དཔལ་སྤྱན་རས་གཟིགས་ཁྲོས་པས་སེར་བ་བཟློག་པའི་ཆོ་ག།
བཅོམ་ལྡན་འདས་སྤྱན་རས་གཟིགས་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འོད་ཟེར་གཟི་བརྗིད་འབར་བའི་རྒྱལ་པོ་སེར་སྤྲིན་རབ་མཐུག་སྲེག་པར་མཛད། །ཡིག་གཉིས་གདུག་པའི་སྟོབས་འཇོམས་ང་རོ་མི་བཟད་ནམ་མཁའི་ངོས་ལ་གང་རྒྱངས་སྒྲོགས། །ཞལ་གསུམ་ཕྱག་དྲུག་དཀར་དམར་མཐིང་ག་ཨིནྡྲའི་མདོག་ལྡན་རྡོ་རྗེ་མདའ་གཞུ་ཐལ་མོ་བརྡེབས། །མེ་དཔུང་སྡིགས་མཛུབ་རལ་གྲིའི་གཤོག་བསྣམས་དབང་པོའི་རྒྱལ་པོ་སྤྱན་རས་གཟིགས་དབང་ལ་ཕྱག་འཚལ། །དེ་ནས་སེར་བ་བཟློག་པ་བཤད་པར་བྱ་སྟེ། ལྷ་དང་ཀླུ་ལ་སོགས་པ་ཁྲོས་པ་དང༌། འབྱུང་བ་ཉིད་ཀྱི་དབང་ངམ། གྲོང་ཁྱེར་པ་རྣམས་ཀྱི་དོན་མ་ཡིན་པའི་ལས་ཀྱི་སྟོབས་ལས་ཀྱང་རུང་སྟེ། དུས་དང་དུས་མ་ཡིན་པའི་གནོད་པ་ནི་འདི་ལྟ་སྟེ། དུ་བའི་མདོག་དང༌། རྒྱ་མཚོ་རླུང་གིས་བསྐྱོད་པའི་རླབས་ལྟ་བུའི་སྤྲིན་གྱི་ཕུང་པོ་འཁྲིགས་ཤིང༌། འབྲུག་གི་སྒྲ་ཀུན་དུ་མི་བཟད་པས་ཀླད་པ་འགེམས་པ་ལྟ་བུ་དང༌། གནམ་ལྕགས་དང་སེར་བ་དྲག་པོ་འབབ་པའི་ལྟས་ངན་མངོན་དུ་གྱུར་པ་ན། བྱང་ཆུབ་སེམས་དཔའ་གྲོང་ཁྱེར་པ་རྣམས་དང༌། སྐྱེ་བོ་མང་པོ་ལ་སྙིང་བརྩེ་བས་གདུང་བའི་ཡིད་ཅན། བདག་གི་དོན་བཏང་ནས་གཞན་གྱི་ཉེ་བར་མཁོ་བ་ལ་ལྷག་པར་ཆགས་པས་ཟིལ་གྱིས་མནན་པ་དག །འབྱུང་པོ་དཔག་ཏུ་མེད་པ་ལ་ཕན་པ་དང་བདེ་བའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དྲག་པོ་ཆེན་པོ་འོད་ཟེར་འབར་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟས་ངན་པ་ཐམས་ཅད་རྣམ་པར་འཇིག་པར་མཛད་པའི་རིགས་ཀྱི་རྒྱལ་པོ་འདི་ཡང་དག་པར་དྲན་པར་བྱའོ། །དེ་ཞལ་གཡས་དཀར་ལྷ་བསྲུང་བ། །གཡོན་པ་དམར་པོ་མི་ཡི་རྗེ། །དབུས་གནས་མཐིང་ག་ཀླུ་འདུལ་གྲགས། །སྤྱན་གསུམ་མཆེ་གཙིགས་ཁྲོས་པའོ། །གཡས་གཡོན་དང་པོ་མདའ་གཞུའི་ཕྱག །གཉིས་པ་གཉིས་ནི་ཐལ་མོ་བརྡེབས། །གསུམ་པའི་ཕྱག་ན་མེ་དཔུང་སྟེ། །གཡོན་པ་སྡིགས་མཛུབ་བསྒྲེང་
བ་ཉིད། །སྒྲོན་ཤིང་དུད་མདོག་སྐུ་ཆེན་འགྱིང༌། །རལ་གྲིའི་གཤོག་བརྒྱངས་སྤུ་འཐུལ་པ། །ཤིན་ཏུ་ཟ་བྱེད་རྔམ་པ་ཆེ། །འཇིགས་པའི་ཞབས་བགྲད་འཇིགས་པའོ། །ཐུགས་ཀ་ལྟེ་བར་པད་ཉིར་ནི། །ཧཱུཾ་ཕཊ་སྡོ་དང་དམར་བ་ཡི། །ཡི་གེ་གཉིས་བསམ་སྔགས་ཀྱིས་བསྐོར། །དེ་གསང་སྔགས་ཀྱི་རྒྱལ་པོ་འདི།། ཨོཾ་ཧྲཱིཿཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་ཨ་ཏི་ཀྲོ་དྷ་མ་ཧཱ་ཛ་ལ་སརྦ་ཏུ་ས་ར་ཧ་ར་ཧ་ར། ད་ཧ་ད་ཧ། ཤཱིགྷྲཾ་ལུདྷི་མཱར་ཡ་ཕཊ། ཐལ་མོ་གཡས་ལ་ཕ་དཀར་དང༌། །གཡོན་ལ་ཊ་ནག་བཀོད་ནས་ནི། །བརྡབས་པས་མེ་ལྕེ་འབར་བ་ཡིས། །དཔའ་བོས་སེར་བ་རྣམ་པར་བཟློག །མིག་གཉིས་ཉི་མའི་དཀྱིལ་འཁོར་དང༌། །སྨིན་མ་ཁྲོ་གཉེར་གློག་རྒྱུན་དང༌། །ཤངས་ལས་མེ་སྟག་ཞལ་ལས་ཀྱང༌། །ལྕེ་འབར་ཕུཿ་ཡིས་བཏབ་པས་ཀྱང༌། །དེ་ལས་རང་ཉིད་འདོད་ཐག་གྲུ། །མཁས་པས་ཡིད་ཀྱིས་མཚམས་བཅད་དེ། །སྤྲིན་ཚོགས་འོ་མ་ཅན་གྱི་ཁྲི། །བསྣོལ་བས་ཆུ་གཞག་གིས་བྱུག་བྱ། །གང་ཚེ་དུས་ལ་བབ་གྱུར་པ། །དེ་ཚེ་རྔམ་པའི་སྟང་སྟབས་ཀྱིས། །རྔམ་པར་བྱས་ལ་མེ་དཔུང་འབར། །བསྐལ་པའི་མེ་ལྟར་མཁའ་ག་ཡོགས་འགྱུར། །སྔགས་ཕྲེང་གསུམ་མམ་བདུན་ནམ་དགུ། །ཡང་ན་ཉི་ཤུ་རྩ་གཅིག་བརྗོད། །སྐད་ཅིག་དེ་ལ་རྡོ་རྗེ་ཡི། །ཕ་བོང་ཉིད་ཀྱང་ཞུ་བར་འགྱུར། །དཔལ་སྤྱན་རས་གཟིགས་ཁྲོས་པས་སེར་བ་བཟློག་པའི་ཆོ་ག་རྫོགས་སོ།།