེ་པར་བྱེད་པའོ། །དེ་སྐྱེས་པ་དང་ནད་དྲག་པོས་མི་ཚུགས་ཏེ། ནད་ཀྱིས་སྲོག་དང་བྲལ་བར་བྱེད་པའོ། །མགོ་བོ་ཆེ་ལ་ལག་རིང་བ། །རྣ་འཕྱང་པོ་ལ་ནུ་མ་འཕྱང༌། །ཞེས་བྱ་བ་ནི། ཚན་གཅིག་འདྲེ་མོའི་གཟུགས་ཡོད་དེ། དཔག་ཚད་བརྒྱའི་བར་ནས་ཀྱང་འཚེ་བར་བྱས་ཤིང་ཤ་ཁྲག་ལེན་ནུས་ཏེ། བཞིན་མི་སྡུག་ཅིང་


DTG072_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་རིང་བའི་སྦར་མོས་འདེབས་པའོ། །དེ་འདྲའི་གནོད་སྦྱིན་མང་པོ་ཡི། །གཡོག་འཁོར་དག་གིས་ཡོངས་སུ་བསྐོར། ཞེས་བྱ་བ་ནི། དེ་དག་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འཁོར་ཡིན་ཏེ། སྟོབས་ཆེ་ཞིང་མི་སྲུན་ཏེ། ཁམས་གསུམ་ཙམ་ལ་འགྱུར་ཞིང་དུར་ཁྲོད་བསིལ་བའི་ཚལ་ན་གནས་པའོ། །གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས། །དེ་དག་མ་ནི་ལམ་ལོག་ཅན། །ཞེས་བྱ་བ་ནི། དེ་དག་ནི་བྱང་ཕྱོགས་ན་གནས་པ་སྟེ། བྱང་གི་ཕྱོགས་ནས་འོངས་ནས། ཚན་གཅིག་ཕན་བྱ་དང་གནོད་བྱ་གཉིས་བྱེད་པར་འོངས་པ་སྟེ། ཚན་གཅིག་སྙིང་རྗེ་མེད་ཅིང་སེམས་ཅན་ལ་འཚེ་བ། ཚན་གཅིག་སྙིང་རྗེ་དང་ལྡན་ཞིང་སེམས་ཅན་ལ་གྲོགས་བྱེད་པའོ། །གཡོག་འཁོར་དེ་དག་ལྷན་ཅིག་ཏུ། །བདག་ནི་ཕྱག་འཚལ་སླད་དུ་མཆིས། །ཞེས་བྱ་བ་ནི། དེ་དག་ལྟ་བུའི་འབྱུང་པོ་རྣམས་ཀྱིས་ཀྱང༌། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་འཁོད་ཅིང་གུས་པས་ཕྱག་འཚལ་བའོ། །གཽ་ཏ་མ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་དེ། ཆོས་དང་ལྡན་ཞིང་སྙིང་རྗེ་སྐྱེ་སྟེ། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་འཚེ་བར་མི་ནུས་པའོ། །དྲག་ཅིང་རྒོད་ལ་གཏུམ་པ་དང༌། །ལྟོ་བོ་ཆེ་ལ་སྐྲ་རིང་བ། །ཞེས་བྱ་བ་ནི། འབྱུང་པོ་དེ་ལྟ་བུའི་ཚན་གཅིག་བྱུང་སྟེ། སྡིག་ལ་མི་འཛེམ་ཞིང་སེམས་ཅན་རྣམས་ལ་གནོད་པར་བྱེད་པ་དྲག་པོའི་ཚུལ་བསྟན་ནས། ཕྱོགས་བཞི་མཚམས་བཞིར་འགྱུ་བའོ། །མི་རྣམས་དང་ནི་རི་དགས་དང༌། །བྱ་རྣམས་གཟི་བརྗིད་འཕྲོག་པར་བགྱིད། །ཅེས་བྱ་བ་ནི། ཚན་གཅིག་གྲོང་ངམ་གྲོང་ཁྱེར་དུ་ཕྱིན་ཅིང་མི་རྣམས་ཀྱི་ལུས་ལ་ཞུགས་ནས་གཟི་བརྗིད་འཕྲོག་པ་སྟེ། ཚན་གཅིག་ནི་རི་དགས་ལ་སོགས་པའི་སེམས་ཅན་ལ་འཚེ་བར་བྱས་ནས་སྲོག་འཕྲོག་སྟེ། སེམས་ཅན་རྣམས་ལ་མ་རུངས་པར་བྱེད་པའི་འབྱུང་པོའོ། །མེ་འབར་ཟ་དང་མང་དུ་ཟ། །མིག་གཅིག་པ་དང་མིག་སེར་དང༌། །ཞེས་བྱ་བ་ནི། བཞིན་མི་སྡུག་ཅིང་གཟུགས་སྣ་ཚོགས་བསྟན་ཏེ། སེམས་ཅན་རྣམས་ལ་འཚེ་བར་བྱེད་ཅིང་མའི་མངལ་ནས་ཞུགས་ནས་གཟི་བརྗིད་


DTG072_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་པ་རྣམས་སོ། །སྣ་དང་རྣ་བ་བཅད་པ་དང༌། །ཆད་པ་མང་པོས་བཅད་པ་དང༌། །ཞེས་བྱ་བ་ནི། ཚན་གཅིག་ཀྱང་སྣ་དང་རྣ་བ་བཅད་པའི་གཟུགས་སུ་བྱས་ནས། སེམས་ཅན་འཚེ་བར་བྱས་ཏེ། དེ་རྣམས་ཀྱིས་ཀྱང་མི་རྣམས་ཀྱི་ལུས་ལ་ཞུགས་ནས་མ་རུངས་པ་ཐམས་ཅད་བྱེད་པའོ། །གཞན་རྣམས་ཀྱིས་ཀྱང་དེའི་འབྲས་བུ་སྣ་དང་རྣ་བ་དང༌། རྐང་པ་དང༌། ལག་པ་གཅོད་པའི་ཆད་པ་བྱེད་པར་འགྱུར་རོ། །དེ་ཡང་འབྱུང་པོ་རྣམས་ཀྱིས་སྐྱོན་བྱས་པ་ཡིན་ནོ། །མགོ་མ་མཆིས་དང་མགོ་བཅད་དང༌། །ལུས་ཀྱང་སྒུར་ལ་གཉེར་མ་གདོང༌། །ཞེས་བྱ་བ་ནི། དེ་རྣམས་ཚན་གཅིག་གིས་ཀྱང་སེམས་ཅན་རྣམས་ལ་རྨི་ལམ་དང༌། ལྟས་དང༌། དངོས་པོར་མཐོང་བར་བྱས་ཏེ། དེའི་རྟོག་པས་ནད་སྣ་ཚོགས་བཏང་ཞིང་སེམས་ཅན་གྱི་སྲོག་འཕྲོག་པའོ། །དེ་རྣམས་ནི་ལྟས་ངན་གྱི་འབྱུང་པོ་རྣམས་ཡིན་ནོ། །མིག་ལ་མེ་འབར་རྐང་ཕྱེད་པ། །མི་རྣམས་འཇིགས་པར་བགྱིད་པ་སྟེ། །ཞེས་བྱ་བ་ནི། ནགས་ཚལ་ལམ། དུར་ཁྲོད་དམ། རི་དང༌། ལུང་སྟོང་ལ་གནས་པ་སྟེ། སེམས་ཅན་མི་རྣམས་ཀྱིས་མཐོང་བར་གྱུར་པ་ན་ངོ་སྦེད་པ་སྟེ། འབྱུང་བོ་དེས་སེམས་ཅན་མཐོང་ན་ཉིན་མོ་གནོད་མི་ནུས་ཤིང༌། མཚན་མོའི་རིགས་ལ་ཅིས་ཀྱང་ཕན་པ་མེད་ཅིང་སྲོག་འཕྲོག་པའོ། །འཕེལ་ཀ་ཆེ་ལ་རྒོད་བག་ཅན། །དེ་བཞིན་འགྲོ་ཞིང་རྒྱུ་བར་བགྱིད། །ཅེས་བྱ་བ་ནི། འཕེལ་ཀ་ཆ་ཞིང་མཚན་རྣམས་རྒྱུ་བ་སྟེ། ཕོ་མོ་ཉལ་བའི་དུས་སུ་མཉན་ནས་གླགས་རྙེད་པར་གྱུར་ན་ལུས་ལ་འཇུག་སྟེ། བདུད་ཀྱི་རིགས་སུ་སྐྱེས་ནས་ཕ་མ་རྣམས་སྐྲག་པར་བྱེད་པའོ། །དེ་འདྲའི་གནོད་སྦྱིན་མང་པོ་ཡི། །གཡོག་འཁོར་དག་གིས་ཡོངས་སུ་བསྐོར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ག་ལ་དེར་འབྱུང་པོ་རྣམས་ཀྱིས་བསྐོར་ཏེ། ཕྱོགས་གཅིག་ཏུ་འཁོད་དེ། འཇིག་རྟེན་མགོན་གྱི་སྤྱན་སྔར་བསྡད་པའོ། །གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས། །དེ་དག་མ་ནི་རྐུན་མ་ལགས། །ཞེས་བྱ་བ་ནི། དེ་དག་ཀུན་ཀྱང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་གནས་ཤིང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འཁོར་ཡིན་ཏེ། དེ་རྣམས་


DTG072_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིག་སྔགས་ཀྱི་གཟི་བརྗིད་གྱིས་འཁོད་པའོ། །གཡོག་འཁོར་དེ་དག་ལྷན་ཅིག་ཏུ། །བདག་ནི་ཕྱག་འཚལ་སླད་དུ་མཆིས། །ཞེས་བྱ་བ་ནི། དཔོན་གཡོག་དེ་རྣམས་ཀྱིས་ཀྱང༌། བཅོམ་ལྡན་འདས་ལ་གུས་པར་བྱས་ནས། ཕྱོགས་གཅིག་ཏུ་འཁོད་ནས་ཕྱག་འཚལ་བའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། འཇིག་རྟེན་དབང་ཕྱུག་གི་སྤྱན་སྔར་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་ཅིང་སྙིང་རྗེ་དང་ལྡན་ཏེ། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་དམོད་མོས་འཚེ་བར་མི་ནུས་པའོ། །བདག་ཅག་གི་ནི་གནས་འདི་ན། ཤིང་རྟ་ཞེས་བགྱི་སྲིན་པོ་མཆིས། །ཞེས་བྱ་བ་ནི། ལྷོ་ནུབ་ཀྱི་མཚམས་ན་ལང་ཀ་ན་གནས་པས་སྲིན་པོའི་ཚོགས་མང་པོ་འབྱུང་སྟེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ལ་གནོད་པར་བྱེད་ཅིང་འབྲུ་གུའི་ནད་རྣམས་གཏོང་བའོ། །དེ་ལ་བུ་མོ་སྟོབས་ལྡན་པ། །སྟོང་ཕྲག་བཅུ་ཡི་གྲངས་སྙེད་མཆིས། །ཞེས་བྱ་བ་ནི། སྲིན་མོའི་ཚོགས་ཀྱང་དེ་རྣམས་འབྱུང་སྟེ། སྟོབས་དང་ལྡན་ཞིང་རང་གི་ཁ་དོག་ཏུ་སྣང་བ་དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པའོ། །དེ་དག་བདག་གི་གཡོག་ལགས་ཏེ། །དེ་དག་ཕྱག་འཚལ་སླད་དུ་མཆིས། །ཞེས་བྱ་བ་ནི། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོག་དུ་མ་དང་བཅས་ནས་མཆིས་ཏེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བའོ། །གཽ་ཏ་མ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། འཇིག་རྟེན་བླ་མའི་སྤྱན་སྔ་རུ། སེམས་ཅན་རྣམས་ལ་སྙིང་རྗེ་དང་ལྡན་ཞིང་འཚེ་བར་མི་བྱེད་དེ། །རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་པའོ། །བདག་ཅག་གིས་ནི་གནས་རྣམས་ན། །མགྲིན་རིངས་ཞེས་བྱའི་སྲིན་མོ་མཆིས། །ཞེས་བྱ་བ་ནི། ལང་ཀ་མགྲིན་བཅུའི་རིགས་མགོ་བཅུ་གཅིག་ཡོད་པ་འཇིགས་སུ་རུང་བ་རྣམས་འབྱུང་བའོ། །སྲིན་མོ་ཤིན་ཏུ་གནག་པ་དག །སྲིན་མོ་ནག་མོ་ཞེས་བགྱི་དང༌། །ཞེས་བྱ་བ་ནི། དཔལ་ལྷ་མོ་དང༌། འཁོར་


DTG072_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་ཡིན་ཏེ། སྲིན་མོ་རལ་པ་གཅིག་པ་རྣམས། འཁོར་གཡོག་དུ་མ་དང་བཅས་བ་བྱུང་སྟེ། དེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུའོ། །སྲིན་མོ་རབ་གནས་རྣམས་མཆིས་ཏེ། །དེ་དག་གཽ་ཏ་མ་མཐུན་པར་ལྟ། །ཞེས་བྱ་བ་ནི། རྒྱ་མཚོའི་འགྲམ་ན་ཟངས་གླིང་ཞེས་བྱ་བའི་ཡུལ་ན་གནས་ཏེ། དེ་བས་ཀྱང་གནག་པ་ལྔ་བརྒྱ་ཡོད་དེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་ལ་འཚེ་བར་བྱས་ཤིང༌། བུད་མེད་དུ་བརྫུས་ནས་གནོད་པ་སྐྱེལ་བའོ། །ས་ཡི་གནོད་སྦྱིན་བདག་ཉིད་ཆེ། །དེ་དག་ས་སྟེངས་གནས་པ་ལྟ། །ཞེས་བྱ་བ་ནི། ནོར་རྒྱུན་མའི་འཁོར་གཡོག་ཡིན་ཏེ། དེ་ཡང་ལྗང་མ་མོ་དང༌། ཀུན་དུ་བཟང་མོ་དང༌། འོད་ལྡན་མ་ལ་སོགས་པ་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་ལ་གནོད་པར་མི་བྱེད་ཅིང༌། ཕན་པ་ཤ་སྟག་སྟེ། ས་ལ་གནས་ཤིང་ས་ལ་བདག་བྱེད་པའོ། །གཡོག་འཁོར་དེ་དག་རྣམས་ཀྱིས་ནི། །ཡོངས་སུ་བསྐོར་ཏེ་འདིར་མཆིས་ལགས། །ཞེས་བྱ་བ་ནི། སྲིན་པོ་དང༌། སྲིན་མོ་དང༌། ས་བདག་མོ་ལ་སོགས་པ་འཁོར་གཡོག་དུ་མ་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ། །དེ་དག་ཀུན་དང་ལྷན་ཅིག་ཏུ། །བདག་ནི་ཕྱག་འཚལ་སླད་དུ་མཆིས། །ཞེས་བྱ་བ་ནི། རིག་སྔགས་དང༌། སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ལ་གནོད་པར་མི་བྱེད་ཅིང༌། སངས་རྒྱས་བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་འཁོད་པའོ། །གཽ་ཏ་མ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་ལ་བདག་ཅག་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་ཅིང་སྤྱན་སྔར་མཆིས་པའོ། །བདག་གི་མདུན་ན་རྒྱུག་པ་ཡི། །ཡི་དགས་གནོད་སྦྱིན་སྲིན་པོ་རྣམས། །ཞེས་བྱ་བ་ནི། ལུས་ངན་པོའི་སྤྱན་སྔར་རྒྱུག་པའི་མ་རུངས་པ་བྱེད་པ་ལ་དགའ་བའི་འཁོར་ཚན་གཅིག་ཡོད་དེ། སྡིག་ལ་དགའ་ཞིང་སྙིང་ལ་མི་སྡུག་པ་ཤ་སྟག་གོ །ལུས་ཆེན་ཤུགས་ཀྱང་དྲག་པོ་སྟེ། །སོ་ཡང་ཆེ་ལ་ལྟོ་བོ་ཆེ། །ཞེས་བྱ་བ་ནི། འཇིག་རྟེན་གཡོ་བར་ནུས་ཤིང་ཡུད་ཙམ་


DTG072_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་ལ་ཡང་ཁྱབ་སྟེ། གཟི་བརྗིད་ཆེ་ཞིང་རྦད་པ་ལ་དགའ་སྟེ། །དེའི་གཟུགས་ཀྱིས་སེམས་ཅན་ལ་གནོད་པར་བྱེད་པའོ། །རྣ་འཕྱང་འཇིགས་པ་ཆེན་པོ་སྟེ། །སློབ་མ་སྣ་ལ་རབ་ཏུ་འཕྱང༌། །ཞེས་བྱ་བ་ནི། གླགས་བཙལ་ཏེ་དམ་ཚིག་ཉམས་པ་ལ་སྨད་ཅིང་གནོད་པ་ཆེ་བར་བྱས་པ་སྟེ། དེ་རྣམས་ཀྱིས་ཀྱང་ཆད་པ་གཅོད་ཅིང་དྲག་ཤུལ་བསྟན་པའོ། །ཡན་ལག་དྲུག་པ་སོ་བསྟན་པ། །གུར་གུམ་མདོག་ཅན་ཐོ་བ་འདྲ། །ཞེས་བྱ་བ་ནི། མགོ་བོ་དྲུག་ཕྱག་དྲུག །རྐང་པ་དྲུག་དེ་བཞིན་དུ་སྤྲུལ་པ་སྟེ། མདོག་མཛེས་པ་སྟེ། མཆེ་བ་གཙིགས་ཤིང་སོ་གཅིགས་ཤིང་སེམས་ཅན་རྣམས་ལ་སྟོན་པར་བྱེད་པའོ། །སོ་ཡང་རྩུབ་ཅིང་རྣོ་བ་དང༌། །མདུང་ཐུང་གསལ་ཞིང་འཇིགས་པར་བགྱིད། །ཅེས་བྱ་བ་ནི། སེམས་ཅན་ལ་གནོད་པར་བྱེད་པའི་དུས་སུ་ནི་མཚོན་ཆ་སྣ་ཚོགས་བསྟན་ཏེ། །སོ་རྣོ་ཞིང་སེམས་ཅན་སྨད་པ་ལ་དགའ་བའོ། །གླང་ཆེན་མགོ་དང་བུམ་རྣ་ཅན། །མགོ་བོ་སེང་གེ་སྟག་དང་འདྲ། །ཞེས་བྱ་བ་ནི། གཟུགས་སྣ་ཚོགས་པར་སྤྲུལ་ཞིང་སེམས་ཅན་རྣམས་ལ་འཇིགས་པར་བྱེད་པ་སྟེ། དེ་རྣམས་མི་སྲུན་ཞིང་གནོད་པར་བྱེད་པ་ལ་དགའ་བའོ།། ལྕགས་ཀྱི་སོ་ཅན་ལྕགས་ཀྱི་སྐྲ། །གདོན་རྣམས་རྣམ་པར་སྐྲག་བགྱིད་པ། །ཞེས་བྱ་བ་ནི། མཚོན་གྱི་སོ་དང་ཁབ་ཀྱི་སྐྲ་སྟེ། དེ་བཞིན་དུ་ལུས་པོའི་བ་སྤུ་རྣམས་ཀྱང་ཡིན་ནོ། །ནང་ལ་ནང་འཐབ་འདོད་ཅིང་སེམས་ཅན་གྱི་ལུས་ལ་ཞུགས་ནས་ཀྱང་དེ་བཞིན་ནོ། །ལག་ན་ལྕགས་ཀྱི་གཏུན་བུ་ཐོགས། །ལག་ན་ལྕགས་ཀྱི་ཐོ་བ་ཐོགས། །ཞེས་བྱ་བ་ནི། གདོན་དེ་རྣམས་ཀྱང་འཐབ་པའི་དུས་སུ་དེ་བཞིན་ཏེ། དེའི་ཚུལ་གྱིས་བསྟན་ཞིང་སེམས་ཅན་ལ་འཐབ་རྩོད་རྔོད་པར་བྱེད་པའོ། །སོ་རྣོན་ལག་པ་རིང་བ་སྟེ། །འཇིགས་པའི་གཟུགས་ཅན་ལྕགས་ཀྱི་མཆུ། །ཞེས་བྱ་བ་ནི། །ཟ་བའི་དུས་སུ་སོ་རྣོ་བ། །གནོད་པར་བྱེད་པ་ལག་རིང་བ། །ཡང་ན་ལག་པ་རིང་བ་ནི་ཕྱོགས་གཅིག་ན་བསྡད་ནས་དཔག་ཚད་བརྒྱར་སླེབས་པའོ། །དྲག་པོའི་ཚུལ་དུ་བསྟན་ཞིང་མཚོན་གྱི་མཆུ་དང་ལྡན་པའོ། །མགོ་


DTG072_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆེ་ལ་སྐྲ་གཡེངས་པ། །ནག་ཅིང་མིག་སེར་སྣ་ཞོམ་པ། །ཞེས་བྱ་བ་ནི། ཡན་ལག་ཕྲ་ཞིང་བོང་ཐུང་བ་སྟེ། མགོ་བོ་ཆེ་ལ་བཞིན་མི་སྡུག་སྟེ། སོལ་བའི་མདོག་ལ་མིག་ལ་མེ་འབར་ཏེ། སྣ་མེད་ཅིང་སུག་སུག་བྱེད་པ་དེའི་གཟུགས་ཀྱིས་གནོད་པར་བྱེད་པའོ། །བུམ་པའི་མགྲིན་དང་མིག་དམར་པ། །མིག་གཅིག་པ་དང་ལྟོ་བོ་ཆེ། །ཞེས་བྱ་བ་ནི། བུམ་པ་འདྲ་བའི་ལྦ་བ་གསུམ་ཡོད་པ་སྟེ། དེའི་ལུས་ལ་མིག་དམར་བའོ། །མིག་གཅིག་སྦྲུལ་གྱི་མགོ་ཅན་ཏེ། སྟོབས་དང་ལྡན་ཞིང་ས་བདག་གི་གཟུགས་སུ་གནས་པའོ།། མཆུ་འཕྱང་པོ་དང་ལག་གཅིག་པ། །རྐང་གཅིག་པ་དང་རྐང་གཉིས་པ། །ཞེས་བྱ་བ་ནི། ཆུ་སྲིན་གྱི་མཆུ་དང་ལྡན་པ། ལུས་ལ་ལག་པ་གཅིག་མེད་ཅིང་འཇིགས་སུ་རུང་བ་སྟེ། ལ་ལ་ཡང་རྐང་པ་རེ་རེ་ཡོད་ཅིང་གཉིས་གཉིས་འགྲོགས་ནས་འགྲོ་བའོ། །གཞན་ཡང་ཁྲོ་བོའི་ཚུལ་དུ་ཡོད་པ་ལ་རྐང་པ་གཉིས་དང་ལྡན་པའོ། །ཁ་མེད་ཁ་གཉིས་དྲག་པོ་སྟེ། །མི་རྣམས་རབ་ཏུ་འཇིགས་པར་བགྱིད། །ཅེས་བྱ་བ་ནི། ཁབ་ཀྱི་ཁ་ལ་གསུས་པོ་ཆེ་སྟེ། ཁ་ཡང་ཁ་ལྟག་ཁུང་ན་ཡང་ཁ་ཡོད་པས་ཁ་གཉིས་ཡོད་པ་སྟེ། དེ་བཞིན་དུ་མི་རྣམས་ལ་ཡང་གནོད་པ་སྟེ། དྲག་པོའི་ཚུལ་གྱིས་གནོད་པར་བྱེད་པའོ། །ལག་ན་འཁར་བ་དབྱུག་པ་ཐོགས། །མདུད་རྩེ་གསུམ་བ་དྲག་ཅིང་འཇིགས། །ཞེས་བྱ་བ་ནི། གདོན་མ་རུངས་པ་རྣམས་ལ་ནི། མཚོན་ཆ་སྣ་ཚོགས་ཐོགས་ཤིང་མི་རྣམས་ལ་འཇིགས་པར་བྱེད་པ་སྟེ། དེ་བཞིན་དུ་འཚེ་བ་དྲག་པོ་བྱེད་པའོ། །སྐྲག་ཅིང་འཇིགས་པར་བྱེད་པ་སྟེ། །གདོན་རྣམས་རྣམ་པར་སྐྲག་བགྱིད་པ། །ཞེས་བྱ་བ་ནི། དྲག་པོའི་ཚུལ་གྱིས་གནོད་པར་བྱེད་དེ་དེ་བཞིན་དུ་གདོན་སྣ་ཚོགས་ཀྱིས་ནད་སྣ་ཚོགས་བཏང་ནས་འཚེ་བར་བྱེད་པའོ། །སྐྲག་པར་བགྱིད་ཅིང་སྨྲ་བར་བགྱིད། །སེམས་ཀྱང་འཁྲུགས་པར་བྱེད་པ་སྟེ། །ཞེས་བྱ་བ་ནི། ནད་ཀྱིས་ཐེབས་ཤིང་ལབ་ལོབ་སྨྲར་འཇུག་པ་སྟེ། ཡང་ན་སེམས་ཅན་དེ་སྨྱོས་པར་བྱས་ནས་སེམས་གཏོང་ཞིང་ཁའི་ཁ་བདེན་སྨྲ་བའོ། །སྨྱོ་བར་


DTG072_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་ཅིང་རྨོངས་པར་བགྱིད། །དེ་ནས་གཟི་བརྗིད་འཕྲོག་པར་བགྱིད། །ཅེས་བྱ་བ་ནི། གདོན་གྱིས་བཏབ་པ་དེ་ནི་འབོག་སྟེ། སེམས་ཀྱང་གཏོང༌། དེ་བཞིན་དུ་ངག་ཀྱང་མད་དོ། །ལུས་དེ་ཡང་ཉོན་མོངས་ཤིང་དཔལ་དང་མི་ལྡན་དེ། དེ་བཞིན་དུ་གནོད་སྦྱིན་གྱི་གདོན་གྱིས་བཏབ་པའོ། །དེ་དག་འཇིག་རྟེན་འཇིགས་པ་སྟེ། །སྟོབས་པོ་ཆེ་ལ་བརྟེན་པར་དཀའ། །ཞེས་བྱ་བ་ནི། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་སེམས་ཅན་གྱིས་སེམས་ཅན་ལ་གནོད་པར་བྱས་ཏེ། འཇིགས་ཤིང་སྐྲག་པར་བྱེད་པའི་ཕྱིར་ན། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་ལ་བརྟེན་པའོ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ། །རྒྱལ་པོ་ཆེན་པོའི་མདུན་ན་རྒྱུག །ཅེས་བྱ་བ་ནི། གནོད་སྦྱིན་གྱི་སྡེ་དཔོན་ལུས་ངན་པོའི་མདུན་དུ་རྒྱུག་སྟེ། དེ་དག་འཇིགས་ནས་སྐྱབས་གསོལ་བའོ། །དེ་འདྲའི་གནོད་སྦྱིན་མང་པོ་ཡི། །གཡོག་འཁོར་དག་གིས་ཡོངས་སུ་བསྐོར། །ཞེས་བྱ་བ་ནི། ལུས་ངན་པོ་དང་ཐབས་ཅིག་ཏུ། །སངས་རྒྱས་ག་ལ་བ་དེར་འཁོར་དེ། གུས་པར་བསྐྱེད་ནས་ཐབས་ཅིག་ཏུའོ། །གནོད་སྦྱིན་བྱེ་བ་སྟོང་ཕྲག་རྣམས། །དེ་དག་ཕྱག་འཚལ་སླད་དུ་མཆིས། །ཞེས་བྱ་བ་ནི། འཁོར་གཡོག་བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིས་ཏེ། གུས་པར་བྱས་ནས་རིག་སྔགས་ལ་ཕྱག་འཚལ་བའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། བདུང་བཞི་བཅོམ་པ་ལ་དཔའ་བོ་སྟེ། དེ་བཞིན་དུ་མུན་པ་མུན་ནག་བསལ་ཏེ། འཇིག་རྟེན་ལས་འདས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་སྟེ། བདག་ཅག་གི་སེམས་ཀྱིས་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་དེ། རིག་སྔགས་བདག་གིས་གཟུང་བར་བྱ། །ས་ག་ལྔས་རྩེན་ཟླ་བ་དང༌། །སེང་གེ་སྡེ་དང་རབ་གནོན་དང༌། །ཞེས་བྱ་བ་ནི། དེ་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་གཉིས་ཡིན་ཏེ། དེ་རྣམས་ཀྱི་མིང་གྲངས་ནི་གསང་སྔགས་ཆེ་དང་ལ་བ་ལ་སོགས་པའོ། །རིག་པ་སྟོབས་ཆེན་ནོར་བུ་དང༌། །ཞེས་བྱ་བ་ནི།


DTG072_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཆེན་དང༌། ལ་བ་ལ་སོགས་པའི་བར་ནས་འདི་དག་ཡིན་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་གཉིས་དེ་ཡང་སྟོབས་དང་ལྡན་ཞིང་གཟི་བརྗིད་ཆེ་བ་སྟེ། ཁ་དོག་དང་ལྡན་ཞིང་རྫུ་འཕྲུལ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་རྩོད་པ་ལས་རྩོད་པར་ནུས་ཏེ། གནོད་སྦྱིན་དེ་དག་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང༌། རིག་སྔགས་ལ་རྗེས་སུ་ཡི་རང་བའོ། །འཇོག་པོ་ནག་པོ་ཆེན་པོ་དང༌། །ལ་བ་ཅན་དང་རྗེའུ་གཉིས། །ཞེས་བྱ་བ་ནི། ཀླུའི་རྒྱལ་བོ་ཀླུ་རིགས་བཞི་ཡིན་ཏེ། དེ་དག་ཀྱང་ས་དང་ཆུ་ལ་གནས་ཤིང་བསྟན་པ་བསྲུང་བའོ། །ཀླུ་ཡི་རྒྱལ་པོ་ས་སྲུང་བུ། །ཡན་ལག་ཆེན་པོ་རྫུ་འཕྲུལ་ཆེ། །ཞེས་བྱ་བ་ནི། སྟོབས་དང་ལྡན་ཞིང་ཁ་དོག་དང་ལྡན་ཏེ། སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་འཇིགས་པ་མེད་ཅིང༌། གནོད་པར་མི་བྱེད་པའོ། །ནམ་མཁའ་ལྡིང་ནི་ཤུགས་ཆེན་ལྡན། །འདབ་ཆགས་ཀུན་གྱི་མཆོག་གྱུར་པ། །ཞེས་བྱ་བ་ནི། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ཡིན་ཏེ། འདབ་ཆགས་བྱ་བ་ལ་གཟུགས་ཆེ་ཞིང་སྟོབས་དང་ལྡན་པའོ། །བྱ་ཡི་ཤུགས་ཀྱིས་འཆི་བགྱིད་ཅིང༌། །རྒྱ་མཚོ་ཀུན་དུ་འཁྲུག་པར་བགྱིད། །ཅེས་བྱ་བ་ནི། སེམས་ཅན་དེས་ཀླུའི་སེམས་ཅན་རྣམས་ལ་འཇིགས་པར་བྱེད་དེ། དེ་ཡང་དེ་དག་རྣམས་ཀྱིས་ཀྱང༌། །འཚེ་བར་བྱེད་པའི་རྒྱུ་ལ་གནས་པའོ། །ལྷ་དང་ལྷ་མིན་དྲི་ཟ་རྣམས། །འཇིགས་བགྱིད་པ་དང་དགེ་བའང་རུང། །ཞེས་བྱ་བ་ནི། ཕན་བྱེད་དང་གནོད་བྱེད་གཉིས་ནུས་ཏེ། དེ་རྣམས་ཀྱིས་ཀྱང་ཕན་པར་བྱེད་པ་དང༌། གནོད་པར་བྱེད་པ་ལ་གནས་པའོ། །མ་དད་པ་དང་དད་པ་རྣམས། །དེ་དག་ཐམས་ཅད་འདིར་མཆིས་ཏེ། །ཞེས་བྱ་བ་ནི། ཆོས་ལ་གནས་པ་དང་མི་གནས་པ་གཉིས་སྡིག་ལ་འཛེམ་པ་དང་མི་འཛེམ་པ་གཉིས་ཡིན་ཏེ། དེ་དག་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་སོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། མ་རིག་པ་ལ་སོགས་པ་བཅོམ་ལྡན་འདས་ལ་དཔའ་བ་ཉོན་མོངས་


DTG072_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པས་མི་ཚུགས་ཤིང་ཐུགས་རྗེ་དང་ལྡན་པ་སྟེ། གདོན་དེ་རྣམས་ཀྱང་རིག་སྔགས་ཀྱི་མཐུས་ཆོས་དང་ལྡན་པར་གནས་པའོ། །འཕྲོག་མ་ཞེས་བྱ་གནོད་སྦྱིན་མོ། །འཇིགས་པར་བགྱིད་པ་སྟོབས་ཆེན་མོ། །ཞེས་བྱ་བ་ནི། རང་གི་བུ་ཚ་ནི་སྙིང་དུ་སྡུག་སྟེ། གཞན་གྱི་བུ་ཚ་རྣམས་འཇིགས་པར་བྱེད་ཅིང༌། གནོད་བྱེད་ནུས་པ་སྟེ། དེས་ཀྱང་བྱིས་པ་རྣམས་ལ་འཇིགས་པར་བྱེད་ཅིང་སྲོག་འཕྲོག་པའོ། །དེ་ཡི་བུ་ནི་ལྔ་བརྒྱ་རྣམས། །འཇིགས་བགྱིད་གནོད་སྦྱིན་མཐུ་རྩལ་ཅན། །ཞེས་བྱ་བ་ནི། འཕྲོག་མའི་བུ་སྟེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་ལ་གནོད་པར་བྱེད་ཅིང་མངལ་ནས་རླག་པར་བྱེད་དེ། མ་དང་བུ་རྣམས་ཀྱང་སྲོག་འཕྲོག་པའོ། །བདག་ཉིད་ཀྱི་ནི་གཡོག་ལགས་ཏེ། །དེ་དག་ཕྱག་འཚལ་སླད་དུ་མཆིས། །ཞེས་བྱ་བ་ནི། འཕྲོག་མའི་བུ་ལྔ་བརྒྱ་དང༌། འཕྲོག་མ་དང་བཅས་པ་འཁོར་གཡོག་དུ་མ་གནས་ཏེ། དེ་དག་ཀྱང་སངས་རྒྱས་དང་ཆོས་དང༌། དགེ་འདུན་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ཏེ། དེ་ལྟར་བཅོམ་ལྡན་འདས་ག་ལ་བ་དེར་ཕྱོགས་གཅིག་ཏུ་གནས་པའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། ཞེས་བྱ་བ་ནི། ཉོན་མོངས་བ་རྣམས་བཅོམ་ཞིང༌། དེ་བཞིན་དུ་དེ་བཅོམ་ལྡན་འདས་ལ་དཔའ་བོ་ཞེས་བྱ་སྟེ། སྡིག་དང༌། དགེ་བ་དང་བྲལ་ཞིང་སངས་རྒྱས་པའོ། །བདག་ཅག་གིས་ཀྱང་ཆོས་དང་མཐུན་པར་དགེ་བ་ལ་གནས་ཏེ། སེམས་ཅན་ལ་སྙིང་རྗེ་བྱ་ཞིང་སྤྱན་སྔར་མཆིས་པའོ། །མ་ག་དྷཱ་ན་ཐམས་ཅད་མཐོང༌། །ཀ་ཤི་ན་ནི་པདྨ་འཆང༌། །ཞེས་བྱ་བ་ནི། མངོན་སུམ་དུ་འཇིག་རྟེན་གསུམ་ལ་རྫུ་འཕྲུལ་གྱིས་མཐོང་བ་སྟེ། སྟོབས་དེ་དང་ལྡན་པའི་གནོད་སྦྱིན་ནི་རྒྱ་གར་གྱི་དབུས་སུའོ། །ཡུལ་ཀོ་ཤི་ཀ་ནས་ཀྱང་པདྨ་འཆད་གནས་ཏེ། པདྨ་བཞིན་དུ་སྤྱན་ཡོད་པའི་ཕྱིར་ན་པདྨ་འཆང་བའོ། །ཡངས་པ་ཅན་ན་རྒྱལ་མཆོག་གནས། །གྱད་ཡུལ་ན་ནི་གྲགས་འཛིན་གནས། །ཞེས་བྱ་བ་ནི། མ་ག་དྷཱ་ན་གནོད་སྦྱིན་རྒྱལ་མཆོག་གནས་ཏེ། དེ་བཞིན་དུ་གྱད་ཡུལ་ན་ཡང་དེ་དང་འདྲ་བར་གནས་པ་ཏེ། སྟོབས་ཆེ་ཞིང་གཟི་བརྗིད་དང་ལྡན་


DTG072_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྒྱལ་པོའི་ཁབ་ན་ཀུ་མབྷི་ར། །སེར་སྐྱའི་གནས་ན་དྲག་པོ་སྟེ། །ཞེས་བྱ་བ་ནི། རིའི་རྒྱལ་པོའི་ཁབ་ཀྱི་དེད་དཔོན་ནི་གནོད་སྦྱིན་ཆེན་པོ་ཀུ་མབྷི་ར་ལ་སོགས་པའོ། །དེ་བཞིན་དུ་སེར་སྐྱའི་ཡུལ་ན་གྲགས་པ་དང་ལྡན་པའོ། །ཏ་མ་ལ་ནི་འབྱོར་པ་གནས། །མི་ཐི་ལ་དང་ཀུན་དུ་རྒྱལ། །ཞེས་བྱ་བ་ནི། མི་ཐི་ལ་དང་ཏ་མ་ལ་གཉིས་ནི་མ་ག་དྷཱའི་ལྷོ་ཕྱོགས་ཡིན་ཏེ། གནོད་སྦྱིན་ཆེན་པོ་འབྱོར་པ་དང་ཀུན་དུ་རྒྱལ་གནས་པའོ། །མ་མོ་ཆེན་མོ་འདི་བརྒྱད་ནི། །གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་མཆོག །ཅེས་བྱ་བ་ནི། འཇིག་རྟེན་གྱི་མ་མོ་བརྒྱད་ཡིན་ཏེ། དེ་ཡང་འདི་དག་གི་མིང་ནི་འཇོམས་པའི་དངོས་གྲུབ་དང༌། ཀེང་རུས་ཅན་དང༌། ཚངས་ཆེན་མ་དང༌། ནག་མོ་ཆེན་མོ་དང༌། གཞོན་ནུ་མོ་དང༌། རྣམ་རྒྱལ་མོ་དང༌། དྲག་མོ་དང༌། ཁྱབ་འཇུག་མོ་དང་བརྒྱད་དོ། །དེ་རྣམས་ནི་འཇིག་རྟེན་གྱི་མར་གྱུར་ཅིང་མི་སྲུན་གནོད་སྦྱིན་རྣམས་ཀྱི་བདག་མོའོ། །རྫུ་འཕྲུལ་ཆེན་མོ་སྐལ་བ་ཆེ། །སྟོབས་ཆེན་དེ་དག་ཐམས་ཅན་ནི། །ཞེས་བྱ་བ་ནི། སྐད་ཅིག་མས་འཇིག་རྟེན་ཁམས་ལ་འགྱུ་སྟེ། ཁ་དོག་ལྡན་ཞིང་གཏོར་མ་རྣམས་ལེན་པར་བྱེད་པའོ། །གཞན་རྣམས་ཀྱིས་ཀྱང་མཆོད་པར་འོས་ཤིང་གཏོར་མ་ལེན་དུ་གཏང་བའོ། །ཡིད་དགེ་དད་པའི་སེམས་དང་ལྡན། །རྫོགས་སངས་རྒྱས་ལ་སྐྱབས་མཆིས་པ། །ཞེས་བྱ་བ་ནི། གློ་བུར་གྱི་དད་པ་མ་ཡིན་པ་སྔ་ནས་ཀྱང་དད་པ་དང་ལྡན་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་རིག་སྔགས་ཀྱི་ཆོས་ལ་གུས་པར་བྱས་ཏེ། སངས་རྒྱས་དང་ཆོས་དང༌། དགེ་འདུན་ལ་རྗེས་སུ་ཡི་རང་ཞིང་སྐྱབས་སུ་འགྲོ་བའོ། །དེ་དག་དང་ནི་འདུས་ནས་ཀྱང༌། །རྒྱལ་པོ་ཆེན་པོ་སྟོབས་ཆེན་གྱིས། །ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཡང་སྟོབས་དང་ལྡན་ཏེ། དེ་དག་ཀྱང་དབང་དུ་འདུ་ཞིང་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་པའོ། །ཡང་དག་རྫོགས་སངས་རྒྱས་བསྟན་ལ། །མི་རྣམས་ལ་ནི་སྙིང་བརྩེ་སླད། །ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་གཟི་བརྗིད་ལ་བརྟེན་ནས། རིག་སྔགས་ཀྱི་དམོད་


DTG072_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་འཇིགས་པས་འཇིག་རྟེན་གྱི་ཁམས་ཀྱི་མི་རྣམས་འཇིགས་པར་མི་བྱེད་ཅིང༌། སྙིང་རྗེ་སྐྱེ་བའོ། །གནོད་སྦྱིན་འབྱུང་པོ་ཡི་དགས་དང༌། །སྡང་བའི་གདོན་རྣམས་བཟློག་པ་དང༌། །ཞེས་བྱ་བ་ནི། སྡིག་པའི་སེམས་དང་ལྡན་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་དང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་གནོད་སྦྱིན་འབྱུང་བོའི་གདོན་རྣམས་ཟློག་པར་བྱེད་ཅིང༌། །དེ་རྣམས་ཀྱིས་ཀྱང་མི་ཚུགས་པའོ། །མི་མ་ཡིན་རྣམས་བཟློག་པ་ཡི། །བསྲུང་བ་འདི་ནི་ལེགས་པར་བགྱིས། །ཞེས་བྱ་བ་ནི། སྲུང་བའི་དམ་པ་སྦོད་གཏོང་དང༌། རིག་པ་དང༌། སྔགས་དང། དེ་རྣམས་བཟློག་པ་སྟེ། དེ་བཞིན་དུ་འབྱུང་པོ་དང༌། ཡི་དགས་ལ་སོགས་པ་ཟློག་པར་བྱེད་པའོ། །དེ་ནས་རྒྱལ་པོ་རྣམ་ཐོས་བུ། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ག་ལ་བ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་བུས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ནས་ཞུས་པའོ། །ཁོན་དང་འཇིགས་པ་ཀུན་འདས་པ། །རྣམ་གྲོལ་ཟག་པ་མི་མངའ་བ། །ཞེས་བྱ་བ་ནི། ཤེས་བྱའི་དྲི་མ་དང༌། བག་ཆགས་ཀྱི་དྲི་མ་མི་གནས་ཤིང༌། འཁོར་བའི་སྡུག་བསྔལ་ཐམས་ཅད་བཅོམ་སྟེ། འཇིགས་པ་ཐམས་ཅད་དང་བྲལ་བར་བྱེད་པ་དམ་པའི་དམ་པའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ལ་དབང་མཛད་ཅིང༌། བགེགས་ཐམས་ཅད་བཅོམ་པ་སྟེ། དེ་བཅོམ་པས་ན། དཔའ་བོ་ཞེས་བྱ་བའོ། །གཽ་ཏ་མ་ལ་ཕྱག་འཚལ་སྐྱབས་སུ་འགྲོ་བའོ། །ཁྱོད་ལ་ལྷ་དང་གྲུབ་པ་དང༌། །བྲམ་ཟེ་ཐམས་ཅད་ཕྱག་འཚལ་ཏེ། །ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཕྱག་འཚལ་ཏེ། འཇིག་རྟེན་པའི་སྟོང་སྤྱི་ཕུད་ཀྱི་བདག་པོ་ཡིན་ཏེ། ཡང་ན་བྲམ་ཟེ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། ཚངས་པར་སྤྱོད་པའི་དབང་པོ་དེ་ལ་ཕྱག་འཚལ་སྐྱབས་སུ་མཆིས་ཞེས་བྱའོ། །གནོད་སྦྱིན་བྱེ་བ་དྲུག་ཁྲི་དང༌། །བཞི་སྟོང་དག་ཀྱང་ལྷགས་ནས་ནི། །ཞེས་བྱ་བ་ནི། གཟུགས་སྣ་ཚོགས་བསྟན་པ། སྣ་ཚོགས་ཀྱི་ལྟ་བ་ཡོད་པ། གནོད་བྱེད་དང་


DTG072_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བྱེད་གཉིས་ཡོད་པ། སྡིག་པ་དང༌། དགེ་བ་བྱེད་པ་ཤ་སྟག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མང་པོ་འདུས་པའོ། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས། །ཞེས་བྱ་བ་ནི། དུར་ཁྲོད་བསིལ་བའི་ཚལ་གྱིས་གཞི་ལ། གནོད་སྦྱིན་འབྱུད་པོ་རྣམས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་ནས་བསྐོར་ཞིང་ཐལ་མོ་སྤྱར་བའོ། །བདག་ནི་རྒྱལ་པོ་རྣམ་ཐོས་བུ། །བྱང་ཕྱོགས་སྐྱོང་བར་བགྱིད་པ་སྟེ། །ཞེས་བྱ་བ་ནི། རྒྱལ་པོ་རྣམས་ཐོས་ཀྱི་བུས་ཀྱང་གནོད་སྦྱིན་ཆེན་པོ་འཁོར་གཡོག་དང་བཅས་ཤིང་བྱང་ཕྱོགས་ན་སྲུང་བར་བགྱིད་པའོ། །འཇིག་རྟེན་མགོན་པོའི་ཉེ་སྐོར་དུ། །གནོད་སྦྱིན་རྒྱུ་བ་སྨྱོ་བྱེད་དང༌། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ག་ལ་བ་དེར་གཟའ་དང་རྒྱུ་སྐར་དང་བཅས་ཤིང་བཞིན་སྡུག་པ་དང༌། མི་སྡུག་པ་རྣམས་ཀྱིས་བསྐོར་ཏེ། འབྱུང་པོ་མང་བོ་སྤྱན་སྔར་འདུས་པའོ། །བརྗེད་བྱེད་དང་ནི་མིའམ་ཅི། །སྐེམ་བྱེད་དང་ནི་རིམས་དྲག་དང༌། །ཞེས་བྱ་བ་ནི། གློ་བུར་དུ་ནང་གཏོང་བ་དང༌། གློ་བུར་དུ་བར་ཆོད་བྱེད་པ་འདི་རྣམས་ཡིན་ཏེ། གཟི་བརྗིད་འཕྲོག་པ་འདི་རྣམས་ཀྱང༌། བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་པའོ། །དེ་བཞིན་རིམས་རྣམས་ཞག་བཞི་པ། །དེ་དག་བདག་གིས་བཟློག་པར་བགྱི། །ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་གཟི་བརྗིད་ཀྱིས། རིམས་ནང་ལ་སོགས་པ་ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞི་ཟློག་པར་བྱེད་པའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི། འབྱུང་པོ་མང་པོ་རིགས་བརྟག་པའི་གནས་སྐབས་ཏེ་དྲུག་པའོ།། །།བསིལ་བའི་ཚལ་གྱི་རིག་སྔགས་ཞེས་བྱ་བ་འདི་ནི། གང་ཞེ་ན། ལས་ཀྱི་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་ནི། མཚོན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་ལོ། །གཟུགས་ཀྱི་ཕུང་པོ་སྟེ། ཁམས་ནི་སའི་ཁམས་སོ། །སྐྱེ་མཆེད་ནི་མིག་སྟེ། རང་བཞིན་ནི་ཡེ་ཤེས་ལྔའོ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་


DTG072_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕྱག་དྲུག་པ། སྐུ་མདོག་དཀར་མོ། །ཞལ་གཡས་མཐིང་ག །གཡོན་དམར་བ། ཕྱག་གཡས་པ་གཉིས་ན་རལ་གྲི་དང༌། འཁོར་ལོ། གཡོན་པ་གཉིས་ན་དགྲ་སྟ་དང་རྩེ་གསུམ། འོག་མའི་གཡས་གཡོན་གཉིས་ཀྱིས་མདའ་གཞུ་འགེངས་པ། ཞབས་གཡས་བསྐུམ་པ། གཡོན་བརྐྱང་བ། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང་ཉི་མའི་འོད་དང་བཅས་པ་སྟེ། ཞི་བའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་གསང་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། ཨུ་ཧ་ཧཾ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལུས་ངན་ལྕད་ལོ་ཅན་གྱི་བདག་པོ་ཕྱོགས་སྐྱོང་བར་གྱུར་ཅིག་ཅེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་རིག་སྔགས་ཀྱི་བྱིན་རླབས་ཀྱིས་སངས་རྒྱས་རྣམས་ཀྱི་བསྟན་པ་སྲུང་སྟེ། བྱང་ཕྱོགས་སྐྱོང་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་དོན་བྱེད་ཅིང༌། རྣམ་ཐོས་ཀྱི་བུ་ལ་ཕྱག་འཚལ་ཏེ། དེ་བཞིན་འབྱུང་པོ་རྣམས་ཀྱིས་ཀྱང་སྐྱབས་སུ་མཆི་ཞེས་བྱའོ། །དེ་ལ་བདག་ཀྱང་ཕྱག་འཚལ་ཞེས་བྱ་བ་ནི། གནོད་སྦྱིན་འབྱུང་པོ་རྣམས་ཀྱིས་ཕྱག་འཚལ་བའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། འཇིག་རྟེན་དབང་ཕྱུག་སེམས་ཅན་གྱི་དོན་ལ་སྦྲུལ་པའི་སྐུས་ཁྱབ་པ་དེ་ལ་བདག་གིས་ཕྱག་འཚལ་ཞེས་བྱ་བའོ། །རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །ཅེས་བྱ་བ་ནི། ཤེས་བྱ་དང་བག་ཆགས་ཀྱི་སྒྲིབ་པ་འཇོམས་ཤིང༌། འཇིག་རྟེན་གྱི་རྣམ་པར་རྟོག་པ་གྲོལ་ཞིང༌། རྒྱལ་བ་རྣམ་པར་རྒྱལ་ན་སངས་རྒྱས་སོ། །འཇིག་རྟེན་ཀུན་འཇིགས་སྐྱོབ་པ་ཁྱོད་ལ་འདུད་དོ་ཞེས་བྱའོ། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་ཅིང་ངེས་པར་བདུད་བཞི་བཅོམ་པ་སྟེ། ཡང་དག་པའི་ཡེ་ཤེས་ཐོབ་ཅིང༌། སེམས་ཅན་གྱི་དོན་མཛད་པའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་བདག་ཀྱང་སེམས་ཅན་ལ་སྙིང་རྗེ་བྱས་ཤིང་སྤྱན་སྔར་མཆིས་སོ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ནི། རྣམ་ཐོས་ཀྱི་བུའི་ཚིག་གི་དེ་


DTG072_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༌། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །ཞེས་བྱ་བ་ནི། ཤར་ཕྱོགས་ཀྱི་རྒྱལ་པོ་དྲི་ཟ་ཐམས་ཅད་ལ་དབང་མཛད་པ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་ཞུ་བའོ། །ཆོས་ཀྱི་རྒྱལ་པོ་འོད་མཛད་པ། །སངས་རྒྱས་དཔལ་ལ་བདག་ཕྱག་འཚལ། །ཞེས་བྱ་བ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཇིག་རྟེན་ལ་བཤད་ནས་སྐུ་མྱ་ངན་ལས་འདས་ཏེ། ཆོས་དེའི་འོད་ཟེར་འཇིག་རྟེན་གྱི་ཁམས་རྣམས་ལ་ཁྱབ་སྟེ། དེ་བཞིན་དུ་དེ་སངས་རྒྱས་ཤིང་སྙིང་རྗེ་ཆེ་ལ་བདག་གིས་ཕྱག་འཚལ་ལོ་ཞེས་བྱ་བའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིད་མཆིས། །ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་སྤངས་ཤིང་བདུད་རྣམས་བཏུལ་བ་སྟེ། དེ་བཞིན་དུ་འཁོར་བའི་མུན་ནག་སེལ་ཞིང་སངས་རྒྱས་པའོ། །དེ་ལྟ་བུའི་ཆོས་ཀྱི་གཟི་བརྗིད་ཀྱིས་བདག་ཅག་དྲི་ཟ་རྣམས་ནི་སེམས་ཅན་རྣམས་ལ་སྙིང་རྗེ་བྱས་ཤིང་སྤྱན་སྔར་མཆིས་སོ། །གཽ་ཏམ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་ཡེ་ཤེས་དེ་ནི་བདག་ཅག་རྣམས་ཀྱིས་མི་ཤེས་ཏེ། བསམ་གྱིས་མི་ཁྱབ་པ། རང་བཞིན་དང་བྲལ་བ། སྐྱེ་བ་མེད་པའི་རང་བཞིན་ནོ། །སྲིན་པོ་མཐོང་ན་རབ་འཇིགས་པ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ཞེས་བྱ་བ་ནི། བཞིན་མི་སྡུག་པ་དང༌། སྡུག་པ་རྣམས་དྲི་ཟ་སྲིན་པོ་མང་པོ་འདུས་པའོ། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས། །ཞེས་བྱ་བ་ནི། འཇིགས་སུ་རུང་བ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ལ། སྲིན་པོའི་གདོན་དང་དྲི་ཟའི་གདོན་རྣམས་ཀྱིས་ཕྱོགས་བཞི་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་འཇིག་རྟེན་མགོན་པོ་ལའོ། །བདག་ནི་རྒྱལ་པོ་ཡུལ་འཁོར་སྲུང༌། །ཤར་ཕྱོགས་སྐྱོང་བར་བགྱིད་བ་སྟེ། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང༌། རིག་སྔགས་ཀྱི་བཀའ་ལས་མི་འདའ་སྟེ། རིག་སྔགས་འདི་འཆང་བའི་གང་ཟག་ལ་ཤར་ཕྱོགས་སྐྱོང་བར་བགྱིད་ཅིང་སེམས་ཅན་གྱི་


DTG072_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པའོ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །སྲིན་པོ་རྣམས་དང་ཤ་ཟ་དང༌། །ཞེས་བྱ་བ་ནི། དེ་བཞིན་དུ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སངས་རྒྱས་ཀྱི་བཀའ་ལས་མི་འདའ་ཞིང༌། དེ་རྣམས་ཀྱིས་ཀྱང་སྐྱོང་བར་བྱེད་པའོ། །དྲི་ཟ་དང་ནི་རླུང་ལྷ་རྣམས། །དེ་དག་བདག་གིས་བཟློག་པར་བགྱི། །ཞེས་བྱ་བ་ནི། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་ཀྱང༌། སྦོང་གཏོང་དང་རིག་པ་དང༌། སྔགས་དང་མ་རུངས་པའི་འབྱུང་པོ་རྣམས་བཟློག་ཅིང་རིག་སྔགས་ལ་གུས་པར་བྱེད་པ་སྟེ། རིག་སྔགས་ཀྱི་ངོ་བོ་ནི་གང་ཞེ་ན། ལས་ཀྱི་རིགས་ཀྱི་རིན་ཆེན་རིགས། མཚོན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་ལོ། །ཡེ་ཤེས་ལྔའི་རང་བཞིན་སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པ། ཕྱག་དྲུག་པ། སྐུ་མདོག་སེར་མོ། །ཕྱག་གཡས་པ་གཉིས་ན་རལ་གྲི་དང་རིན་པོ་ཆེ། གཡོན་པ་གཉིས་ན་པདྨ་དང་འཁོར་ལོ་བསྣམས་པའོ། །དེའི་འོག་མ་གཡས་གཡོན་གཉིས་ཀྱིས་མདའ་གཞུ་འགེངས་པའོ། །ཞབས་གཡས་པ་བསྐུམ་པ། གཡོན་པ་བརྐྱང་བ། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང། ཉི་མའི་འོད་དང་ལྡན་ཞིང་སྒེག་པའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་གསང་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། ཨི་ཊེ་མི་ཊེ་ལ་སོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཕྱོགས་སྐྱོང་བར་གྱུར་ཅིག་ཅེས་བྱ་བ་ནི། ཤར་ཕྱོགས་སུ་སྐྱོང་བ་སྟེ། རིག་སྔགས་འདི་ལ་བཀའ་སྩལ་ཞིང༌། སེམས་ཅན་དོན་ལ་སྐྱོང་བའོ། །སྲིན་པོ་དང་ཞེས་བྱ་བ་ལ་སོགས་པ་ནི། ཤར་ཕྱོགས་ན་གནོད་པར་བྱེད་པ་དེ་རྣམས་ནི། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེ་རྣམས་ཤར་ཕྱོགས་ནས་བྱུང་བ་ཟློག་པའོ། །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནི། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་སྐྱབས་སུ་མཆི་སྟེ། ཤར་ཕྱོགས་ཀྱི་མངའ་བདག་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། ཤར་ཕྱོགས་ན་ཡོད་པའི་འབྱུང་པོ་རྣམས་ཀྱིས་ཕྱག་འཚལ་


DTG072_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་བ་སྟེ་ཞེས་བྱ་བ་ནི། བཞི་བཅོམ་དྲུག་ལྡན། དེ་ལྟ་བུའི་སངས་རྒྱས་ལ་བདག་ཅག་རྣམས་ཀྱིས་ཕྱག་འཚལ་ལོ་ཞེས་པའོ། །རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །ཅེས་བྱ་བ་ནི། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་འདོད་པའི་ཡོན་ཏན་ལྔ་བཅོམ་སྟེ། དེ་ལྔ་དང་བྲལ་ནས་མྱ་ངན་ལས་འདས་པའོ། །དེ་ལྟ་བུའི་སངས་རྒྱས་ཀུན་ནས་ཀུན་དུ་གཟིགས་པ་བཅོམ་སྟེ། དེ་ཡང་འཁོར་བའི་འཇིགས་པ་བཅོམ་པའོ། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་ཅིང་རིག་སྔགས་ཀྱི་ངོ་བོ་ཉིད་བསྟན་ཏོ། དེའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཐམས་ཅད་བཅོམ་སྟེ། དེ་ལྟ་བུའི་ཆོས་ལ་མཐུན་པར་བྱས་ཤིང་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་པའོ། །དེ་ནས་ཞེས་བྱ་བ་ནི། ཡུལ་འཁོར་སྲུང་གི་ཚིག་གི་དེ་ནས་སོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའོ། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་ཀྱང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་ཞེས་བྱ་བའོ། །འཇིག་རྟེན་མགོན་པོ་སྐྱབས་མཛད་པ། །འཇིག་རྟེན་ཀུན་ལ་ཕན་པར་མཛད། །ཅེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སྦྲུལ་པའི་སྐུས་ཁྱབ་སྟེ། དེ་རྣམས་ལ་བྱམས་པ་དང་སྙིང་རྗེས་གཟིགས་ནས་སྡུག་བསྔལ་ཐམས་ཅད་འཇོམས་པའི་ཐབས་ལ་མཁས་པའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། ཉོན་མོངས་པ་རྣམས་བཅོམ་ཞིང་དཔའ་བ་སྟེ། སྐུ་གསུང་ཐུགས་ཐམས་ཅད་མ་ལུས་པར་སངས་རྒྱས་པ་དེའི་ཆོས་བཞིན་གྲུལ་བུམ་བདག་ཅག་གིས་མཆིས་ཏེ། སེམས་ཅན་ལ་འཚེ་བར་མི་བྱེད་ཅིང་སྙིང་རྗེའི་སེམས་དང་ལྡན་པའོ། །གྲུལ་བུམ་ཡི་དགས་སྲུལ་པོ་རྣམས། །སྟོང་ཕྲག་དྲུག་ཅུ་རྩ་བཞི་ནི། །ཞེས་བྱ་བ་ནི། ལྷོ་ཕྱོགས་ན་གྲུལ་བུམ་གདོན་རིགས་མི་གཅིག་པ་འབྱུང་སྟེ། སྲུན་


DTG072_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་སྲུན་པོ་ཤ་སྟག་མང་པ་འདུས་པའོ། །ཁོར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས། །ཞེས་བྱ་བ་ནི་ཕྱོགས་ཕྱོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་གུས་པས་ཐལ་མོ་སྦྱར་བའོ། །བདག་ནི་རྒྱལ་པོ་འཕགས་སྐྱེས་པོ། །ལྷོ་ཕྱོགས་སྐྱོང་བར་བགྱིད་པ་སྟེ། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་རིག་སྔགས་ཀྱི་བཀའ་ལས་མི་འདའ་སྟེ། གང་ཟག་རིག་སྔགས་འཆང་བའི་དེ་ལ་ལྷོ་ཕྱོགས་སྐྱོང་བར་བྱེད་པའོ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །འབྱུང་པོ་རྒྱུ་བ་གཟི་བརྗིད་འཕྲོག །ཅེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་ཀྱིས་ཀྱང་བར་དུ་གཅོད་ཅིང་གཟི་བརྗིད་འཕྲོག་པ་སྟེ། དྲག་ཤུལ་གྱིས་ནི་གནོད་པ་བྱེད་པའོ། །གྲུལ་བུམ་ཡི་དགས་སྲུལ་པོ་རྣམས། །དེ་དག་བདག་གིས་བཟློག་པར་བགྱི། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་དང༌། རིག་སྔགས་ཀྱི་རྫུ་འཕྲུལ་གྱིས་གྲུལ་བུམ་གྱི་གདོན་བཟློག་པ་དང་སྦོད་གཏོང་དང༌། སྔགས་དང༌། རིག་པ་རྣམས་བཟློག་སྟེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོའི་རིག་པས་བཟློག་པའོ། །རིག་སྔགས་ཀྱི་རྒྱལ་མོའི་ངོ་བོ་ནི་གང་ཞེ་ན། ལས་ཀྱི་རིགས་ཀྱི་པདྨའི་རིགས་སོ། །རིག་སྔགས་འདིའི་མཚོན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་བདག་ཉིད་དོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཁམས་ནི་མེའི་ཁམས་སོ། །སྐྱེ་མཆེད་ནི་ལྕེ་སྟེ། ཡེ་ཤེས་ལྔའི་རང་བཞིན་ནོ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པ་ཕྱག་དྲུག་པ། སྐུ་མདོག་དམར་མོ། །ཕྱག་གཡས་པ་གཉིས་ན་རལ་གྲི་དང་པདྨ། གཡོན་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ། འོག་མའི་གཡས་གཡོན་གཉིས་ཀྱིས་མདའ་གཞུ་འགེངས་པའོ། །ཞབས་གཡས་བསྐུམ་པ། གཡོན་བརྐྱང་བ། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང་ཉི་མའི་འོད་ཟེར་དང་ལྡན་པ་སྟེ། ཅུང་ཟད་ཁྲོ་བོའི་ཚུལ་དུ་བཞུགས་པའོ། །རིག་སྔགས་དང་གསང་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། ཨ་


DTG072_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཨི་ལེ་ལེ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཕྱོགས་སྐྱོང་བར་གྱུར་ཅིག་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང༌། རིག་སྔགས་དང་གསང་སྔགས་ཀྱི་ཚིག་གིས་རིག་སྔགས་འཛིན་པའི་གང་ཟག་དང་སེམས་ཅན་ཐམས་ཅད་ལ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་རིག་སྔགས་ཀྱི་དམ་ལས་མ་འདའ་བར་བསྲུངས་བའོ། །གྲུལ་བུམ་དང་ཞེས་བྱ་བ་ལ་སོགས་པ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་ཀྱང་ལྷོ་ཕྱོགས་སྐྱོང་ཞིང་ནད་ཐམས་ཅད་འཇོམས་ཤིང་གྲུལ་བུམ་ལ་སོགས་པའི་ཡི་དགས་ཟློག་པར་བྱེད་ཅིང༌། རིག་སྔགས་འཆང་གི་གང་ཟག་ལ་སྐྱོང་བར་བྱེད་པའོ། །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལྷོ་ཕྱོགས་སྐྱོང་བར་མཆིས་ཏེ། དེ་ལ་བདག་གིས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའོ།། དེ་ལ་བདག་ཕྱག་འཚལ་ལོ་ཞེས་བྱ་བ་ནི། གྲུལ་བུམ་གྱི་གདོན་ལ་སོགས་པ་འབྱུང་པོ་རྣམས་ཀྱིས་ཕྱག་འཚལ་བའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། བདུད་བཞི་བཅོམ་ཞིང་སངས་རྒྱས་ཏེ། ཡེ་ཤེས་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་སྟེ། དེ་ལྟ་བུའི་ཡེ་ཤེས་ལྡན་པའི་སངས་རྒྱས་ལ་ཕྱག་འཚལ་ཞེས་བྱ་བའོ། །རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །ཅེས་བྱ་བ་ནི། ཉོན་མོངས་པ་རྣམས་འདུལ་ཞིང་འཇིག་རྟེན་གྱི་བྱ་བ་བོར་ནས་མུན་པའི་མུན་ནག་སེལ་ཏེ། དེ་ལྟ་བུའི་འཁོར་བ་བཞག་ནས་སངས་རྒྱས་ཏེ། ལུས་ངག་ཡིད་ཡང་དག་པར་རྫོགས་པའོ། །དེའི་ཡེ་ཤེས་ཀྱིས་ཀུན་ནས་ཀུན་དུ་ཉོན་མོངས་པ་རྣམས་ལ་སྤྲུལ་བའི་སྐུས་འཇིག་རྟེན་གྱི་ཁམས་ལ་ཁྱབ་སྟེ། དེ་རྣམས་ཀྱིས་འཇིགས་པ་ཐམས་ཅད་དང་བྲལ་བར་བྱེད་ཅིང་འཁོར་བའི་འཇིགས་པའི་ཐབས་ལ་མཁས་པའོ། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། ཉོན་མོངས་པ་ལྔ་བཅོམ་ཞིང་དཔའ་བ་སྟེ། ཕྱིན་ཅི་མ་ལོག་པ་ཡེ་ཤེས་ཐོབ་ཅིང༌། ཡང་དག་


DTG072_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་ལ་འདུད་པ་སྟེ། བདག་ཅག་གྲུལ་བུམ་གྱི་གདོན་ལ་སོགས་པའི་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་གཟི་བརྗིད་ཀྱིས་སེམས་ཅན་ལ་འཚེ་བར་མི་བྱེད་ཅིང་སྙིང་རྗེ་དང་ལྡན་པའོ། །དེ་ནས་ཞེས་བྱ་བ་ནི། འཕགས་སྐྱེས་པོའི་ཚིག་གི་དེ་ནས་སོ། །རྒྱལ་པོ་ཆེན་པོ་མིག་མི་བཟང༌། །ཐལ་སྦྱར་འདུག་སྟེ་སྨྲས་པ་ནི། །ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་དེ་ཡང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པའོ། །མུན་པར་གྱུར་པའི་འཇིག་རྟེན་ལ། །བཅོམ་ལྡན་ལམ་རྣམས་སྟོན་མཛད་པ། །ཞེས་བྱ་བ་ནི། མ་རིག་པའི་རྐྱེན་གྱིས་ཡེ་ཤེས་དེ་ཡང་ནུས་ཏེ། དེའི་ཡེ་ཤེས་བརྟན་པར་བྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བསྟེན་པའོ། །གཽ་ཏམ་དཔའ་བོ་ཁྱོད་ལ་ནི། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། བདུད་བཞི་བཅོམ་པས་ན་དཔའ་བོ་སྟེ། དེ་བཅོམ་ཞིང་ཡེ་ཤེས་ཐོབ་པ་སྟེ། བདག་ཅག་ཀླུ་རྣམས་ཀྱང་སེམས་ཅན་གྱི་དོན་བྱེད་ཅིང་སྙིང་རྗེ་ལ་གནས་པའོ། །འཇིག་རྟེན་དག་ན་ཉི་ཟླ་འདྲ། །རིན་ཆེན་སྙིང་པོ་སྟོབས་པོ་ཆེ། །ཞེས་བྱ་བ་ནི། རང་གི་ཡེ་ཤེས་ཤར་ཏེ། དེའི་ཡེ་ཤེས་ཀྱང་ཐམས་ཅད་ལ་ཁྱབ་པའོ། །དེ་བཞིན་དུ་ཉི་ཟླ་ཡང་རང་གི་འོད་ཟེར་གྱིས་སྣང་བའོ། །དེའི་འོད་ཟེར་ཐོབ་ཅིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ཡང༌། འཇིག་རྟེན་གྱི་ཁམས་སོ། །ཀླུ་དང་མཁའ་ལྡིང་གསང་བ་པ། སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་མིག་མི་བཟང་དང༌། ཀླུའི་གདོན་ས་བདག་ལ་སོགས་པ་ནུབ་ཕྱོགས་ནས་མང་པོ་འདུས་ཏེ། དེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ། །ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས། །ཐལ་མོ་སྤྱར་ཏེ་འཁོད་གྱུར་ལགས། །ཞེས་བྱ་བ་ནི། གདོན་དེ་རྣམས་ཀྱིས་ཀྱང༌། དུར་ཁྲོད་བསིལ་བའི་ཚལ་ལ་བཅོམ་ལྡན་འདས་ག་ལ་བ་དེར་ཕྱོགས་བཞི་ནས་བསྐོར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་ཞུ་བ་


DTG072_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བའོ་ཞེས་བྱ་བའོ། །བདག་ནི་རྒྱལ་པོ་མིག་མི་བཟང༌། །ནུབ་ཕྱོགས་སྐྱོང་བར་བགྱིད་པ་སྟེ། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་ཀྱང་ཀླུའི་གདོན་སྲུང་བའི་དོན་དུ། ནུབ་ཕྱོགས་སྐྱོང་བར་བགྱིད་དོ་ཞེས་བྱ་བའོ། །འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། །ཀླུ་དང་མཁའ་ལྡིང་གསང་བ་པ། ཞེས་བྱ་བ་ནི། །བཅོམ་ལྡན་འདས་ག་ལ་བ་དེར་རྒྱལ་པོ་མིག་མི་བཟང་དང༌། སྲིན་པོའི་གདོན་དང༌། ས་བདག་ལ་སོགས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས། སེམས་ཅན་རྣམས་ལ་གནོད་པར་བགྱིད་དོ་ཞེས་པའོ། །ལྷ་མིན་དབང་པོ་སྟོབས་པོ་ཆེ། །དེ་དག་བདག་གིས་བཟློག་པར་བགྱི། །ཞེས་བྱ་བ་ནི། ས་བདག་གི་གདོན་ལ་སོགས་པ། གསང་བ་པོ་དང་ཀླུ་རྣམས་ཀྱང་རིག་སྔགས་ཀྱི་དམོད་མོས་གནོད་པར་བྱེད་པའི་གདོན་དང༌། སྤོད་གཏོང་དང༌། སྔགས་དང༌། གཞན་གྱི་རིག་པ་དང༌། དེ་རྒྱལ་པོ་མིག་མི་བཟང་གིས་ཀྱང་དེ་རྣམས་ཟློག་པར་བྱེད་པའོ། །རིག་སྔགས་ཀྱི་རྡོ་རྗེ་ནི་གང་ཞེ་ན། ལས་ཀྱི་རིགས་ཀྱི་རྡོ་རྗེའི་རིག་མ་སྟེ། མཚོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོའི་བདག་ཉིད་དོ། །ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ཁམས་ནི་ནམ་མཁའི་ཁམས་སོ། །སྐྱེ་མཆེད་ནི་ཡིད་ཀྱི་སྐྱེ་མཆེད་དོ། །རང་བཞིན་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པ། ཕྱག་དྲུག་པ། སྐུ་མདོག་མཐིང་ག །ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ཞགས་པ་རྡོ་རྗེ་རྒྱ་གྲམ། དེའི་འོག་མ་གཉིས་མདའ་གཞུ་འགེངས་པའོ། །ཞབས་གཡས་བསྐུམ་པ། གཡོན་བརྐྱང་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང་ཉི་མའི་འོད་དང་ལྡན་པ། ཁྲོ་བོའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་གསང་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། ཊ་ཀ་གེ་ཊ་ཀ་གེ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་མིག་མི་བཟང་ཕྱོགས་སྐྱོང་


DTG072_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཅིག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བཀའ་དང༌། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། རྒྱལ་པོ་སྤྱན་མི་བཟང་གིས་ཀྱང༌། ནུབ་ཕྱོགས་སྐྱོང་ཞིང་སེམས་ཅན་གྱི་དོན་མཛད་པའོ། །ཀླུ་དང་ཞེས་བྱ་བ་ལ་སོགས་པ་ནི། ཀླུའི་གདོན་རྣམས་ཀྱིས་ཀྱང་ནད་སྣ་ཚོགས་བཏང་ཞིང་སེམས་ཅན་རྣམས་ལ་གནོད་པ་སྐྱེལ་ཞིང་སྲོག་གཅོད་པ་སྟེ། དེའི་གཟི་བརྗིད་འཕྲོག་འདོད་པ་དང༌། རིག་སྔགས་ཀྱི་དམོད་མོས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གིས་དེ་རྣམས་འཇོམས་པར་བྱེད་པའོ། །ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནི། ནུབ་ཕྱོགས་ཀྱི་རྒྱལ་པོ་སྤྱན་མི་བཟང་དང༌། ཡང་དག་ཐབས་ཅིག་ཏུ་གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ། ཁ་དོག་དང་ལྡན་ཞིང་རྫུ་འཕྲུལ་དང་ལྡན་ཏེ། ལྷ་དང་ལྷ་མ་ཡིན་གྱི་རྩོད་པ་ལ་ཡང་རྩོད་པར་ནུས་པ་དེ་རྣམས་ལ་ཡང་བདག་གིས་སྐྱབས་སུ་མཆི། དེ་ལ་བདག་ཕྱག་འཚལ་ལོ་ཞེས་བྱ་བ་ནི། ཀླུའི་གདོན་དང༌། གསང་བ་པོ་རྣམས་ཀྱིས་ཕྱག་འཚལ་བའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། བཞི་བཅོམ་ཞིང་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཁྱབ་ཅིང་ཐུགས་རྗེའི་སྤྱན་གྱིས་ལྟ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞེས་བྱ་བའོ། །རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །ཅེས་བྱ་བ་ནི། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་དེ་ཉིད་སྤངས་པའོ། །སྐུ་དང་གསུང་དང་ཐུགས་རྫོགས་པས་ན་རྫོགས་པ་སྟེ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ནས་སངས་རྒྱས་པའོ། །གཽ་ཏམ་ཡང་བདག་ཅག་གིས་ཀྱང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང༌། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དང་གདོན་དེ་རྣམས་ཀྱིས་ཀྱང་སྙིང་རྗེ་དང་ལྡན་ཞིང༌། སེམས་ཅན་གྱི་དོན་མཛད་པའོ། །དེ་ནས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གི་ཚིག་གིས་དེ་ནས་སོ། །རྒྱལ་པོ་ཆེན་པོ་བཞི་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཞེས་བྱ་བ་ནི། འཇིགས་སུ་རུང་བ་དུར་ཁྲོད་བསིལ་བའི་ཚལ་གྱི་ནང་དུ་ཡུལ་འཁོར་


DTG072_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་དང༌། འཕགས་སྐྱེས་བོ་དང༌། སྤྱན་མི་བཟང་དང༌། ལུས་ངན་པོ་དང༌། རྒྱལ་པོ་བཞི་པོ་དག་གིས་བཅོམ་ལྡན་འདས་གལ་བ་དེར་བཅོམ་ལྡན་འདས་ལ་བསྐོར་ནས། བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའོ། །བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང༌། བསྐོར་བ་ལན་གསུམ་བྱས་ནས་ཡང་ནས་ཡང་དུ་ཕྱག་འཚལ་བའོ། །གྲོས་མཐུན་པ་དང༌། ཚིག་མཐུན་པ་དང༌། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། རྒྱལ་པོ་དེ་དག་གིས་དབྱངས་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའི་ཚིག་གོ །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་རྒྱལ་པོ་ཆེན་པོ་བཞིས་གསུངས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། དེ་བཞིན་དུ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཤཱཀྱ་ཐུབ་པས་གསུངས་ཏེ། གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང་ལྡན་པ། ཐབས་ཤེས་རབ་གཉིས་སུ་མེད་ཅིང༌། འཁོར་བ་བཅོམ་པ། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་ཡི་དམ་དུ་བཟུང་བའོ། །འཁོར་བཞི་པོ་རྣམས་ལ་ཡོངས་སུ་ཁྱབ་པ་ལགས་སོ་ཞེས་བྱ་བ་ནི། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་ལྷ་དང༌། མི་དང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་དང༌། རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས། བསྲུང་བ་དང་ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཡོངས་སུ་ཞི་བ་དང༌། མཚམས་གཅད་པ་དང༌། དུག་གསད་པ་དང༌། དུག་ཞི་བ་དང༌། ཆད་པ་གཅོད་པ་དང༌། བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའོ། །གནོད་སྦྱིན་དང་སྲིན་པོ་ནས་གནོད་པ་བགྱིད་པའི་བར་དུ་ཟློག་པར་བགྱིད་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱི་མཐུས་མ་རུངས་པའི་འབྱུང་པོ་རྣམས་དང༌། སྔགས་དང་ཕྱག་རྒྱ་དང༌། གཞན་གྱི་སྦོད་གཏོང་གཏང་བ་དང༌། རིག་པ་དང༌། ཁྲག་ཁྲུག་དང༌། དུས་མ་ཡིན་པར་འཆི་བ་རྣམས་


DTG072_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའོ། །དེ་ཡང་རྒྱལ་པོ་བཞིས་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་བཟློག་པའོ། །འཁོར་བཞི་པོ་རྣམས་ལ་སྲུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི། བདེ་བར་གནས་ཤིང་ཡང་དག་པའི་ཡེ་ཤེས་ཐོབ་སྟེ། གལ་ཏེ་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ན། རིག་པ་འདི་དང་མ་བྲལ་ཞིང་ནམ་སྐྱེ་བའི་དུས་སུ་དྲན་པར་འགྱུར་ཞིང༌། བདེ་བ་ཕུན་སུམ་ཚོགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་དེ་བཞིན་དུ་སྲུང་བ་དང༌། སྐྱོབ་པ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ནི། དེ་དག་ནི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། བྱམས་པ་དང༌། སྙིང་རྗེ་དང༌། བཏང་སྙོམས་ཀྱིས་ཁྱབ་པའི་སེམས་ཀྱིས་སེམས་ཅན་གྱི་དོན་ལ་རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པའོ། །ཀྱེ་རྒྱལ་པོ་ཆེན་པོ་དག །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་བཟུང་ཟིན་ནོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་བྱིན་གྱིས་བརླབས་ནས་རིག་སྔགས་འཛིན་དུ་བཅུག་པ་དང༌། དྲན་པར་བྱེད་པ་དང༌། རིག་སྔགས་ཀྱི་ཚིག་རྒྱལ་པོ་ཆེན་པོ་བཞིའི་ཞལ་ནས་སྨྲས་པར་བགྱིད་པའོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་ངས་ཡོངས་སུ་བཟུང་ཟིན་ནོ་ཞེས་བྱ་བ་ནི། བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདི་དག་ཐུགས་ལ་བཟུང་སྟེ། དེ་བཞིན་དུ་གསུང་དང་སྐུས་ཀྱང་ཡིན་ནོ། །དེ་བས་ན་ཡོངས་སུ་བཟུང་ངོ་ཞེས་བྱ་བའོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ཅེས་བྱ་བ་ནི། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཡང་ནས་ཡང་དུ་བཀའ་སྩལ་བའོ། །གཞན་ཡང་ངས་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་རྗེས་སུ་ཡི་རང་བའི་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་འོད་སྲུངས་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་རྗེས་སུ་ཡི་རང་ཞིང༌། འདི་གསུངས་པའོ། །དེ་བཞིན་དུ་མ་འོངས་པ་རྣམས་ཀྱང་གསུང་བར་འགྱུར་ཏེ། དེ་ཡང་བྱམས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་བའོ། །ད་ལྟར་བདག་གིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །རིག་སྔགས་


DTG072_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་མོ་ཆེན་མོ་བརྗོད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིང་དང་ངས་བརྗོད་དོ་ཞེས་བྱ་བ་ནི། གཉུག་མའི་རང་བཞིན་གཞན་གྱི་དྲི་མས་མ་གོས་པ་སྟེ། རང་བཞིན་མེད་ཅིང་རྣམ་པར་དག་པ། སྲིད་པ་དང༌། མྱ་ངན་ལས་འདས་པ་མེད་ཅིང་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། དེ་ལྟ་བུའི་རིག་པ་ཉོན་མོངས་པ་རྣམས་ཀྱིས་ཟུང་ཤིག་བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེས་བྱའོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ཞེས་བྱ་བ་ནི། གཉུག་མའི་རང་བཞིན། སྟོང་པ་ཉིད་ཀྱི་དོན་འདི་རྒྱལ་པོ་ཆེན་པོ་བཞིས་ཀྱང་བཟུང་ནས། འཁོར་བ་ན་འཁྱམས་ནས་ཡོད་པ་ཉོན་མོངས་པ་རྣམས་ལ་སྟོན་པར་བགྱིད་དོ་ཞེས་བྱ་བའོ། །རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་བཀའ་ལ་མཉན་ཏོ་ཞེས་བྱ་བ་ནི། རིག་སྔགས་འདིའི་ཆོ་ག་ནི་ངོ་བོ་དང་བྲལ་ཞིང་རང་བཞིན་མེད་དེ། དེ་ལྟ་བུའི་ཡེ་ཤེས་ཀྱི་ཚིག་ནི་མཉན་ཏོ་ཞེས་བྱ་བའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་ལས་ཀྱི་རིགས་ལྔ་བཤད་པའི་གནས་སྐབས་ཏེ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་ལ་གཏད་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱི་ཕྱག་རིན་པོ་ཆེ་གཡས་པས་ན་བཟའ་ཆོས་གོས་ཕྱེ་ནས་འབྱུང་པོའི་ཚོགས་དེ་དག་ལ་བཀའ་སྩལ་ཏོ་ཞེས་བྱ་བ་ནས། རྡོ་རྗེ་སེང་གེའི་པདྨ་ཆེན་པོའི་ཁྲི་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ་བཤིག་ནས། སྐྱབས་སྦྱིན་གྱི་ཕྱག་རྒྱ་བསྟན་པའོ། །ཆོས་གོས་དེ་ཕྱེ་བའི་རྒྱུ་མཚན་ནི། ཅིའི་ཕྱིར་ཞེ་ན། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང༌། འབྱུང་པོ་རྣམས་རླག་པར་བྱེད་པའོ། །དེའི་ཕྱིར་ན་ཆོས་གོས་ཕྱེ་བ་ཞེས་བྱ་བའོ། །རིན་ཆེན་ཕྱག་གིས་སྐྱབས་སྦྱིན་བསྟན་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་ཡོད་དེ། དེ་ལྟ་བུའི་ཆོས་ཀྱི་ཉམས་མྱོང་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང༌། སྡིག་ཅན་བདུད་ཀྱི་རིག་སྔགས་ལ་མི་འཇིགས་པ་བསྟན་པའོ། །སོར་མོ་རེ་རེ་ལ་ཡང་འོད་ཟེར་སྣ་ཚོགས་དང་ལྡན་པ་འོད་ཟེར་དེ་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་ཡོད་དེ། ཡེ་ཤེས་ལྔ་ནི་ཕུང་པོ་ལྔ་སྟེ། ཕུང་པོ་ལྔ་ནི་རིགས་ལྔ། རིགས་ལྔ་ནི་ཁམས་ལྔ།


DTG072_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལྔ་པོ་དེ་ཡང་སྟོང་པ་ཉིད་དུ་བསམ་མོ། །དེ་ལྟ་བུའི་ཕྱག་རྒྱ་འབྱུང་པོ་རྣམས་ལ་སྟོན་པའོ། །བསམ་གྱིས་མི་ཁྱབ་པའི་རིག་སྔགས་འདི་བཀའ་སྩལ་པའོ། །ངས་འདི་བསྟན་པར་བྱའོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རང་བཞིན་གྱི་ཡེ་ཤེས་ངོ་བོ་ཉིད་ནས་དག་པ་སྟེ། དངོས་པོ་མེད་པའི་རང་བཞིན་བརྗོད་དུ་མེད་པ། ངག་གིས་འདི་ཡིན་ཞེས་བྱ་བར་བརྗོད་པར་མི་ནུས་སོ། །རིག་སྔགས་ཀྱི་ཕྱག་རྒྱའི་ཕྱག་རྒྱ་དེ་ནི་རྣམ་ཐོས་ཀྱི་བུ་ལ་བསྟན་ཏེ། དེ་ཡང་རྒྱལ་པོ་བཞིའི་གཙོ་བོ་ནས་ཡིན་ནོ། །ཐམས་ཅད་ལ་གོ་བར་བྱའོ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། དེ་ལྟ་བུའི་སེམས་ཅན་རྣམས་ཀྱིས་གོ་བར་བྱེད་པའོ། །དེ་ནས་ཞེས་བྱ་བ་ནི། རྒྱས་པར་བཤད་པ་དེ་ནས་སོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིག་སྔགས་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཧཱུཾ་གི་ཡི་གེ་ལས་འོད་ཟེར་སྣ་ཚོགས་འཕྲོས་ཏེ། འོད་ཟེར་སྣ་ཚོགས་དེ་ཡང་འགྲོ་བ་རིགས་དྲུག་གི་དོན་བྱས་ཏེ། འོད་སྣ་ཚོགས་དེ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུཾ་ལ་ཐིམ་མོ། །ཧཱུཾ་དེའི་ཡི་གེས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་རྡོ་རྗེའི་རིགས་སུ་སྣ་ལ་འཕྲོས་པའོ། །དེའི་ཐུགས་ཀ་ནས་ཀྱང་ཧཱུཾ་གི་ཡི་གེ་ལས་འོད་ཟེར་སྣ་ཚོགས་སྣང་བའོ། །རིག་སྔགས་འདི་ནི་ཞལ་བཞི་པ། ཕྱག་བཅུ་གཉིས་པ། སྐུ་མདོག་ནག་མོ་ཁྲོ་མོའོ། །དབུ་སྐྲ་སེར་པོ་གྱེན་དུ་འབར་བ། ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ། དབུ་ལ་རྡོ་རྗེའི་མཚན་མ་དང་ལྡན་པ། སྤྱན་གསུམ་པ། ཞལ་གཡས་དམར་པོ། གཡོན་ལྗང་གུ་།རྒྱབ་དམར་པོའོ། །ཞལ་བཞི་ཡང་མཆེ་བ་གཙིགས་པ། ཁྲོ་གཉེར་དང་ལྡན་པ། རྒྱན་ཐམས་ཅད་ནི་སྤྲུལ་གྱིས་བརྒྱན་པ། ཕྱག་དང་པོའི་གཡས་གཡོན་གྱིས་རྡོ་རྗེ་སྙིང་གར་འཛིན་ཅིང༌། གཡོན་གྱིས་དྲིལ་བུ་དཀུར་བརྟེན་ཞིང་གནས་པའོ། །དེའི་འོག་མ་གཡས་གཡོན་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དབུ་སྟེང་དུ་མཛད་པའོ། །གཡས་པ་གསུམ་ན་རྡོ་རྗེ། བཞི་པ་ན་རལ་གྲི་།ལྔ་པ་ན་འཁོར་ལོ། །གཡོན་པ་


DTG072_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་རིན་པོ་ཆེ། བཞི་པ་ན་ཞགས་པ། ལྔ་པ་ན་ལྕགས་ཀྱུ་དེའི་འོག་མ་གཡས་གཡོན་གྱིས་མདའ་གཞུ་འགེངས་པའོ། །ཐབས་ཤེས་རབ་ངོ་བོ་ཉིད་དུ་བཞུགས་པ། རྡོ་རྗེ་སེམས་དཔའི་རང་བཞིན་མི་བསྐྱོད་པས་རྒྱས་བཏབ་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཡང་སྒྱུ་མ་ལྟ་བུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བརྒྱན་པའོ། །དེ་གཉིས་ཀྱི་རང་བཞིན་གྱི་ཡེ་ཤེས་ལྔ་རྒྱས་བཏབ་པའོ། །མཚོན་པ་ནི་ཡེ་ཤེས་ལྔ་ཡིན་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོའོ། །ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཁམས་ནི་ནམ་མཁའི་ཁམས། སྐྱེ་མཆེད་ནི་ཡིད་ཀྱི་སྐྱེ་མཆེད། ཞབས་ཕྱེད་སྐྱིལ་དུ་བཞུགས་ཤིང༌། ཀླུ་ཕོ་མོ་དང༌། གནོད་སྦྱིན་ཕོ་མོ་མནན་པ། པདྨ་དང་ཟླ་བ་ཉི་མའི་གདན་ལ་བཞུགས་ཤིང༌། བསྐལ་བའི་མེ་ལྟར་འབར་བའི་འོད་དང་ལྡན་ཞིང༌། མ་རིག་པའི་མུན་པ་ཐམས་ཅད་སྲེག་པའོ། །རིག་སྔགས་ཀྱི་རྡོ་རྗེའི་སྙིང་པོ་ནི་གང་ཞེ་ན། འདིར་བསྟན་པ་སྟེ། གང་གིས་བསྟན་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བསྟན་པའོ། །དེ་ཡང་རྡོ་རྗེའི་སྙིང་པོའོ། །ཧི་ལཱི་ཧི་ལཱི་བྷི་ས་ནི་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་འདི་བཀའ་སྩལ་པ་ན་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདིའི་གཟི་བརྗིད་དང་སྟོབས་དང༌། དཔའ་བས་འདིའི་གསང་སྔགས་བཤད་མ་ཐག་ཏུ་ས་གཡོ་བ་དང༌། སྒྲ་ཆེན་པོ་བྱུང་བའོ། །ས་ནི་ཀུན་དུ་གཡོས་ཞེས་བྱ་བ་ནི། རྣམ་པ་དྲུག་ཏུ་གཡོས། ཇི་བཞིན་དུ་གཡོས་ཤེ་ན། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་ཆེམ་ཆེམ་རབ་ཏུ་ཆེ་མ། ཀུན་དུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར། ཀུན་དུ་རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་དུ་རབ་ཏུ་ཤིག་ཤིག་སྟེ། ལྟས་ཆེན་པོ་བཅོ་བརྒྱད་བྱུང་བའོ། །དེས་ནས་ནི་ཀུན་དུ་གཡོས་ཞེས་བྱའོ། །རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ས་དེས་ཀྱང་མི་ཐེག་ཅིང་གཡོས་པའོ། །འབྱུང་པོ་ཐམས་ཅད་ནི་རབ་ཏུ་


DTG072_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འདར་ནས་ཞེས་བྱ་བ་ནི། སྐང་ཀྱང་སྨྲ་བར་མི་ནུས་ཤིང༌། ལུས་ཀྱང་འཐོམས་ནས་བ་སྤུ་ཡང་གྱེན་དུ་ལོག་སྟེ། འཇིགས་པར་བྱས་ནས་འབྲོས་པའི་ཚུལ་དུ་བསྟན་ཏོ། །ཀྱེ་མ་ཀྱི་ཧུད་ཀྱེ་མ་སྡུག་བསྔལ་སྒྲ་ཆེན་པོ་བྱུང་ངོ་ཞེས་བྱ་བ་ནི། འབྱུང་པོའི་ཚོགས་རྣམས་ཀྱང་རབ་ཏུ་འཇིགས་ནས་འབྱུང་པོ་རྣམས་རླག་པར་བྱེད་དོ་སྙམ་ནས་སྐད་ཆེན་པོ་བཏོན་ཏོ། །ཡང་ནས་ཡང་དུ་སྐད་ངན་ཆེན་པོ་བཏོན་ཏོ། །སྲིན་པོ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་ཏེ་ཞེས་བྱ་བ་ནི་འབྱུང་པོ་དང་བཅས་ཤིང༌། བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའོ། །འདི་ལྟར་ཡང་དག་རྫོགས་སངས་རྒྱས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་ལམ་ནས་ཀྱང་སངས་རྒྱས་ཏེ། དེ་བཞིན་དུ་བསྐལ་པ་གྲངས་མེད་པའི་སྔོན་དུ་ཚོགས་བསགས་ཏེ། ཚོགས་བསགས་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་སྟེ། མཉམ་པ་ཉིད་ཀྱིས་སེམས་ཅན་ཀྱི་དོན་ན་ཛད་པའོ། །འབྱུང་པོ་ཀུན་འཇིགས་ཉེན་པ་ཡི། །རིག་སྔགས་འདི་འདྲ་གསུང་བར་མཛད། །ཅེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོས་མ་རུངས་པའི་འབྱུང་པོ་རྣམས་ཀྱང་བཅོམ་ཞིང་ཐལ་བར་རློག་པ་སྟེ། དེ་ལྟ་བུའི་གཟི་བརྗིད་ཆེ་བའི་རིག་སྔགས་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པའོ། །དེ་ནས་ཀུན་མཁྱེན་སྟོན་པ་པོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །ཞེས་བྱ་བ་ནི། དེ་ནས་ནི་མཚམས་སྦྱོར་བའི་དེ་ནས་སོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་ཏེ། དེ་ཡང་སེམས་ཅན་རིགས་མི་གཅིག་པས་ཐེག་པ་སྣ་ཚོགས་བསྟན་པ་སྟེ། འཁོར་བའི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པའོ། །གནོད་སྦྱིན་སྲིན་པོ་དྲི་ཟ་དང༌། །ཀླུ་དང་མཁའ་ལྡིང་གསང་བ་པ། །ཞེས་བྱ་བ་ནི། སེམས་ཅན་ལས་ཀྱི་འབྲས་བུ་མི་གཅིག་པས། འབྱུང་པོའི་ལུས་སུ་གཞན་ལ་གནོད་པའི་སེམས་དང་ལྡན་པར་སྐྱེས་ཏེ། དེ་ཡང་ཡི་དགས་དང། བྱོལ་སོང་གི་ལུས་སུ་སྐྱེས་པའོ། །འབྱུང་པོ་རྒྱུ་བ་གཟི་བརྗིད་འཕྲོག །གྲུལ་བུམ་ཡི་དགས་སྲུལ་པོ་དང༌། །ཞེས་བྱ་བ་ནི། རྒྱུ་བ་དང་སེམས་ཅན་ཕྲད་པར་གྱུར་ན། གཏི་མུག་དང་ཞེ་སྡང་ཡོད་པས། སེམས་ཅན་རྣམས་ལ་གཟི་བརྗིད་འཕྲོག་སྟེ། སྙིང་རྗེའི་སེམས་


DTG072_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ལྡན་པའོ། །ལྷ་མིན་གཤེད་བྱེད་རོ་ལངས་དང༌། །བརྗེད་བྱེད་དང་ནི་མི་འམ་ཅི། །ཞེས་བྱ་བ་ནི། དེ་རྣམས་ལ་བཟའ་བ་མེད་ཅིང་སྐོམ་པའི་སྦྱིན་པ་མ་བཏང་ཞིང་ཁྲོ་བ་སྟེ། ལ་ལ་ཡང་མཆོད་རྫས་ལ་སོགས་པ་ཟ་བར་ཡོད་པ་ནི་སྦྱིན་པ་གཏོང་ཞིང་ཁྲོ་བར་བྱས་པའོ། །སྐེམས་བྱེད་དང་ནི་རིམས་དྲག་དང༌། །དེ་བཞིན་བྲམ་ཟེ་སྲིན་པོ་དང༌། །ཞེས་བྱ་བ་ནི། གཞན་ལ་གྲགས་པ་འདོད་པས། སེམས་ཅན་གྱི་སྲོག་གཅོད་ཅིང༌། སྦྱིན་པ་ཟད་པ་མེད་པ་བཏང་སྟེ། དེའི་འབྲས་བུས་ཀྱང་སྲིན་པོ་ལ་སོགས་པར་སྐྱེ་ཞིང་སྙིང་རྗེ་མེད་པའོ། །སྨྱོ་བྱེད་རིམས་ནད་ཞག་གསུམ་པ། །དེ་བཞིན་ཞག་ནི་བཞི་པ་རྣམས། །ཞེས་བྱ་བ་ནི། འབྱུང་པོ་དང༌། འབྱུང་པོ་མ་ཡིན་པ། རིམས་དེ་དག་ཀྱང་རིག་སྔགས་ཀྱིས་འཇོམས་ཤིང་འབྱུང་པོ་དེ་རྣམས་ཀྱང་རིག་སྔགས་ཀྱི་དམོད་མོས་འཇོམས་པ་སྟེ། གཞན་ཡང་ནད་རླུང་དང༌། བད་ཀན་དང༌། མཁྲིས་པ་ལས་གྱུར་པ་བཞི་བརྒྱ་བརྒྱད་ཅུ་རྩ་བཞི་ཡང་འཇོམས་པའོ། །སྐྲག་ཅིང་རབ་ཏུ་འདར་གྱུར་ཏེ། །ཕྱོགས་བཅུར་རྒྱུག་པ་གཟིགས་ནས་ཀྱང༌། །ཞེས་བྱ་བ་ནི། འབྱུང་པོའི་ཚོགས་རྣམས་ཀྱང་རིག་སྔགས་ཀྱི་གཟི་བརྗིད་མཐོང་བས་འཇིགས་ཤིང་སྐྲག་པ་སྟེ། ཕྱོགས་བཞི་ནས་ཀྱང་འབྲོས་པར་འགྱུར་རོ། །དེ་དག་ལ་ནི་ཐུགས་བརྩེའི་ཕྱིར། །རིག་སྔགས་འདི་ནི་རྗོད་པར་མཛད། །ཅེས་བྱ་བ་ནི། དེ་དག་ཀྱང་ལས་ཀྱི་འབྲས་བུས་སྐྱེས་ཏེ། དེ་ཡང་སངས་རྒྱས་ཐུགས་རྗེའི་སེམས་ཀྱིས་སེམས་ཅན་ལ་འབྲོས་པར་འགྱུར་རོ། །དེ་དག་ཀྱང་ལས་ཀྱི་འབྲས་བུས་སྐྱེས་ཏེ། དེ་ཡང་སངས་རྒྱས་ཐུགས་རྗེའི་སེམས་ཀྱིས་སེམས་ཅན་ལ་མཉམ་པ་ཉིད་དུ་ཁྱབ་སྟེ། དེ་ཡང་རིག་སྔགས་ཀྱི་ངོ་བོ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཐབས་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཏེ། ཕུང་པོ་ནི་གཟུགས་ཀྱི་ཕུང་པོའོ། །ཁམས་ནི་སའི་ཁམས་ཏེ། སྐྱེ་མ་ཆེད་ནི་མིག་གི་སྐྱེ་མཆེད་དོ། །ཡེ་ཤེས་ལྔ་དང་ལྡན་ཞིང༌། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་


DTG072_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བརྒྱན་པའོ། །ཞལ་བཞི་པ། ཕྱག་བརྒྱད་པ། སྐུ་མདོག་དཀར་མོ་ཞལ་གཡས་མཐིང་ག །གཡོན་ལྗང་གུ་།རྒྱབ་དམར་པའོ། །དབུ་ལ་འཁོར་ལོས་བརྒྱན་པའོ། །ཞི་བའི་གཟུགས་ཅན་མའོ། །ཕྱག་གཡས་དང་པོ་ན། སྙིང་གར་རྡོ་རྗེ་བརྟེན་ཞིང༌། གཡོན་དྲིལ་བུ་དཀུ་ལ་བརྟེན་པའོ། །དེའི་འོག་མ་གཡས་པ་གསུམ་ན་རལ་གྲི་དང༌། འཁོར་ལོ་དང༌། དགྲ་སྟའོ། །དེ་བཞིན་དུ་གཡོན་པ་གསུམ་ན། ཞགས་པ་དང༌། རྩེ་གསུམ་དང༌། དུང་བསྣམས་པའོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང༌། པདྨ་དང་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །རིག་སྔགས་བསིལ་བའི་ཚལ་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་གང་ཞེ་ན། འདི་ལྟ་སྟེ། རིག་སྔགས་དང་གསང་སྔགས་ཀྱི་ཚིག་གོ །ཧི་རི་མ་ཁ། ཏི་རི་ཁ་ཁ་ཀ་ཊ་མ་ཊཱ་ལ་སོགས་པའོ། །གསང་སྔགས་ཆེན་མོའི་རིག་སྔགས་ཆེན་མོ་འདི་ལས་འགལ་བར་མ་བྱེད་ཅིག་ཅེས་བྱ་བ་ནི། འབྱུང་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་རིག་སྔགས་ལས་འགལ་བར་བྱེད་པར་གྱུར་ན་ཚེ་འདི་ལ་ཡང་སྡུག་བསྔལ་དྲག་པོ་ཐོབ་ཅིང༌། ཕྱི་མ་ལ་ཡང་དམྱལ་བར་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་གི་ཆོས་ལ་ཡང་དག་པར་རྟོགས་ཤིག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ལ་མི་བདེན་པ་མི་མངའ་སྟེ། དེ་བཞིན་དུ་རིག་སྔགས་ཀྱི་གཟི་བརྗིད་ཀྱང་བསམ་གྱིས་མི་ཁྱབ་པའོ། །ཁྱེད་ཀུན་ལུས་ཞིག་སྟེ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱི་བཀའ་ལས་འདས་ཤིང༌། རིག་སྔགས་ལ་སྨྲ་བར་གྱུར་ན། མགོ་བོ་དང་ལུས་ཚལ་བ་བརྒྱར་འགས་ཤིང༌། ཨ་རྫ་ཀའི་མཉྫ་ར་བཞིན་དུ་འགས་ཏེ། ཚེ་འདི་ལ་ཡང་ནད་ཀྱི་སྡུག་བསྔལ་ཆེན་པོ་ཐེབ་པར་འགྱུར་རོ། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ཞིང་འཁོར་བར་འགྲོ་བ་རེ་ཞེས་བྱ་བ་ནི། སངས་རྒྱས་དང་རིག་སྔགས་ཀྱི་བཀའ་ལས་འདས་པའི་འབྱུང་པོ་རྣམས་ནི། ཤི་འཕོས་མ་ཐག་ཏུ་མདའ་འཕངས་པ་བཞིན་དུ་མནར་མེས་སྲེག་སྟེ། གལ་ཏེ་དམྱལ་བ་དེ་ནས་


DTG072_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་ན་ཡང་དམྱལ་བ་གཞན་དུ་ཡང་ནས་ཡང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། རྒྱས་པར་བཤད་པའི་དེ་ནས་སོ། །རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་རྒྱལ་མོ་སྔོན་མ་ཐོས་པ་འདི་ཐོས་ནས་ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་བཅོམ་པ། སྟོང་པ་ཉིད་ཀྱི་རང་བཞིན། ཐབས་ལ་མཁས་པ། འབྱུང་པོ་ཐམས་ཅད་ཀྱི་གཉེན་པོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ། སེམས་ཅན་རྣམས་ལ་ཁྱད་པར་འཕགས་པ་འདི་ཐོས་པའོ། །སྐྲག་ཅིང་སྡངས་ཏེ། མི་དགའ་ལ་སྐྱི་བུང་ཞེས་བྱེད་ནས། ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི། རིག་སྔགས་ཀྱི་དམོད་མོས་རྒྱལ་པོ་ཆེན་པོ་བཞི་ཡང་མདོག་ཤོར་ཞིང་བ་སྦུ་རྣམས་ཀྱང་གྱེན་དུ་ལོག་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དད་པ་སྐྱེས་ནས་ཐལ་མོ་སྦྱར་བའོ། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་གྲོས་མཐུན་པ་དང་ཚིག་མཐུན་པ་དང་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་དེ་རྣམས་ཀྱིས་ཀྱང༌། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱག་འཚལ་ཞེས་བྱ་བའོ། །སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་དབྱངས་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའོ། །སྡང་བའི་འབྱུང་པོ་ཟད་བགྱིད་པ། །རིག་སྔགས་འདི་ནི་ལེགས་པར་གསུངས། །ཞེས་བྱ་བ་ནི། སྡིག་ཅན་བདུད་ཀྱི་རིགས། སེམས་ཅན་རྣམས་ལ་གནོད་པར་བྱེད་པ་རྣམས། རིག་སྔགས་ཀྱི་དམོད་མོས་རླག་པར་བྱེད་པའོ། །དངོས་པོ་མེད་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པའོ། །མི་ཡི་འཇིག་རྟེན་བདེ་བགྱིད་པའི། །རིག་སྔགས་བདག་ཅག་བརྗོད་པར་འཚལ། །ཞེས་བྱ་བ་ནི། རིག་སྔགས་འདི་འཆང་བ་རྣམས་བསྲུང་བ་དང༌། སྦ་བ་དང༌། བསྐྱབ་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་ཞིང༌། སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པའོ། །དེ་ལ་རིག་སྔགས་འདི་ལགས་ཏེ། །འཇིག་རྟེན་མགོན་པོ་བདག་ལ་གསོན། །ཞེས་བྱ་བ་ནི། ཤ་ཟ་དང༌། ཡི་དགས་དང༌། གནོད་སྦྱིན་གྱི་གདོན་འབྱུང་པོ་རྣམས་ཀྱིས་མི་ཚུགས་ཤིང༌། ངོ་བོ་ཉིད་དང་བྲལ་


DTG072_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མི་དམིགས་པའོ། །འཇིག་རྟེན་དབང་ཕྱུག་གིས་ཀྱང༌། རིག་སྔགས་ལེགས་པར་གསུངས་ཤིང་ལེགས་པར་ཉོན་ཅིག་ཅེས་གསུངས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། རྒྱལ་པོ་ཆེན་པོ་བཞིས་བསྲུངས་ཏེ། རིག་སྔགས་ཀྱི་ངོ་བོ་ནི་གང་ཞེ་ན། ཐབས་དང་ཤེས་རབ་མ་བྲལ་བའོ། །མཚོན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་བསིལ་བའི་ཚལ་ལོ། །རིགས་ནི་རིན་པོ་ཆེའི་རིགས་ཏེ། ཕུང་པོ་ནི་ཚེར་བའོ། །ཁམས་ནི་ཆུའི་ཁམས་ཏེ། སྐྱེ་མཆེད་ནི་སྣའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་རང་བཞིན་སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཞལ་བཞི་པ། གཡས་དཀར་པོ། གཡོན་མཐིང་ག །རྒྱབ་དམར་པོའོ། །ཕྱག་བརྒྱད་པ། སྐུ་མདོག་སེར་མོ། ཕྱག་གཡས་པ་ན་རྡོ་རྗེ་འཛིན་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། ཕྱག་གཡས་པ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ནི་རལ་གྲི་དང༌། རིན་པོ་ཆེ་དང༌། མདའ་བསྣམས་པའོ། །གཡོན་པ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ན་ཞགས་པ་དང༌། འཁོར་ལོ་དང༌། གཞུ་བསྣམས་པའོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང༌། ཉི་མའི་འོད་དང་ལྡན་པ་སྟེ། ལོ་བཅུ་གཉིས་པའི་ཚུལ་དུ་བཞུགས་ཤིང༌། སྒེག་པའི་ཚུལ་དང་ལྡན་པའོ། །རིག་སྔགས་དང་གསང་སྔགས་གཞན་གྱིས་མི་ཐུབ་པ་ནི། གང་ཞེ་ན། འདི་ལྟ་སྟེ། ཨུ་ཧུ་ཧ་ལ་ཀུ་ལི་ཛི་པ་ལ་སོགས་པའོ། །བཅོམ་ལྡན་འདས་འབྱུང་པོ་ཐམས་ཅད་བཟློག་པ་འདི་གཟུང་བར་གསོལ་ཞེས་བྱ་བ་ནི། སྔགས་དང༌། སྦོད་གཏོང་དང༌། གཞན་གྱི་རིག་པ་དང༌། མ་རུངས་པར་བྱེད་པའི་འབྱུང་པོ་རྣམས། རིག་སྔགས་ཀྱི་གཟི་བརྗིད་དང༌། སྟོབས་ཀྱིས་ཟློག་པར་བྱེད་པའོ། །རིག་སྔགས་ཀྱི་ངོ་བོ་འདི་ཡང་སྟོང་པ་ཉིད་ཡིན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཤེས་རབ་ཀྱི་ངོ་བོ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། ཐབས་ཀྱི་ངོ་བོ་ནི་རིག་སྔགས་ཉིད་དོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་ཅིང༌། མཚོན་པ་དང་མཚོན་བྱེད་ཀྱང་


DTG072_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་དོ། །རིག་སྔགས་དེའི་རིགས་ནི་པདྨའི་རིགས་ཏེ། ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོའོ། །ཁམས་ནི་མེའི་ཁམས་ཏེ། སྐྱེ་མཆེད་ནི་ལྕེའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་ནི་རིགས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞ་པ་བཞི་པ། ཕྱག་བརྒྱད་པ། སྐུ་མདོག་དམར་མོ། །ཕྱག་གཡས་པ་དང་པོས་རྡོ་རྗེ་སྙིང་གར་བརྟེན་པ། གཡོན་པ་དང་པོས་དྲིལ་བུ་དཀུར་བརྟེན་པའོ། །གཡས་གཉིས་པ་ན་རལ་གྲི་།གསུམ་པ་ན་པདྨ། གཡོན་གཉིས་པ་ན་དགྲ་སྟ་དང༌། གསུམ་པ་ན་རྩེ་གསུམ་མོ། །དེའི་འོག་མ་གཡས་གཡོན་གཉིས་ཀྱིས་མདའ་གཞུ་འགེངས་པའོ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཤིང༌། པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང༌། ཉི་མའི་འོད་ཟེར་དང་ལྡན་ཏེ། ཞལ་གཡས་དཀར་པོ། །གཡོན་མཐིང་ག །རྒྱབ་སེར་པོ། །བཞད་པའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་གསང་སྔགས་པདྨའི་སྙིང་པོ་གང་ཞེ་ན། འདི་ལྟ་སྟེ། ཨི་ལི་ཨི་ལི་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ནི་ལོ་གཅིག་གི་བར་དུ་མཚམས་གཅོད་པ་དང་ཞེས་བྱ་བ་ནི། ལོ་གཅིག་གི་སྔོན་དུ་ཡང་སྲུང་བ་བྱེད་པར་འགྱུར། །སྲུང་བ་དང༌། སྦ་བ་དང༌། བསྐྱབ་པ་དང༌། མཚམས་གཅོད་པ་དང༌། དུག་ཞི་བ་དང༌། དུག་གསད་པ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་ཞིང༌། རིག་སྔགས་ཀྱིས་ཡོངས་སུ་བསྐྱབ་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་བཟློག་པ་དང༌། དོན་ཐམས་ཅད་སྒྲུབ་པ་ལགས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་བྱས་པར་གྱུར་ན། སྡིག་ཅན་གྱི་རིགས་མ་རུངས་པའི་གདོན་ཐམས་ཅད་ཀྱང་མི་འོང་སྟེ། གལ་ཏེ་འོང་བར་གྱུར་ན། རིག་སྔགས་ཀྱི་དམོད་མོས་བརླག་པར་འགྱུར་རོ། །བྱ་བ་ཐམས་ཅད་གྲུབ་ཅིང་བདེ་བར་གནས་པའོ། །དེ་ནས་ཞེས་བྱ་བ་ནི། བར་དུ་གཅོད་པའི་དེ་ནས་སོ། །གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་ནས་གནོད་པར་བྱེད་པའི་བར་རྣམས་ཀྱིས་ཞེས་བྱ་བ་ནི། དེ་དང་དེ་མ་སླེབས་པའི་མཚམས་སུ་འབྱུང་པོ་དེ་རྣམས་ཀྱིས་ཀྱང་བར་དུ་གཅོད་པར་བྱས་ཏེ། རིག་སྔགས་འདི་བྱུང་བ་ཙམ་གྱིས་ཀྱང༌། བར་དུ་གཅོད་པར་མི་ནུས་


DTG072_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སྔོན་མ་ཐོས་པ་འདི་ཡང་ཐོས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་འདིས་ཆད་པ་ཐམས་ཅད་འཇོམས་པར་བྱེད་པ། ནོར་བུ་རིན་པོ་ཆེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །རྒྱལ་པོ་ཆེན་པོ་བཞིའི་སྲུང་བ། སྔོན་མ་ཐོས་པ་འདི་ཡང་ཐོས་ནས། སྐྲག་ཅིང་དངངས་ལ་མི་དགའ་སྟེ་ཞེས་བྱ་བ་ནི། ཁྱད་པར་དུ་འཕགས་ཤིང་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཀྱང་ཡིན་ཏེ། མ་རུངས་པ་རྣམས་ལ་འཇིགས་པར་བྱེད་པ་དན་སོང་གསུམ་ནས་འབྱིན་པའི་གཟུགས་འདི་ཡང་དག་པའོ། །སྐྱི་བུང་ཞེས་བྱེད་ནས་ས་ལ་འཛུལ། ཀུན་དུ་འཛུལ། ཀུན་དུ་རབ་ཏུ་འཛུལ་བར་བྱེད་དོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་དང༌། དམོད་མོས་སྡིག་ཅན་གྱི་རིགས་འབྱུང་པོ་རྣམས། དེ་ཡང་རིག་སྔགས་ཀྱི་གཟི་བརྗིད་མཐོང་བས་མ་ཚུགས་པར་སྐད་དན་གྲག་སྟེ། དེ་རྣམས་ཀྱང་ས་ལ་འཛུལ་ཞིང་བྱིང་བར་འགྱུར་རོ། །མཐོང་བར་མི་གནས་ཤིང་སོ་སོ་རང་རང་བྲོས་སོ། །དེ་ནས་ཞེས་བྱ་བ་ནི་འབྱུང་པོ་རྣམས་འཇིགས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱི་ས་གཞི་རྡོ་རྗེར་སྤྲུལ་ནས་ཞེས་བྱ་བ་ནི། སྡིག་ཅན་བདུད་ཀྱི་རིགས་དེ་རྣམས་རྫུ་འཕྲུལ་ས་ལ་འཛུལ་དུ་མི་སྟེར་ཞིང༌། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་བྱིན་གྱིས་བརླབས་ནས། རྡོ་རྗེའི་ས་གཞིར་སྣང་བའོ། །དེ་དག་ཕྱོགས་བཞིར་རྒྱུག་གོ་ཞེས་བྱ་བ་ནི། སྡིག་ཅན་འབྱུང་པོ་བདུད་ཀྱི་རིགས་དེ་རྣམས་ནི། ས་ལ་འཛུལ་མ་ནུས་ཤིང་ཕྱོགས་ཕྱོགས་སུ་བྲོས་ཏེ་ཧག་ཟད་དོ།། དེ་ནས་ཞེས་བྱ་བ་ནི་འབྱུང་པོ་རྣམས་བྲོས་པའི་དེ་ནས་སོ། །རྒྱལ་པོ་ཆེན་པོ་བཞིས་ཕྱོགས་བཞིར་མེ་ལྕེའི་ཕུང་པོ་མངོན་པར་སྤྲུལ་ཏོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་ཀྱང༌། ཕྱོགས་མཚམས་ཐམས་ཅད་དུ་མེ་སྣ་ཚོགས་སྤྲུལ་ཞིང༌། སྡིག་ཅན་དེ་རྣམས་འགྲོར་མི་སྟེར་བའོ། །དེ་ནས་ཞེས་བྱ་བ་ནི། ཚིག་སྦྲེལ་བའི་དེ་ནས་སོ། །དེ་དག་ནམ་མཁའ་ལ་རྒྱུག་གོ་ཞེས་བྱ་བ་ནི། སྡིག་ཅན་རྣམས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་རྒྱུག་སྟེ། ཕྱོགས་མཚམས་བཞི་ལ་འཛུལ་བ་མེད་ཅིང་ནམ་མཁའ་ལ་རྒྱུག་


DTG072_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ནས་ཞེས་བྱ་བ་ནི། ནམ་མཁའ་ལ་བྲོས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ནམ་མཁའ་གསེར་དུ་སྤྲུལ་ཏོ་ཞེས་བྱ་བ་ནི། ནམ་མཁའི་ཕྱོགས་ན་རྡོ་རྗེའི་གསེར་གྱི་ས་གཞིར་བྱིན་གྱིས་བརླབས་ཏེ། སྡིག་ཅན་དེ་རྣམས་ཀྱང་འགྲོ་དབང་མེད་ཅིང་རྡུགས་པའོ། །དེ་ནས་ཞེས་བྱ་བ་ནི། རྡུགས་པའི་དེ་ནས་སོ། །འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལྟ་བུ་དང༌། དྲི་ཟས་བསྐོར་ཞིང་མདུན་དུ་བདར་ཏེ། སྟེང་གི་བར་སྣང་ལ་འཕགས་ནས་ཞེས་བྱ་བ་ནི། སེམས་ཅན་ལ་གནོད་པར་བྱེད་པའི་སེམས་དང་ལྡན་བ། སྡིག་པའི་སེམས་དང་ལྡན་པ། སྡང་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ། གཞན་ལ་སྲོག་འཕྲོག་པའི་སེམས་དང་ལྡན་པ་ཤ་སྟག །སྡིག་ཅན་གྱི་འབྱུང་པོ་དེ་རྣམས་འགྲོས་མི་རྙེད་ཅིང་མར་ལོག་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་སྐྱབ་ཚོལ་བའོ། །གནོད་སྦྱིན་དང་སྲིན་པོ་ནས་གནོད་པ་བྱེད་པའི་བར་རྣམས་གཞོམ་པ་དང་ཞེས་བྱ་བ་ནི། དཔའ་ཞིང་གཟི་བརྗིད་ཆེ་བ་སྟེ། སྟོབས་དང་ལྡན་ཞིང་སྡིག་ཅན་བདུད་ཀྱི་རིགས། རིག་སྔགས་ཀྱི་དམོད་མོས་འཇོམས་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང༌། འབྱུང་པོ་ཐམས་ཅད་བཟློག་པ་དང་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་དུ་བྱམས་པ་དང༌། སྙིང་རྗེ་དང་བཏང་སྙོམས་ཀྱིས་ཁྱབ་སྟེ། དེ་ལྟ་བུའི་ཐུགས་རྗེས་ཁྱབ་ནས། བྱད་དང༌། རོ་ལངས་དང༌། དུག་དང༌། དུག་སྦྱོར་དང༌། དུག་འཐུང་བ་དང༌། གཞན་གྱི་རིག་པ་དང༌། སྔགས་དང། སྦོད་གཏོང་དང༌། འཇིག་རྟེན་གྱི་མ་མོ་དང༌། ངན་སྔགས་སྦྱོར་བ་དང༌། སྡིག་ཅན་བདུད་ཀྱི་རིགས་དེ་རྣམས་ལ་སོགས་པ་རིག་སྔགས་ཀྱི་གཟི་བརྗིད་འཇོམས་པའོ། །འཁོར་བཞི་པོ་རྣམས་བསྲུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་དུ་བདུད་ཀྱི་རིགས་འབྱུང་པོ་ལ་སོགས་པ་བཅོམ་ཞིང༌། བར་ཆོད་མེད་ཅིང་བདེ་བར་གནས་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་དོ། །རིག་སྔགས་འདི་བརྗོད་དོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རང་བཞིན་གཞན་གྱིས་མ་བཅོས་པར་གཉུག་མ་སྟེ། ཕྱོགས་དང་བྲལ་ཞིང་རང་བཞིན་མེད་


DTG072_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྟ་བུའི་ཡེ་ཤེས་བརྗོད་པའོ། །དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་ལས་ཀྱི་རིགས་ནི་ལས་ཐམས་ཅད་རྫོགས་པར་བྱེད་པ། ལས་ཀྱི་གདོན་ཐམས་ཅད་འཇོམས་པ། ལས་ཐམས་ཅད་གྲུབ་པ། སྣ་ཚོགས་ཀྱི་རིགས་སུ་སྣང་བའོ། །དེ་ཡང་རིག་སྔགས་ཀྱི་མཚོན་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་བདག་ཉིད་དོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོའོ། །ཁམས་ནི་རླུང་གི་ཁམས་སོ། །སྐྱེ་མཆེད་ནི་ལུས་ཀྱི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། ཞལ་བཞི་པ། ཕྱག་བརྒྱད་པ། སྐུ་མདོག་ལྗང་ནག །ཞལ་གཡས་དཀར་པོ། གཡོན་དམར་པོ། རྒྱབ་སེར་པ། །ཕྱག་གཡས་དང་པོ་ན་རྡོ་རྗེ་གདེངས་པ། གཉིས་པ་ན་རལ་གྲི། །གསུམ་པ་རྡོ་རྗེ་རྒྱ་གྲམ་མོ། །གཡོན་དང་པོ་ན་དྲིལ་བུ། གཉིས་པ་ན་ཞགས་པ། གསུམ་པ་ན་འཁོར་ལོའོ།། འོག་མའི་ཕྱག་གཡས་གཡོན་གཉིས་ཀྱིས་མདའ་གཞུ་འགེངས་ཤིང༌། ཞབས་གཡས་པ་པུས་མོ་བཙུགས་པ། གཡོན་བརྐྱང་བ། བདུད་བཞིའི་རང་བཞིན་འབྱུང་པོ་རྣམས་མནན་པའོ། །པདྨའི་སྟེང་ན་ཉི་མའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། ཁྲོ་བོ་འཇིགས་སུ་རུང་བའི་གཟུགས་སོ། །རིག་སྔགས་ཀྱི་གསང་སྔགས་ལས་ཀྱི་སྙིང་པོས་ནི། ལས་ཐམས་ཅད་འགྲུབ་ཅིང་བདུད་ཐམས་ཅད་འདུལ་བ་སྟེ། སེམས་ཅན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །གསང་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། གི་མ་གི་མ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་སྐྱོང་བར་གྱུར་ཅིག་ཅེས་བྱ་བ་ནི། སངས་རྒྱས་ཀྱི་བཀའ་དང༌། རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་གང་ཟག་རིག་སྔགས་ལ་གུས་པ་དང༌། སེམས་ཅན་ཐམས་ཅད་དང༌། དེ་ལ་སྲུང་བ་དང༌། སྐྱོབ་པར་བྱེད་ཅིང༌། རིག་སྔགས་ཀྱི་ཆོས་ཀྱི་བསྟན་པ་བསྲུང་བའོ། །ལྷ་རྣམས་ཀྱི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ། ནོར་ཐམས་ཅད་གཞན་གྱི་དོན་དུ་བྱིན་པ། སེམས་ཅན་


DTG072_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དོན་བྱེད་པ་སྟེ། དེ་ལྟ་བུའི་སེམས་དང་ལྡན་པ། ནོར་ལྷ་ལྟ་བུ་འབྱུང་བའོ། །དེ་ལ་བདག་ཕྱག་འཚལ་ལོ་ཞེ་བྱ་བ་ནི། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་རྒྱལ་པོར་ནས་མང༌། འབྱུང་པོ་རྣམས་ཀྱིས་ཕྱག་འཚལ་བའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། བདུད་རྣམས་ལས་རྣམ་པར་རྒྱལ་ཞིང་དགྲ་རྣམས་ཀྱང་མ་ལུས་ཏེ། ཕུན་སུམ་ཚོགས་པ་དང་ལྡན་ཞིང་སངས་རྒྱས་པ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་ལ། བདག་ཅག་རྣམས་ཀྱིས་ཕྱག་འཚལ་བའོ། །རྫོགས་པའི་སངས་རྒྱས་དཔའ་བོ་སྟེ། །ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། །ཅེས་བྱ་བ་ནི། ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་དཔའ་བ་སྟེ། སྐུ་གསུངས་ཐུགས་རྫོགས་པར་བྱས་པས་ན་རྫོགས་པ་སྟེ། དུག་གསུམ་དང་བྲལ་ཞིང༌། སངས་རྒྱས་པའོ། །དེ་ལྟ་བུའི་སངས་རྒྱས་ལ་འདུད་ཅེས་བྱ་བའོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཤེས་རབ་ཆེན་པོ་ཁྱོད་ལ་འདུད། །ཅེས་བྱ་བ་ནི་སྔོན་བསྐལ་བ་གྲངས་མེད་པའི་དུས་སུ་ཚོགས་རྫོགས་ཏེ། ད་ལྟར་མ་ལུས་པར་སེམས་ཅན་ཐམས་ཅད་རྫོགས་པར་འདོད་ནས། ཐེག་པ་སྣ་ཚོགས་དང༌། ཐབས་སྣ་ཚོགས་བསྟན་པ་སྟེ། རྐང་གཉིས་ཀྱི་ཚོགས་ཀྱི་དམ་པ། ཕྱི་ནང་གི་ཚོགས་ལ་མཁས་པ། ཐམས་ཅད་མཁྱེན་ཞིང་ཐམས་ཅད་ལ་བྱམས་པས་ཁྱབ་པའོ། །དེ་ལྟ་བུའི་ཐུབ་པ་ཆེན་པོ་ལ་འདུད་པའོ། །གཽ་ཏམ་ཁྱོད་ཀྱིས་གང་མཁྱེན་པ། །དེ་ནི་ལྷ་རྣམས་མ་འཚལ་ཏོ། །ཞེས་བྱ་བ་ནི། ཡང་དག་པའི་ཡེ་ཤེས་ནི་རྒྱ་མཚོ་ལྟ་བུ་སྟེ། སངས་རྒྱས་ཀྱི་ཡོན་ཏན་ཡང་དེ་བཞིན་ནོ། །དེ་ལྟ་བུའི་ཡེ་ཤེས་ཤེས་པ་ནི་ལྟ་ཅི་སྨོས་ཏེ། རང་ཉིད་ཀྱིས་རང་གི་རིག་པ་ཡང་མི་ཤེས་པའོ། །རང་གི་རིག་པ་ཅིའི་ཕྱིར་མ་ཤེས་ན། རང་ལ་སྐྱེས་པའི་མ་རིག་པས་མ་ཤེས་པའོ། །ཡང་དག་དཔའ་བོ་ཁྱོད་ལ་འདུད། །ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། །ཞེས་བྱ་བ་ནི། ཡང་དག་པར་བདུད་བཞི་བཅོམ་སྟེ། དེ་འདུལ་བས་ན་དཔའ་བོ་སྟེ། དེ་ལྟ་བུའི་ཡེ་ཤེས་དང་ལྡན་པ་ལ་ཡང་དག་པར་འདུད་དེ། བདག་ཅག་ཀྱང་སྙིང་རྗེ་དང་ལྡན་ཞིང་མཆིས་པའོ་ཞེས་བྱ་བའོ། །གནོད་


DTG072_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ད། སྲིན་པོ་དང༌། དྲི་ཟ་ནས་གནོད་པར་བྱེད་པའི་བར་རྣམས་མིང་འདི་ཞེས་བྱ་བའི་ལུས་ལ་བབས་པ་ལས་གུད་དུ་དེངས་ཤིག་ཅེས་བྱ་བ་ནི། མ་རུངས་པའི་སྡིག་ཅན་འབྱུང་པོ་རྣམས་ནི། གང་ཟག་རིག་སྔགས་འཆང་བ་དང༌། སེམས་ཅན་རྣམས་ལ་གནོད་པ་བྱས་ནས། རིག་སྔགས་ཀྱི་དམོད་མོས་མགོ་བོ་ཨརྫ་ཀའི་མཉྫ་རའི་རྡོག་པ་བཞིན་དུ་ཚལ་པར་འགས་པའོ། །གལ་ཏེ་མིང་འདི་ཞེས་བྱ་བའི་ལུས་ལ་མྱུར་དུ་མ་དོང་ན་ཞེས་བྱ་བ་ནི། རིག་པ་མི་འཆང་བའི་གང་དུ། སྡིག་པ་ཅན་མ་རུངས་པ་རྣམས་ཀྱིས་གཟུང་བར་གྱུར་ན། དེ་ནས་སངས་རྒྱས་རྣམས་ཀྱིས་གསུངས་པ་བཞིན་དུ་རིག་པ་འཆང་སྟེ། དེའི་ཆོས་བཞིན་དུ་གང་ཟག་དང་སེམས་ཅན་ལ་བསྲུད་བར་བྱ་སྟེ། མྱུར་དུ་མ་ཐོན་ན་ཉེས་པ་ཆེན་པོར་འགྱུར་རོ། །དེ་དག་ལ་མྱུར་དུ་འཇིགས་པ་ཆེན་པོ་དང༌། ནད་དྲག་པོས་འདེབས་པར་འགྱུར་ལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་བཀའ་ལས་འདས་པ་སྡིག་ཅན་གཏུམ་པོའི་རིགས་འབྱུང་པོ་རྣམས་ནི་ནད་དྲག་པོ་མཛེ་དང༌། ཕོལ་མིག་དང༌། འབྲས་དང༌། ལྷོག་པ་དང༌། ཤ་བཀྲ་དང༌། མེ་དཔལ་དང༌། ཆུ་སྦུར་དང༌། འབྲུམ་བུ་དང༌། ལུས་ཐམས་ཅད་རུལ་ཞིང་གཡན་པ་ལ་སོགས་པའི་ནད་ཀྱིས་ཐེབས་ཤིང་སྲོག་དང་འབྲལ་ཏེ། ཤི་འཕོས་ནས་ཀྱང་མནར་མེད་དུ་སྐྱེ་བ་མེད་པའོ། །དེའི་རྐྱེན་གྱིས་མགོ་དང་སྙིང་ཚལ་པ་བརྒྱར་འགས་པར་འགྱུར་རོ་ཞེས་བྱ་བ་ནི། གང་ཟག་ཇི་བཞིན་དུ་གནོད་པར་བྱེད་བཞིན་ཏེ་སྡིག་ཅན་དེ་ཡང་སྡུག་བསྔལ་དྲག་པོ་སྟེ། ནད་ཆེན་པོས་བཏབ་པའོ། །དེའི་མོད་ལ་སྡུག་བསྔལ་བུ་མ་བྱུང་བ་དང་བརླག་པ་དང༌། མཐའ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་དམོད་མོས་སྡུག་བསྔལ་པོ་འབྱུང་སྟེ། གར་ཡང་འགྲོས་མེད་ཅིང་ལྕང་ལོ་ཅན་གྱི་ཕོ་བྲང་ཡང་མི་ཐོབ་སྟེ། དེའི་ལུས་ཀྱང་ཞིག་ཅིང་རུལ་བར་འགྱུར་རོ། །འབྲུམ་བུའི་གདོན་གང་ཡིན་པ་དང༌། སྐྱ་རེངས་འཆར་ཀའི་གདོན་གང་ཡིན་པ་དང༌། གྲིབ་གནོན་གྱི་གདོན་གང་ཡིན་པ་དེ་དག་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་ཞེས་བྱ་བ་ནི། འདི་འདོན་པ་དང་སྒོམ་པ་དང་ཡིད་ལ་བྱེད་པ་དང་གདམས་ངག་བྱིན་པ་


DTG072_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དང། བཤད་པ་དང༌། རྗེས་སུ་ཡི་རང་ཞིང་འཆང་བ་སྟེ། དེ་དག་ལ་གནོད་པར་འགྱུར་ན། རིག་སྔགས་ཀྱི་བཀའ་ལས་འདས་པའོ། །ཡང་ན་རིག་སྔགས་འདི་མཉན་ནས། སེམས་ཅན་ལ་འཚེ་བར་མི་བྱའོ། །མིང་འདི་ཞེས་བྱ་བའི་ལུས་ལས་མྱུར་དུ་གུད་དུ་དེངས་ཤིག་ཅེས་བྱ་བ་ནི། གནོད་པར་བྱེད་པ་དེ་རྣམས་གང་ཟག་དང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མྱུར་དུ་ཐོན་ཅིག་ཅེས་བྱའོ། །ཡང་ན་རིག་སྔགས་ཀྱི་དམོད་མོས་སྡུག་བསྔལ་མྱུར་དུ་ཐོབ་པོ་ཞེས་བྱའོ། །གལ་ཏེ་མྱུར་དུ་མ་དོང་ན་འཇིགས་པ་ཆེན་པོ་དང༌། ནད་དྲག་པོས་འདེབས་པར་འགྱུར་ལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་བཀའ་ལས་འདས་ཤིང་མ་བཏང་བར་གྱུར་ན། རྒྱལ་པོ་ཆེན་པོ་བཞིའི་ཆད་པའི་འཇིགས་པ་དང༌། གཡན་པའི་ནད་ལ་སོགས་པས་མྱུར་དུ་ཐེབས་པར་འགྱུར་རོ། །དེའི་རྐྱེན་གྱིས་མགོ་བོ་དང་སྙིང་ཚལ་པ་བརྒྱར་འགས་པར་འགྱུར་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང༌། རིག་སྔགས་ཀྱི་དམོད་མོས་ཨརྫ་ཀའི་མརྫ་རིའི་དོགས་པ་བཞིན་དུ་འགས་པའོ། །དེའི་མོད་ལ་སྡུག་བསྔལ་དུ་མ་འབྱུང་བ་དང༌། བརླག་པ་དང་མཐའ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། དེ་བཞིན་དུ་རིག་སྔགས་ཀྱིས་ཀྱང་དམོད་མོས་འགྲོས་མི་རྙེད་ཅིང༌། དེའི་རྣམ་པར་སྨིན་པས་སྡུག་བསྔལ་དྲག་པོ་ཐོབ་སྟེ། ཤི་ནས་ཀྱང་མནར་མེད་ཀྱི་མེས་བསྲེག་ཅིང༌། དམྱལ་བ་ནས་དམྱལ་བར་འཁོར་བར་འགྱུར་རོ། །གཟི་བྱིན་དང་ནི་ཁྲག་ཟ་བ། །ཉིན་མཚན་རྒྱུ་བ་གང་ཡིན་པ། །ཞེས་བྱ་བ་ནི། ཟས་སུ་ཁྲག་ཟ་བ་དང་ཤ་ཟ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་གཟི་བརྗིད་འཕྲོག་པ་དང༌། སེམས་ཅན་ལ་འཚེ་བར་བྱེད་པ་དང༌། ཉིན་མོ་དང་མཚན་མོ་ལ་སོགས་པ་རྒྱུ་ཞིང་མ་བྱེད་ཅིག་ཅེས་བྱའོ། །དེ་དག་གིས་ཀྱང་ལེགས་གསུངས་པའི། །མདོ་བཤད་ཐོས་ནས་སྤང་བར་གྱིས། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། རིག་སྔགས་འདི་ཡང་ཡང་དག་པར་གསུངས་ཏེ། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་ཀྱང༌། རྗེས་སུ་ཡི་རང་ཞིང་སྲུང་བ་སྟེ། དེ་བཞིན་དུ་ཁྱད་པར་དུ་འཕགས་པའི་མདོ་འདི་ཐོས་པར་གྱུར་


DTG072_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སེམས་ཅན་ལ་གནོད་པར་བྱེད་པས་སྡུག་བསྔལ་དཔག་ཏུ་མེད་པ་ཐོབ་པའོ། །དེ་བས་ན་སྤང་བར་གྱིས་ཞེས་བྱ་བའོ། །ཤ་ཟ་ལུས་འཕགས་སྐེམ་བྱེད་དང༌། །འབྱུང་པོ་འཇིགས་བྱེད་སྲུལ་པོ་རྣམས། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱིས་ཀྱང་སེམས་ཅན་ལ་གནོད་པར་བྱས་ཏེ། དེ་ཡང་དམ་ལ་བཏགས་ནས་གནོད་པར་བྱེད་པ་སྤངས་པའོ། །དེ་དག་གིས་ཀྱང་ལེགས་གསུངས་པའི། །མདོ་འདི་བཤད་པ་ཐོས་ནས་མཐོང༌། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་ཏེ། དེ་བཞིན་རྒྱལ་པོ་བཞི་པོ་རྣམས་ཀྱིས་ཀྱང་དམ་ཚིག་བསྲུང་སྟེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སྡིག་ཅན་འབྱུང་པོ་དེ་རྣམས་ཀྱིས་ཀྱང་གཞན་ལ་འཚེ་བ་སྤངས་པའོ། །ལྷ་དང་ལྷ་མིན་རླུང་ལྷ་དང༌། །དྲི་ཟ་དང་ནི་གདོན་གྱི་བླ། །ཞེས་བྱ་བ་ནི། ཞེ་སྡང་དང༌། གཏི་མུག་གིས་སེམས་ཅན་ཐམས་ཅད་ལ་གནོད་པར་བྱས་ཏེ། དེ་ཡང་རིག་སྔགས་ཀྱི་གཟི་བརྗིད་དམ་པ་ཐོབ་པའོ། །འབྱུང་པོ་དང་ནི་ཤ་ཟ་དང༌། །དེ་བཞིན་གནོད་སྦྱིན་སྲིན་པོ་རྣམས། །ཞེས་བྱ་བ་ནི། སེར་སྣ་དང༌། ཞེ་སྡང་དང༌། འདོད་ཆགས་ཀྱི་སེམས་ཅན་རྣམས་ལ་འཚེ་བར་བྱས་ཏེ། དེ་ཡང་རིག་སྔགས་ཀྱི་དམོད་མོའི་འཇིགས་པས་གནོད་མི་ནུས་པའོ། །ཀུན་དུ་འཁྲུགས་ཤིང་ཀུན་དུ་གཡོས། །སྐྲག་ཅིང་ཀུན་དུ་རབ་ཏུ་འགུལ། །ཞེས་བྱ་བ་ནི་རིག་སྔགས་འདིའི་གཟི་བརྗིད་དང༌། སྟོབས་ཀྱིས་ས་ལན་དྲུག་ཏུ་གཡོས་ཏེ། དེ་བཞིན་དུ་ལྟས་ཆེན་པོ་བཅོ་བརྒྱད་བྱུང་བའོ། །ཀུན་དུ་འཁྲུགས་ཤིང་ཀུན་དུ་གཡོས་པ་ནི་ཤར་དམའ་སྟེ། ནུབ་མཐོ་བའོ། །ནུབ་དམའ་ན་ཤར་མཐོ་བའོ། །ཕྱོགས་ཕྱོགས་རྣམས་ཀྱང་དེ་བཞིན་ནོ། །མགོ་འཁྲུགས་ཤིང་ཕྱོགས་རྣམས་གཏོར་བའོ། །དེ་བས་ཀྱང་སྐྲག་ཅིང་ཀུན་དུ་འགུལ་བ་སྟེ། ཡུན་རིང་ཞིང་དྲག་པའོ། །གདོན་དང་གནོད་བ་བྱེད་པ་རྣམས། །ལྷུང་ཞིང་རབ་ཏུ་ཕ་མ་པར་འགྱུར། །ཞེས་བྱ་བ་ནི། སྡིག་ཅན་བདུད་ཀྱི་རིགས་ཀྱི་འབྱུང་པོ་རྣམས་ནི། སེམས་ཅན་ལ་གནོད་པར་བྱེད་བས་རང་ཕམ་སྟེ། སྡུག་བསྔལ་ཆེན་པོ་ཐོབ་ཅིང་རིག་སྔགས་ཀྱི་དམོད་མོས་འཇོམས་པའོ། །ས་གཞི་དག་ཀྱང་རབ་ཏུ་གཡོས། །སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །ཅེས་བྱ་


DTG072_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ས་གཡོ་ཞིང་འབྱུང་པོ་རྣམས་སྐྲག་བར་བྱེད་དེ། ས་དེ་ཡང་རྔ་བོ་ཆེ་དང་ཆ་ལང་དང་དྲིལ་བུའི་སྐད་འབྱུང་ངོ༌། །ཀུན་དུ་རབ་ཏུ་འབྱུང་ངོ་ཞེས་བྱའོ། །ཡི་དགས་དང་ནི་གྲུལ་བུམ་རྣམས། །སྡང་བའི་གདོན་ནི་ཟློག་བྱེད་པའོ། །ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱང་སེམས་ཅན་དྲག་པོས་གནོད་པར་བྱས་ཏེ། གཞན་གང་གིས་ཀྱང་མི་ཐུབ་ཅིང་དེའི་གཉེན་པོ་ལྟ་བུ་རིག་སྔགས་ཀྱི་རྒྱལ་མོ་ཡིན་ཏེ། མདོ་འདི་དག་ནི་ཐོས་གྱུར་ན། །འཇིགས་པ་དྲག་པོ་འབེབས་པར་འགྱུར། །ཞེས་བྱ་བ་ནི། གནོད་བྱེད་སྡང་བའི་སེམས་དང་ལྡན་པ་དང་སྡིག་པའི་སེམས་དང་ལྡན་པ་དང༌། སེམས་ཅན་གྱི་སྲོག་འདོད་པ་རྣམས། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདིས་རླག་པར་བྱེད་པའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དད་པའི་གནོད་སྦྱིན་གང་ཡིན་པ། །ཞེས་བྱ་བ་ནི། འབྱུང་པོ་བྱང་ཆུབ་སེམས་དཔའི་རིགས་ཡོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང༌། ཆོས་དང་དགེ་འདུན་ལ་དགའ་ཞིང་འཇིག་རྟེན་གྱི་ཁམས་རྣམས་སྐྱོང་བར་བྱེད་དེ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདི་ལ་རྗེས་སུ་ཡི་རང་ཞིང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །དེ་དག་མགུ་ཞིང་ཡིད་དགའ་ནས། །ལེགས་པར་རྗེས་སུ་ཡི་རང་ངོ༌། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རིགས་འབྱུང་དེ་རྣམས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་ཆོས་ལ་དགའ་ཞིང་སྔ་ནས་ཀྱང་ཆོས་ལ་དད་པ་ཡོད་དོ། །དེ་ལྟར་དད་པ་ཀུན་དུ་རབ་ཏུ་སྐྱེས་ནས། དགའ་བས་རབ་ཏུ་དགའ་སྟེ། ཆོས་ལ་མཆོད་པ་ལེགས་པར་མ་ཆོད་ནས། །དེ་རྣམས་ཀྱིས་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་འབྱུང་པོ་དམ་ལ་བཏགས་པའི་གནས་སྐབས་ཏེ་བརྒྱད་པའོ།། །།དེ་ནས་ཞེས་བྱ་བ་ནི། འབྱུང་པོ་དམ་ལ་བཏགས་པའི་དེ་ནས་སོ། །རྒྱལ་པོ་ཆེན་པོ་བཞི་བར་སྣང་ལས་བབས་ནས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་དེ་ཡང་


DTG072_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་རབ་ཏུ་དགའ་སྟེ། བཅོམ་ལྡན་འདས་ལ་སྔ་ནས་ཀྱང་དད་པ་སྐྱེས་ཏེ། ད་ལྟར་ཡང་རབ་ཏུ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པའོ། །བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས་ཞེས་བྱ་བ་ནི། སོ་སོ་རང་གི་འོད་ཟེར་ཡང་འཕགས་ཏེ། བསིལ་བ་ཚལ་གྱི་ཆོས་འདི་ལ་དད་པ་ཡང་ནས་ཡང་དུ་སྐྱེས་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ལ་ཡང་དེ་བཞིན་ནོ། །དེ་བས་ན་རྒྱལ་པོ་ཆེན་པོ་བཞིས་ཀྱང་ལེགས་ལྷགས་པ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞི་རབ་ཏུ་དགའ་ནས་ཞབས་ཀྱི་པདྨ་ལ་གུས་པས་ཕྱག་འཚལ་བའོ། །ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བའོ། །གྲོས་མཐུན་པ་དང༌། ཚིག་མཐུན་པ་དང༌། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་དབྱངས་གཅིག་ཏུ་བྱས་ཤིང༌། རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་ཆོས་ལ་གུས་པའི་སེམས་ཀྱིས་བཅོམ་ལྡན་འདས་ལ་ཞུ་བ་འབུལ་བའོ། །བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་ཞེས་བྱ་བ་ནི་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པ་དང༌། སེམས་ཅན་ཐམས་ཅད་ལ་རིག་སྔགས་ཀྱི་གསང་སྔགས་ཀྱིས་ཁྱབ་སྟེ། སྡང་བའི་སེམས་ཞི་བར་བྱེད་པ་འཁོར་བ་རྣམས་བཅོམ་ཞིང་ཡང་དག་པའི་ཡེ་ཤེས་ཀྱི་ལམ་བསྟན་པའོ། །རྒྱལ་པོ་ཆེན་པོ་བཞིས་ཞབས་ལ་ཕྱག་བགྱི་བ་དང་ཞེས་བགྱི་བ་ནི་གུས་ཕར་བྱ་བ་ཕྱག་འཚལ་ཏེ། རྒྱལ་པོ་ཆེན་པོ་བཞིས་ཀྱང་རང་བསྲུང་ཞིང༌། ངག་གིས་འདོན་པ་དང༌། ཡིད་ཀྱིས་བཟུང་བ་དང། ལུས་ཀྱིས་བཅང་བར་བྱས་ཏེ། རིག་སྔགས་འདི་ཡང་བཏགས་ནས་ཀྱང༌། ངན་སོང་གསུམ་དུ་མི་འགྲོ་ཞིང་བྱང་ཆུབ་ཀྱི་ལམ་བསྟན་པའོ། །འཁོར་བཞི་པོ་རྣམས་ལ་བསྲུང་བ་དང་ཞེས་བྱ་བ་ནི། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་


DTG072_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་སོགས་པའི་སེམས་ཅན་རྣམས་ཀྱང་བསྲུང་བའི་དམ་པའོ། །ཡོངས་སུ་སྐྱོབ་པ་དང་ཞེས་བྱ་བ་ནི། གཞན་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། ཞི་བ་དང་བདེ་ལེགས་སུ་འགྱུར་ཞིང་སྡུག་བསྔལ་ཐམས་ཅད་དང་བྲལ་བའོ། །གནོད་སྦྱིན་དང་སྲིན་པོ་ནས་གནོད་པར་བགྱིད་པའི་བར་རྣམས་འཇོམས་པ་ལགས་སོ་ཞེས་བྱ་བ་ནི། མ་རུངས་པ་བདུད་ཀྱི་རིགས་རྣམས་ཀྱི་འབྱུང་པོ་དེ་ཡང་འཇོམས་ཤིང་རིག་སྔགས་དང༌། གསང་སྔགས་ཀྱི་དམོད་མོས་རླག་པར་བྱེད་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་བཅོམ་ལྡན་འདས་ལ་རིག་སྔགས་འདི་འདྲི་བར་བྱེད་པ་སྟེ། དེ་ཡང་འཁོར་བཞི་ལ་རྟག་ཏུ་སྲུང་བར་བྱེད་པའོ། །དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ནམ། དགེ་བསྙེན་མ་དེ་དག་གིས་ཀྱང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་རྟག་ཏུ་འཁོར་བའི་འཁོར་བཞི་ཡིན་ཏེ། རིག་སྔགས་ཀྱིས་ཀྱང་དེ་དག་སྲུང་ཞིང་བར་གཅོད་བསལ་ཏེ་རྟག་ཏུ་བདེ་བ་ཐོབ་པའོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་གཟུང་བར་བགྱི། བཅང་བར་བགྱི། བརྗོད་པར་བགྱི། ཀུན་ཆུབ་པར་བགྱིའོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསམ་གྱིས་མི་ཁྱབ་པ་འདི་དུར་ཁྲོད་ཆེན་པོ་ཡི་དགས་དང༌། འབྱུང་པོ་རྣམས་ཀྱི་གཉེན་པོ། མིའི་སེམས་ཅན་རྣམས་ཀྱི་སྟོན་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྐྱོང་བར་བྱེད་པ་སྟེ། འཁོར་བཞི་པོ་དག་གིས་ཀྱང་འཆང་བ་དང༌། བཟུང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བསྟན་ནས། སྡུག་བསྔལ་ཐམས་ཅད་དང་འབྲལ་བར་བྱེད་པ་སྟེ། འཁོར་བཞི་པོ་དག་གིས་ཀྱང་ལུས་ངག་ཡིད་གཟུང་བའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ་པོ་བཞིས་ཀྱང་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ཞུ་བ་འབུལ་བའོ། །དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞེས་བྱ་བ་ནི། འཁོར་བཞི་པོ་དག་དང༌། སེམས་ཅན་ཐམས་ཅད་ལ་བསྲུང་ཞིང་སྡུག་བསྔལ་ཐམས་ཅད་དང་འབྲལ་བར་བྱེད་དེ། འདིའི་ལམ་ནས་ཀྱང་བྱང་ཆུབ་


DTG072_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་བསྟན་པའོ། །བདག་བསྲུང་བ་དང༌། བདག་སྦ་བ་དང༌། གཞན་བསྲུང་བ་དང༌། གཞན་སྦ་བའི་སླད་དུ་ཞེས་བྱ་བ་ནི། གང་ཟག་རིག་སྔགས་འཆང་བ་དང༌། ཉོན་མོངས་བའི་སེམས་ཅན་རྣམས་སྲུང་བ་སྟེ། བྱམས་པ་དང༌། སྙིང་རྗེའི་ལམ་ནས་བདག་གིས་ཀྱང་སེམས་ཅན་གྱི་དོན་ལ་བསྟན་པར་བྱའོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང༌། འཆང་བ་དང༌། བརྗོད་པ་དང༌། ཀུན་ཆུབ་པར་བགྱིད་པ་དེ་ལ་ནི་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ། ཆོས་དང༌། ལོངས་སྤྱོད་དང༌། སྤྲུལ་པའི་སྐུས་ཁྱབ་པ་སྟེ། དེ་བཞིན་དུ་འདི་ལ་གུས་པ་བྱས་པའི་གང་ཟག་ནི། སྡུག་བསྔལ་ཐམས་ཅད་དང་འབྲལ་བའོ། །གནོད་སྦྱིན་དང༌། སྲིན་པོ་ནས་གནོད་པར་བགྱིད་བའི་བར་རྣམས་ཉེ་འཁོར་ཡང་གནས་པར་མི་འགྱུར་ན། གནོད་པར་བགྱིད་པ་ལྟག་ལ་སེམས་ལགས་ཞེས་བྱ་བ་ནི། མཐུ་ཆེ་ཞིང་གཟི་བརྗིད་ཆེ་བ་སྟེ། དཔའ་བ་སྟོབས་ཆེ་ཞིང་སེམས་ཅན་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང་ལྡན་པ་སྟེ། གང་ཟག་འདི་འཆང་བ་ལ་ད་ལྟའི་རྐྱེན་ལྟ་ཅི་སྨོས་ཏེ། ཚེ་ཕྱི་མ་ལ་ཡང་དེ་བཞིན་ནོ། །དེ་གང་དུ་མཚན་གཅིག་ཙམ་གནས་པ་དེར་ཡང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདི་ཡང་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་ལ་སོགས་པ་ལ་ཡི་གེ་གཅིག་ཙམ་ཡང་དག་པར་གྱུར་ན། དེ་བཞིན་དུ་འབྱུང་པོའམ། ཡི་དགས་ལ་སོགས་པས་གནོད་པར་མི་འགྱུར་ཏེ། གྲོང་དན་གནས་པའི་སེམས་ཅན་རྣམས་ལ་ཡང་ཁྲག་ཁྲུག་དང༌། རྩོད་པ་དང༌། རིམས་དྲག་པོའི་ནད་མི་འབྱུང་སྟེ། གཞན་གྱི་རྒྱལ་པོའི་ཆད་པ་ཡང་མི་འབྱུང་ངོ༌། །གནོད་སྦྱིན་དང༌། སྲིན་པོ་ནས་གནོད་པར་བགྱིད་པའི་བར་རྣམས་ཉེན་ཀོར་དུ་ཡང་གནོད་པར་མི་འགྱུར་ཞེས་བྱ་བ་ནི། མཚན་དེ་ཡང་ལུས་ལ་བཏགས་པའམ། ཡིད་ཀྱིས་འཛིན་པའམ། ངག་གིས་འདོན་པའམ། རྒྱལ་མཚན་གྱི་རྩེ་མོའམ། མཆོད་རྟེན་གྱི་རྩེ་མོ་ལ་བཏགས་ནས། དེ་ཐོས་པ་དང༌། དེ་མཐོང་བ་ཙམ་གྱིས་


DTG072_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོད་ཟེར་གྱི་གཟི་བརྗིད་ཀྱིས་རྒྱང་གྲགས་ཀྱི་བར་ཚུན་ཆད་དུ་ཡང་ཉེ་བར་མི་ནུས་སོ། །དེ་གང་དུ་རྟག་ཏུ་གནས་པ་དེར་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཞེས་བྱ་བ་ནི། རིག་སྔགས་འདི་ཡད་འདས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རྗེས་སུ་ཡི་རང་ཞིང་གསུངས་པའོ། །དེ་བཞིན་དུ་མ་འོངས་པ་རྣམས་ཀྱིས་ཀྱང་གསུང་བར་འགྱུར་བའོ། །ད་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སེམས་ཅན་གྱི་དོན་ལ་གསུངས་པ་སྟེ། གཉིས་པའི་སེམས་མེད་ཅིང༌། ངེས་པར་ཐེ་ཚོམ་མེད་དོ་ཞེས་བྱ་བའོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་མི་མ་ལགས་པའི་གནོད་པས་ཐེབས་པའི་མདུན་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བརྗོད་ན་ཞེས་བྱ་བ་ནི། ཡུལ་འཁོར་བསྲུང་བ་དང༌། བྱད་དང༌། རོ་ལངས་ཀྱི་ནད་ཀྱིས་བཏབ་པ་དང༌། བསྒོམ་ཉེས་པ་དང༌། བྲི་ཉེས་ལ་སོགས་པ་གསོ་བ་དང༌། བཀྲ་མི་ཤིས་པ་བཀྲ་ཤིས་པར་བྱེད་པ་དང༌། གཞན་ཡང་དེ་ལ་སོགས་པ་ཐམས་ཅད་ལ་སྔགས་ཏེ། གཞན་ཡང་མཁའ་ལ་རྒྱུ་བའི་ཡི་དགས་རྣམས་བཟློག་པའོ་ཆོ་ག་ཡང་དག་པར་བཤད་པར་བྱའོ། །ལྕི་བ་ཆུ་དང་འདྲེས་པ་ཡིས། །དཀྱིལ་འཁོར་ཡང་དག་བྱུག་པར་བྱ། །ནད་པའི་མདུན་དུ་ཡང་དག་ཏུ། །དེ་བཞིན་གཞན་ཡང་མཁས་པ་ཤེས། ས་ཚོན་ལྡས་ནི་ཡང་དག་ཏུ། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བྲིས། །དབུས་སུ་སྣ་ཚོགས་པདྨ་ལ། །ཕྱི་རིམ་རྡོ་རྗེ་ར་བ་སྟེ།། དེ་ཕྱིར་འཁོར་ལོ་སྣ་ཚོགས་རྩིབས། །དེ་ཕྱིར་ལྷ་སྣམ་ཟླུམ་པོར་བྲི། །དེ་ཡི་ཕྱི་རིམ་གྲུ་བཞི་ལ། །ལྷ་སྣམ་པདྨ་རཱ་གའི་མདོག །གྲུ་བཞི་སྒོ་བཞི་ཀ་བ་བརྒྱད། །ཏྭ་ར་བཞི་ཡིས་ཡང་དག་བརྒྱན། །དྲ་བ་ལ་སོགས་བརྒྱན་པ་ལ། །རིན་ཆེན་སྣ་བདུན་གཞལ་ཡས་ཁང། །གདུགས་དང་བ་དན་དེ་བཞིན་རྒྱན། །མཛེས་པས་ཡང་དག་རྣམ་པར་བརྒྱན། །པདྨ་འཁོར་ལོ་ལྷ་རྣམས་དང༌། །ཡེ་ཤེས་ལྷ་དང་འཇིག་རྟེན་ལྷ། །གཞན་ཡང་གསུངས་པ་དེ་བཞིན་དུ། །མཁས་པའི་བློ་ཡིས་ཤེས་པར་བྱ། །བཞི་བའི་དབུས་སུ་ཡང་


DTG072_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ། །རྣམ་པར་རྒྱལ་བ་དབུས་སུ་གཞག །ལྟོ་བ་ལྡིར་བ་རྐེ་བ་རིང༌། །མཆུ་འཕྱངས་མཚན་མ་ལེགས་པ་ལ། །ནག་པོ་ར་རི་རྩ་བ་སྤངས། །དེ་ལྟ་བུ་ཡི་བུམ་པ་ལ། །གུ་གུལ་ལ་སོགས་བདུག་པར་བྱ། །རིན་ཆེན་འབྲུ་ལྔ་སྨན་ལྔ་དང༌། །དྲི་ལྔ་བྱང་ཆུབ་ཤིང་ལྔ་དང༌། །མགུལ་ཆིངས་དང་ནི་གདུགས་དང་ནི། །མེ་ཏོག་ཕྲེང་དང་རིན་ཆེན་ཕྲེང༌། །གཞན་ཡང་ཇི་སྙེད་ཡང་དག་བརྒྱན། །དེ་བཞིན་རྒྱལ་བའི་བུམ་པའི་གཟུགས། །གཞལ་ཡས་ཁང་གི་དབུས་སུ་གཞག །རིམས་ནད་ཕྱུགས་ནད་གང་ཡིན་པ། །དེ་ནི་བཀྲ་ཤིས་ལ་སོགས་དང༌། །དབང་བསྐུར་སྦྱིན་སྲེག་དེ་བཞིན་ཏེ། །ལྷ་དང་རབ་གནས་དེ་བཞིན་ཤེས། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །དཀྱིལ་ཆོག་བློ་ཡིས་ཡང་དག་ཤེས། །གྲོག་ཤིང་ཤུན་དར་སོགས་ལ། །གུར་གུམ་གི་ཝང་ལ་སོགས་བྲི། །ཕྱི་རིམ་མུ་ཁྱུད་ར་བ་ལ། །རྒྱལ་བའི་མཚན་ནི་ཡང་དག་བྲི། །དར་གྱིས་བཅིངས་པའི་པདྨ་ལ། དེ་སྟེང་ཕྱག་མཚན་རྒྱས་པ་བྲི། །རལ་གྲི་སྐྱབས་སྦྱིན་རིན་ཆེན་དང༌། །རིན་ཆེན་སྟེང་དུ་རྡོ་རྗེ་གནས། །ཞགས་པ་ལྕགས་ཀྱུ་བུམ་པ་དང༌། །དེ་སྟེང་རྡོ་རྗེ་ཡང་དག་གནས།། མཚམས་བཞི་རྡོ་རྗེ་རྒྱ་གྲམ་ཡིན། །བེ་ཅོན་དང་ནི་ཨུཏྤལ་དང༌། །པདྨ་ལ་སོགས་འཁོར་ལོ་དང༌། །གཞན་ཡང་ཕྱག་མཚན་གང་ཡོད་པ། །མཁས་པས་བརྟགས་ནས་བྲི་བར་བྱ། །དེ་ནས་མུ་ཁྱུད་ཟླུམ་པོ་ལ། །རྡོ་རྗེ་རྒྱ་གྲམ་ཡང་དག་བྲི། །རྡོ་རྗེ་རྒྱ་གྲམ་བར་དུ་ནི། །ལས་ཀྱི་སྙིང་པོ་ཡང་དག་བྲི། །ཕྱག་མཚན་བར་དུ་རྡོ་རྗེ་རིགས་ཀྱི་ཡི་གེ་དགོད། །དེ་ནས་མུ་ཁྱུད་གསུམ་པོ་ལ། །སྔར་གསུངས་ལས་ཀྱི་སྙིང་པོ་བྲི། །དེ་ནས་མུ་ཁྱུད་འཁོར་ལོ་བྲི། །འཁོར་ལོར་བྲི་བའི་ཡི་གེ་ནི། །རིག་སྔགས་སྐྱེད་བྱེད་ཡང་དག་ཏུ། །ཧཱུཾ་དང་ཕཊ་ཀྱིས་རྣམ་པར་བརྒྱན། །དེ་ནས་མུ་ཁྱུད་གསུམ་པོ་ལ། །རིག་སྔགས་སྙིང་པོ་ཡང་དག་བྲི། །དེ་ནས་པདྨ་འདབ་བརྒྱད་ལ། །ཡང་སྙིང་སྙིང་པོ་བྲི་བར་བྱ། །དེ་བཞིན་མུ་ཁྱུད་བསྐོར་བ་ལ། །གཞན་གྱིས་མི་ཐུབ་སྙིང་པོ་བྲི། །དེ་དབུས་ཡི་གེ་གནས་པ་ནི། །བསིལ་


DTG072_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚལ་གྱི་བསྐྱེད་ཡིག་བྲི། །ཡི་གེའི་ནང་དུ་མཁས་པ་ནི། །ཡང་དག་གིས་ནི་བྲི་བར་བྱ། །དེ་བཞིན་རིག་སྔགས་འཆང་བྲིས་ལ། །མགུལ་ལམ་ཕྱག་སོགས་གདགས་པར་བྱ། །དེ་བཞིན་བཏགས་པར་གྱུར་ན་ནི། །ནད་དང་འཇིགས་པས་མི་ཚུགས་ཏེ། །མྱ་ངན་ལ་སོགས་དེ་བཞིན་དུ། མི་རིགས་ཐམས་ཅད་མི་ཚུགས་སོ། །ཚེ་རིང་སྡུག་བསྔལ་ཐམས་ཅད་མེད། ངན་སོགས་གསུམ་ཡང་དེ་བཞིན་ནོ། །རྒྱལ་བའི་བསྲུང་བ་ཡང་དག་ཏུ། །ང་ཡིས་ཡང་དག་བཤད་པར་བགྱི། །རྡོ་རྗེའི་ར་བ་གུར་དང་ནི། །བླ་རེས་ས་གཞི་དྲ་བ་དང༌། །རྡོ་རྗེའི་རང་བཞིན་ཤེས་བར་བྱ། །དེ་ཕྱིར་མེ་རི་སྣ་ཚོགས་ཀྱིས། །ཡང་དག་གིས་ནི་བསྐོར་བའོ། །ནད་པའི་དྲུང་དུ་དཀྱིལ་འཁོར་འདི། །དེ་བཞིན་ཡག་དག་བྲི་བར་བྱ། །རིང་བསྲེལ་གསུང་རྟེན་ལུགས་མའམ། །ཚ་ཚ་ལ་སོགས་མཆོད་རྟེན་གང༌། །ནད་པའི་མདུན་དུ་ཡང་དག་མཆོད། །རིག་སྔགས་བསིལ་བའི་ཚལ་གྱི་གཟུངས།། ཆོ་གའི་དུས་སུ་ཡང་དག་གདོན། །བར་གྱིས་མི་ཆོད་དེ་བཞིན་དུ། །བཟླས་པ་ལ་སོགས་དེ་བཞིན་བྱ། །ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར་དང༌། །དེ་བཞིན་འབྱུང་པོ་ལ་སོགས་ལ། །རྗེས་སུ་མཐུན་པར་དབུལ་བར་བྱ། །དྲི་དང་མེ་ཏོག་སྦོས་དང་ནི། །ཨརྒ་ལ་སོགས་ཡང་དག་དབུལ། །དེ་བཞིན་མཁས་པས་ཐུན་གཏོར་དུ། །ཡང་དག་གིས་ནི་དབུལ་བར་བྱ། །ནད་པ་ལ་སོགས་ཁྲུས་བྱས་ལ། །རིག་སྔགས་གཏད་པའི་ཆོ་ག་བྱ། །དབང་བསྐུར་ལ་སོགས་གཞན་ཡང་མཐུན། །དེ་བཞིན་སྔོམ་པ་འབོགས་པ་དང༌། །གཞན་དང་ལ་སོགས་མཐུན་པ་སྟེ། །དེ་བཞིན་ལ་སོགས་བྱས་ན་ནི། །གང་ཡང་ལས་ཀྱང་འགྲུབ་པར་འགྱུར། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་དཀྱིལ་འཁོར་དང་བསྲུང་བ་བཤད་པའི་གནས་སྐབས་ཏེ་དགུ་བའོ།། །།དེ་མྱུར་བ་ཁོ་ནར་བདེ་ལེགས་དང་ནད་མ་མཆིས་པ་དང་ཞེས་བྱ་བ་ནི། དེ་བཞིན་དུ་དཀྱིལ་འཁོར་ལ་སོགས་པས་བསྲུང་བ་བྱས་ན། །སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ། མ་རུངས་བའི་གདོན་ཐམས་ཅད་ཀྱང་དེ་བཞིན་ནོ། །བདེ་བར་འགྱུར་ཞིང་ཐར་བར་འགྱུར་ལ་ཞེས་བྱ་བ་ནི། ཚེ་ད་ལྟ་དང་ཕྱི་མ་ལ་ཡང་བདེ་བར་འགྱུར་བ་སྟེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་བའོ། །མི་མ་ལགས་པ་རྣམས་དེ་ལ་ལོགས་མི་བགྱིད་ཅིང༌། མྱུར་དུ་འཚེ་བར་འགྱུར་ལགས་ཏེ་ཞེས་བྱ་བ་ནི་འདི་འཆང་


DTG072_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གང་ཟག་རྣམས་ལ་འབྱུང་པོ་དེ་རྣམས་གྲོགས་མི་བྱེད་ན་འབྱུང་པོ་དེ་རྣམས་ཀྱང་རིག་སྔགས་ཀྱི་དམོད་མོས་སྡུག་བསྔལ་དྲག་པོ་ཐོབ་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ་པོ་བཞིས་བཅོམ་ལྡན་དས་ལ་ཞུས་པའོ། །བསིལ་བའི་ཚལ་གྱི་མདོ་ཆེ་པོ་འདི་ནི། དེ་ལྟར་དོ་ན་ཆེ་བ་ལགས་སོ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ། །སེམས་ཅན་རྣམས་ལ་བདེ་བར་གནས་པར་བྱས་ཤིང་ཚེ་ད་ལྟར་དང་ཕྱི་མའི་སྡུག་བསྔལ་ཞི་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས། དགེ་སློང་ངམ་དགེ་སློང་མ་གང་ལ་ལ་སོགས་པ་ནི་ཡང་ནས་ཡང་དུ་བཅོམ་ལྡན་འདས་ལ། རྒྱལ་པོ་བཞིས་ཞུ་བ་འབུལ་བ་སྟེ། དེ་ཡང་འཁོར་བཞིའི་དོན་ལ་ཞུ་བ་འབུལ་བའོ། །བསིལ་བའི་ཚལ་གྱི་མདོ་ཆེན་མོ་འདི་འཛིན་པ་དང་ཞེས་བྱ་བ་ནི། གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ། །དེ་ལ་སོགས་པ་ལ་ཡོད་པ་ཙམ་གྱིས་ཀྱང་འཇིགས་པ་ཐམས་ཅད་དང་འབྲལ་བར་འགྱུར་ཏེ། འཆང་བ་དང་ཞེས་བྱ་བ་ནི། མགུལ་དུ་བཏགས་ནས་གུས་པར་བྱས་པར་གྱུར་ན། རིག་སྔགས་ཀྱི་རྒྱལ་མོ་འདིའི་ནུས་བས་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་ཏེ། ཚེ་ད་ལྟ་དང་ཚེ་ཕྱི་མ་དེ་བཞིན་ནོ། །བརྗོད་པ་དང་ཞེས་བྱ་བ་ནི། ཀློག་པ་བསྒོམ་པ་རྗེས་སུ་ཡི་རང་བ་དེ་ལ་བཤད་པར་བྱེད་པ། དེ་ལ་སོགས་པ་བྱས་པར་གྱུར་ན་དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཀུན་ཆུབ་པར་བགྱིད་པ་དང་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་ལ་ཁྱབ་པའོ། །ཡང་ན་རིག་པ་ནི་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། སེམས་ཅན་གྱི་དོན་ལ་ཁྱབ་པའོ། །སྦྱོར་བར་བགྱིད་པ་དེ་ལ་ནི་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་ཡོད་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདི་ནི་རྗེས་སུ་ཡི་རང་ཞིང་གསུངས་པའོ། །དེ་དག་གི་གང་ཟག་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་དེ་བཞིན་དུས་གསུམ་དུ་ཡིན་ན། །དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས། རྒྱལ་པོ་ཆེན་པོ་བཞིའི་གན་དུ་མཆིས་ནས། མིང་སྨོས་པར་བགྱིད་དོ་ཞེས་བྱ་བ་ནི། མི་མ་ཡིན་པའི་འབྱུང་པོ་རྣམས་ཀྱིས་ཀྱང༌། ཚེས་བརྒྱད་དམ། བཅུ་དགུའམ། ཉའམ། སྟོང་ལ་སོགས་པ་ལ། རྒྱལ་པོ་ཆེན་པོ་བཞི་དང༌། དེ་བཞིན་དུ་བྱས་པར་


DTG072_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན། གདུག་པ་ཅན་གྱི་གནོད་སྦྱིན་རྣམས་ཀྱང་དད་པར་འགྱུར་རོ། །ཀྱེ་རྒྱལ་པོ་ཆེན་པོ་དག་ཅེས་བྱ་བ་ནི། བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ལ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འདི་ལ་འཆང་བར་འགྱུར་ན། དད་པར་འགྱུར་ཏེ། དེ་བཞིན་དུ་ཡང་དག་པའི་དོན་ཡང་ཐོབ་པར་འགྱུར་རོ།། དགེ་སློང་ངམ་ཞེས་བྱ་བ་ནས་དགེ་བསྙེན་མ་ཞེས་བྱ་བ་ནི། འཁོར་བཞི་ལ་ཡང་བསིལ་བའི་ཚལ་གྱི་མདོ་འདིས་བསྲུང་བར་འགྱུར་རོ། །ཆེ་གེ་མོ་ཞིག་ཅེས་བྱ་བ་ལ་སོགས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དོ། །ཡང་ན་ནི་གང་ཟག་སེམས་ཅན་འདི་འཆང་བའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཡང་ནས་ཡང་དུ་ཞུས་པའོ། །དད་བ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ནས་ཞེས་བྱ་བ་ནི། སྔོན་དུ་བཤད་པ་བཞིན་དུ་བསིལ་བའི་ཚལ་གྱི་མདོ་འདིའི་བཀའ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་པོ་དེ་མཆོད་པ་བྱས་ན། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མདུན་དུ་གནོད་སྦྱིན་རྣམས་འདུས་ཤིང༌། འབྱུང་པོ་ཐམས་ཅད་ཚོགས་པའི་ནང་དུ་ཡང་བསྒྲགས་ནས་ཞེས་བྱ་བ་ནི། གནོད་སྦྱིན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་དང་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས་ཀྱི་མདུན་དུ་བསིལ་བའི་ཚལ་གྱི་མདོ་འདི་བསྒྲགས་ན། སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར། དེར་དེ་དག་མངོན་པར་དགའ་བར་འགྱུར་ཏེ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་བྱིན་གྱི་རླབས་ཀྱིས། དེ་རྣམས་ཀྱིས་ཀྱང་གྲོགས་བྱེད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་མོ་འདི་ནི་དེ་ལྟར་དོན་ཆེ་བ་ལགས་སོ་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །ཡང་དག་པའི་དོན་ཐོབ་སྟེ། མིའི་ཡུལ་དུ་སྐྱེ་བར་གྱུར་ནས་ཀྱང༌། ཆོས་འདི་དང་མི་འབྲལ་བའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་རྒྱལ་པོ་ཆེན་པོ་བཞིས་ཡང་ནས་ཡང་དུ་ཞུ་བ་ཕུལ་བའོ། །དགེ་སློང་ངམ་ཞེས་བྱ་བ་ལ་སོགས་པ་ནི། སྡེ་པ་བཞི་དང༌། མི་དགེ་བ་བཅུ་དང༌། དགེ་བསྙེན་གྱི་སྡོམ་པ་ལྔའོ། །སྡེ་པ་བཞི་ནི། ཕལ་ཆེན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌།


DTG072_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་པ་དང༌། མང་པོས་བཀུར་བའི་སྡེའོ། །མི་དགེ་བ་བཅུ་ནི། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཚིག་རྩུབ་མོ་དང༌། ངག་འཁྱལ་པ་དང༌། ཕྲ་མའོ། །བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །དགེ་བསྙེན་གྱི་སྡོམ་པ་ནི། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཆང་དང་ལྔ་སྟེ། བསིལ་བའི་ཚལ་གྱི་མདོ་འདི་བཏོན་པ་ཙམ་གྱིས་ཀྱང༌། དེ་རྣམས་ཀྱི་སྡོམ་པ་ཉམས་ཀྱང༌། དེའི་སྡིག་པ་ལས་ཐར་བར་འགྱུར་རོ། །ཆང་མ་བཏུང་བ་དང༌། དྲན་པ་དང༌། ཤེས་བཞིན་དུ་མཆིས་པ་དང་ཞེས་བྱ་བ་ནི། ཆང་མི་བཏུང་བ་ནི། སྒོག་པ་དང༌། ཤ་དང༌། བུད་མེད་ལ་སོགས་པ་བཀག་པ་ཀྲྀ་ཡའི་གཞུང་ངོ༌། །དྲན་པ་ནི་རིག་སྔགས་འདི་དྲན་པ་སྟེ། དེ་དྲན་པ་ཙམ་གྱིས་ཀྱང་ཟས་ཉམས་པ་ལས་ཀྱང་ཐར་བར་འགྱུར་རོ། །ཤེས་བཞིན་དུ་མཆིས་པ་ནི། སྡིག་པའི་རང་བཞིན་དུ་ཤེས་པ་ཡིན་ཏེ། དེ་བཞིན་དུ་དགེ་བའི་རང་བཞིན་དུ་ཡང་ཤེས་པར་བྱའོ། །དགེ་དང་མི་དགེས་མི་ཚུགས་ཤིང༌། དེ་དྲན་པ་ཙམ་གྱིས་ཐར་བར་འགྱུར་རོ། །ཟས་རྣམ་པ་ལྔ་ལ་འདི་ལྟ་སྟེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་ཞུས་པའོ། །བུ་རམ་དང༌། སྦྲང་རྩི་དང༌། ཏིལ་དང༌། ཤ་དང༌། ཉ་ཤ་རྣམས་ཡོངས་སུ་སྤང་བར་བགྱིའོ་ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱི་ཟས་ཡིན་ནོ། །དེ་ཡང་སྡིག་པར་འགྱུར་བའི་ཟས་ཡིན་པས། བུ་རམ་ནི་འབུ་རྣམས་ཀྱི་ཟས་ཡིན་ནོ། །སྦྲང་རྩི་ནི་བུང་བའི་ཟས་སོ། །ཏིལ་ནི་སྲོག་ཆགས་རྣམས་ཀྱི་ཟས་སོ། །ཤ་ནི་སྲོག་བཅད་པས་སྡིག་པར་འགྱུར་བའི་ཟས་སོ། །ཉ་ཤ་ཡང་དེ་བཞིན་ནོ། །དེའི་ཕྱིར་ན་ཟས་རྣམ་པ་ལྔ་ཡོངས་སུ་སྤང་བའོ་ཞེས་གསུངས་པའོ། །དེ་ཅིའི་སླད་དུ་ཞེན་ཞེས་བྱ་བ་ནི་ཟས་ལྔ་པོ་དེ་སྡིག་པར་འགྱུར་བའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིས་ཞུ་བའི་ཕྱིར་བོས་པའོ། །གནོད་སྦྱིན་དང་སྲིན་པོ་ནས་གནོད་པར་བགྱིད་པའི་བར་རྣམས་ཞེས་བྱ་བ་ནི། ཟས་རྣམ་པ་ལྔ་བོ་དེ་སྤངས་བར་གྱུར་ན། དཔག་ཚད་ལྔ་བརྒྱའི་ནང་ཚུན་ཆད་དུ། གདོན་དེ་རྣམས་ཀྱིས་མི་ཚུགས་སོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་ལ་སོགས་པ་ནི། བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི། སངས་རྒྱས་


DTG072_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་སྟེ། དེ་བཞིན་དུ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བ་སྟེ། དེ་རྣམས་བཀའ་བདེན་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །དེ་དག་གཞོམ་པའི་སླད་དུ་ཡི་དམ་འདི་བགྱི་འཚལ་ལགས་སོ་ཞེས་བྱ་བ་ནི་ད་ལྟར་གྱི་ཤཱཀྱ་ཐུབ་པས་གསུངས་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་ཅིང་འཁོར་བ་ལས་ཐར་ཏེ། དེ་བཞིན་དུ་ཡང་དག་པའི་དོན་ཐོབ་ནས་རིག་པའི་དོན་གྱི་རྗེས་སུ་འབྲང་བའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིས་སེམས་ཅན་གྱི་དོན་དུ་ཡང་ནས་ཡང་དུ་ཞུ་བའོ། །དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དོ། །བསིལ་བའི་ཚལ་གྱི་མདོ་ཆེན་མོ་འདི་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་སྟེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་བསིལ་བར་བྱེད་པའོ། །འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་དད་པར་བྱས་ཤིང་རྗེས་སུ་ཡི་རང་བར་གྱུར་ན། སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ། སེམས་ཅན་ཐམས་ཅད་ཐར་པ་ཐོབ་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི་གོང་དུ་བཤད་པའོ། །བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ལགས་སོ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། མེ་ལོང་གི་གཟུགས་བརྙན་བཞིན་དུ་སྒྱུ་མར་སྣང་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པའོ། །བཙུན་པ་བཅོམ་ལྡན་འདས་གཞན་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་ནི། །བདུད་ཀྱི་རིགས་སྡིག་ཅན། བསྟན་པ་འཇིག་པའི་ལྟ་བ་ལོག་པའི་རིགས། དེ་རྣམས་ཀྱི་དོན་མི་འགྲུབ་ཅིང་ཐེ་ཚོམ་གྱི་དུས་སུ་ཡང་ཕམ་པར་འགྱུར་རོ། །དེའི་ཕྱིར་ན་མདོ་འདི་ལ་དད་པ་ལ་དོན་ཆེ་བའོ། །མི་མ་ལགས་པ་རྣམས་ཀྱིས་བར་མ་དོར་འགུམ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། འདི་འཆང་བའི་གང་ཟག་དེ་ལ། ཆུ་དང༌། མེ་དང༌། རྐུན་མ་དང༌། ཆོམ་རྐུན་དང༌། སེང་གེ་དང༌། གླང་པོ་ཆེ་དང༌། དུག་དང༌། ཐོག་དང༌། རྒྱལ་པོའི་ཆད་པ་ལ་སོགས་པ་ཞི་བར་བྱེད་པ་ཡིན་ཏེ། ཡང་ན་ནི་མི་རིགས་པའི་འབྱུང་པོ་རྣམས་ཀྱིས་རིམས་ཀྱིས་གསད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འཇིགས་པ་དེ་རྣམས་རླག་པར་བྱེད་པའོ།།


DTG072_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་དག་ལ་གནོད་པར་འཚལ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་བར་དུ་གཅོད་བའི་བགེགས་རྣམས་གླགས་ཚོལ་ཏེ། གང་ཟག་དེ་གུས་བར་གྱུར་ན་གླགས་མི་རྙེད་ཅིང་བར་དུ་གཅོད་པར་མི་ནུས་སོ། །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་ན་སེམས་ཅན་རྣམས་བསྲུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེ་ཆེ་ཞིང་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པ་སྟེ། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་འདི་ཆད་པ་ཐམས་ཅད་དང་བྲལ་ཞིང་བདེ་བར་གནས་པའོ། །དེ་ནས་ཞེས་བ་ནི་བསིལ་བའི་ཚལ་གྱི་ཡོན་ཏན་བཤད་པ་དེ་ནས་སོ། །བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་ཚིགས་སུ་བཅད་དེ་གསལ་བ་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་ཕན་ཡོན་རྒྱལ་པོ་ཆེན་པོ་བཞིས་ཚིགས་སུ་བཅད་དེ་བཤད་པའོ། །མི་མཆོག་གང་ཞིག་མདོ་འདི་དག །ཡོངས་སུ་རྫོགས་པས་བསྲུངས་པ་དང༌། །ཞེས་བྱ་བ་ནི་གླིང་བཞི་ན་གནས་པའི་འཇིག་རྟེན་འདི་གང་ཟག་གང་གིས་ཀྱང་གུས་པར་བྱས་ཤིང་འཆང་བ་དེ་ལ་བསྲུང་བ་གཞན་གྱིས་མཚུངས་པ་མེད་དོ། །བདེ་ལེགས་བགྱིད་པ་དེ་ལ་ནི། །སྲིན་པོ་རྣམས་ཀྱང་འཚེ་མི་བགྱིད། །ཅེས་བྱ་བ་ནི་གཟི་བརྗིད་ཆེ་ཞིང་སྟོབས་དང་ལྡན་ཏེ། ཚི་ཕྱི་མ་ཡང་ངན་སོང་གསུམ་ལས་གྲོལ་ཞིང༌། ད་ལྟར་ཡང་དཔལ་དང་ལྡན་ཏེ། དེ་དེ་དག་འཛིན་པའི་གང་ཟག་ཡང་དག་པའི་བྱང་ཆུབ་ཐོབ་པའོ། །ཡང་ན་སྟོང་གསུམ་གྱི་སྟོང་ཆེན་པོ་ན་ཡོད་པའི་བགེགས་རྣམས་ཀྱིས་ཀྱང་འཚེ་བར་མི་ནུས་ཤིང་སྲིན་པོ་རྣམས་ཀྱང་ལྟ་ཅི་སྨོས་པའོ། །སུ་ཡང་རུང་སྟེ་མདོ་འདི་དག །མི་མཆོག་གིས་ནི་གསུངས་པ་བཞིན། །ཞེས་བྱ་བ་ནི། ལྷའམ། མིའམ། ལྷ་མ་ཡིན་ནམ། ཡི་དགས་ལ་སོགས་པ་གང་ཟག་འདི་ལ་གུས་པར་བྱས་པ་དེ་ལ་སོགས་པའི་སེམས་ཅན་གཞན་ལ་ཡང་ཕན་ཐོགས་པ་སྟེ། འདས་པའི་སངས་རྒྱས་རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཀུན་སྐྱོབ་དང༌། ལོག་པར་དད་སེལ་དང༌། གསེར་ཐུབ་དང༌། འོད་སྲུངས་རྣམས་ཀྱིས་ཀྱང་བསྲུང་བའོ། །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བསྲུང་སྟེ། དེ་ཡང་ཕྱག་ན་རྡོ་རྗེ་དང༌། འཇམ་དཔལ་དང༌། སྤྱན་རས་གཟིགས་དང༌། བྱམས་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་ཡང་སེམས་ཅན་གྱི་དོན་ལ་རིག་སྔགས་ལ་རྗེས་སུ་ཡི་རང་ཞིང་བསྲུངས་པའོ། །ཡོངས་


DTG072_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་ཤིང་མཆད་པར། །ཤིན་ཏུ་ཆང་བར་འཆང་བགྱིད་པ། །ཞེས་བྱ་བ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང་བཟོད་པ་དང༌། བརྩོན་འགྲུས་དང་བསམ་གཏན་དང༌། ཤེས་རབ་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། དེ་ཡང་དེའི་འཁོར་གསུམ་དག་པས་འཆང་བའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དང། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡོངས་སུ་རྫོགས་པའོ། །དེ་ལ་གནོད་སྦྱིན་ཡི་དགས་དང༌། །འབྱུང་པོ་གྲུལ་བུམ་སྲིན་པོ་དང༌། །མི་དང་མི་མ་ཡིན་པའི་གདོན་རྣམས་ཀྱིས་ཀྱང་རིག་སྔགས་འདི་ལ་རྗེས་སུ་ཡི་རང་ཞིང་བསྟན་པ་བསྲུང་བ་སྟེ། འདི་ལ་ཚིག་གཅིག་ཀྱང་སྨྲས་པར་གྱུར་ན། འབྱུང་པོ་རྣམས་ཀྱི་འཇིགས་པ་དང་བྲལ་བའོ། །སྨྱོ་བྱེད་རྒྱུ་བ་ཀླུ་རྣམས་དང༌། །དེ་ལྟ་བུ་དག་འཚེ་མི་བགྱིད། །ཅེས་བྱ་བ་ནི་སྨྱོ་བྱེད་ཀྱི་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དེ། དེ་བཞིན་ཀླུའི་གདོན་ཡང་ཡིན་ནོ། །དེ་རྣམས་ཀྱིས་ཀྱང༌། སྲོད་ཐོ་རངས་ནམ་ཕྱེད་ལ་རྒྱུ་ཞིང་སེམས་ཅན་རྣམས་ལ་འཚེ་བར་བྱེད་པ་སྟེ། དེ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་སེམས་ཅན་རྣམས་ལ་བདེ་བར་བྱེད་པའོ། །དེ་ལ་མི་མ་ལགས་དང་གདོན། །མྱུར་དུ་གུད་དུ་འཆི་བར་འགྱུར། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀའ་དང་རིག་སྔགས་ཀྱི་དམོད་མོས་འཚེ་བར་བྱེད་པའི་འབྱུང་པོ་དེ་རྣམས་མགོ་ཚལ་པ་བརྒྱར་འགས་ཤིང་འཆི་བར་འགྱུར་ཏེ། ཤི་མ་ཐག་ཏུ་མདའ་འཕངས་པ་བཞིན་དུ་མནར་མེད་པར་སྐྱེའོ། །དེ་ལ་ཅིས་ཀྱང་མི་ཚུགས་ཏེ། དེ་ལ་རྩེ་བར་ཡང་མི་ནུས་ཞེས་བྱ་བ་ནི་ཨུ་དུ་ཝཱ་རའི་མེ་ཏོག་བཞིན། ཤིན་ཏུ་དཀོན་པ་རིག་སྔགས་ཀྱི་རྒྱལ་མོ་འདི་ཡང་མཐུ་ཆེ་ཞིང་གཟི་བརྗིད་ཆེ་སྟེ། འདིའི་ནུས་པས་གང་གིས་ཀྱང་འཚེ་བར་མི་ནུས་པའོ། །རྒྱལ་པོ་ཆེན་པོ་བཞི་པོ་ཡིས། །བཅོམ་ལྡན་ཕྱག་འཚལ་ཞེས་བརྗོད་དེ། །ཞེས་བྱ་བ་ནི་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཀྱི་དྲི་ཟ་རྣམས་དང༌། དེ་བཞིན་དུ་གྲུལ་བུམ་དང༌། ཀླུ་དང་གནོད་སྦྱིན་རྣམས་སོ། །དེ་རྣམས་ཀྱི་གདོན་ཀྱིས་ཀྱང་འཚེ་བར་མི་ནུས་ཤིང༌། །ཕྱོགས་རྣམས་ཀྱང་བསྲུང་བར་འགྱུར་རོ། །སངས་རྒྱས་ཞབས་ལ་ཕྱག་འཚལ་ནས། །དེ་ཉིད་དུ་ནི་མི་སྣང་འགྱུར། །ཞེས་བྱ་བ་ནི། དུར་ཁྲོད་བསིལ་བའི་ཚལ་དུ་བཅོམ་ལྡན་འདས་ལ་བར་ཆོད་བྱེད་ཅིང་གླགས་ལྟ་བ་རྣམས་གླགས་མི་རྙེད་ཅིང༌། བཅོམ་ལྡན་འདས་ལ་གུས་པར་བྱས་ན། སེམས་ཅན་ལ་འཚེ་བར་མི་བྱེད་ཅིང་མི་སྣང་བར་འགྱུར་བའོ། །དེ་ནས་ཞེས་པ་ནི་ཚིགས་


DTG072_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པའི་དེ་ནས་སོ། །བཅོམ་ལྡན་འདས་དེའི་མཚན་མོ་འདས་ཏེ་ཞེས་བྱ་བ་ནི་འཇིགས་སུ་རུང་བ་བསིལ་བའི་ཚལ་གྱི་ནང་ན་བཅོམ་ལྡན་འདས་འཁོར་བཞི་དང་བཅས་བ་བཞུགས་པའི་ནམ་ལ་འདས་པའོ། །ནམ་ལངས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་བཞུགས་ཏེ་ཞེས་བྱ་བ་ནི་རྣམ་རྟོག་གསུམ་དང་བྲལ་བའི་དུར་ཁྲོད་བསིལ་བའི་ཚལ་གྱི་དབུས་སུ་བཅོམ་ལྡན་འདས་འཁོར་བཞི་དང་བཅས་པའོ། །དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། དེའི་ཚེ་དེའི་དུས་སུ་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ། །དགེ་སློང་དག་མ་དང་སུམ་དག་རྒྱལ་པོ་ཆེན་པོ་བཞི་བུ་དང་བཅས་ཞེས་བྱ་བ་ལ་སོགས་པ་ནི། རྒྱལ་པོ་ཆེན་པོ་བཞི་དང༌། འཁོར་རྣམས་དུར་ཁྲོད་བསིལ་བའི་ཚལ་དུ་འོངས་ཏེ། དེ་དག་གིས་ཀྱང་གླགས་ཚོལ་བ་སྟེ། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་གཟི་བརྗིད་ཀྱིས་གླགས་ཚོལ་མི་ནུས་པར་གནས་པའོ། །ངའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་ཞེས་བྱ་བ་ནི། རྒྱལ་པོ་བཞི་དང༌། འབྱུང་པོ་དེ་རྣམས་ཀྱིས་བསྐོར་བ་ལན་གསུམ་བྱས་ནས། བཅོམ་ལྡན་འདས་ལ་གུས་པར་བྱས་ནས་རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་ལ་རྗེས་སུ་ཡི་རང་བའོ། །ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་དང༌། འབྱུང་པོ་ཐམས་ཅད་ཕྱོགས་གཅིག་ཏུ་འཁོད། ཕྱོགས་གཅིག་ཏུ་འཁོད་ནས། རྒྱལ་པོ་ཆེན་པོ་བཞིས་ངའི་ཐད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བརྗོད་ནས་དོང་ངོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་འཁོར་བཞི་ལ་བཀའ་སྩལ་ཞིང༌། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་དོན་ཡང་དག་པར་བསྟན་པའོ། །ཁྱེད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། ངས་བཤད་དོ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རིག་པ་མཐར་ཐུག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའོ། །བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ་ཞེས་བྱ་བ་ནི། དགེ་སློང་པ་སོགས་པའི་འཁོར་རྣམ་བཞིས་བཅོམ་ལྡན་འདས་ལ་ཞུས་པའོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་མཉན་ནས་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་འདི་ལ་རྗེས་སུ་ཡི་རང་ཞིང༌། འཆང་བ་དང༌། ཀློག་པ་དང༌། བསྒོམ་པ་ལ་སོགས་པ་


DTG072_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་ཆད་པ་མེད་ཅིང་ཚིག་ལ་ཡང་དག་པ་ཁྱབ་པ་ནི་ནམ་མཁའ་བཞིན་དུ་ཁྱབ་པ། རིག་པ་ཕྱི་ནང་ཡང་དག་པར་བསྟན་པ་ཐབས་ཤེས་རབ་གཉིས་སུ་མེད་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། གཞོན་ནུ་སྒྲ་གཅན་འཛིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་རྒྱས་པར་བཀའ་སྩལ་ཏེ། དེ་ཡང་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ཀུན་དགའ་བོས་བསྡུས་པའོ། །དགེ་སློང་དང་ཞེས་བྱ་བ་ནི་སྒྲ་གཅན་འཛིན་ལ་སོགས་པ་ཉིས་བརྒྱ་ལྔ་བཅུའོ། །དགེ་སློང་མ་དང་ཞེས་བྱ་བ་ནི་གྲགས་འཛིན་མ་ལ་སོགས་པའོ། །དགེ་བསྙེན་དང་ཞེས་བྱ་བ་ནི་རྒྱལ་པོ་མ་སྐྱེས་དགྲ་ལ་སོགས་པའོ། །དགེ་བསྙེན་མ་དེ་དག་ཡི་རངས་ཏེ་ཞེས་བྱ་བ་ནི། མ་སྐྱེས་དགྲའི་བཙུན་མོ་ལ་སོགས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་འདི་ལ་རྗེས་སུ་ཡི་རང་བའོ། །གཞན་ཡང་རྒྱལ་པོ་ཆེན་པོ་བཞི་དང། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང༌། གནས་གཙང་མའི་ལྷ་རྣམས་དང༌། གཞན་ཡང་ལྷ་དང༌། ལྷ་མ་ཡིན་ལ་སོགས་པས་རྗེས་སུ་ཡི་རང་བའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ། སློབ་དཔོན་མཁས་པ་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།སྨོན་ལམ་སྟོབས་ཀྱིས་གྲོང་ཁྱེར་མུ་གྱེར་བཙས། །མཁས་པར་གྲགས་པ་མི་མཉམ་རྡོ་རྗེའི་སྲས། །སྐྱེ་བ་ལྔ་བརྒྱར་སྦྱངས་པའི་འབྲས་བུ་ཡིས། །རིག་པའི་གནས་ལྔ་དག་ལ་མ་རྨོངས་ཤིང༌། །གསང་སྔགས་གདམས་པ་མ་ལུས་ཐུགས་ལ་མངའ་བ་ཅན། །མཚན་ཡང་དོན་ཡོད་རྡོ་རྗེ་ཞེས་པར་གྲགས། །སྔོན་གྱི་སྨོན་ལམ་དབང་གིས་བོད་ཡུལ་དབུས་སུ་བྱོན། །སྨོན་ལམ་སྟོབས་ཀྱིས་དམ་པ་འབྲོ་ལོའི་བླ་མར་གྱུར། །འཛམ་གླིང་བྱང་ཕྱོགས་བྲག་དམར་དཔལ་གྱི་བསམ་ཡས་སུ། །རྒྱལ་པོ་ཁྱད་པར་འཕགས་པ་ཁྲི་པའི་གདུང་རྒྱུད་སྲས། །ལྷ་གཅིག་ཁྱད་པར་འཕགས་པ་ལྷ་ལྕམ་དར་སྒྲོན་གྱིས། །བཀྲ་ཤིས་ཕོ་བྲང་རྡོ་ལུང་དགོན་པ་རུ། །ལོ་པཎ་ཞབས་ནས་བཏེག་ནས་དམ་ཆོས་འདི་བསྒྱུར་བ། །བསྒྱུར་བའི་བསོད་ནམས་གང་ཐོབ་བསགས་པ་དེས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག།། །།


previousརིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ། ལས་ཀྱི་རྡོ་རྗེ།no next