Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་ཐབས།  ཛྙཱ་ན་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་ཐབས། ཛྙཱ་ན་ཤྲཱི།next

ཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་ཐབས།
ཛྙཱ་ན་ཤྲཱི།


DTG073_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་ཐབས་བཞུགས། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྱག་འཚལ་ལོ། །ཐོག་མར་རྣལ་འབྱོར་པས་ཡིད་དང་མཐུན་པའི་གནས་སུ་བྱི་དོར་བྱ་བ་དང༌། བའི་རྣམ་ལྔས་བྱུག་པ་ལ་སོགས་པ་རྒྱུད་ནས་ཇི་ལྟར་འབྱུང་བ་བཞིན་བྱས་ལ། ཡོ་བྱད་ཚོགས་པ་དང༌། སྟན་བདེ་པ་ལ་འདུག་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་བླ་མ་དང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། ཕྱག་འཚལ་བ་དང་མཆོད་པ་དབུལ་བ་དང༌། ཡོན་ལག་བདུན་པ་བྱས་ལ་དེའི་རྗེས་སུ་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོཉ྄ཧཾ་ཞེས་བྱ་བས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྣམ་པར་དག་པར་བྱའོ། །དེའི་རྗེས་ལ་མདུན་དུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཧཱུཾ། དེ་འཕྲོས་འདུས་པས་སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་བསལ་ནས་སླར་འདུས་པ་ལས་རྡོ་རྗེའོ། །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་འཕྱར་བ། གཡོན་སྡིགས་མཛུབ་བསྟན་པ། ཞབས་གཡས་བསྐུམ། །གཡོན་བརྐྱང་བ། གདུག་པའི་ཚོགས་ཀྱིས་སྐུ་ལ་བརྒྱན་པར་བསྒོམ། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་དེ་ནས་རང་ལ་བསྟིམ་པར་བྱའོ། །དེ་ནས་དབང་བསྐུར་བར་བྱ་སྟེ། རང་གི་སྤྱི་བོར་མི་བསྐྱོད་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་ཇི་སྲིད་དུ་སེམས་མི་འཕྲོ་བར་གཞག་པར་བྱའོ། །མི་རྟོག་པ་བསྒོམ་པར་བྱའོ། །དྲག་པོའི་ལས་བྱེད་པར་འདོད་ན་རྫས་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་ནོ། །རཾ་ལས་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་འོད་འཕྲོས་པས་རྡུལ་ཕྲ་རབ་ཐམས་ཅད་རྡོ་རྗེའི་སྙིང་པོར་བྱས་ཏེ་འདུས་པ་ལས་རྡོ་རྗེའོ། །


DTG073_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ་པར་བྱའོ། །ཡང་ན་སྐད་ཅིག་གིས་སྟོང་པར་བསམས་ཏེ། ཆོ་ག་གསུམ་གྱིས་ཕྱག་ན་རྡོ་རྗེར་ལྡང་བར་བྱའོ། །ཡང་ན་བཛྲ་བཛྲ་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་སྐད་ཅིག་གི་ཚེ་ཆུ་ལས་ཉ་ལྡང་བ་ལྟར་རྡོ་རྗེ་སྙིང་པོར་ལྡང་བར་བྱའོ། །དེ་ལྟར་བསྒོམས་ནས་ལྡང་བར་འདོད་ན། རང་གི་སྙིང་གར་ས་བོན་གྱི་མཐར། བཛྲ་བཛྲ་ཧཱུཾ་ཞེས་བརྗོད་པས་རང་བརྟན་པར་བྱས་ལ། བཅོམ་ལྡན་འདས་ཀྱིས་དུག་འཇིག་པར་བྱེད་པའི་སྔགས་བརྒྱའམ་ལྔ་བཅུ་ལ་སོགས་པ་ཐོག་མ་ཉིད་དུ་ཟློས་པར་བྱ་སྟེ། དེས་ཀླུའི་དུག་འཇིལ་བར་བྱེད་པའོ། །དེ་ནས་མཐའ་ཡས་བསྐྱེད་པར་བྱ་སྟེ། མདུན་དུ་འོ་མ་ཅན་གྱི་རྒྱ་མཚོའམ། དེའི་སྟེང་དུ་པཾ་ལས་པདྨའི་སྟེང་དུ་ཕུཿ་ལས། ཀླུ་མཐའ་ཡས་སྐུ་མདོག་ལྗང་གུ་།ཞལ་གཅིག་ཕྱག་གཉིས་པ་སྟོད་མི། སྨད་སྦྲུལ། མགོ་ལ་སྤྲུལ་མགོ་དགུ་ཡོད་པ། སྦྲུལ་རིགས་ལྔའི་གདན་ལ་བཞུགས་པ། རང་དང་འདྲ་བའི་བཙུན་མོས་འཁྱུད་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས། ཀླུའི་གནས་ནས་མཐའ་ཡས་རང་རྒྱུད་ལ་བཀུག་ལ་བསྟིམ་པར་བྱའོ། །དེ་ནས་བདག་ལ་བཀའ་ནོད་པར་བྱས་ལ། ཀླུའི་སྲོག་སྙིང་དང་བཅས་པ་བཟླས་ཏེ། འདི་ནི་བསྙེན་པའི་སྔགས་སོ། །དེ་ཡང་ཚོགས་སོགས་པ་ལ་ནི། རང་དང་ཀླུ་གཉིས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་འཕྲོས། འདུས་པས་སྡིག་པ་ཐམས་ཅད་དག་པར་བསམ་མོ། །དྲག་པོ་ལ་ནི་འོད་ཟེར་ནག་པོ་དང་དམར་པོ་དང་མེ་ལྟ་བུའམ། ཡང་ན་རང་དང་འདྲ་བའི་ཁྲོ་བོའམ་རླུང་གྲངས་མེད་པ་འཕྲོས་ཏེ། དེ་དག་གིས་གནོད་པ་དཔག་ཏུ་མེད་པ་བྱེད་པར་བསམ་མོ། །དེ་ཡང་རྒྱུན་དུ་ནི་བསྙེན་པ་ཉིད་དོ། །གདོན་ཐམས་ཅད་ལ་ནི་སྔགས་ཐམས་ཅད་དོ། །ཡང་ན་གང་ཡིན་པ་དེ་ཉིད་དོ། །འཇོག་པར་འདོད་ན་གཏོར་མ་བཏང་ལ་བསྟོད་ནས་ཕྲིན་ལས་བཅོལ་ཞིང་གཤེགས་པར་མཁྱེན་པར་བྱས་ནས། དམ་ཚིག་སེམས་དཔའ་རང་གི་ས་བོན་ལ་བསྡུ་བར་བྱའོ། །དེ་ནས་སྨོན་ལམ་གདབ་པ་དང༌། འདོད་དོན་ལ་སོགས་པ་ཅི་བདེ་བར་གནས་པར་བྱའོ། །བླ་མའི་བཀའ་དྲིན་མནོས་པ་ལ་བརྟེན་ཏེ། །སྒྲུབ་ཐབས་མན་དག་སྦྲང་རྩི་རབ་ཏུ་བཏུང༌། །འཐུང་བྱེད་རབ་ཏུ་དང་བས་དེ་དག་ལ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་སྐྱོབ་བྱེད་ཤོག །རྡོ་རྗེ་སྙིང་པོའི་མན་ངག་སྒྲུབ་པའི་ཐབས་ཞེས་བྱ་བ་པཎྜི་ཏ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ།།


previousཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་ཐབས། ཛྙཱ་ན་ཤྲཱི།next