Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག།  མ་ཎི་བཛྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག། མ་ཎི་བཛྲ།next

རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག།
མ་ཎི་བཛྲ།


DTG073_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ཀརྨ་ཙ་ཏུཿསཱ་དྷ་ན་བི་དྷིཿ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག །རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཅན། །མ་རུངས་འདུལ་ལ་ཕྱག་འཚལ་ནས། །འབྱུང་བ་བཞི་ལ་བརྟེན་པའི་ལས། །ཚར་གཅད་རྗེས་སུ་གཟུང་བ་བཤད། །ས་ཕྱོགས་གང་དུ་གནོད་པའི་ལས། །སྒྲུབ་པར་འོས་པ་དེར་གནས་ཏེ། །ཚྭ་སྒོ་ཅན་ནས་ས་བླངས་ལ། །ཐབ་ཁུང་མེ་དབྱིབས་ནག་པོས་བྱུག །གནག་དང་འཁྱོལ་དང་དྲི་ང་དང༌། །སྲིན་གྱིས་རྣམ་པར་ཟོས་པ་དང༌། །རེག་ནས་ཟུག་རྔུ་བསྐྱེད་པའི་ཤིང༌། །ཁུང་དང་རྗེས་མཐུན་དབྱིབས་སུ་བརྩིག །གུ་གུལ་ནག་པོ་ནཱ་རིའི་ཤ །ཁྭ་ཡི་གཤོག་པ་བོང་བུའི་སྤངས། །མཆེ་བ་ཅན་གྱི་རྟུག་པ་དང༌། །ཡུངས་ཀར་གདོན་རྣམས་ཚར་གཅོད་བྱེད། །ཏིལ་དང་མེ་ཏོག་ནག་པོ་དང༌། །མ་ཤ་ལ་སོགས་འབྲུ་ནག་བཅས།། དུག་ཁྲག་ཚ་བའི་མར་ཁུ་རྣམས། །སྐྱེས་པའི་ཡན་ལག་ལས་བྱུང་བའི། །སྣོད་དམ་ཡང་ན་ལྕགས་ཀྱི་སྣོད། །ནིམ་པའི་ཤིང་ལོའི་སྣོད་བཞག་ནས། །རྡོ་གཉིས་གཙུབས་ལས་བྱུང་བའམ། །རྔོན་པའི་ཁྱིམ་བླངས་མེ་སྦར་ཏེ། །དེའི་དབུས་རཾ་ལས་དྲག་པོའི་མེ། །ཁྲོ་གཟུགས་འཇིགས་པར་བྱེད་པ་པོ། །མདོག་ནག་རྣམ་པར་གཙིགས་པའི་ཞལ། །བགྲང་ཕྲེང་མི་འཇིགས་སྦྱིན་པ་དང༌། །དབྱུ་གུ་རྩེ་གསུམ་སྤྱི་བླུགས་འཛིན། །ཕྱག་བཞི་འཇིགས་ཆེན་འཇིགས་མཛད་པ། །ར་ཡི་གདན་ལ་གནས་པ་བསྐྱེད། །ཡེ་ཤེས་མེ་ནི་སྤྱན་དྲངས་ཏེ། །དེ་དང་གཉིས་སུ་མེད་བྱས་ལ། །མཆོད་དང་བསྟོད་པས་མཉེས་པར་བྱས།། ཨོཾ་ཨགྣེ་དེ་ཝ། ཀཱ་ལ་རུ་ཏྲ། མ་ཧཱ་རུ་ཏྲ། སརྦྦ་ཀརྨ་མ་ཧེ་ཤྭ་ར་སརྦ་དུཥྚཱ་ན་མཱ་ར་ཡ་ཧཱུཾ་ཕཊ། སྔགས་བཅས་རྫས་རྣམས་ཚ་བ་ཡི། །མར་ལ་སྤགས་ཏེ་མེ་ལ་དབུལ། །སླར་ཡང་མཆོད་དང་བསྟོད་པ་ཡིས། །མཉེས་པར་བྱས་ལ་མི་དབུས་སུ། །རང་ལྷ་བསྐྱེད་དང་ཡེ་ཤེས་གཞུག །དེར་ཡང་མཆོད་དང་བསྟོད་བྱས་ཏེ།།


DTG073_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བའི་མར་གྱིས་སྤགས་པའི་རྫས། །སྔགས་བཅས་བསྲེགས་པས་ལྷ་མཉེས་བྱས། །འདིར་ཡང་དེ་བཞིན་མཆོད་པ་དང༌། །བསྟོད་པས་མཉེས་བྱས་སྒྲུབ་གསོལ་དང༌། །ཡི་གེ་བརྒྱ་བའི་གསང་སྔགས་ཀྱིས། །ཡོངས་སུ་དག་པས་མཉེས་པར་བྱ། །རྡོ་རྗེའི་སྔགས་ཀྱིས་ལྷ་གཤེགས་ཏེ། །སླར་ཡང་མི་དམིགས་མཆོད་པ་དང༌། །བསྲེག་དང་མཆོད་དང་ལས་སྒྲུབ་པར། །གསོལ་བཏབ་ནས་ནི་གཤེགས་གསོལ་བྱ། །འདིས་ནི་སྒྲུབ་ལ་བར་གཅོད་པའི། །བགེགས་མེད་དངོས་གྲུབ་སྦྱིན་པར་བྱེད། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་མེ་དང་འབྲེལ་བའོ།། །།ཐལ་བ་མཚན་ངན་སྣོད་གཞག་པ། །དེར་ནི་བགེགས་ཀྱི་གཟུགས་བྲིས་ལ། །དཀྱིལ་འཁོར་དུར་ཁྲོད་སོ་ཕག་གིས། །མེ་གཟུགས་བྲིས་བའི་སྟེང་དུ་གཞག །རང་ལྷར་བསྒོམས་པའི་སྙིང་ག་ཡི། །ཡེ་ཤེས་ཡི་གེའི་འོད་ཟེར་གྱིས། །བགེགས་ཀུན་མདུན་གྱི་སྔགས་ལ་བསྟིམ། །སྔགས་འོད་མེ་བཞིན་ཚ་བ་ཡིས། །བསྲེག་པར་བསམ་ཞིང་བཟླས་པའི་མཐར། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དུག །གསང་སྔགས་བཟླས་དང་བཅས་པས་བྲབ། །སྐྱེས་པའི་རྐང་དམ་སེང་ལྡེང་གི །ཕུར་བུ་སྔགས་བཅས་སྙིང་གར་བསྣུན། །དེ་མཐར་གཟུགས་བཅས་ཐལ་བ་ལ། །རྣམ་པར་འཐོར་བའི་སྦྱོར་བ་ཡིས། །ཚར་གཅོད་བགེགས་མེད་གྲུབ་སྦྱིན་བྱེད། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་རླུང་དང་འབྲེལ་བས་འཐོར་བའོ། །བསྲེགས་པའི་ཐལ་བ་ཚྭ་སྒོ་ཅན། །ཤིང་གཅིག་རྩ་བ་འཇུག་ངོགས་ས། །ནིམ་པའི་ཁུ་བས་སྦྲུས་པ་ལས། །བགེགས་གཟུགས་སྙིང་གར་སྔགས་བྲིས་གཞུག །རང་ལྷ་ཡེ་ཤེས་ཡི་གེ་ཡི། །འོད་ཀྱིས་བགེགས་བཀུག་གཟུགས་ལ་བསྟིམ། །སྔགས་འོད་ཞགས་པས་འཆིང་བ་ཡི། །བསམ་གཏན་ལྡན་པས་རིག་སྔགས་བཟླས། །འཛེག་དང་འཕར་དང་སྙིང་རྗེ་བའི། །ང་རོ་འདོན་པའི་རྟགས་ཐོབ་ནས། །མཆོད་རྟེན་མཚན་མ་གཅིག་པ་ལ། །དུར་ཁྲོད་མ་མོའི་ཁྱིམ་དུ་སྦ། །སྦྱོར་འདིས་སྒྲུབ་ལ་བར་གཅོད་པ། །བཅིངས་ནས་བགེགས་མེད་དངོས་གྲུབ་སྟེར། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་ས་དང་འབྲེལ་པ་མནན་པའོ།། །།དབེན་པར་ཚྭ་སྒོ་ཅན་ས་ལ། །དུག་དང་ཁྲག་སྦྱར་ཆུས་སྤགས་པས། །དཀྱིལ་འཁོར་གྲུ་གསུམ་དུག་དང་ཁྲག །རོ་བསྲེགས་སོལ་བས་ནག་པོར་བྱུག།


DTG073_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ནི་བུམ་པ་ཁ་དོག་གནག །སྔོན་པོའི་རས་ཀྱིས་མ་ཀུལ་དགྲིས་ཏེ། །གདུག་པའི་ཤིང་གིས་ཁ་བརྒྱན་ངས། །རྒྱུན་བྲལ་ཆུ་ཡིས་ལེགས་བཀང་སྟེ། །དེར་ཡང་མིང་རུས་ཡུངས་ཀར་དང༌། །དུག་ཁྲག་གུ་གུལ་སྐེ་ཚེ་གཞུག །རང་ལྷའི་རྣལ་འབྱོར་ལྡན་པ་ཡིས། །བུམ་ནང་ཡཾ་རཾ་བཾ་བྷྲཱུཾ་ལས།། རླུང་གནས་མེ་སྟེང་ཆུ་དཀྱིལ་འཁོར། །བསྒོམས་ཏེ་རང་སྙིང་ས་བོན་ལས། །བགེགས་བཀུག་འཁོར་ལོའི་ལྟེ་བར་གཞུག །སྔགས་ཀྱི་འོད་ཀྱིས་བསྐུལ་བའི་རླུང༌། །རྣམ་པར་གཡོས་པས་མེ་སྤར་ཏེ། །རབ་ཏུ་ཁོལ་བའི་ཆུ་རླབས་དང༌། །བསྲེགས་པའི་འཁོར་ལོས་བགེགས་ཀྱི་ལུས། །ཉམ་ཐག་བྱེད་བསྒོམ་གསང་སྔགས་བཟླས། །སྦྱོར་བ་འདི་ཡིས་ཇི་སྲིད་དུ། །མངོན་པར་འདོད་པ་རྫོགས་པ་དང༌། །གང་གི་ལུས་ལ་ཆུས་རེག་པ། །བགེགས་ཀྱི་གནོད་པ་ལས་གྲོལ་འགྱུར། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་ཆུ་དང་འབྲེལ་པས་བཀྲུ་བའོ། །རྡོ་རྗེ་ཅན་གྱི་ལས་གང་གིས། །མ་རུངས་གདོན་བགེགས་ཚར་བཅད་ནས། །འགྲོ་རྣམས་རྗེས་སུ་འཛིན་པའི་ལས། །འདི་ནི་གཞན་ཕན་བྱེད་པའོ། །རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག །བྲམ་ཟེ་མ་ཎི་བཛྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་ར་བ་ཞི་བཤེས་གཉེན་གྱིས་བསྒྱུར་བའོ།།


previousརྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག། མ་ཎི་བཛྲ།next