Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ།  ཡེ་ཤེས་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ཡེ་ཤེས་སྙིང་པོ།next

འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ།
ཡེ་ཤེས་སྙིང་པོ།


DTG073_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཨ་ནནྟ་མུ་ཁ་ནིརྷ་ར་དྷཱ་ར་ཎི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་དང་ཆོས་དང་ནི། །དགེ་འདུན་ལ་ཡང་ཕྱག་འཚལ་ནས། །མཐའ་ཡས་སྒོ་སྒྲུབ་གཟུངས་ཀྱི་དོན། །མདོར་བསྡུས་རྣམ་པར་དབྱེ་བར་བྱ། །རྫོགས་པའི་སངས་རྒྱས་སྲས་དང་


DTG073_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཤེས་བྱ་ཀུན་གྱི་ཡང་དག་ཐུགས་སུ་ཆུད་གྱུར་པའི། །སྤྱོད་ཡུལ་ཟབ་མོའི་གཟུངས་འདི་ཇི་ག་བདག་འདྲ་ཉོན་མོངས་བློ་ཞན་པ་ཡིས་ག་ལ་ལྕོགས། །དེ་ནི་གནས་མ་ཡིན་པར་ཤིན་ཏུ་མངོན་བཞིན་འོན་ཀྱང་གཟུངས་དོན་རྣམ་པར་དབྱེ་བར་བྱ། །བདག་ནི་དད་པས་གུས་པར་བསྐུལ་ལ་གཞན་དབང་བློ་ཅན་དག་གིས་མི་བྱ་ཅི་ཡང་མེད། །འཇིག་རྟེན་མ་ལུས་ཡང་དག་འདོད་པའི་དངོས་པོ་སྒྲུབ་པ་ཡི། །མཐུ་དང་ལྡན་པ་མ་ཡིན་དམན་ཞིང་དོན་ཀྱང་མ་བྱས་པས། །བདག་ནི་ཚེ་རབས་ཕྱེ་མ་ལ་ཡང་སྐྱེ་བོ་འདི་འདྲ་བར། །འགྱུར་དུ་དོགས་ཕྱིར་འདི་ལུས་རབ་ཏུ་དབྱེ་བར་བྱ། །གླེང་བསླང་བ་དང་གླེང་གཞི་དང༌། །འདུས་པ་དང་ནི་དགོས་པ་ལ། །ཡང་དག་བརྟགས་ནས་དོན་ཆེན་ཕྱིར། །ཞུ་བ་ལ་ནི་ནན་ཏན་བྱས། །དོན་ཕྱེ་བས་ན་ཐུབ་པ་ལ། །རྒྱ་ཆེར་མཁྱེན་པར་གསོལ་བ་དང༌། །ཐུབ་ལ་གསོལ་བ་འདེབས་པ་དང༌། །དམ་བཅའ་མངོན་དུ་ཕྱོགས་བྱ་དང༌། །བསྲུང་དང་གཟུངས་ཀྱི་ངོ་བོ་དང༌། །དེ་ལ་བསྟོད་དང་ཕན་ཡོན་དང༌། །འཐོབ་པའི་ཐབས་དང་ཕན་ཡོན་དང༌། །དེ་ཡི་སྔོན་བྱུང་བརྗོད་པ་དང༌། །ཆོས་ཀྱི་རྣམ་གྲངས་ཆེ་ཉིད་དང༌། །མིང་ཞུས་པ་དང་བྱ་བ་གཉིས། །ཡི་རངས་པར་ཡང་བསྟན་པ་སྟེ། །འདི་ལ་འདིར་ནི་མདོར་བསྡུས་པའོ། །མདོ་འདིར་དོན་རྣམ་པ་བཅུ་དགུས་བསྟན་ཏེ་དེ་ལ་ཡང་དག་པར་སྡུད་པར་བྱེད་པས་བདག་ཉིད་ཚད་མ་ཉིད་དུ་བརྗོད་པས་ཡང་དག་བསྡུ་བར་བྱ་བའི་དོན་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་ཐོག་མར་གླེང་བསླང་བ་བསྟན་ཏེ། ཕྱིན་ཅི་མ་ལོག་པར་བསྟན་པ་དེ་ཡང་གདུལ་བྱའི་སྐྱེ་བོ་ཐེ་ཚོམ་མེད་པར་འདི་ལ་གཟུང་པའི་ཕྱིར་རོ། །དེའི་འོག་ཏུ་གླེང་གཞི་ནི་བསྟན་པའི་གཞིར་གྱུར་པའི་ཕྱིར་དེ་བསྟན་ཏོ། །དེ་ནས་བསྟན་པའི་གནས་དེ་ཡིན་པའི་ཕྱིར་དང༌། །དེའི་དགོས་པ་ཡིན་པའི་ཕྱིར་འཁོར་རྣམས་འདུས་པ་བསྟན་ཏོ། །དེ་ནས་འཁོར་འདུས་པ་མཐོང་ནས་དགོས་པ་ལ་བརྟགས་པའི་ཞུ་བ་བྱ་བ་བསྟན་ཏོ། །དེ་ནས་དེ་ལྟར་དགོས་པ་ལ་བརྟགས་ཏེ་གཞག་པའི་དོན་བཅོམ་ལྡན་འདས་ལ་མཁྱེན་པར་གསོལ་བ་བསྟན་ཏོ། །དེ་ནས་མཁྱེན་པར་གསོལ་བའི་དོན་ལ་དགོས་པ་ཡོད་པའི་ཕྱིར་དེས་ན་དེ་ཉིད་ཀྱི་ཕྱིར་བསྟན་པར་དམ་བཅའ་བ་བསྟན་ཏོ། །དེ་ནས་དྲིས་པ་དང་


DTG073_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གདབ་པའི་ཆེ་བ་ཉིད་བརྗོད་པའི་ཕྱིར་འདྲི་བ་པོ་མངོན་དུ་ཕྱོགས་པར་བྱ་བ་བསྟན་ཏོ། །དེ་ནས་བདུད་ལ་སོགས་པས་གནོད་པ་བྱེད་པ་བསལ་བའི་ཕྱིར་ཀུན་ནས་བསྲུང་བ་བསྟན་ཏོ། །དེ་ནས་བསྲུང་བ་རྙེད་པ་ལ་སེམས་ཅན་རྣམས་འདི་ལ་གུས་པ་བསྐྱེད་པའི་ཕྱར་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཡིན་པས་འདྲི་བ་པོའི་དོན་འདོད་པ་བསྒྲུབ་པའི་ཕྱིར་ཆེ་བ་ཉིད་བརྗོད་པའི་དོན་དུ་གཟུངས་ཀྱི་ངོ་བོ་བསྟན་ཏོ། །དེ་ནས་སེམས་ཅན་རྣམས་སྤྲོ་བ་བསྐྱེད་པ་དང༌། ལྷག་པར་གུས་པ་བསྐྱེད་པའི་ཕྱིར་ཆེ་བ་ཉིད་བརྗོད་པའི་དོན་དུ་གཟུངས་ཀྱི་ངོ་བོ་ཉིད་དེ་ལ་བསྟོད་པ་བསྟན་ཏོ། །དེ་ནས་འབྲས་བུ་ཡང་དག་པར་བསྟན་པས་ཀྱང་སེམས་ཅན་རྣམས་དེ་ལ་གཟུང་བའི་ཕྱིར་གཟུངས་ཀྱི་ངོ་བོའི་ཕན་ཡོན་བརྗོད་དོ། །དེ་ནས་གཟུངས་ཀྱི་འབྲས་བུ་ཐོས་ནས་མཆོག་ཏུ་དགའ་བ་དགའ་སྟོན་ལྟ་བུ་སྐྱེས་པས་ཐོབ་པར་བྱ་བའི་ཐབས་ཚོལ་བས་དེའི་འོག་ཏུ་དེ་ཐོབ་པར་བྱ་བའི་ཐབས་བསྟན་ཏོ། །དེ་ནས་དེ་ལ་གུས་པར་འཇུག་པར་བྱ་བའི་ཕྱིར་དང༌། གཟུངས་ཀྱི་ངོ་བོའི་ཆེ་བ་ཉིད་བརྗོད་པར་བྱ་བའི་ཕྱིར། དེ་ཐོབ་པར་བྱ་བའི་ཐབས་ལ་འཇུག་པའི་ཕན་ཡོན་བསྟན་ཏོ། །དེ་ནས་དེའི་འོག་ཏུ་གཟུངས་ལ་སོགས་པའི་འབྲས་བུ་དེ་ལ་ངེས་པ་ཤིན་ཏུ་བརྟན་པ་བསྐྱེད་པའི་ཕྱིར་སྔོན་བྱུང་བ་བསྟན་ཏོ། །དེས་འདོད་པའི་དོན་རབ་ཏུ་བསྒྲུབས་ནས་ཀྱང་བརྗོད་པར་བྱ་བ་དང་བརྗོད་པ་ལ་གུས་པ་བསྐྱེད་པའི་ཕྱིར། དེའི་འོག་ཏུ་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་ཉིད་མཇུག་སྡུད་པར་བྱེད་དོ། །དེ་ནས་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་ཉིད་ཐོབ་སྟེ་དགའ་བ་སྐྱེས་ནས་ཐ་སྙད་དུ་བྱ་བའི་ཕྱིར་མིང་ཞུའོ། །དེ་ནས་ཆོས་ཀྱི་རྣམ་གྲངས་ཀྱི་འབྲས་བུའི་བྱེ་བྲག་ཡང་དག་པར་བསྟན་པའི་ཕྱིར་མིང་འདོགས་སོ། །དེ་ནས་མདོ་ཡོངས་སུ་རྫོགས་པ་ན། བཅོམ་ལྡན་འདས་ཆོས་སྟོན་པ་དོན་མེད་བ་མ་ཡིན་པར་བསྟན་པའི་ཕྱིར། །ཐམས་ཅད་ཀྱང་སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་རབ་ཏུ་བསྟན་པའི་དོན་དུ་ཡི་རང་བ་བསྟན་ཏེ། དོན་དེ་དག་གི་སྦྱར་བ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལ། བསྒྲུབ་བྱ་སྒྲུབ་པའི་བྱེ་བྲག་གིས། །གླེང་བསླང་རྣམ་པ་བརྒྱད་དུ་བསྟན། །མདོར་ན་འདི་ལ་བསྒྲུབ་བྱ་གསུམ། །སྒྲུབ་པ་རྣམ་པ་ལྔར་


DTG073_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །འདི་ལྟར་གླེང་བསླང་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། བསྒྲུབ་པར་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པས་བདག་ཉིད་ཚད་མ་ཉིད་དུ་བྱ་བ་ཡིན་ཏེ། དེའི་ཚིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་གཞན་དག་གིས་ངེས་པ་བསྐྱེད་པའི་ཕྱིར་དང༌། ངེས་པ་སྐྱེས་ནས་མི་རྣམས་ནན་ཏན་བྱེད་པ་ལ་གནས་པས་འདོད་པ་ཐོབ་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་མི་འཐོབ་པར་བསྟན་པའི་ཕྱིར་རོ། །ཚད་མ་ཉིད་དུ་བྱ་བ་དེ་ཡང་ཡུལ་དང༌། ལུས་དང༌། རང་གི་ངོ་བོ་དང་རྣམ་པ་གསུམ་གྱིས་བསྟན་ཏེ། དེ་ལ་ཡུལ་ནི་མདོའི་དོན་འོག་ནས་འབྱུང་བ་རྣམས་སོ། །ལུས་ནི་བདག་ཉིད་དེ་ཡང་དག་པར་སྡུད་པར་བྱེད་པའོ། །རང་གི་ངོ་བོ་ནི་རྣ་བའི་རྣམ་པར་ཤེས་པས་ངེས་པར་འཛིན་པ་སྟེ། འདི་སྐད་ཅེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་དེ་དག་གོ་རིམས་བཞིན་དུ་བསྟན་ཏོ། །སྒྲུབ་པ་ནི་རྣམ་པ་ལྔས་བསྟན་ཏེ། དུས་ཀྱི་བྱེ་བྲག་ནི་དུས་གཅིག་ན་ཞེས་བྱ་བ་སྟེ། དེ་ཡང་གང་གི་ཚེ་གོང་མ་དང་སྦྱར་ན་དེའི་ཚེ་འཁོར་རྣམས་ཀྱི་ངེས་པ་བསྐྱེད་པའི་ཕྱིར་བདག་ཉིད་མང་དུ་ཐོས་པར་བསྟན་ཏེ། འདི་ལྟར་བདག་གིས་དུས་གཅིག་ན་འདི་ཐོས་ཀྱི་དུས་གཞན་ན་ཡང་གཞན་དག་ཐོས་སོ། །དེ་བས་ན་བདག་གི་མང་དུ་ཐོས་པ་ཡིན་ཏེ། དེའི་བདག་གི་ཚིག་ནི་ཡིད་ཆེས་པར་བྱ་བ་ཡིན་པར་བསྟན་པའི་ཕྱིར་རོ། །གང་གི་ཚེ་འོག་མ་དང་སྦྱར་ན་དེའི་ཚེ་དུས་གཅིག་ན་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་བཞུགས་ཀྱི་དུས་གཞན་གྱི་ཚེ་ནི་གུད་ན་ཡང་བཞུགས་ཏེ། དེ་བས་ན་ཡུལ་དེ་དག་ཀྱང་ལེགས་པ་འདོད་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་པར་བསྟན་ཏོ། །བྱེད་པ་པོའི་བྱེ་བྲག་ནི་བཅོམ་ལྡན་འདས་ཞེས་པ་སྟེ། བདུད་བཞི་བཅོམ་པའམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་བྱེད་པ་པོ་ཁྱད་པར་དུ་འཕགས་ཏེ། འདི་ནི་འདི་ལྟ་བུ་ཞིག་གིས་བསྟན་པ་ལས་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ས་གཞི་འདི་ནི་འདི་ལྟ་བུ་ཞིག་གནས་པ་ལས་ན་བསོད་ནམས་ཀྱི་ཁྱས་པར་དང་ལྡན་པ་ཡིན་གྱི་ཐེ་ཚོམ་མ་བྱེད་ཅིག་པར་བསྟན་པའི་ཕྱིར་རོ། །བྱ་བའི་བྲེ་བྲག་ནི་བཞུགས་ཏེ་ཞེས་བྱ་བ་སྟེ། ལྷ་དང་ཚངས་པ་དང༌། སངས་རྒྱས་ལ་སོགས་པའི་གནས་པ་རྣམས་ཀྱིས་


DTG073_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའོ། །ཡང་ན་རྫུ་འཕྲུལ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གདུལ་བྱ་རྣམས་ཀྱི་སེམས་འཕྲོག་པས་གནས་པ་སྟེ། །འདི་གཉིས་ཀྱིས་ནི་བཅོམ་ལྡན་འདས་ཚུལ་ཡོངས་སུ་དག་པ་དང༌། གཞན་ལ་ཕན་འདོགས་པའི་བྱ་བ་ལ་མཁས་པར་ཡང་བསྟན་ཏོ། །ཡུལ་གྱི་བྱེ་བྲག་ནི་ཡུལ་ཡངས་པ་ཅན་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་ཁང་བཟངས་ན་ཞེས་བྱ་བ་སྟེ། དེ་ཡང་རྣམ་པ་གསུམ་སྟེ། ལོངས་སྤྱོད་པའི་ཕྱིར་ཉེ་བ་དང་རབ་ཏུ་ཉེ་བ་དང་ཤིན་ཏུ་ཉེ་བར་བསྟན་ཏོ། །ཉེ་བ་དང་རབ་ཏུ་ཉེ་བ་དང༌། ཤིན་ཏུ་ཉེ་བ་དག་གིས་ནི་འཇིག་རྟེན་གྱི་གུས་པའི་ཁྱད་པར་ཆུང་ངུ་དང༌། འབྲིང་དང་ཆན་པོ་བསྐྱེད་པས་བསོད་ནམས་ཀྱི་ཕུང་པོའི་ཁྱད་པར་ཆུང་ངུ་དང་འབྲིང་དང་ཆེན་པོ་བསྐྱེད་པར་བྱ་བའི་ཕྱིར་རོ། །ཐ་གྲུ་ཆེ་བའི་ཕྱིར་ཡངས་པའོ། །ཡང་ན་བྲམ་ཟེ་དང་ཁྱིམ་བདག་རྣམས་འབྱོར་བ་རྒྱ་ཆེན་པོས་དེ་ན་གནས་པའི་ཕྱིར་ཡངས་པའོ། །ཞ་འབྲིང་བའི་བྱེ་བྲག་ནི་བསོད་ནམས་ཆེ་བར་བསྟན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གཉིས་ཏེ། ཞ་འབྲིང་བ་ཉན་ཐོས་ཀྱི་བྱེ་བྲག་དང༌། ཞ་འབྲིང་བ་བྱང་ཆུབ་སེམས་དཔའི་བྱེ་བྲག་གོ །དེ་ལ་ཞ་འབྲིང་བ་ཉན་ཐོས་ཀྱི་བྱེ་བྲག་གི་ནི་རྣམ་པ་ལྔས་བསྟན་ཏེ། ཡོན་ཏན་ནི་ཆེན་པོ་ཞེས་བྱ་བ་སྟེ། བྱམས་པ་ལ་སོགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་དང་ལྡན་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པ་ནི་དགེ་སློང་ཞེས་བྱ་བ་སྟེ། ཉོན་མོངས་པ་བཅོམ་པས་ན་དགེ་སློང་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཤེས་པ་བསྐྱེད་པ་ནི་དགེ་འདུན་ཞེས་བྱ་བ་སྟེ། ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་བྱེད་པས་བདུད་ལ་སོགས་པ་དག་གིས་ཕྱེད་པར་དཀའ་བས་དགེ་འདུན་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་དགེ་སློང་ཞེས་བྱ་བ་སྟེ། སོ་སོར་ཐར་པའི་སྡོམ་པ་ཐོབ་པས་དགེ་སློང་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་དོན་གྱི་བྱེ་བྲག་གིས་དགེ་སློང་ལན་གཉིས་སུ་སྨོས་སོ། །གྲངས་ནི་བརྒྱད་སྟོང་ཞེས་བྱ་བ་སྟེ། གྲངས་བརྒྱད་སྟོང་དུ་ངེས་པར་ཆད་པའོ། །ཞ་འབྲིང་བ་བྱང་ཆུབ་སེམས་དཔའི་བྱེ་བྲག་ནི་རྣམ་པ་གསུམ་དུ་བསྟན་ཏེ། གྲངས་ནི་རབ་ཏུ་མང་པོ་ཞེས་བྱ་བ་སྟེ། ཞ་འབྲིང་པ་ཉན་ཐོས་པས་ལྷག་པའི་ཕྱིར་རབ་ཏུ་མང་པོ་ཡིན་ནོ། །ཤེས་རབ་དང་ཐབས་དང་ལྡན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ།


DTG073_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་འདི་གཉིས་ནི་ཤེས་རབ་དང་ཐབས་ལ་བྱ་བར་དོན་ཡོད་ཞགས་པའི་མདོ་ལས་འབྱུང་བའི་ཕྱིར་རོ། །སྟོང་པ་ཉིད་ལ་གནས་པ་དང་ལྡན་པ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཆེན་པོ་ལ་སེམས་དཔའི་ཕྱིར་རོ། །ཡང་ན་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་བསྐྱབ་བའི་བསམ་པ་དང་ལྡན་པ་སྟེ། བསམ་པ་ཆེ་བའི་ཕྱིར་རོ། །ཡང་ན་སྨོན་ལམ་ཆེན་པོ་དང་ལྡན་པ་སྟེ། སྔོན་བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་ཕྱིར་ཏེ། དེ་བས་ན་དེ་དག་གི་བསམ་པ་ཆེ་བའི་ཕྱིར་སེམས་དཔའ་ཆེན་པ་སྨོས་སོ། །དེ་ལྟར་ན་རྣམ་པ་ལྡས་བདག་ཉིད་ཚད་མ་ཉིད་དུ་བསྒྲུབས་ཏེ། འདི་ལྟར་འཇིག་རྟེན་ན་ཡང་ལོག་པར་ཞུགས་པ་ལ། དུས་དང་ཡུལ་དང་བྱ་བ་ལ་སོགས་པ་དྲན་པར་བྱེད་པས་བརྡ་སྤྲོད་པ་སྣང་བའི་ཕྱིར་རོ། །ཇི་སྐད་བསྟན་པའི་དགོས་པ་ཡང་ཞར་ལ་འགྲུབ་སྟེ། ཆུར་བ་ལ་སོགས་པའི་དོན་བྱེད་པ་ན་ཞོ་ལ་སོགས་པ་ཡང་འགྲུབ་པ་བཞིན་ནོ། །ད་ནི་གླེང་གཞི་བརྗོད་པར་བྱ་སྟེ། གླེང་གཞི་ཐུབ་པས་གསུངས་པ་འདི། །དེ་ཡིས་གདུལ་བའི་དབང་མཛད་ནས། །རྣམ་པ་ལྔ་དང་ལྡན་པ་སྟེ། །ཕོངས་པ་རྣམ་པ་གསུམ་དུ་འདོད། །གླེང་གཞི་དེས་གདུལ་བ་རྣམས་ལ་དགོངས་པར་མཛད་ནས། །བཅོམ་ལྡན་འདས་ཀྱིས་གླེང་གཞི་རྣམ་པ་དང་ལྡན་པ་བཀའ་སྩལ་ཏོ། །གླེང་གཞི་དེ་ནི་གཟུངས་བསྟན་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་སྐུ་རུས་པ་རྡོ་རྗེ་ལྟར་སྒྲ་བའི་སྐུ་མངའ་བ་ཡང་མི་རྟག་པར་ཡང་རྟོགས་ཏེ། ལྷག་པར་ཆེས་སྐྱོ་བ་སྐྱེས་ནས་གཟུངས་མཉན་པའི་སྣོད་དུ་འགྱུར་ཞིང་མྱུར་དུ་བསྒྲུབ་པར་ཡང་འགྱུར་བས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །འཇིག་རྟེན་ན་ཡང་འཆི་བའི་ཚེ་སྣོད་དུ་གྱུར་པ་དག་ཁོ་ན་ལ་ཞེས་པ་སྟོན་པར་བྱེད་པས་དེའི་ཕྱིར་དེ་དང་འདྲ་བར་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཆོས་ཐམས་ཅད་ཀྱི་ནང་ན་གཅེས་པར་སྟོན་ཅིང་གཙོ་བོ་ཡིན་པར་ཡང་སྟོན་ཏོ། །རྣམ་པ་ལྔ་དང་ལྡན་པ་ནི་འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི། དེ་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བས་བསྟན་ཏེ། འདི་ལྟར་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་བཞིན་དུ། སྐུ་ཚེའི་འདུ་བྱེད་དག་འདོར་བར་མཛད་པ་ནི་ཐུགས་རྗེ་ཆེན་པོ་མེད་པར་མི་རུང་ངོ༌། །སྨོན་ལམ་ཆེན་པོ་དང་ལྡན་


DTG073_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དེ་ཡང་དྲན་པ་དང་ལྡན་ཞིང་ཞེས་པས་བསྟན་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་བདག་གི་སྲོག་ཡོངས་སུ་བཏང་བས་ཀྱང་སེམས་ཅན་གྱི་དོན་བྱའོ་ཞེས་སྨོན་ལམ་བཏབ་བོ། །དེའི་ཕྱིར་དྲན་པ་དང་ལྡན་བཞིན་དུ་སྐུ་ཚེའི་འདུ་བྱེད་དག་བོར་ཏེ། སྔོན་གྱི་སྨོན་ལམ་དྲན་པས་བོར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་རབ་དང་ལྡན་པ་ནི། དེ་ཡང་མཁྱེན་བཞིན་དུ་ཞེས་བྱ་བས་བསྟན་ཏེ། འདི་ལྟར་མཁྱེན་བཞིན་དུ་སྐུ་ཚེའི་འདུ་བྱེད་དག་བོར་རོ། །དེ་ནི་འདི་སྐད་དུ་ཅི་ནས་གཞན་གྱི་དོན་འགྲུབ་པར་འགྱུར་བ་དེ་ལྟར་བོར་རོ་ཞེས་བསྟན་པར་འགྱུར་རོ། །ཕོངས་པའི་དངོས་པོ་གཏོང་བ་དང་ལྡན་པ་ནི། ཚེའི་འདུ་བྱེད་དག་གཏང་བར་གྱུར་ཏོ་ཞེས་བྱ་བས་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་ཕྱིར་སྐུ་ཡོངས་སུ་བཏང་བ་ཡང་མཛད་དོ་སྙམ་དུ་འཛིན་པ་རྣམས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །ཕོངས་པའི་དངོས་པོ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ནང་གི་ཁྱད་པར་དུ་འཕགས་པ་དང༌། མང་བ་དང༌། ཡོངས་སུ་གཏོང་བའི་ཡུལ་གྱིས་བསྟན་ཏོ། །ཚེ་རྣམས་བཏང་བར་གྱུར་ཏོ་ཞེས་བྱ་བས་ཀྱང་ཆོག་ན། འདུ་བྱེད་སྨོས་པ་ནི་ཚེའི་རྫས་གུད་ན་མེད་པར་བསྟན་པའི་ཕྱིར་རོ། །དགོས་པ་དང་ལྡན་པ་ནི། དེ་ཡང་འདི་དག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་ནི་དགོས་པ་མངོན་དུ་གཏོང་བར་བསྟན་པ་ཡིན་ནོ། །དགོས་པ་དེ་ཡང་རྣམ་པ་ལྔས་བསྟན་ཏེ། ཉེ་བ་མངོན་སུམ་གྱི་དངོས་པོ་བསྟན་པ་དང༌། གྲངས་བསྟན་པ་དང༌། དུས་བསྟན་པ་འདི་གསུམ་ནི། སངས་རྒྱས་ཀྱིས་གདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དུས་འདིར་ཟད་དོ་ཞེས་བསྟན་པའི་ཕྱིར་རོ། །འདས་པ་བསྟན་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་པ་འདི་ནི། སངས་རྒྱས་ཀྱིས་གདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དུས་མེད་པར་འགྱུར་བ་བསྟན་པའི་ཕྱིར་རོ། །གལ་ཏེ་ཚེའི་འདུ་བྱེད་རྣམས་བཏང་བར་གྱུར་ན། འདི་དག་ཅེས་བྱ་བ་ལ་སོགས་པའི་ཚིག་ཇི་ལྟ་བུ་ཞེ་ན། སྨྲས་པ། འདི་དག་ལ་སོགས་ཚིག་གིས་ནི། །དེ་དག་བྱིན་གྱིས་བརླབ་པར་བསྟན། །ཟླ་བ་གསུམ་པོ་འདི་དག་འདས་ནས་ཡོངས་


DTG073_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་འདའོ་ཞེས་བྱ་པའི་ཚིག་འདིས་ཚེའི་འདུ་བྱེད་དེ་དག་བྱིན་གྱིས་བརླབ་པར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ནི་བདུད་གཉིས་བཅོམ་པ་ཡིས། །གདུལ་བ་ལ་ནི་ཐུགས་བརྩེ་ཕྱིར། །འཆི་བདག་དང་ཕུང་པོའི་མཚན་ཉིད་ཀྱི་བདུད་གཉིས་བཅོམ་པས་གདུལ་པ་གང་ཡིན་པ་དེ་ལ་ཐུགས་བརྩེ་བའི་ཕྱིར་བྱིན་གྱིས་བརླབ་པ་དེ་མཛད་དེ། འཆི་བ་ལ་དབང་བར་བསྟན་པའི་ཕྱིར་ནི་བཏང་ངོ༌། །ཕུང་པོ་ལ་དབང་མངའ་བར་བསྟན་པའི་ཕྱིར་ནི་བྱིན་གྱིས་བརླབས་ཏེ་དེ་ལྟར་ངེས་པར་གཟུང་བར་བྱའོ། །ཡང་ན་འཆི་བདག་དང་ཕུང་པོ་གཉིས་ལས་བཟློག་སྟེ་ཤེས་པར་བྱའོ། །ཡང་ན་ལྷག་པ་རྣམས་ནི་བཏང་ལ། ཟླ་བ་གསུམ་གྱི་དུས་ཚུན་ཆད་ནི་གཞག་པར་ཁོང་དུ་ཆུད་པར་བྱའོ། །འདི་ལ་ཡང་བཅོམ་ལྡན་འདས་ལ་བདུད་གཉིས་བཅོམ་པ་མངའ་སྟེ་སྦྱར་བར་བྱའོ། །གདུལ་བའི་བསམ་པའི་བྱེ་བྲག་གིས་མྱ་ངན་ལས་འདའ་བར་འཇུག་པའི་ཕྱིར། སྤྲུལ་པའི་སྐུས་ནི་མྱ་ངན་ལས། །འདའ་བར་འདོད་ཀྱི་ཅིག་ཤོས་མིན། །ལོངས་སྤྱོད་རྫོགས་པའི་སྐུས་མྱ་ངན་ལས་འདའ་བར་ནི་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། གཏན་དུ་གནས་པའི་རྒྱུ་ལྡན་པ། །སངས་རྒྱས་རྣམས་ནི། །མྱ་ངན་འདའ་བར་ཡང་མི་རིགས། གཏན་དུ་གནས་པའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེ་ཡང་གུས་པར་བསྐལ་བ་གྲངས་མེད་དུ་དུ་མར་རྒྱུན་དུ་བསྒྲུབས་པའི་ཕྱིར་ཕུལ་དུ་བྱུང་བ་སྟེ། དེ་བས་ན་འབྲས་བུ་ནི་རྒྱུ་དང་འདྲ་བའི་ཕྱིར། དེའི་འབྲས་བུ་ཡང་ཕུལ་དུ་བྱུང་བ་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུས་མྱ་ངན་ལས་འདའ་བར་ག་ལ་འགྱུར། དེ་ལྟ་མ་ཡིན་དུ་ཟིན་ན་ཆེན་པོའི་འབྲས་བུ་ཆུང་ངུར་གྱུར་ལ། ཆུང་ངུའི་འབྲས་བུ་ཆེན་པོར་འགྱུར་བས་སྲོག་གཅོད་པ་སྤངས་པ་ལ་སོགས་པ་དང༌། ཚེ་རིང་བར་འགྱུར་བ་ལ་སོགས་པ་དག་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་འགྱུར་བའི་རིགས་སོ། །གལ་ཏེ་ཚེ་དཔག་ཏུ་མེད་པ་ཞིག་ལས་བཅོམ་ལྡན་འདས་ཀྱིས་སྐུ་ཚེ་བཏང་བའི་ཕྱིར་མྱ་ངན་ལས་འདས་སོ་ཞེ་ན་མ་ཡིན་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་དམ་བཅའ་པ་མ་རྫོགས་


DTG073_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་མྱ་ངན་ལས་འདའ་བར་མི་རིགས་པ་ཁོ་ནར་ངེས་པར་གཟུང་བར་བྱ་སྟེ། དགེ་བ་གཞན་ཡང་དམ་བཅས་པ་ལས་འགལ་བར་མི་བྱེད་ན། དགེ་བ་མ་ལུས་པའི་བླ་མར་གྱུར་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་མཛད་པར་ག་ལ་འགྱུར་བ་དེ་དག་གིས་ནི་བདག་ཅག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པར་ཐུགས་དམ་བཅས་ཏེ། དེ་བས་ན་ཇི་སྲིད་དུ་གཟུང་བར་བྱ་བའི་སེམས་ཅན་གཅིག་ཙམ་ཡོད་པ་དེ་སྲིད་དུ་དེ་དག་མྱ་ངན་ལས་འདའ་བ་ནི་མི་རིགས་པ་དང༌། སངས་རྒྱས་ཀྱིས་གདུལ་བའི་སེམས་ཅན་མེད་དུ་ཟིན་ཀྱང་བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱིས་གདུལ་བ་ཡོད་པའི་ཕྱིར་རོ། །དེ་བས་ན་སྦྲུལ་པའི་སྐུ་ཁོ་ནས་མྱ་ངན་ལས་འདའ་བར་འདོད་དེ། དེ་ལྟར་ཡང་ངེས་པར་གཟུང་བར་བྱའོ། །སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ད་ནི་འཁོར་རྣམས་བསྡུ་བ་བསྟན་ཏེ། །རྫོགས་སངས་རྒྱས་ཀྱི་མཐུས་བསྟངས་པས། །མ་བསྒྲིམས་བསྒྲིམས་དང་བསྒྲིམས་པ་ཡིས། །འཕྱས་སུ་འགྱུར་བ་བསལ་བའི་ཕྱིར། །བསྡུ་བ་རྣམ་པ་གསུམ་དུ་གཞག །བཅོམ་ལྡན་འདས་ཀྱིས་བསྡུ་བ་རྣམ་པ་གསུམ་བྱེད་དུ་བཅུག་པ་ལ། མ་བསྒྲིམས་པར་བསྡུས་པ་ནི་མོད་གལ་གྱི་བུ་ཆེན་པོས་བྱས་པ་སྟེ། དེ་བས་ན་སྟོང་སྨོས་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་སྟོང་དུ་ནི་ཉན་ཐོས་ཀྱིས་ཀྱང་མངོན་པར་འདུ་བྱ་མི་དགོས་པར་བྱེད་ནུས་སོ། །བསྒྲིམས་ཏེ་བསྡུས་པ་ནི་ཤཱ་རིའི་བུས་བྱས་པ་སྟེ། དེ་བས་ན་དེར་རྫུ་འཕྲུལ་མངོན་པར་བྱ་བར་སྨོས་སོ། །བསྒྲིམས་ཏེ་བསྡུས་པ་ཅིག་ཤོས་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱས་པ་སྟེ། དེ་བས་ན་དེ་བལྟས་ཞེས་སྨོས་ཏེ། ཏིང་ངེ་འཛིན་གྱི་བྱེ་བྲག་གིས་བསྐྱེད་པའི་རྟགས་ཀྱིས་བྱེ་བྲག་འགའ་ལ་བལྟས་ཞེས་བྱའོ། །འདི་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མཛད་པ་ཡིན་ཏེ། དང་པོ་དང་ཐ་མ་ནི་བཀས་མཛད་དོ། །བར་མ་ནི་མཐུས་མཛད་དེ། བཅོམ་ལྡན་འདས་ཀྱིས་གང་གིས་མ་མཛད་པའི་རྣམ་པ་


DTG073_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་པར་བསྟན་པའི་ཕྱིར་རོ། །བསྡུ་བ་གསུམ་པོ་འདི་ལྟ་བུ་བཅོམ་ལྡན་འདས་ཀྱིས་མཛད་པ་འདི་ཡང༌། ལ་ལ་འདི་སྙམ་དུ་བཅོམ་ལྡན་འདས་ནི་གདུལ་བའི་ཕྲིན་ལས་ཡོངས་སུ་མ་རྫོགས་པར་མྱ་ངན་ལས་འདས་སོ་སྙམ་དུ་འཕྱ་བར་འགྱུར་བ་བསལ་བའི་ཕྱིརོ། །དེ་བས་ན་ཉན་ཐོས་ཆེན་པོ་ལ་སོགས་པ་སྨོས་སོ། །དེ་ལྟ་མ་ཡིན་དུ་ཟིན་ན་སུ་ཡང་རུང་བ་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ན་ཡང་ཐམས་ཅད་སྡུད་ནུས་པས་ཉན་ཐོས་ཆེན་པོ་ལ་སོགས་པ་སྨོས་ཅི་དགོས་ཏེ། སྨོས་པས་ན་གང་དུ་བཅོམ་ལྡན་འདས་ཀྱིས་འདི་ལྟ་བུ་དག་བྱིན་གྱིས་བརླབས་ཏེ། འཁོར་སྡུད་པ་དེར་སངས་རྒྱས་ཀྱིས་གདུལ་བའི་སེམས་ཅན་གང་འདུ་བར་མི་འགྱུར་བ་དང༌། ཡོངས་སུ་སྨིན་པར་མི་འགྱུར་བ་སུ་ཡང་མེད་དོ་ཞེས་སྟོན་ཏོ། །དེ་བས་ན་གདུལ་བའི་དོན་ཡོངས་སུ་རྫོགས་ནས་གདོད་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སོ། །བཙུན་པར་མི་འགྱུར་བསལ་བའི་ཕྱིར། །ཐུབ་པས་མངོན་དུ་མ་མཛད་དེ། །གུས་པ་བསྐྱེད་པར་བྱ་བའི་ཕྱིར། །གཞན་དག་སྡུད་པར་བྱེད་དུ་བཅུག །བཅོམ་ལྡན་འདས་ཉིད་ཀྱི་མཛད་སྤྱོད་མོད་ཀྱི། མི་བཙུན་པར་འགྱུར་བ་བསལ་བའི་ཕྱིར་གདུལ་བ་ཐམས་ཅད་བདག་ཉིད་ཡིས་བསྡུ་བ་མ་མཛད་དོ་དེ་བས་ན་གུས་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་ལ་སྡུད་དུ་བཅུག་གོ །དེས་འདུལ་དབང་མཛད་བཅོམ་ལྡན་གྱིས། །དེ་གཉིས་མྱ་ངན་འདས་པར་བསྟན། །འདིར་ནི་དེ་གཉིས་སྨོས་པའི་ཕྱིར། །ཡང་དག་མྱ་གནན་འདས་མ་ཡིན། །འཕགས་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་གཉིས་དེའི་སྔ་རོལ་དུ་མྱ་ངན་ལས་འདས་པས་གདུལ་བའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་མྱ་ངན་ལས་འདས་པར་བསྟན་པ་ཡིན་གྱི་དེ་གཉིས་ལ་འདིར་སྐུལ་བ་མཛད་པས་ཡང་དག་པའི་དོན་དུ་དེ་གཉིས་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །བསྡུ་བ་གསུམ་ལ་སྐོ་བ་དང༌། །བསྐོ་བར་བྱ་བའི་བྱ་བ་དང༌། །དེ་ཡི་འབྲས་བུ་གོ་རིམས་དག །བསྟན་པ་ཟད་པར་འདོད་པ་ཡིན། །བསྡུ་བ་རྣམ་པ་གསུམ་ལ་ཡང་མདོར་བསྡུ་བ་སྐོ་བ་པོའི་བྱ་བ་དང༌། བསྐོ་བར་བྱ་བའི་བྱ་བ་དང༌། དེའི་འབྲས་བུ་དང༌། འབྲས་བུའི་གོ་


DTG073_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་བསྡུ་བ་དང་པོ་ལ་སྐོ་བ་པོའི་བྱ་བ་ནི་མངོན་དུ་ཕྱོགས་པར་བྱ་བ་དང༌། བྱ་བ་ལ་བསྐོ་བའོ། །བྱ་བ་ལ་བསྐོ་བ་དེ་ལ་ཡང་གཙོ་བོ་མ་ཡིན་པའི་བྱ་བ་དང༌། གཙོ་བོའི་བྱ་བ་དང་རྣམ་པ་གཉིས་སོ། །དེ་ཡང་སོང་ལ་ཞེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་བསྟན་ཏོ། །བསྐོ་བར་བྱ་བའི་བྱ་བ་ནི་བཀའ་མཉམ་པ་དང༌། དེ་བཞིན་དུ་སྒྲུབ་པ་སྟེ། དེ་བཞིན་དུ་བསྒྲུབ་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་རི་རབ་ཀྱི་རྩེ་མོ་ལ་འདུག་སྟེ། སྐད་ཅིག་གིས་གོ་བར་བྱས་པའོ། །སྐད་ཅིག་དེ་ཉིད་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་གསུམ་པར་བྱེད་པ་བསྟན་པའི་ཕྱིར་དང༌། གདུལ་བའི་དུས་ལས་ཡོལ་བ་བསལ་བའི་ཕྱིར་དང༌། གདུལ་བའི་བྱ་བ་དག་ལ་གུས་པར་བྱེད་པ་བསྟན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་དང་ལྡན་པར་བསྟན་པར་ཡང་མངོན་ནོ། །འདི་ནི་འདུག་པ་དང་གོ་བར་བྱེད་པ་གཉིས་ཀ་ལ་ཡང་སྦྱར་བར་བྱའོ། །རང་གི་རྫུ་འཕྲུལ་གྱི་སྟོབས་སྨོས་པ་ཡང་གཉིས་ཀ་དང་སྦྱར་བར་བྱའོ། །རི་རབ་ཀྱི་རྩེ་མོ་སྨོས་པ་དང༌། སྟོང་གི་འཇིག་རྟེན་གྱི་ཁམས་སུ་གོ་བར་བྱེད་པ་འདི་གཉིས་ནི་ཆེ་བ་ཉིད་བསྟན་པའི་ཕྱིར་ཏེ། འདིས་ནི་གང་ན་འདི་ལྟ་བུའི་སྡུད་པ་པོ་ཡོད་པ་དེར་ནི་སངས་རྒྱས་ཀྱིས་གདུལ་བ་སུ་ཡང་མི་འདུལ་བ་མེད་པར་བསྟན་ཏོ། །གོ་བར་བྱེད་པ་ཡང་དོན་རྣམ་པ་བརྒྱད་དང་ལྡན་ཏེ་གུས་པར་ཉམས་སུ་ལེན་དུ་གཞུག་པའི་ཕྱིར་མངོན་དུ་ཕྱོགས་པར་བྱ་བའི་དོན་དང༌། རྗེས་སུ་ཆགས་པ་ལ་སོགས་པ་མེད་པར་ཤེས་པར་བྱ་བའི་ཕྱིར་མཐའ་དག་གི་དོན་དང༌། བཀའ་དང་མཐུན་པའི་དོན་བསྒྲུབ་པའི་ཕྱིར་གཞིའི་དོན་དང༌། དེ་ཁོ་ན་རྟོགས་པ་དག་སློབ་མར་གྱུར་ཏེ། དེ་ལྟ་བུ་དག་ལ་ཡང་ཕན་འདོགས་པས་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་ཉིད་བསྟན་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་རྟོགས་པའི་དོན་དང༌། བསྐུལ་བ་ལ་སོགས་པའི་མ་ལོངས་པ་མེད་པ་བསྟན་པའི་ཕྱིར་འཇུག་པར་བྱ་བའི་དོན་དང༌། དེ་དག་ཉིད་ལ་ཆོས་བསྟན་པས་ཕན་འདོགས་པའི་ཕྱིར་ཆོས་འདོད་པའི་དོན་དང༌། རང་གི་དོན་རབ་ཏུ་བསྟན་པས་དེ་དག་གི་སྤྲོ་བ་བསྐྱད་པའི་ཕྱིར་འབྲས་བུ་ཉུ་བར་བསྟན་པའི་དོན་དང༌། བསྒྲིམས་པ་མེད་པར་འདུལ་བར་


DTG073_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར་རང་དབང་ཡོད་པར་བསྟན་པའི་དོན་ཏོ། །དེ་གཉིས་ཀྱི་འབྲས་བུ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གྲངས་དང༌། ཉོན་མོངས་པ་སྤངས་པ་དང་ལྡན་པ་དང་འདུས་པའོ། །དེའི་གོ་རིམས་ཀྱང་རྣམ་པ་བཞིས་བསྟན་ཏེ། མཐོང་བ་དང་ཕྱག་འཚལ་བ་དང༌། བསྐོར་བ་བྱེད་པ་དང༌། འཁོད་པའོ། །དེ་དག་ཀྱང་དངོས་པོས་གོ་རིམས་སུ་གྱུར་པར་རིག་པར་བྱ་སྟེ། ལྷགས་པའི་འོག་ཏུ་ཐོག་མ་ཁོ་ནར་མཐོང་ངོ༌། །དེ་ནས་མཐོང་བས་ལུས་ཚིམ་པར་གྱུར་ནས་ཕྱག་འཚལ་ལོ། །དེ་ནས་དད་པའི་ཤུགས་མངོན་པར་འཕེལ་ནས་བསྐོར་བར་བྱེད་དོ། །དེ་ནས་གོ་རིམས་བཞིན་བྱས་ནས་གོང་གི་ཕྱིར་ལྷགས་པ་དེའི་ཕྱིར་འཁོད་དོ། །བསྡུ་བ་གཉིས་པ་ལ་སྐོ་བ་པོའི་བྱ་བ་ནི་སངས་རྒྱས་ཀྱི་མཐུ་སྟེ། མཐུ་ནི་དབང་ཡིན་ནོ། །བསྐོ་བར་བྱ་བའི་བྱ་བ་ནི་ཐབས་དཔྱོད་པ་དང༌། དེའི་འབྲས་བུ་དཔྱོད་པ་དང༌། ཐབས་སྒྲུབ་པ་དང༌། དེའི་འབྲས་བུ་བསྒྲུབ་པ་སྟེ། རྟོག་པ་མངོན་དུ་གཏོང་བ་ནི་ཐབས་དང་དེའི་འབྲས་བུ་དཔྱད་ནས་དེ་བསྒྲུབས་པས་འབྲས་བུ་འགྲུབ་པར་བྱེད་དོ། །དེ་བས་ན་དེ་དག་གོ་རིམས་ནི་དེ་ལྟ་བུ་ཡིན་ནོ། །འབྲས་བུ་དཔྱོད་པ་ཡང་རྣམ་པ་ལྔ་སྟེ། མཐའ་དག་པ་དག་དང་གཞི་དང༌། གདུལ་བ་དང༌། དེའི་རབ་ཏུ་དབྱེ་བ་དང༌། རང་གི་ངོ་བོ་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་ལ་སོགས་པ་སྨོས་པའི་ཕྱིར་རོ། བྱང་ཆུབ་མཆོག་གི་རིགས་ཡིན་ལ། །བློ་ཞན་བཤེས་གཉེན་དམན་བསྟེན་པས། །གང་དག་དམན་པའི་ལམ་བསྟེན་པ། །དེ་དག་འདིར་བཀུག་ཤེས་པར་བྱ་སྟེ་དེ་ལྟ་མ་ཡིན་ན་ཆོས་བསྟན་པ་འདི་དག་ལ་ཕན་མེད་པས་དེ་དག་བཀུག་པས་ཅི་ཞིག་བྱ་སྟེ། མདོ་རྫོགས་ཀྱི་བར་དུ་ཡང་གཞན་ནས་ཇི་སྐད་འབྱུང་བ་བཞིན་དུ། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱིས་འབྲས་བུ་ནི་ཅི་ཡང་མ་བསྟན་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ལ་ཡང་དེའི་ཚེ་ཕྱིར་མི་ལྡོག་པའི་ས་ལ་འགོད་པ་ལ་སོགས་པའི་འབྲས་བུ་ཡོད་པར་ངེས་པར་གཟུང་བར་བྱའོ། །དེ་བས་ན་དེ་དག་ནི་སངས་རྒྱས་ཀྱི་རིགས་ཅན་ཁོ་ན་ཡིན་པ་ལས། ཅི་ཞིག་ལྟར་གྱུར་ཏེ། ཐེག་པ་གཞན་ལ་ཞུགས་པར་ཤེས་པར་བྱའོ། །འབྲས་བུ་དེའི་གོ་རིམས་ཀྱང་རྣམ་པ་བཞི་སྟེ། སྔ་མ་བཞིན་


DTG073_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ངེས་པར་གཟུང་ངོ༌། །བསྡུ་བ་གསུམ་པ་ལ་སྐོ་བ་པོའི་བྱ་བ་ནི། མངོན་དུ་ཕྱོགས་པར་བྱ་བ་དང༌། བྱ་བ་ལ་སྐོ་བའོ། །དེ་དག་རྣམ་པ་བཞི་དག་གིས། མངོན་དུ་ཕྱོགས་པར་མཛད་པ་ན། །བསྡུ་བའི་མཐའ་དག་ཉིད་དང་ནི། །ཆེན་པོ་ཉིད་ཀྱང་རྒྱལ་བས་བསྟན། །མངོན་དུ་ཕྱོགས་པར་བྱ་བ་ཡང་རྣམ་པ་བཞི་སྟེ། ཏིང་ངེ་འཛིན་ཐོབ་པ་ནི། མཐོང་བ་དོན་ཡོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་མཐོང་བ་དོན་ཡོད་ཅེས་གསུངས་པ་དང༌། ཏིང་ངེ་འཛིན་དེའི་འབྲས་བུ་ཐོབ་པ་ནི། ཏིང་ངེ་འཛིན་འགའ་ཞིག་འབྲས་བུ་མཐོང་བ་དོན་ཡོད་པ་ཉིད་དེ། དེ་ཐོབ་པའི་ཕྱིར་མཐོང་བ་དོན་ཡོད་ཅེས་གསུངས་པ་དང༌། སྨོན་ལམ་གྱི་འབྲས་བུ་ཐོབ་པ་ནི། །སྔོན་གྱི་སྨོན་ལམ་གྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། མཐོང་བ་དོན་ཡོད་ཅེས་གསུངས་པ་དང༌། ཡོན་ཏན་བསྒྲུབས་པའི་འབྲས་བུ་ཐོབ་པ་དེས་གང་གིས་མཐོང་བ་དོན་ཡོད་པར་གྱུར་པ་དེ་ལྟ་བུའི་ཡོན་ཏན་བསྒྲུབས་པས་ན་དེའི་ཕྱིར་མཐོང་བ་དོན་ཡོད་གསུངས་པའོ། །དེའི་མཐོང་བ་དོན་ཡོད་པ་ཉིད་ནི། དེ་མཐོང་བ་འབྲས་བུ་མེད་པར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །རྣམ་པ་འདི་དག་གིས་བསྡུ་བའི་མཐའ་དག་ཉིད་དང༌། ཆེན་པོ་ཉིད་བསྟན་ཏེ། སྡུད་པ་པོ་རྣམས་ཆེ་བའི་ཕྱིར་རོ། །བྱ་བ་ལ་བསྐོ་བ་ནི་རྣམ་པ་གཉིས་ཏེ། གཙོ་བོ་མ་ཡིན་པའི་བྱ་བ་དང༌། གཙོ་བོའི་བྱ་བའོ། །གཙོ་བོ་མ་ཡིན་པའི་བྱ་བ་ཡང་རང་གི་ངོ་བོ་དང༌། ཡུལ་གྱིས་རྣམ་པ་གཉིས་སུ་འགྱུར་ཏེ། ཡུལ་ནི་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཕན་ཆད་ནས་སངས་རྒྱས་ཀྱིས་གདུལ་བ་མེད་པའི་ཕྱིར་རོ། །གཙོ་བོའི་བྱ་བ་ནི་མཐའ་དག་དང༌། གདུལ་བའི་རང་གི་ངོ་བོ་དང༌། དེའི་དབྱེ་བ་དང༌། གཞི་དང༌། རང་གི་ངོ་བོས་བསྟན་ཏེ། དེའི་གདུལ་བའི་རང་གི་ངོ་བོ་བསྟན་པ་ནི། ཉན་ཐོས་ལ་སོགས་པ་གཞན་སངས་རྒྱས་ཀྱིས་གདུལ་བ་མེད་པའི་ཕྱིར་རོ། །དེའི་དབྱེ་བ་བསྟན་པ་ནི། དེ་སྙེད་ཅིག་གི་དབྱེ་བས་ཐ་དད་པའི་བྱང་ཆུབ་སེམས་དཔའ་རྣམས་བཀུག་པའོ། །ཉན་ཐོས་ལ་སོགས་པ་གང་ཡིན་པ་དེ་དག་དགུག་པ་ལ་ཤིན་ཏུ་དཀའ་བ་ཅི་ཞིག་ཡོད་ན་མ་བཀུག་པར་ཞེ་ན། དེའི་


DTG073_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་དག་ལ་དེས་གདུལ་བ་མེད་པར་བསྟན་པའི་ཕྱིར་རོ། །སྲིད་པ་ཐ་མ་པ་ནི་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ཚེ་ཕྱི་མ་ལ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཕྱིར་མི་ལྡོག་པ་ནི་ས་བརྒྱད་པ་ཐོབ་པ་རྣམས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་རྣམས་སོ། །དད་པས་མོས་པ་ནི་མོས་པས་སྤྱོད་པའི་ས་ཐོབ་པ་རྣམས་སོ། །སྲིད་པ་ཐ་མ་པ་སྨོས་པ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་ཉིད་བསྟན་པའི་ཕྱིར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་རྣམས་ལ་ཡང་ཕན་འདོགས་པ་ཡིན་པའི་ཕྱིར་རོ། །བསྡུ་བ་ཞེས་བྱ་བ་འདི་ནི་གཞན་ཡིན་ལ། དེ་ཡང་བསྡུ་བར་བྱ་བའི་བྱ་བ་བརྗོད་པར་འདོད་ན་རུང་སྟེ། དེ་ལྟ་ན་བསྒྲིམས་ཏེ་བསྡུ་བ་འདི་ཇི་ལྟར་རུང་ཞེ་ན། ཉེས་པ་མེད་དེ་འདི་ལྟར་གང་ཞིག་བསྒྲིམས་ཏེ་བསྡུ་བ་དང༌། གང་ཡང་བསྒྲིམས་ནི་མི་དགོས་པ། །བརྗོད་པར་འདོད་པ་འདི་ལ་འདི། །འཇིན་རྟེན་སྤྱོད་པའི་ཚུལ་གྱིས་འཇུག །བྱ་བ་མ་སྦྱར་དུ་ཟིན་ཀྱང་ནུས་པ་ལ་སོགས་པ་མཐོང་བའི་དབང་གིས་སྒྲ་འདི་འཇིག་རྟེན་ན་སྦྱོར་ཏེ། ཚོང་བའི་གྲོང་ནན་གྱིས་སྡུས་ཤིག་ཅེས་བྱ་བ་ལ་སོགས་པ་དང་འདྲ་བས་ན་ཉེས་པ་མེད་དོ། །བསྐོ་བར་བྱ་བའི་བྱ་བ་ནི། བཀའ་མཉན་པ་དང༌། དེ་བཞིན་དུ་བསྒྲུབ་པའོ། །དེའི་འབྲས་བུ་དང༌། དེའི་གོ་རིམས་ཀྱི་དོན་ནི་ཕལ་ཆེར་གོང་དུ་ཐལ་བས་རྣམ་པར་མི་ཕྱེའོ། །ལེགས་སོ་ཞེས་བྱ་བའི་སྒྲ་ནི་འདིར་དེ་ལྟར་འཚལ་ལོ་ཞེས་བྱ་བའོ། །བརྗོད་དུ་མེད་པ་ནི་གྲངས་ཀྱི་བྱེ་བྲག་ཡིན་ཏེ། དེས་ཀྱང་བརྗོད་དུ་མེད་པའོ། །ཡང་ན་བརྗོད་དུ་མེད་པའི་ཡང༌། བརྗོད་དུ་མེད་པ་ཉིད་གྲངས་ཀྱི་བྱེ་བྲག་ཡིན་ཏེ། བརྒྱ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ཡང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་བྲག་ཡིན་ནོ། །ད་ནི་དགོས་པ་བརྟགས་ནས་ཕན་པ་ཆེ་བ་དང༌། གདུལ་བའི་བྱེ་བྲག་དང༌། གུས་པའི་བྱེ་བྲག་དང༌། སྟོན་པ་པོའི་བྱེ་བྲག་དང༌། དགོས་པའི་བྱེ་བྲག་དང༌། རྣམ་པ་ལྔས་ཞུ་བ་བསྟན་ཏོ། །སྟོན་པ་པོ་ནི་བྱེ་བྲག་རྣམ་པ་གསུམ་གྱིས་ཁྱད་པར་དུ་འཕགས་ཏེ། གང་ཕྱིར་དེ་བཞིན་གཤེགས་པ་ནི། །སྐྱོན་དང་ཉོན་མོངས་ཕུང་པོ་བསྩལ། །དོན་ཀུན་


DTG073_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མཁྱེན་པ་སྟེ། །དེ་ཕྱིར་རྒྱལ་ལ་ཞུ་བར་འོས། །གང་གི་ཕྱིར་ཕྱིན་ཅི་མ་ལོག་པར་གསུངས་པས་ན་དེ་བཞིན་གཤེགས་པ་སྟེ། དེའི་ཕྱིར་ཞུ་བར་འོས་ཏེ། དེ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེའི་དེ་ཡང་དོན་ཐམས་ཅད་ཡང་དག་པར་མཁྱེན་པའི་ཕྱིར་རོ། །ཡང་ན་གང་གི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་དེའི་ཕྱིར་ཞུ་བར་འོས་ཏེ། དེའི་དེ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེའི་དེ་ཡང་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་ཏེ། བདེ་བར་གཤེགས་པ་རྣམས་ཀྱིས་བགྲོད་པ་དང༌། རྗེས་སུ་བགྲོད་པའི་ལམ་དུ་གཤེགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དད་པས་མོས་པ་ལ་སོགས་པས། །གོང་ནས་གོང་དུ་འཐོབ་པའི་ཕྱིར། །གདུལ་བྱའི་བསམ་པའི་བྱེ་བྲག་གིས། །དོན་ནི་རྣམ་ལྔར་བསྟན་པ་ཡིན། །དགོས་པའི་བྱེ་བྲག་ནི་རྣམ་པ་ལྔ་སྟེ། དད་པས་མོས་པ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་ས་འཐོབ་པ་དང༌། དེ་རྣམས་ཀྱིས་སྐྱེ་བ་གཅིག་གིས་ཐོགས་པ་ཉིད་འཐོབ་པ་དང༌། དེ་རྣམས་ཀྱིས་ཀྱང་སྲིད་པ་ཐ་མ་པ་ཉིད་འཐོབ་པ་དང༌། སྲིད་པ་ཐ་མ་བ་རྣམས་ཀྱིས་ཀྱང་གཟུངས་ཀྱི་སྒོར་འཇུག་པ་འཐོབ་པའོ། །སྡུག་བསྔལ་ལ་སོགས་ཡུལ་རྣམས་ལ། །ནེར་ནུར་བྱེད་པ་སོམ་ཉིད་བསྟན། །དེ་སྤངས་ས་ཐོབ་འདི་ཡིན་པར། །འདིར་ནི་དོན་གྱིས་བསྟན་པ་ཡིན། །དོན་གྱིས་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པའི་ཐེ་ཚོམ་སྤངས་ན། དད་པས་མོས་པ་རྣམས་ཀྱིས་ས་ཐོབ་པར་བསྟན་ཏོ། །སོམ་ཉི་སྤངས་པས་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ཀྱང་སྤངས་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་ནི་ཅིག་ཅར་སྤོང་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཅེས་སྨོས་པ་ནི་བདེན་པ་བཞི་ལ་དམིགས་པའི་སོམ་ཉི་བསྡུ་བའི་ཕྱིར་རམ། ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་བསྡུ་བའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་ས་ནི་འདིར། །རྣམ་པ་གཉིས་ཀྱིས་འཐོབ་པར་བསྟན། །ས་དང་པོ་ཐོབ་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིས་ནི་རང་གི་སྟོབས་དང་གཞན་གྱིས་སྟོབས་རྣམ་པ་གཉིས་ཀྱིས་ཕྱིར་མི་ལྡོག་


DTG073_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ཐོབ་པར་བསྟན་ཏོ། །སྒྲིབ་པ་མེད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཏེ། ཡེ་ཤེས་དང་སྤོབས་པ་གང་ལ་ཡོད་པ་དེའི་ངོ་བོ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཡང་ན་སྒྲིབ་པ་མེད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། འདིས་སྣང་བར་བྱེད་པས་དེའི་ངོ་བོ་ཉིད་དེ་ཡིན་པས་ཡང་ངེས་པར་གཟུང་བར་བྱའོ། །འདིས་མི་གཡོས་པའི་ས་བསྟན་ཏེ། དེ་ནི་རང་གི་སྟོབས་ཡིན་ནོ། །གཞན་གྱི་སྟོབས་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། དགེ་བའི་བཤེས་གཉེན་དུ་མ་ལ་བརྟེན་པས། ཐོས་པ་ལས་བྱུང་བའི་ཤེས་པ་འཐོབ་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པ་འཐོབ་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་པ་འཐོབ་པ་སྟེ། དེས་དྲན་པ་བརྗེད་པར་མི་འགྱུར་རོ། །ཡང་ན་ཆོས་བསྟན་པ་ཉན་པ་དང༌། དེའི་དོན་འཛིན་པ་དང༌། དུས་གཞན་ན་མི་བརྗེད་པ་དང༌། དེ་ལྟར་ན་དགེ་བའི་བཤེས་གཉེན་མཆོག་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པས་ཕྱིར་མི་ལྡོག་པར་བསྟན་པའི་ཕྱིར། བར་དུ་ཞེས་པ་ལ་སོགས་པ་ཞུས་སོ། །སྐྱེ་བ་གཅིག་གིས་ཐོགས་རྣམས་ཀྱིས། །ས་ནི་རྟེན་བཞིས་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པ་རྣམས་ཀྱིས་ནི་རྣམ་པ་བཞིས་སྐྱེ་བ་གཅིག་གིས་ཐོགས་པའི་ས་འཐོབ་པར་འགྱུར་ཏེ། སྤྱོད་པ་སྦྱིན་སོགས་ཕ་རོལ་ཕྱིན། །ཚོགས་ཀྱིས་རྣམ་པ་གཉིས་སུ་འགྱུར། །གསུམ་ནི་བསོད་ནམས་ཕ་རོལ་ཕྱིན། །ལྷག་མ་ཡེ་ཤེས་ཅིག་ཤོས་གཉིས། །སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ནི་གཉི་ག་སྟེ། གཉི་གར་བྱ་བ་བྱེད་པའི་ཕྱིར་རོ། །སྤྱོད་པ་དེས་ཐོབ་པར་བྱ་བ་ནི་ཡོངས་སུ་དག་པ་རྣམ་པ་བཞི་སྟེ། དེས་སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་རོ། །དེས་གདུལ་ཕྱིར་ནི་གནས་པ་དང༌། །བསྟན་པ་དོན་ཡོད་མཚུངས་པ་མེད། །སྨོན་ལམ་འབྲས་བུ་འགྲུབ་པ་དང༌། །དགའ་མགུར་ཞིང་ནི་སྟོན་པར་བྱེད། །སྨོན་ལམ་གྱིས་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔས་གདུལ་བ་ཉིད་དུ་སེམས་ཅན་རྣམས་


DTG073_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ནི་སེམས་ཅན་ཡོངས་སུ་དག་པའོ། །མདོ་སྡེ་ལ་སོགས་པ་ཆོས་བསྟན་པ་དོན་ཡོད་ཅིང་མཚུངས་པ་མེད་པའི་འབྲས་བུ་དང་ལྡན་པས་ན་ཆོས་ཡོངས་སུ་དག་པའོ། །སྨོན་ལམ་མ་ལུས་པར་འབྲས་བུར་འགྲུབ་པས་ན་སྨོན་ལམ་ཡོངས་སུ་དག་པའོ། །གདུལ་བའི་བསམ་པའི་བྱེ་བྲག་གིས་ཅི་འགའ་འགྱུར་ཞིང་ཀུན་དུ་སྟོན་པས་ན་ཞིང་ཡོངས་སུ་དག་པའོ། །ཡང་ན། སེམས་ཅན་ལ་སོགས་རྣམ་དག་ནི། །སེམས་ཅན་ཆོས་དོན་གཉེར་དང་ཞིང༌། །རང་བཞིན་བདག་མེད་མཐོང་བ་ཡིན། །དེ་ནི་འདོད་པའི་དོན་གྲུབ་བྱེད། །འདིས་ཡོངས་སུ་དག་པར་འགྱུར་བས་ན་ཡོངས་སུ་དག་པ་སྟེ་ཡོངས་སུ་དག་པ་བཞི་ནི། སེམས་ཅན་ལ་སོགས་པ་བདག་མེད་པར་མཐོང་བ་ཉིད་དོ། །བདག་མེད་པར་མཐོང་བ་ལས་བྱང་ཆུབ་སེམས་དཔས་གདུལ་བ་ཉིད་དུ་སེམས་ཅན་རྣམས་གནས་པ་ཞེས་བྱ་བ་ལ་སོགས་པ་ལྔར་བསྟན་པའི་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དོན་དུ་གཉེར་བ་ཞེས་བྱ་བ་ནི་སྨོན་ལམ་མོ། །ད་ནི་སྐྱེ་བ་གཅིག་གིས་ཐོགས་རྣམས་ཀྱིས། །སྲིད་པ་ཐ་མ་པའི་ས་ནི་རྟེན་བཞིས་འཐོབ་པར་འགྱུར་བར་བཤད་ཅེས་བྱ་བ་ཚིག་གི་ལྷག་མའོ། །གདུལ་བ་རྣམས་ཀྱི་བྱེ་བྲག་གིས། །ལུས་སོགས་ཡིད་དུ་འོང་བར་གནས། །ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས། །ཚོགས་ཀྱི་གཞི་ཡང་སྐྱེ་བ་ཡིན། །ལུས་དང་ངག་དང་ཡིད་དེ་དག་ནི་གདུལ་བའི་བསམ་པའི་བྱེ་བྲག་གིས་དུས་གཅིག་ཏུ་གནས་ན་ཡང་དེ་དག་ཡིད་དུ་འོང་སྟེ། དེ་དག་རྗེས་སུ་མཐུན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡོན་ཏན་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་སྐྱེ་བ་ཡིད་འོང་ངོ༌། །ཡང་གི་སྒྲ་ནི། བཀག་པའི་ལས་ལུས་ལ་སོགས་པས་མི་སྤྱོད་པའི་ཕྱིར་དང༌། མ་བཀག་པ་ཀུན་དུ་སྤྱོད་པའི་ཕྱིར་དང༌། སྐྱེ་བ་འཇིག་རྟེན་ཐམས་ཅད་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར། ལུས་ལ་སོགས་པ་ཡིད་དུ་འོང༌། །ཞེས་བྱ་བའོ་ཞེས་བསྡུ་བའི་དོན་ཏོ། །ད་ནི་སྲིད་པ་ཐ་མ་པ་རྣམས་ཀྱིས་གཟུངས་ཀྱི་སྒོར་འཇུག་པ་ཇི་ལྟར་འཐོབ་པར་འགྱུར་བ་བསྟན་ཏེ། གཟུངས་ནི་རྣམ་གསུམ་གང་གི་ཕྱིར། །ཚིག་དང་དོན་དང་གཉི་གའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ན། །འཛིན་པར་བྱེད་པས་དེ་ཕྱིར་གཟུངས། །ལེགས་པ་ནི་བདག་དང་གཞན་གྱི་


DTG073_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཕུན་སུམ་ཚོགས་པའོ། །དེ་ཡང་ཕན་པ་དང་ཕན་པ་མ་ཡིན་པ་འཐོབ་པ་དང༌། སྤང་བའི་མཚན་ཉིད་དེ། སྲོག་ཆགས་དེ་ལས་ཉམས་པ་ན་འཛིན་པར་བྱེད་པས་གཟུངས་སོ། །བདག་དང་གཞན་གྱི་དོན་འགྲུབ་ཕྱིར། །གཟུངས་ཉིད་སྒོ་མོ་སྒོ་ཡིན་ནོ། །དེ་ལ་འཇུག་པ་དེ་ཤེས་པ། །དེ་ཡང་རྣམ་བཞིར་བསྟན་པ་ཡིན། །འདི་ལྟར་གྲངས་མེད་པས་སམ། དུས་མཐའ་ཡས་པ་ནས་ཞུགས་པས་མཐུ་ཟད་མི་ཤེས་པ་མི་ཟད་པའི་སྒོ་ཐབས་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའམ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་སྟེ། དེ་གཟུངས་ཀྱི་སྒོར་འཇུག་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ནས། གཟུངས་ཀྱི་སྒོར་འཇུག་པ་ཞེས་པའི་སྒྲས་ཁྱད་པར་དུ་ཚིག་བསྡུའོ། །དད་པ་ལ་སོགས་པའི་དབང་པོ་རྣམས་ལ་མཁས་པ་གཟུངས་ཀྱི་སྒོར་འཇུག་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ནས་སྔ་མ་བཞིན་དུ་ཁྱད་པར་དུ་ཚིག་བསྡུའོ། །དབང་པོ་ལ་མཁས་པ་ནི་ཆུང་ངུ་ལ་སོགས་པའི་བྱེ་བྲག་དང༌། ཡོངས་སུ་སྨིན་པའི་དུས་ལ་སོགས་པའི་བྱེ་བྲག་ལ་སྤྱོད་པའོ། །འདི་ལ་འདུ་བྱེད་པ་མེད་པས་ན་ལས་དང་རྣམ་པར་སྨིན་པ་ལ་མཁས་པ་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་མ་བསྒྲིམས་པར་འཇུག་པ་སྟེ། དེ་གཟུངས་ཀྱི་སྒོར་འཇུག་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ནས་སྔ་མ་བཞིན་དུ་ཁྱད་པར་དུ་བསྡུའོ། །ཡང་ན་ལས་དང་རྣམ་པར་སྨིན་པ་ལ་མཁས་པ་དང༌། འདུས་མ་བྱས་གཉིས་ལ་གཟུངས་ཀྱི་སྒོར་འཇུག་པ་ཞེས་བྱ་བར་རིག་པར་བྱའོ། །དེ་ལ་འདུས་མ་བྱས་པ་ནི་སྟོང་པ་ཉིད་ཡིན་པར་གཟུང་བར་བྱའོ། །ལས་རྣམ་པར་སྨིན་པའི་རང་གི་ངོ་བོ་དང༌། དུས་དང་གནས་སྐབས་དང༌། ཡུལ་ལ་སོགས་པའི་བྱེ་བྲག་ལས་དཔྱོད་པ་ནི་ལས་དང་རྣམ་པར་སྨིན་པ་ལ་མཁས་པའོ། །ཆོས་ཟབ་མོ་ལ་བཟོད་པའི་གཟུངས་ཀྱི་སྒོར་འཇུག་པ་གང་ལ་ཡོད་པ་དེ་ཞེས་ཚིག་རྣམ་པར་སྦྱར་ནས། སྔ་མ་བཞིན་དུ་ཁྱད་པར་དུ་ཚིག་བསྡུའོ། །སེམས་ཅན་རྣམས་ཞེས་བྱ་བ་ནི་འོག་མ་གཉིས་དང་ཡང་འབྲེལ་པར་རིག་པར་བྱའོ། །ཡང་ན། ཞུ་བ་འདི་ནི་མདོར་བསྡུ་ན། །བྱང་ཆུབ་སེམས་དཔའ་ཀུན་ལ་ཡང༌། །གང་ལ་ཇི་སྙིད་འོས་ཡིན་པ། །དེ་ལ་དེ་སྙེད་འགྱུར་བ་ཡིན། །འདི་ལྟར་དད་པས་མོས་པའི་དབང་


DTG073_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ན་ནི། འདི་དག་ཐམས་ཅད་ཡོད་པར་བལྟ་བར་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དབང་དུ་བྱས་ན་ནི་སོམ་ཉི་ཐམས་ཅད་སྤོང་བ་མ་གཏོགས་པར། ཞུ་བ་ལྷག་མ་རྣམས་ཡོད་པར་ངེས་པར་གཟུང་བར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཞན་དག་ལ་ཡང་ཅི་རིགས་པར་བྱའོ། །ད་ནི་བཅོམ་ལྡན་འདས་ལ་ཞུ་བ་མཁྱེན་པར་གསོལ་བ་སྟོན་ཏེ། ཞུ་བའི་འབྲས་བུ་བློ་ལྡན་གྱིས། །ཞུ་བ་ཉིད་དུ་རབ་ཏུ་གསུངས། །ཡང་ན་འབྲས་དང་ཐ་དད་པས། །སྒྲོ་བཏགས་ཞུ་བ་ཉིད་དུ་གསུངས། །ཞུ་བ་ཞེས་བྱ་བའི་སྒྲ་ནི་འཕགས་པ་ཤཱ་རིའི་བུས་ཞུ་བའི་དངོས་པོའི་འབྲས་བུ་གང་ཡིན་པ་སོམ་ཉི་ཐམས་ཅད་སྤོང་བ་ལ་སོགས་པ་དེ་ཡིན་པར་གསུངས་ཏེ། འབྲས་བུ་ལ་རྒྱུ་བཏགས་པ་སྟེ། མཇུག་གི་འབྲས་བུའི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཞུ་བའི་རང་གི་ངོ་བོ་ངེས་པར་མ་བྱས་པའི་ཕྱིར། དེ་དག་ཅེས་བྱ་བའི་སྒྲ་དང་སྦྱོར་བར་བྱེད་པ་མི་རིགས་ཏེ། དེ་ལྟར་ན་ཞུ་བ་དེ་དག་ལ་ཞུ་བའི་འབྲས་བུ་དེ་དག་ཅེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཇི་སྐད་སྨོས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ཡིན་ནོ། །གཟུང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི། ཚིག་འབྲུ་དང༌། དོན་དང༌། གཉི་གའོ། །ཡང་ན་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ཆེན་པོའི་ཐེག་པ་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །བདག་དང་གཞན་དང་གཉི་གའི་དོན་འགྲུབ་པའི་ཕྱིར་ཡང་བརྗོད་པར་ཤེས་པར་བྱའོ། །ཡང་ན་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་གཉིས་ཀྱིས་ནི་གཟུང་ངོ༌། །སོ་སོ་རང་གིས་རིག་པར་སྤྱད་པས་ནི་ཡིད་ལ་བྱས་སོ། །ཚད་མ་ཐམས་ཅད་ཀྱིས་རྣམ་པར་དག་པས་ནི་ཀུན་ཆུབ་པར་བྱ་སོ། །རྣམ་པ་གཞན་ཡང་ཇི་སྐད་སྨོས་པའི་འབྲས་བུའི་བྱེ་བྲག་གིས་ཞུ་བའི་རང་གི་ངོ་བོ་དམིགས་ཀྱིས་མ་ཕྱེ་བ་དམིགས་ཀྱིས་ཕྱེ་ནས། དེ་དག་ཅེས་བྱ་བ་ལ་སོགས་པ་བརྗོད་དེ་ཇི་སྐད་སྨོས་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །གཟུང་བ་ལ་སོགས་པའི་ཚིག་གསུམ་གྱི་བཤད་པ་འདིར་ནི་བཤད་པ་བར་མ་གཉིས་ལ་ལྟོས་པར་ཤེས་པར་བྱའོ། །དེ་ལྟར་ཞུ་བ་མཁྱེན་བར་གསོལ་བ་བསྟན་ནས། ད་ནི་བཅོམ་ལྡན་འདས་ལ་གསོལ་བ་འདེབས་ཏེ། ཚིག་དང་དོན་


DTG073_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉི་ག་དང༌། །ཐོས་སོགས་ཤེས་པའི་བྱེ་བྲག་དང༌། །མངོན་སུམ་མ་རྗེས་དཔག་རྣམ་གཉིས་ཀྱིས། །རྣམ་པར་དག་པ་རྣམས་གསུམ་མོ། །གཟུང་བ་དང༌། ཡིད་ལ་བྱས་པ་དང༌། ཀུན་ཆུབ་པར་བྱས་པ་རྣམས་ནི། ཚིག་དང༌། དོན་དང༌། གཉི་གའམ། ཐོས་པ་དང༌། བསམས་པ་དང༌། བསྒོམས་པའི་ཤེས་པས། ཡོངས་སུ་བཅད་པའམ། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཚད་མ་གཉི་གས་རྣམ་པར་དག་པ་ལས་རྣམ་པ་གསུམ་དུ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །དེ་ལ་བཤད་པ་དང་པོ་ལ་ཞུ་བའི་འབྲས་བུ་ནི་ཞུ་བའི་སྒྲས་བརྗོད་དོ་ཞེས་བསྟན་ཏེ། དེ་ལྟར་ན་འདི་སྐད་དུ་གང་གིས་ཞུ་བའི་འབྲས་བུ་འདི་འགྲུབ་པར་འགྱུར་བ་དང༌། དེ་ལས་ཐོས་པ་ལ་སོགས་པའི་ཤེས་པས་བསྡུས་པས་སྤྱོད་པ་ཡོངས་སུ་དག་པར་འགྱུར་བ་དེ་འགྱུར་བ་དེ་ལྟ་བུའི་ཞུ་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ །བཤད་པ་གཉིས་པ་ལ་ཇི་སྐད་སྨོས་པ་ཞེས་བྱ་བ་ནི་ཇི་སྐད་སྨོས་པ་ཞེས་བྱ་བའི་འབྲས་བུ་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་ན་འདི་སྐད་དུ་ཞུ་བ་གང་ལས་འབྲས་བུ་འདི་འགྲུབ་པར་འགྱུར་བ་དང༌། །ཐོས་པ་ལ་སོགས་པའི་ཤེས་པས་བསྡུས་པས་སྤྱོད་པ་ཇི་ལྟར་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུའི་ཞུ་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་སྤྱོད་པ་དེ་ནི་གང་ཡིན། །དེའི་རྣམ་པར་དག་པ་ནི་ཇི་ལྟ་བུ། །དེའི་འབྲས་བུ་ནི་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྨྲས་པ། སྤྱོད་པ་ཕ་རོལ་ཕྱིན་པ་བཅུ། །ཡང་ན་སྟོང་ཉིད་དེ་ཡི་ནི། །རྣམ་དག་སྐྱོན་མེད་ས་ཐོབ་པས། །ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་དེ། དེ་རྟོགས་ན་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་ལ་སྤྱོད་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྐྱོན་ནི་འཁོར་གསུམ་དམིགས་པ་དང༌། སེར་སྣ་ལ་སོགས་པའི་དྲི་མའོ། །སྟོང་པ་ཉིད་ནི་དངོས་པོ་དང༌། དངོས་པོ་མེད་པ་ལ་སོགས་པའི་ངོ་བོར་མངོན་པར་ཞེན་པའོ། །དེ་མེད་པས་སྐྱོན་མེད་པ་ཉིད་ཀྱིས་མཚན་ཉིད་ཀྱི་དྲི་མ་མེད་པ་ནི་དེ་དག་གི་རྣམ་པར་དག་པའོ། །དེས་རབ་ཏུ་དགའ་བ་ལ་སོགས་པའི་ས་


DTG073_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་རྣལ་འབྱོར་ཅན་གྱིས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་ཏེ། འདི་ལྟར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཕུལ་དུ་ཕྱིན་པར་རྣམ་པར་དག་པ་ལ་བསྟན་ནས། གོ་རིམས་བཞིན་དུ་ས་བཅུར་རྣམ་པར་གཞག་སྟེ། དེའི་འོག་ཏུ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་རོ། །སྟོང་པ་ཉིད་རྣམ་པར་དག་པ་ལས་ཀྱང་བསྟན་ཏེ། ཀུན་དུ་འགྲོ་དོན་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ་།དེ་ལྟར་གསོལ་བ་བཏབ་ནས། ད་ནི་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དང༌། ཚེ་བ་ཉིད་བསྟན་པའི་ཕྱིར་གསོལ་བ་བཏབ་པའི་དོན་ལ་བཅོམ་ལྡན་འདས་ཀྱིས་མངོན་དུ་ཕྱོགས་པར་མཛད་ནས། ཞལ་གྱིས་བཞེས་སོ། །ཞལ་གྱིས་བཞེས་པ་དེ་ཡང་ཉན་པ་པོའི་བྱེ་བྲག་དང༌། རང་གི་ངོ་བོ་རྣམ་པ་གཉིས་ཀྱི་ཕྱིར་རོ། །ཉན་པ་པོའི་བྱེ་བྲག་ནི་རྣམ་པ་བཞིར་གསུངས་ཏེ། ཉན་པ་དང༌། ལེགས་པར་ཉན་པ་དང༌། རབ་ཏུ་ཉན་པ་དང༌། ཡང་དག་པར་ཡིད་ལ་བྱེད་པ་སྟེ། སྣོད་ནི་ཁས་ཕུབ་རྡོལ་བ་དང༌། །མི་གཙང་བ་ཡི་གཉེན་པོའམ། །གཟུ་བོ་ལ་སོགས་ཡོན་ཏན་ལྡན། །ཁྱོད་ཀྱིས་ཉོན་ལ་གཞན་དུ་མིན། །གང་ཕྱིར་ཚད་མ་ལྡན་པས་ན། །ཐོག་མ་བར་དང་ཐ་མར་དགེ། །ཆུང་ངུ་འབྲིང་དང་ཆེན་པོ་ཡི། །ཉེས་པ་རྣམས་ནི་ཟད་བྱེད་དང༌། །ཚིག་འབྲུ་དོན་དང་གཉི་ག་ཤེས། །མངོན་སུམ་ལ་སོགས་མི་འགལ་བ། །ཐོས་ལ་སོགས་ལས་བློ་བསྐྱེད་དང༌། །བདག་སོགས་འབྱོར་བའི་རྒྱུ་ཡིན་ཕྱིར། །ཆར་པ་འབབ་ན་བུམ་པ་ཁས་ཕུབ་པའི་ནང་དུ་ཆུ་ཅུང་ཟད་ཀྱང་མི་འགྲོ་བ་དེ་བཞིན་དུ། ཁྱོད་སྣོད་ཁས་ཕུབ་པ་ལྟ་བུར་ཉན་པར་མ་བྱེད་ཅིག་བྱ་བའི་ཕྱིར། ལེགས་པར་ཞེས་གསུངས་པོ། །བུམ་པ་རྡོལ་བའི་ནང་དུ་ནི་ཆུ་སོང་དུ་ཟིན་ཀྱང་གནས་པར་མི་འགྱུར་བ་དེ་བཞིན་དུ་ཁྱོད་ཉན་པར་མ་བྱེད་པར། ཅི་ནས་ཐོས་པ་བརྟན་པར་འགྱུར་བ་དེ་ལྟ་བུར་ཉོན་ཅིག་ཅེས་བྱ་བའི་ཕྱིར་རབ་ཏུ་ཞེས་གསུངས་སོ། །བུམ་པ་མི་གཙང་བའི་ནང་དུ་ནི་ཆུ་ཅི་སོང་བ་དེ་དག་ཐམས་ཅད་མི་གཙང་བར་འགྱུར་ཏེ། སྤྱད་དུ་མི་རུང་བ་དེ་བཞིན་དུ། ཁྱོད་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་མི་གཙང་བར་མ་བྱེད་ཅིག་ཅེས་བྱ་བའི་ཕྱིར། ཚུལ་


DTG073_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིད་ལ་ཟུང་ཤིག་ཅེས་གསུངས་སོ། །ཡང་ན་གཟུ་བོ་ལྟ་བུ་དང༌། དོན་དུ་གཉེར་བ་དང༌། རྟོག་པ་ཅན་དུ་གྱིས་ལ་ཉོན་ཅིག་ཅེས་གསུངས་ཏེ། ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟར་བྱས་ན་ཁྱོད་ཀྱིས་མཉན་པ་འབྲས་བུ་ཡོད་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་མི་འགྱུར་བར་དགོངས་པའོ། །ཡང་ན་གང་གི་ཕྱིར་ཐོག་མ་ཉིད་དུ་ཚད་མ་དང་ལྡན་པས་དགེ་བ་དེའི་ཕྱིར་ལེགས་པར་ཉོན་ཞེས་གསུང་སོ། །གང་གི་ཕྱིར་ཐ་མར་ཡང་དགེ་བ་དེའི་ཕྱིར་རབ་ཏུ་ཉོན་ཅིག་ཅེས་གསུངས་སོ། །གང་གི་ཕྱིར་ཐ་མར་ཡང་དགེ་བ་དེའི་ཕྱིར་ཚུལ་བཞིན་ཡིད་ལ་བྱོས་ཤིག་ཅེས་གསུངས་སོ། །ཡང་ན་ཉེས་པ་ཆུང་ངུ་དང་འབྲིང་པོ་དང༌། ཆེན་པོ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་ཚིག་འབྲུ་དང༌། དོན་དང༌། གཉི་ག་འཛིན་དུ་གཞུག་པའི་ཕྱིར། ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཚད་མ་གཉི་ག་དང་མི་འགལ་བའི་ཕྱིར། ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་ཐོས་པ་ལས་བྱུང་བ་ལས་སོགས་པའི་ཤེས་རབ་རྣམ་པ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར། ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་བདག་དང༌། གཞན་གྱི་དོན་དང༌། གཉི་གའི་དོན་གྱི་རྒྱུ་ཡིན་པའི་ཕྱིར། ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡང་ན་མཐོང་བ་ལ་སོགས་པའི་ལམ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར། ལེགས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་སྦྱར་རོ། །དོན་གསོལ་ཞལ་གྱིས་བཞེས་པས་ན། དེ་ཡིས་བདག་ཉིད་གསོལ་བར་ཕྱོགས། །ཐུབ་པ་སེམས་ཅན་དོན་མཁྱེན་ཕྱིར། །འདིར་ནི་བསྲུང་བ་ལ་སོགས་གསུངས། །དེ་ལྟར་འཚལ་ཞེས་བྱ་བ་ལ་སོགས་པ་ནི། མངོན་དུ་ཕྱོགས་པ་མཛད་པ་བསྟན་ཏོ། །ད་ནི་བསྲུང་བ་བསྟན་ཏེ། དེ་ཡང་རྣམ་པ་གཉིས་ཏེ། བསམ་གཏན་གྱི་རྣལ་འབྱོར་དང༌། གསང་སྔགས་ཀྱི་ཡི་གེའོ།།


DTG073_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བསམ་གཏན་གྱི་རྣལ་འབྱོར་ནི། །ཡང་དག་ཏུ་ན་དེ་ཆོས་ཀུན། །དངོས་པོའི་ངོ་བོར་ཁས་མི་ལེན། །རྐྱེན་ལ་རག་ལས་འབྱུང་ཕྱིར་ཏེ། །སྒྱུ་མ་རྨི་ལམ་སྨིག་རྒྱུ་བཞིན། །དགག་པར་བྱ་བ་མེད་པས་ན། །ཡང་དག་ཏུ་ན་བདག་མེད་མངོན། །ཡང་དག་མཁྱེན་ཏེ་ཆོས་རྣམས་ཀུན། །ཐམས་ཅད་དངོས་པོར་འཛིན་མི་མཛད། །ཆོས་ཐམས་ཅད་ནི་རྐྱེན་ལ་རག་ལས་ཏེ་འབྱུང་བའི་ཕྱིར་དང༌། སྒྱུ་མ་ལ་སོགས་པ་བཞིན་དུ། །ཡང་དག་པར་ན་དངོས་པོའི་ངོ་བོ་ཉིད་མ་ཡིན་ནོ། །དེ་བཞིན་དུ་སྐྱེས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡང་དག་པར་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ལྟར་གྱུར་ན་ཆོས་ཐམས་ཅད་ཡང་དག་པར་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། ཡང་དག་པར་དགག་པ་དང་འབྲེལ་པ་མ་ཡིན་ཏེ། མོ་གཤམ་གྱི་བུའི་སྔོ་བསངས་ལ་སོགས་པ་བཞིན་ཏེ། དགག་པར་བྱ་བ་མེད་པས་དགག་པ་ཡང་མི་འཇུག་པའི་ཕྱིར་རོ། །མི་མཐུན་པ་རྟག་པ་ཡིན་ན་ནི། དགག་པ་ཡང་དེ་དང་འདྲ་བར་འགྱུར་ཏེ། དེ་ལྟར་ན་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་མ་ཡིན་ནོ། །དེ་བཞིན་དུ་མ་སྐྱེས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ་ཞེས་སྦྱར་རོ། །ཡང་ན། ཚད་མ་ལྡན་པ་མ་ཡིན་པས། །ཡོད་མེད་ལ་སོགས་མཚན་ཉིད་དུ། །དེ་ནི་ཆོས་ཀུན་ཁས་མི་ལེན། །དེ་ཕྱིར་མཁས་པ་འཛིན་མི་བྱེད། །མངོན་པར་ཞེན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཚད་མ་དང་མི་ལྡན་པའི་ངོ་བོ་ནི་བཤད་ཟིན་ཏོ། །དེ་ཕྱིར་དེ་ནི་སྟོང་པ་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །བྱ་བ་ལ་སོགས་བཅོམ་ལྡན་གསུངས། །བསམ་གཏན་གྱི་ནི་ལམ་འདི་ཡིས། །གསང་སྔགས་ཚིག་རྣམས་བསམས་ན་ནི། །འབྲས་བུ་རྫོགས་པར་ཐོབ་འགྱུར་གྱི། །འདོད་པ་ཉི་ཚེས་དེ་ལྟ་མིན། །རྣལ་འབྱོར་ཅན་བསམ་གཏན་གྱི་རྣལ་འབྱོར་འདི་ལ་གནས་ཤིང་གསང་སྔགས་ཀྱི་ཡི་གེ་རྣམས་བརྗོད་ན། ཡིད་ལ་འདོད་པའི་འབྲས་བུ་རྫོགས་པར་འཐོབ་པར་འགྱུར་གྱི། སེམས་ཕྱི་རོལ་དུ་བལྟས་པས་བཏོན་ན་ནི་གསང་སྔགས་རྣམས་ངོ་བོ་ཉིད་ཤིན་ཏུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་འབྲས་བུ་འཐོབ་པར་ལྟ་འགྱུར་མོད་ཀྱི་རྫོགས་པར་ནི་མ་ཡིན་ནོ། །ཚིག་རྣམས་རེ་རེའི་


DTG073_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལ། །མངོན་དུ་ཕྱོགས་པར་བྱེད་བཞིན་དུ། །གསང་སྔགས་རན་པར་བརྗོད་བྱ་སྟེ། །དེ་ཕྱིར་འདིར་ནི་ཚིག་སྨོས་སོ། །མྱུར་ཆེས་པ་དང༌། དལ་ཆེས་པ་དང༌། མི་གསལ་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་ནི་རན་པ་ཉིད་དེ་གསང་སྔགས་ཀྱི་ཡི་གེ་རྣམས་ལ་སེམས་གཏོད་པའོ། །ཚིག་རེ་རེའི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་བྱེད་ཅིང་གསང་སྔགས་རན་པར་བརྗོད་པར་བྱ་སྟེ། དེ་བས་ན་ཚིག་སྨོས་སོ། །དེ་ལྟ་མ་ཡིན་ན། གཟུངས་ཀྱི་གསང་སྔགས་གཟུང་བར་བྱ། །ཞེས་དེ་སྐད་འབྱུང་བའི་རིགས་སོ། །ཡི་གེ་རེ་རེ་བསམ་པ་ཡི། །རྣལ་འབྱོར་སུས་ཀྱང་མི་ནུས་ཏེ། །ཚིག་རེ་ནས་ནི་ངེས་པར་ཡང༌། །བརྗོད་པར་བྱ་བས་དེ་སྨོས་སོ། །དེ་སྨོས་ཞེས་བྱ་བ་ནི་ཚིག་སྨོས་པའོ། །གལ་ཏེ་ཡི་གེ་རེ་རེ་ལ་རྣལ་འབྱོར་དུ་བྱེད་ནུས་ན་ལྟ་རབ་ཏུ་ལེགས་པ་ཡིན་ནོ། །གལ་ཏེ་མི་ནུས་ན་ཚིག་རེ་རེ་ལ་ནི་བསྒྲིམས་ཏེ་ཡང་བྱ་དགོས་ཏེ། འདི་ལྟར། རྣལ་འབྱོར་མེད་པའི་གསང་སྔགས་འདི། །དེ་ལྟར་འབྲས་བུ་སྟོན་མི་འགྱུར། །གསང་སྔགས་ཚིག་ནི་གསང་སྔགས་ཏེ། །དེ་ཕྱིར་རྣལ་འབྱོར་མེད་མི་བྱ། །འདིའི་དོན་ནི་བརྡ་ཕྲད་པར་ཟད་དོ། །གཟུངས་ཀྱི་དོན་གྱི་གསང་སྔགས་ཀྱི་ཚིག་རྣམས་ཡིན་པས་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་སོ། །ད་ནི་གཟུངས་ཀྱི་ངོ་བོ་བརྗོད་པར་བྱ་སྟེ། གསུངས་པའི་མིང་ནི་འདོགས་པ་དང༌། །འཐོབ་པའི་ཐབས་ནི་བསྟན་པ་དང༌། །དེས་ཤེས་བྱ་ལ་སོགས་ཚིག་གིས། །གཟུངས་ནི་འོག་ནས་འབྱུང་བ་ཉིད། །གང་གི་ཕྱིར་བཅོམ་ལྡན་འདས་དེས། །འདི་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་མི་འཛིན་པ་ལ་འཇུག་པ་ཞེས་བྱ་བའི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་རྗེས་སུ་དྲན་པ་གསུངས་པའི་མིང་འདོགས་པར་མཛད་དོ། །གང་གི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཞེས་བྱ་བ་ལ་སོགས་པས་ནི་འཐོབ་པའི་ཐབས་བསྟན་ཏོ། །གང་གི་ཕྱིར་དེས་སྒོ་མཐའ་ཡས་བསྒྲུབ་པའི་གཟུང་འདི་བསྒྲུབས་ཏེ་ཞེས་གསུངས་པ་དེའི་ཕྱིར། བདག་ནི་སངས་རྒྱས་རྗེས་སུ་དྲན་པ་འོག་ནས་འབྱུང་བ་ཉིད་གཟུངས་ཡིན་པར་འཛིན་ཏོ། །དེ་ལྟ་མ་ཡིན་གྱི་གསང་སྔགས་ཀྱི་ཡི་གེ་རྣམས་གཟུངས་


DTG073_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ན་ནི། འདི་རིགས་པ་དང་ལྡན་པར་མི་འགྱུར་ཏེ། སྐབས་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་རྗེས་སུ་དྲན་པ་བསྟན་པའི་སྐབས་ཀྱིས་བར་དུ་ཆོད་པའི་ཕྱིར་དང༌། གསང་སྔགས་ཀྱི་ཡི་གེ་རྣམས་ནི་ཡི་གེའི་འབྲུ་དང༌། སྒྲའི་བདག་ཉིད་ཡིན་པས་མིག་དང་རྣ་བའི་རྣམ་པར་ཤེས་པས་ངེས་པར་གཟུང་བ་ཡིན་པའི་ཕྱིར་རོ། །དེ་བས་ན། འདི་ཞེས་གསུངས་པ་བརྗོད་བྱ་མིན། །འོག་ནས་འབྱུང་བའི་ཆིངས་ཐུགས་ལ་བཞག་ནས། འདི་ཞེས་བྱ་བ་གསུངས་སོ། །འཛིན་པ་འདིར་ནི་དོན་ལས་བཞེད། །རློམ་སེམས་མངོན་པར་ཞེན་པ་སྟེ། །མི་དམིགས་ཕྱིར་ན་དེ་མེད་དོ། །འཛིན་པ་ནི་འདིར་དོན་ལ་རྟོགས་པར་བཞེད་ཀྱི། ཡི་གེ་ལས་ནི་མ་ཡིན་ཏེ། ཡི་གེ་འཛིན་པས་ནི་ཕན་ཡོན་འདི་དག་འཐོབ་པར་མི་འགྱུར་རོ། །རློམ་སེམས་ནི་མངོན་པར་ཞེན་པ་ཡིན་པས་དེ་ལྟར་ན་འདི་ལྟར་འགྱུར་རོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་མངོན་པར་ཞེན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་མངོན་པར་ཞེན་པར་མི་བྱེད་ཅེ་ན། དེའི་ཕྱིར་དམིགས་པར་མི་བྱེད་ཅེས་གསུངས་སོ། །ཡང་ན་ངོ་བོ་ཉིད་མེད་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ངོ་བོ་ཉིད་དང་བཅས་པར་རློམ་སེམས་སུ་མི་བྱེད་པར་ངེས་པར་གཟུང་བར་བྱའོ། །མི་སྡུག་གཉི་ག་མ་ཡིན་སྡུག །སྡུག་པ་དེ་ཡང་རྣམ་གཉིས་འདོད། །ཆོས་རྣམས་ཐམས་ཅད་ཐུབ་པ་ཡིས། །རྣམ་པ་བཞིར་ནི་བསྡུ་བ་མཛད། །ཆོས་རྣམ་པ་བཞི་ནི་མི་སྡུག་པའི་ངོ་བོ་ཉིད་དང༌། གཉི་ག་མ་ཡིན་པའི་ངོ་བོ་ཉིད་དང༌། སྡུག་བའི་ངོ་བོ་ཉིད་དེ། དེ་དག་ཀྱང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་བས་ན་རྣམ་པ་བཞིར་འགྱུར་རོ། །ཇི་སྟེ་ཅིའི་ཕྱིར་ཆོས་རྣམས་རྣམ་པ་བཞིར་བསྟན་པར་མཛད་ཅེ་ན། སྨྲས་པ། གནོད་སེམས་གཏི་མུག་འདོད་ཆགས་རྣམས། །དེ་ཡི་སྒོ་ནས་འབྱུང་ཕྱིར་རོ། །སྤང་བའི་ཐབས་ནི་བསྒྲུབ་པའི་ཕྱིར། །དེ་དག་དངོས་པོ་མེད་པར་བསྟན། །ཞེ་སྡང་ནི་མེ་སྡུག་པ་ལས་འབྱུང༌། གཏི་མུག་ནི་དངོས་པོ་རྣམ་པ་གསུམ་ཆར་ལས་འབྱུང༌། འཁོར་བའི་རྩ་བ་ནི་འདོད་ཆགས་ལ་སོགས་པ་ཡིན་ཏེ།


DTG073_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་དེ་དག་སྤང་བའི་ཐབས་བསྟན་པའི་ཕྱིར། དངོས་པོ་རྣམ་པ་གསུམ་པོ་དེ་དག་ངོ་བོ་ཉིད་མེད་པ་སྟོན་པར་མཛད་དེ། ཇི་སྐད་དུ། དེས་གང་ཆགས་པར་བྱེད་པའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གང་གི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་རློམ་སེམས་སུ་མི་བྱེད་པ་དེའི་ཕྱིར། མི་སྡུག་པ་རྣམས་ལ་སྨོད་པ་མི་བྱེད་དེ། བཤུང་བར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །བར་མ་རྣམས་ལ་བཏང་སྙོམས་སུ་མི་བྱེད་དེ། དེ་དག་གི་རྗེས་སུ་ཆགས་པ་དང༌། ཁྲོ་བའི་ཡུལ་མ་ཡིན་པའི་ཕྱིར། བཏང་སྙོམས་སུ་གཞག་པར་བྱ་བ་རྣམས་སོ། །སྡུག་པ་རྣམས་ལེན་པར་མི་བྱེད་དེ། སྲིད་པས་བདག་གིར་བྱེད་པ་ནི་ལེན་པ་ཡིན་པའི་ཕྱིར་རོ། །སྡུག་པ་ཟག་པ་མེད་པ་ལ་བརྩོན་པར་མི་བྱེད་དེ། །དེ་དག་ནི་རབ་ཏུ་མངོན་པར་འདུ་བྱེད་པ་ཆེན་པོས་བསྒྲུབ་པར་བྱ་བས་བརྩམ་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལ་ཐོབ་བྱ་རྣམ་འཐོབ་དང༌། །དེ་དག་ཉིད་ནི་བསྒོམ་པ་དང༌། །སྤང་བྱ་རྣམས་ནི་སྤང་བ་དང༌། །འཕེལ་བ་ཐམས་ཅད་ཡིན་པར་བཞེད། །འཐོབ་པར་བྱ་བར་འོས་པ་གང་ཡིན་པ་དེ་དག་ནི་འཐོབ་པར་བྱ་བ་རྣམས་སོ། །དེ་དག་ཀྱང་ཟག་པ་མེད་པའི་ཆོས་རྣམས་དང༌། ཟག་པ་དང་བཅས་པའི་ཆོས་རྣམས་ཏེ། བསམ་གཏན་དང༌། གཟུགས་མེད་པ་དང༌། མངོན་པར་ཤེས་པ་དང༌། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའོ། །བསྒོམ་པར་བྱ་བ་ནི་དེ་དག་ཉིད་བརྟན་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་གོམས་པར་བྱ་བའོ། །སྤང་བར་བྱ་བ་ནི་ཟག་པ་དང་བཅས་པ་རྣམས་ཏེ་དེ་དག་ནི་སྤང་བར་འོང་བའམ། སྤང་བར་འོས་པའི་ཕྱིར་རོ། །འཐོབ་པར་བྱ་བ་དང༌། བསྒོམ་པར་བྱ་བའི་འཕེལ་བ་ནི་གོང་ནས་གོང་དུ་ཁྱད་པར་འཐོབ་པའོ། །སྤང་བའི་འཕེལ་བ་ནི་གོང་ནས་གོང་དུ་ཉོན་མོངས་པ་སྤངས་པ་ངེས་པར་འཐོབ་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ལ་རློམ་སེམས་མི་བྱེད་པ། དེའི་ཕྱིར་རྣལ་འབྱོར་ཅན་དེ་ནི། །ཐོས་དང་བསམ་ལ་སོགས་བྱུང་བའི། །ཤེས་པ་རྣམས་ཀྱིས་ནམ་དུ་ཡང༌། །འདུས་བྱས་འདུས་མ་བྱས་ཀྱི་ཆོས། །དེ་དག་འཐོབ་སོགས་སྦྱོར་མི་བྱེད། །འཐོབ་པར་བྱ་བའི་


DTG073_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐོས་པ་དང༌། བསམ་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་པ་རྣམས་ཀྱིས་གོ་རིམས་བཞིན་དུ་སྦྱོར་བར་མི་བྱེད་པའི་ཕྱིར་མི་བྱེད། རྣམ་པར་མི་བྱེད། མངོན་པར་འདུ་མི་བྱེད་ཅེས་གསུངས་ཏེ། སྤང་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་ཆུང་འབྲིང་ཆེན་པོ་ཡི། །སྦྱོར་བ་རྣམས་ཀྱིས་སྦྱོར་མི་བྱེད། །འཐོབ་པར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་མི་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤང་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་ཟག་བཅས་སློབ་སོགས་ཀྱི། །ལམ་རྣམས་ཀྱིས་ཀྱང་སྦྱོར་མི་བྱེད། །རྣལ་འབྱོར་པ་དེ་འཐོབ་པ་ལ་སོགས་པ་ལ་ཞེས་བྱ་བར་སྙེགས་ཏེ། སོགས་པ་སྨོས་པས་ནི་མི་སློབ་པའི་ལམ་བསྡུའོ། །ཅིའི་ཕྱིར་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་མི་དམིགས་པས་དེའི་ཕྱིར་རློམ་སེམས་སུ་མི་བྱེད་ཅེ་ན། དེའི་ཕྱིར་མཚུངས་པར་ལྡན་པའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དང་རྐྱེན་ནམ་ཆགས་སོགས་ཀྱི། །བག་ཉལ་རྣམས་དང་ལྡན་དེ་དག །འདིར་ནི་མཚུངས་ལྡན་ཤེས་བྱ་སྟེ། །བཟློག་པ་ལས་ནི་ལྡན་པ་མིན། །རྒྱུ་དང་རྐྱེན་རྣམས་དང་ལྡན་པས་ན་མཚུངས་པར་ལྡན་པ་དག་སྟེ། འདུས་བྱས་ཀྱི་ཆོས་མཐའ་དག་གོ །དེ་ལས་བཟློག་པ་ནི་ལྡན་པ་ཡིན་པ་དག་སྟེ། འདུས་མ་བྱས་རྣམས་སོ། །ཡང་ན་འདོད་ཆགས་པ་ལ་སོགས་པ་ཉོན་མོངས་པ་ལྟ་བར་གྱུར་པ་དང་ལྡན་པ་གང་ཡིན་པ་དེ་དག་ནི་མཚུངས་པར་ལྡན་པ་དག་སྟེ། ཟག་པ་དང་བཅས་པའི་ཆོས་རྣམས་སོ། །དེ་ལས་བཟློག་པ་ནི་ལྡན་པ་མ་ཡིན་པ་དག་སྟེ། ཟག་པ་མེད་པ་རྣམས་སོ། །གང་གི་ཕྱིར་མཚུངས་པར་ལྡན་པ་སྡུག་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཆོས་རྣམས་ཀྱང་མི་མཐོང་ལ། ལྡན་པ་མ་ཡིན་པ་རྣམས་ཀྱང་མི་མཐོང་བ་དེའི་ཕྱིར་མི་དམིགས་སོ། །གང་གི་ཕྱིར་མི་དམིགས་པ་དེའི་ཕྱིར་རློམ་སེམས་སུ་མི་བྱེད་དོ། །དེ་ཅིའི་ཕྱིར་མི་མཐོང་ཞེ་ན་སྨྲས་པ། རྣམ་པ་མེད་པའི་ཤེས་པ་ཡིས། །ཡུལ་ལ་འཛིན་པར་མི་རུང་ངོ༌། །རྣམ་པ་ཚད་མ་མིན་ཕྱིར་དང༌། །མི་རུང་ཕྱིར་ན་ཅིག་ཤོས་མིན། །རེ་ཞིག་དོན་བྱེ་བྲག་ཏུ་ཡོངས་སུ་གཅོད་པ་མི་རུང་བའི་ཕྱིར་རོ། །རྣམ་པ་མེད་པའི་


DTG073_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་ནི་མི་མཐོང་སྟེ། འབྲེལ་བའི་རྒྱུ་མེད་པའི་ཕྱིར་རོ། །རྣམ་པ་ཚད་མ་མ་ཡིན་པའི་ཕྱིར། རྣམ་པ་དང་བཅས་ཀྱང་ཡུལ་འཛིན་པར་མི་རུང་སྟེ། གང་གི་ཕྱིར་མྱོང་བའི་ཚེ་དངོས་པོ་རིག་པར་འགྱུར་བས་དངོས་པོས་རྣམ་པ་ལ་མ་ཁྱབ་སྟེ། རྨི་ལམ་ལ་སོགས་པ་ན་དངོས་པོ་མེད་བཞིན་དུ་ཡང་དེ་ཡོད་པའི་ཕྱིར་རོ། །རྣམ་པ་ཡང་མི་རུང་སྟེ། གཞན་དུ་ན་ནི་དངོས་པོ་གཅིག །སྣ་ཚོགས་ཚུལ་དུ་སྣང་བ་དག །དེ་ཡི་གཅིག་པུ་ཉམས་འགྱུར་ཕྱིར། །རྣམ་པ་ཇི་ལྟར་བདེན་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་མངོན་སུམ་གྱིས་མི་མཐོང་ངོ༌། །དེ་ཉིད་ཀྱི་ཕྱིར་རྟགས་ལ་སོགས་པས་ཡོངས་སུ་མ་བཅད་པས་ན་རྗེས་སུ་དཔག་པས་ཀྱང་མི་མཐོང་ངོ༌། །གང་གི་ཕྱིར་མཚུངས་པར་ལྡན་པའི་ཆོས་རྣམས་དང༌། ལྡན་པ་མ་ཡིན་པ་རྣམས་དེ་ལྟར་མི་མཐོང་བ་དེའི་ཕྱིར། ཐོབ་པར་བྱ་བའི་ཆོས་རྣམས་ཀྱི་སྐྱེ་བ་ཡང་མི་མཐོང་ལ་སྤོང་བར་བྱ་བ་རྣམས་ཀྱི་འགོག་པ་ཡང་མི་མཐོང་ངོ༌། །བསྒོམ་པར་བྱ་བའི་དབང་དུ་མཛད་དེ། འདས་པའི་ཆོས་རྣམས་ཀྱང་མི་མཐོང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་དང་ལུས་མེད་འཕེལ་བ་དེ། །རྫས་དང་རྫས་མེད་རྣམ་པ་གཉིས། །ལྟོས་པར་གནས་པའི་ངོ་བོའི་ཕྱིར། །མི་མཐུན་པ་དང་ལྷན་ཅིག་བཤད། །ལུས་མེད་པའི་དངོས་པོ་འཕེལ་བ་དེའི་དབང་དུ་མཛད་ནས། ལུས་མེད་པའི་ཆོས་རྣམས་ཀྱི་འཕེལ་བ་མི་མཐོང་ཞེས་གསུངས་སོ། །ལུས་ཡོད་པའི་དངོས་པོའི་འཕེལ་བའི་དབང་དུ་མཛད་ནས། ལུས་ཡོད་པའི་ཆོས་གང་ཡང་སོགས་པར་མི་བྱེད་ཅེས་གསུངས་སོ། །འཕེལ་བ་དེ་རྣམ་པ་གཉིས་སུ་བཤད་པ་དེ་བཞིན་དུ། རྫས་སུ་ཡོད་པའི་འཕེལ་བ་དེའི་དབང་དུ་མཛད་པ་ནི་སྔ་མ་ཡིན་ལ། བཏགས་པར་ཡོད་པའི་འཕེལ་བ་དེའི་དབང་དུ་མཛད་པ་ནི་ཕྱི་མ་ཡིན་པས། འཕེལ་བ་འདི་ཡང་རྣམ་པ་གཉིས་སུ་བཤད་དེ། དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་བཤད་དོ། །འཕེལ་བ་དེ་ཡང་ཉུང་དུ་ལས་ལྟོས་ནས། ཕ་རོལ་དང་ཚུར་རོལ་བཞིན་དུ་བཏགས་པའི་ཡོད་པ་ཡིན་ཏེ། དེ་བས་ན་མི་མཐུན་པའི་ཕྱོགས་འབྲི་བ་དང་འགྲིབ་པ་ལྷན་ཅིག་ཏུ་བཤད་དོ། །ཡང་དག་


DTG073_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ན་སྐུ་གཉིས་ཀྱི། །རང་བཞིན་མ་མཐོང་གང་ཡིན་པ། །དེ་ཉིད་སངས་རྒྱས་རྗེས་དྲན་ཏེ། །རྟོག་པ་ཐམས་ཅད་སེལ་བ་ཡིན། །རྐྱེན་ལ་རག་ལས་འབྱུང་བའི་ཕྱིར། །སྒྱུ་མ་བཞིན་དུ་གང་མ་སྐྱེས། །བདེན་པར་བསམས་ན་གཟུགས་ལ་སོགས། །དེ་ནི་དེ་བཞིན་གཤེགས་མ་ཡིན། །དགག་པར་བྱ་བ་མེད་པས་ན། །ཡང་དག་ཏུ་ན་དགག་མེད་མངོན། །དེ་ཕྱིར་བརྟགས་ན་གཟུགས་མེད་སོགས། །དེ་ནི་དེ་བཞིན་གཤེགས་མ་ཡིན། །སྐུ་གཉིས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །རྟོགས་པ་ཐམས་ཅད་སེལ་བ་ནི་རྟོག་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནི་ཡང་དག་པར་ན་མ་སྐྱེས་པའི་ངོ་བོ་ཉིད་དེ། རྐྱེན་གྱི་དབང་གིས་འབྱུང་བའི་ཕྱིར། སྒྱུ་མ་ལ་སོགས་པ་བཞིན་ནོ། །སོགས་པ་སྨོས་པས་ནི་མཚན་ལ་སོགས་པ་བསྡུའོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་མཚན་ཉིད་མ་སྐྱེས་པ་གང་ཡིན་པ་དེ་ནི་བདེན་པར་ན་དེ་བཞིན་གཤེགས་པ་མ་ཡིན་ཏེ། སྒྱུ་མ་ལ་སོགས་པ་བཞིན་ནོ། །གཟུགས་མེད་པ་ལ་སོགས་པ་ཡང་དགག་པར་བྱ་བ་མེད་པའི་ཕྱིར་བདེན་པར་མེད་དེ། དགག་པར་བྱ་བ་མེད་ན་དགག་པ་ཡོད་པར་མི་རུང་སྟེ། མོ་གཤམ་གྱི་བུའི་སྔོ་བསངས་ལ་སོགས་པ་དགག་པ་བཞིན་ནོ། །དེ་བས་ན་གཟུགས་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱང་བདེན་པར་ན་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་མཚན་ཉིད་ཀྱི་དེ་བཞིན་གཤེགས་པ་མ་ཡིན་ནོ། །སོགས་པ་སྨོས་པ་ནི་མཚན་མ་མེད་པ་ལ་སོགས་པ་བསྡུའོ། །དེས་ན་གཉི་ག་མ་ཡིན་དང༌། །ཅིག་ཤོས་དེ་དག་བཀག་ཤེས་བྱ། །དེ་ཡི་ཕྱིར་ན་དེ་གཉིས་ནི། །སོ་སོར་དགག་པ་མ་མཛད་དོ། །གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཡོད་པ་ཡང་མ་ཡིན། གཟུགས་མེད་པ་ལ་སོགས་པ་ཡང་མ་ཡིན་ན། འོ་ན་གཉི་གའི་ངོ་བོའམ། གཉི་གའི་ཡིན་པའི་ངོ་བོར་འགྱུར་རོ་ཞེ་ན། དེ་ནི་མེད་དེ། གཉི་གའི་ཕྱོགས་དགག་པས་ནི། གཉི་གའི་ངོ་བོ་དེ་བཞིན་གཤེགས་པ་ཡིན་པ་ཡང་བཀག་པ་ཁོ་ནར་འགྱུར་རོ། །གཉི་ག་མ་ཡིན་པའི་ངོ་བོ་ནི་མེད་པ་ཉིད་དེ། གཟུགས་དང་གཟུགས་མེད་པ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པར་གནས་པའི་ངོ་བོ་ཅན་ཡིན་པས་གཟུགས་དང་གཟུགས་


DTG073_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ངོ་བོ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་རྣམ་རྟོག་མེད་གྱུར་ན། །ཆོས་ཀྱི་སྐུ་ནི་མཐོང་བ་སྟེ། །སངས་རྒྱས་རྗེས་དྲན་ཀུན་མཁྱེན་གྱི། །ཡོན་ཏན་ཕུན་སུམ་ཚོགས་པའི་གཞི། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་པས་རྣམ་པར་རྟོག་པ་མེད་པར་གྱུར་ན་ཆོས་ཀྱི་སྐུ་མཐོང་བ་ཡིན་ཏེ། དེ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཐོང་བ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་གཞི་ཡིན་ན། གཞན་དག་གི་ལྟ་ཅི་སྨོས། །ད་ནི་སངས་རྒྱས་རྗེས་སུ་དྲན་པའི་ལུས་རྣམ་པར་དབྱེ་བ་བརྗོད་པར་བྱ་སྟེ། ལོང་སྤྱོད་རྫོགས་པར་མཛད་པའི་སྐུ། །རྣམ་པ་ཉི་ཤུ་བཤད་པ་ཡིན། །ཅིག་ཤོས་བཅོ་བརྒྱད་ཤེས་པར་བྱ། །འདིར་ནི་དེ་གཉིས་ཕྲིན་ལས་བཞི། །དེ་ཡི་མཛད་པའི་འབྲས་བུ་དྲུག །དེ་དངོས་རྣམ་གཉིས་རྒྱུ་རྣམ་བདུན། །མཉམ་པ་ཉིད་ལ་གནས་བཞིན་དུ། །དེ་དག་ལ་ནི་བསྒོམ་པར་བྱ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པ་ཉི་ཤུས་བཤད་དེ། གཟུགས་སུ་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མེད་པ་མ་ཡིན་ཞེས་བྱ་བ་ཡན་ཆད་དོ། །གཟུགས་ནི་སྤྱི་ཡིན་ལ། མཚན་དང་དཔེ་བྱད་བཟང་པོ་གཉིས་ནི་བྱེ་བྲག་ཡིན་པའི་ཕྱིར་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་ཏོ། །རྣམ་པར་ཤེས་པ་སྨོས་པས་ནི། ལྷན་ཅིག་སྤྱོད་པའི་ཚོར་བ་ལ་སོགས་པ་ཡང་བསྡུ་སྟེ། དེས་ནི་རྣམ་པར་སྨིན་པའི་ཕུང་པོ་ལྔ་པོ་འདི་བསྟན་ཏོ། །དེའི་རྒྱུ་ནི་ཉོན་མོངས་པའོ། །ཉོན་མོངས་པ་ཡང་དཀའ་བ་སྤྱོད་པ་དང༌། སྦྱིན་པ་ལ་སོགས་པའི་མཚན་ཉིད་དོ། །ཟག་པ་མེད་པའི་ཕུང་པོ་ལྔའི་རྒྱུ་ཡང་དེ་ཉིད་དེ། དེས་ན་བར་དུ་བསྟན་ནོ། །ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །ཏིང་ངེ་འཛིན་ནི་ཟག་པ་དང༌། ཟག་པ་མེད་པ་དང༌། རོ་མྱང་བར་བྱེད་པ་དང་ལྡན་པའི་བྱེ་བྲག་གིས་རྣམ་པ་གསུམ་ཡོད་མོད་ཀྱི། འདིར་ནི་ཟག་པ་མེད་པ་གཟུང་ངོ༌། །ཤེས་རབ་ནི་རབ་ཏུ་དགའ་བ་ལ་སོགས་པའི་སས་བསྡུས་པའོ། །རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པའོ། །


DTG073_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་སྒྲིབ་པ་གཉིས་ལས་ངེས་པར་གྲོལ་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པའོ། །ཡང་ན་ཡེ་ཤེས་ནི་ཡེ་ཤེས་ཉིད་དོ། །མཐོང་བ་ནི་མངོན་པར་ཤེས་པ་རྣམས་སོ། །སྐྱེ་བར་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་པར་མ་ཡིན་ཞེས་བྱ་བའི་བར་རྣམས་ནི། རྣམ་པ་བཅོ་བརྒྱད་ཀྱིས་སྤྲུལ་བའི་སྐུ་བསྟན་པར་ཤེས་པར་བྱ་སྟེ། སྐྱེ་བ་ནི་མངལ་ན་གནས་པ་བཟུང་ངོ༌། །རིགས་ནི་ཤཱཀྱའི་རིགས་ལ་སོགས་པའོ། །རུས་ནི་གཽ་ཏ་མ་ལ་སོགས་པའོ། །འཁོར་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང༌། རྒྱལ་པོ་ལ་སོགས་པའོ། །གནས་པ་ནི་བྱམས་པ་ལ་སོགས་པ་དང༌། སངས་རྒྱས་ཀྱི་གནས་པ་ལ་སོགས་པའོ། །ཐོབ་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ལམ་ཐོབ་པའོ། །མངོན་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། གང་གི་ཕྱིར་འདིར་གཙོ་བོར་ཀུན་ནས་ཁོང་དུ་ཆུད་པ་མངོན་པར་རྟོགས་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཕུང་པོ་ལ་སོགས་པ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་རྣམ་པ་གཉིས་ཏེ། མཐུན་མཐུན་དུ་གཟུང་བར་བྱའོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་གདུལ་བའི་བསམ་པའི་བྱེ་བྲག་གིས་བསྟན་ཏོ། །ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་བའི་སྐུ་དེ་གཉིས་ཀྱི་ཕྲིན་ལས་ནི་རྣམ་པ་བཞིར་གསུངས་པར་རིག་པར་བྱ་སྟེ། ཤེས་པར་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། ཆོས་མི་སྟོན་པར་མ་ཡིན་ཞེས་བྱ་བ་ཡན་ཆད་དོ། །དེ་ལ་གདུལ་བ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། དབང་པོ་དང༌། སྤྱོད་པ་ལ་སོགས་པ་ལ་ལྟ་བ་ནི་ཤེས་པའོ། །ཁམས་ལ་སོགས་པ་ལ་གཟིགས་ནས་ཉོན་མོངས་པ་སྤང་བའི་ཐབས་སྟོན་པ་ནི་ཆོས་སྟོན་པའོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་དེ་གཉིས་ཀྱིས་མཛད་པའི་འབྲས་བུ་ནི་རྣམ་པ་དྲུག་ཏུ་གསུངས་པར་ཤེས་པར་བྱ་སྟེ། བདག་རྣམ་པར་དག་པར་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། གཞན་གྱི་དོན་དུ་མ་ཡིན་ཞེས་བྱ་བ་ཡན་ཆད་དོ། །བདག་རྣམ་པར་དག་པར་བྱ་བ་ནི་ཉན་ཐོས་རྣམས་ཀྱིའོ། །གཞན་རྣམ་པར་དག་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་


DTG073_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིའོ། །སེམས་ཅན་རྣམ་པར་དག་པར་བྱ་བ་ནི་གང་ཟག་ལ་མངོན་པར་ཞེན་པ་རྣམས་ཀྱིའོ། །སེམས་ཅན་མེད་པ་རྣམ་པར་དག་པར་བྱ་བ་ནི་བདག་མེད་པ་མཐོང་བ་རྣམས་ཀྱིའོ། །བདག་གི་དོན་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིའོ། །གཞན་གྱི་དོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེའི་དངོས་པོ་རྣམ་པ་གཉིས་ནི་ཕྲིན་ལས་ཐ་མའི་ངོ་བོ་རྣམ་པ་གཉིས་སུ་གསུངས་པར་ཤེས་པར་བྱ་སྟེ། ཆོས་སུ་མ་ཡིན། འདུལ་བ་མ་ཡིན་ཞེས་བྱ་བ་སྟེ། ཆོས་ནི་མདོ་སྡེ་ལ་སོགས་པའོ། །འདུལ་བ་ནི་བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་དང༌། ཉན་ཐོས་ཀྱི་འདུལ་བའི་སྡེ་སྣོད་དོ།། མཛད་པའི་འབྲས་བུ་རྒྱུ་གང་གིས་འགྲུབ་པར་འགྱུར་བའི་རྒྱུ་དེ་ནི་རྣམ་པ་བདུན་དུ་གསུངས་ཏེ། ལུས་རྣམ་པར་དག་པར་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། ད་ལྟར་བྱུང་བའི་སྤྱོད་པ་རྣམ་པར་དག་པར་མ་ཡིན་ཞེས་བྱ་བ་ཡན་ཆད་དོ། །ལུས་རྣམ་པར་དག་པ་ནི་ལུས་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པའོ། །ངག་རྣམ་པར་དག་པ་ནི་ངག་གི་ལས་རྣམ་པ་བཞི་ཡོངས་སུ་དག་པའོ། །ཡིད་རྣམ་པར་དག་པ་ནི་ཡིད་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པ་སྟེ། ཐབས་འདིས་ནི་ཉན་ཐོས་ལ་སོགས་པའི་བྱ་བའི་འབྲས་བུ་འགྲུབ་བོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་ནི་སྤྱོད་པ་རྣམ་པར་དག་པས་འགྲུབ་སྟེ། སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ཤིན་ཏུ་མྱུར་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་སུ་འགྱུར་ཏེ། དེའི་ཕྱིར་སྤྱོད་པ་འདི་ནི་ཡུན་རིང་མོ་ཞིག་གིས་རྣམ་པར་དག་པར་འགྱུར་བས་སྔོན་གྱི་མཐའ་ལ་སོགས་པ་སྨོས་སོ། །བདག་གི་རྣམ་པར་མ་ཡིན། གཞན་གྱི་རྣམ་པར་མ་ཡིན་ཞེས་བྱ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དེ་རྣལ་འབྱོར་ཅན་གྱིས་མཉམ་པ་ཉིད་ལ་གནས་ནས་བསྒོམ་པར་བྱའི། །དེ་མ་ཡིན་པར་མི་བྱ་བར་བསྟན་ཏོ། །བདག་ཅེས་སྨོས་པ་ནི་སྒོམ་པ་པོ་བསྟན་ཏོ། །གཞན་ཞེས་སྨོས་པ་ནི་བསྒོམ་པར་བྱ་བ་དང༌། བསྒོམ་པའི་རྣམ་པ་བསྟན་ཏོ། །མཉམ་པ་ཉིད་ནི་བསྒོམ་པར་བྱ་བ་དེ་བཞིན་གཤེགས་པ་དང༌། སྒོམ་པ་པོ་རྣལ་འབྱོར་ཅན་དང༌། གཟུགས་ལ་སོགས་པ་རྣམ་པ་གང་གིས་བསྒོམ་པར་བྱ་བ་སྟེ། དེ་ཡང་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཏེ། དེ་ལྟར་ན་སངས་རྒྱས་རྗེས་སུ་དྲན་པ་འཁོར་གསུམ་ཡོངས་སུ་དག་པར་


DTG073_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན་ནོ། །དེ་ལྟར་མ་བྱས་ན་ནི་དམིགས་པ་ཁོ་ནར་ལྟུང་བར་འགྱུར་རོ། །རྣམ་པ་གཞན་ཡང༌། ཡང་ན་ལོངས་སྤྱོད་རྫོགས་པའི་སྐུ། །རྒྱུ་དང་བཅས་དང་འབྲས་བུར་བཅས། །ཡང་དག་ཏུ་ན་གང་མ་མཐོང༌། །དེ་ནི་སངས་རྒྱས་རྗེས་སུ་དྲན། །ལོངས་སྤྱོད་རྫོགས་པ་ཉི་ཤུ་སྟེ། །སྔ་མ་བཞིན་ནོ། །ཉོན་མོངས་ཞེས་པ་ནི། བཤད་པ་འདིའི་སྐབས་སུ་ཉོན་མོངས་བ་རྣམ་པ་གཉིས་ལ་བྱའོ། །འབྲས་བུ་ཉི་ཤུ་གཉིས་སུ་བཞེད། །སྐྱེ་བར་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། ཆོས་མི་སྟོན་བར་མ་ཡིན་ཞེས་བྱ་བ་ཡན་ཆད་དོ། །སྤྲུལ་པའི་སྐུ་དེའི་འབྲས་བུ་ཡིན་ནོ། །དེའི་རྒྱུ་ནི་བཅོ་ལྔ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དེའི་རྒྱུའི་གྲངས་ནི་བཅོ་ལྔའོ་ཞེས་བྱ་བའི་ཐ་ཚིག་གོ །བདག་རྣམ་པར་དག་པར་བྱ་བར་མ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། ད་ལྟར་བྱུང་བའི་སྤྱོད་པ་རྣམ་པར་དག་པར་མ་ཡིན་ཞེས་བྱ་བ་ཡན་ཆད་དོ། །ཅིའི་ཕྱིར་རྣམ་པ་བཅོ་ལྔ་ཞེ་ན། སྨྲས་པ། གང་གི་ཕྱིར་ནི་ནན་ཏན་བྱེད། །ཇི་ལྟར་གང་ལ་བྱེ་བྲག་གིས། །ཅིའི་ཕྱིར་ནན་ཏན་བྱེད་ཅེ་ན། བདག་རྣམ་པར་དག་པར་བྱ་བའི་ཕྱིར་དང༌། གཞན་རྣམ་པར་དག་པར་བྱ་བའི་ཕྱིར་དང༌། སེམས་ཅན་རྣམ་པར་དག་པར་བྱ་བའི་ཕྱིར་དང༌། བདག་གི་དོན་དང་གཞན་གྱི་དོན་གྱི་ཕྱིར་རོ། །དེ་ལ་བདག་རྣམ་པར་དག་པར་བྱ་བ་ནི་གཞན་རྣམ་པར་དག་པར་བྱ་བའི་ཐབས་སུ་གྱུར་པ་ཡིན་པའི་ཕྱིར་སྔར་བཤད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་གཞན་རྣམ་པར་དག་པ་གཙོ་བོ་ཡིན་པའི་ཕྱིར་རོ། །རྣམ་པར་དག་པ་འདི་གཉིས་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བའི་མཚན་ཉིད་དེ། བདག་དང་གཞན་དང་མཐུན་མཐུན་དུ་སྦྱར་རོ། །རྣམ་པར་དག་པ་དེ་གཉིས་ཀ་ཡང་སེམས་ཡིན་པའི་ཕྱིར་དེའི་འོག་ཏུ་སེམས་ཅན་རྣམ་པར་དག་པར་བྱ་བ་བསྟན་ཏེ། སེམས་ཅན་ནི་སེམས་ཡིན་ནོ། །ཡང་ན་རྣམ་པར་དག་པ་འདི་གཉིས་ལ་བརྟེན་ནས། སེམས་རྣམ་པར་དག་པ་ཐོབ་པའི་ཕྱིར། སེམས་ཅན་རྣམ་པར་དག་པར་བྱ་བར་བསྟན་ཏོ། །བདག་ཉིད་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་སྣོད་དུ་འགྱུར་བར་བྱ་བ་ནི་བདག་གི་དོན་ཏོ། །གཞན་དག་ཐེག་པ་གསུམ་ལ་གནས་པའི་ཡོན་ཏན་རྣམས་དང༌། བདེ་འགྲོའི་སྣོད་དུ་


DTG073_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་བྱ་བ་ནི་གཞན་གྱི་དོན་ཏེ། དེ་གཉིས་ཀྱི་སྔོན་དུ་དག་པ་འགྲོ་བས་དེའི་ཕྱིར་ཕྱིས་བསྟན་ཏོ། །ཇི་ལྟར་ན་ནན་ཏན་བྱེད་ཅེ་ན། ཆོས་དང་འདུལ་བས་སོ། །གང་ལ་ནན་ཏན་བྱེད་ཅེ་ན། དེ་ནི། ཟག་བཅས་ཅིག་ཤོས་བྱེ་བྲག་གིས། །བྱ་བ་རྣམ་གཉིས་ཤེས་པར་བྱ། །ཅིག་ཤོས་ཞེས་བྱ་བ་ཟག་པ་མེད་པའོ། །ཟག་པ་དང་བཅས་པའི་ལུས་རྣམ་པར་དག་པ་ལ་སོགས་པ་བསྟན་ཏོ། །ཟག་པ་མེད་པ་ནི་སྤྱོད་པ་རྣམ་པར་དག་པའོ། །སྤྱོད་པ་རྣམ་པར་དག་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། །དེ་ཡང་འདིར་སས་བསྡུས་བ་གཟུང་བར་བྱའོ། །ལུས་རྣམ་པར་དག་པ་ལ་སོགས་པ་ནི་སྤྱོད་པ་རྣམ་པར་དག་པའི་སྔོན་དུ་འགྲོ་བའི་ཕྱིར་ཕྱིས་བསྟན་ཏོ། །ལྷག་མ་དག་ནི་སྔར་བཤད་བཞིན། །མ་ལུས་པར་བཟུང་ངོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ད་ནི་སངས་རྒྱས་རྗེས་སུ་དྲན་པ་དེ་ཉིད་ཀྱི་རྣམ་གྲངས་བརྗོད་པས་བསྟོད་པར་མཛད་དེ། སར་པ་འཇུག་པའི་རྒྱུ་ཉིད་ཡིན། །གང་ཚེ་དེ་ལས་མ་འཐོབ་པ། །སངས་རྒྱས་ཉིད་དུ་གཅིག་ཏུ་ངོས། །སངས་རྒྱས་ཉིད་ཀྱི་ས་འཐོབ་ལ། །གནས་སྐབས་དག་ནི་ཐམས་ཅད་དུ། །བདུད་ཀྱི་ལས་ནི་རྣམ་སྤོང་ན། །གཟུངས་ཀྱིས་འཐོབ་པར་མི་འགྱུར་གང༌། །ཐོབ་བྱ་གཞན་ནི་ཅི་ཞིག་ཡོད། །ཤེས་པ་གང་གིས་ཆོས་ཐམས་ཅད་ཀྱི་དངོས་པོ་ཡོད་པ་དང༌། དངོས་པོ་མེད་པ་ལ་སོགས་པའི་ངོ་བོར་མི་འཛིན་པ་དེ་ནི། ཆོས་ཐམས་ཅད་མི་འཛིན་པར་མོས་པས་སྤྱོད་པའི་ས་ཆེན་པོའི་ཆེན་པོས་བསྡུས་པའི་ཤེས་པ་སྟེ། དེ་འདིས་འཇུག་པར་བྱེད་པས་ན། ཆོས་ཐམས་ཅད་མི་འཛིན་པ་ལ་འཇུག་པ་ཞེས་བྱ་བའི་སངས་རྒྱས་རྗེས་སུ་དྲན་པ་སྟེ། འདིས་ནི་གཟུངས་མོས་པས་སྤྱོད་པའི་ས་ཆེན་པོའི་ཆེན་པོ་ལ་འཇུག་པའི་རྒྱུ་ཉིད་དུ་བསྟན་ཏོ། །ཆོས་ཐམས་ཅད་ཡང་དག་པར་འདུ་བ་ནི་སྟོང་པ་ཉིད་དེ། །དེར་ཆོས་ཐམས་ཅད་དེའི་བདག་ཉིད་དུ་འདུ་བའོ། །དེ་ལ་མི་འཇིགས་པ་ནི་མི་སྐྲག་པའོ། །མི་སྐྲག་པ་ནི་ས་དང་པོ་སྟེ། དེ་རྟོགས་པས་དེ་ལ་མི་འཇིགས་སོ། །དེ་གཟུངས་འདིས་འཐོབ་པར་འགྱུར་བས་ན། ཆོས་ཐམས་ཅད་ཡང་དག་པར་འདུ་བ་ལ་མི་འཇིགས་པ་འཐོབ་པ་ཞེས་བྱ་བའི་གཟུངས་སོ། །དེའི་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དོན་དམ་པ་སྒྲུབ་པས་ཞེས་གསུངས་སོ། །དོན་དམ་པ་ནི་ཆོས་ཀྱི་སྐུ་སྟེ།


DTG073_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་སྒྲུབ་པ་དེས་ནི་གཟུངས་འདི་ས་དང་པོ་ལ་སོགས་པའི་རྒྱུར་བསྟན་ཏོ། །གཟུངས་འདིས་གཅིག་ཏུ་ངེས་པར་སངས་རྒྱས་སུ་འགྱུར་ཏེ། འདི་ལྟར་གཅིག་ཏུ་ངེས་པ་ནི་སངས་རྒྱས་ཉིད་གདོན་མི་ཟ་བ་སྟེ། དེ་འཐོབ་པའོ། །དེ་བས་ན་གཅིག་ཏུ་ངེས་པ་འཐོབ་པའི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདིས་ནི་ས་བརྒྱད་པ་ལ་སོགས་པ་འཐོབ་པར་བསྟན་ཏེ། ས་བརྒྱད་པ་ལ་ནི་གཅིག་ཏུ་ངེས་པ་འཐོབ་བོ། །སངས་རྒྱས་ཀྱི་ས་ཡང་གཟུངས་འདི་ཉིད་ཀྱིས་འཐོབ་པར་འགྱུར་ཏེ། འདི་ལྟར་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་གང་གི་རྩ་བ་རྒྱུ་ཡིན་པ་དེ་ནི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཅན་ནོ། །དེ་ནི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཅན་ཡང་ཡིན་ལ། གཞན་ལ་རག་མ་ལས་པའི་ཡེ་ཤེས་ཀྱང་ཡིན་ཏེ། གཞན་ལ་རག་མ་ལས་པའི་ཡེ་ཤེས་ནི་རང་བྱུང་གི་ཡིན་ནོ།། ཡང་ན་དགེ་བའི་རྩ་བ་ཐམས་ཅད་ལ་གཞན་ལ་རག་མ་ལས་བའི་ཡེ་ཤེས་ཞེས་བྱ་བར་རྟོགས་པར་བྱའོ། །དེ་རྟོགས་པ་ནི་འདིས་རྟོགས་པར་བྱེད་པས་ན་གཟུངས་འདི་ཉིད་ཡིན་ནོ། །དེ་ལྟ་བས་ན་དགེ་བའི་རྩ་བ་ཐམས་ཅད་ལ་གཞན་ལ་རག་མ་ལས་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཆོས་ཀྱི་གཏེར་གྱི་རིགས་ལས་བྱུང་བའི་མཚན་དང༌། དཔེ་བྱད་བཟང་པོས་གནས་པ་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའི་གཟུངས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་གཏེར་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ཉིད་རིགས་ཡིན་ཏེ། མཚན་དང༌། དཔེ་བྱད་བཟང་པོ་དེ་དག་གི་སྐྱེ་བའི་གནས་སོ། །ཆོས་ཀྱི་གཏེར་གྱི་རིགས་ལས་བྱུང་བའི་མཚན་དང་དཔེ་བྱད་བཟང་པོ་བྱེད་པར་གྱུར་པ་དེ་དག་གིས་ན། །གཞན་སུ་དག་གིས་ཀྱང་གཟུངས་འདིའི་གནས་པ་ཟིལ་གྱིས་མི་ནོན་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལས་མོས་པས་སྤྱོད་པའི་ས་ལ་སོགས་པའི་གནས་སྐབས་ཐམས་ཅད་ལ་གནས་པའི་རྣལ་འབྱོར་ཅན་གྱིས་བདུད་ཀྱི་ལས་རྣམ་པར་སྤོང་བ་ཡང་འཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། །དེ་ཕྱིར་དམ་པ་ཞེས་གསུངས་ཏེ། སངས་རྒྱས་ཉིད་དོ། །འདིས་ཀུན་ནས་སྔོན་དུ་ཚོལ་བས་ན། དམ་པ་ཡོངས་སུ་ཚོལ་བ་ནི་སྟོང་པ་ཉིད་དེ། དེ་ལ་མཁས་པའོ། །དེ་ལྟ་


DTG073_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དམ་པ་ཡོངས་སུ་ཚོལ་བ་ལ་མཁས་པའི་ཕྱིར། བདུད་ཀྱི་ལས་ཐམས་ཅད་ཡང་དག་པར་འདའ་བ་ཞེས་བྱ་བའི་གཟུངས་ཏེ། རྣམ་གྲངས་དེ་དག་གིས་གཟུངས་ནི་དོན་ཐམས་ཅད་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་དོན་ཆེ་བ་ཉིད་དུ་བསྟན་པ་ཡིན་ནོ། །རྣམ་པ་གཞན་ཡང༌། ཡང་ན་དད་པས་མོས་ལ་སོགས། །དབང་དུ་མཛད་དེ་གོ་རིམས་བཞིན། །མིང་རྣམ་ལྔ་པོ་འདི་དག་ནི། །དོན་དང་མཐུན་པར་གསུངས་པ་ཡིན། །འདི་ལྟར་དད་པས་མོས་པ་རྣམས་ཀྱི་དབང་དུ་མཛད་ནས་མིང་དང་པོ་གསུངས་ཏེ། དེ་དག་ཆོས་ཐམས་ཅད་མི་འཛིན་པ་ལ་འཇུག་པའི་ཕྱིར་རོ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་དབང་དུ་མཛད་ནས་མིང་གཉིས་པ་གསུངས་ཏེ། དེ་དག་གིས་ཆོས་ཐམས་ཅད་ཡང་དག་པར་འདུ་བ་ལ་མི་འཇིགས་པ་འཐོབ་པའི་ཕྱིར་རོ། །ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དུ་མཛད་ནས་མིང་གསུམ་པ་གསུངས་ཏེ། དེ་དག་གིས་གཅིག་ཏུ་ངེས་པ་འཐོབ་པའི་ཕྱིར་རོ། །སྐྱེ་བ་གཅིག་གིས་ཐོགས་པའི་དབང་དུ་མཛད་ནས་མིང་བཞི་པ་གསུངས་ཏེ། དེ་དག་དགེ་བའི་རྩ་བ་ཐམས་ཅད་ལ་གཞན་ལ་རག་མ་ལུས་པའི་ཡེ་ཤེས་རྟོགས་པས། ཇི་སྐད་གསུངས་པ་ཐམས་ཅད་འགྲུབ་བོ། །ཡང་ན་དངོས་པོ་ཐམས་ཅད་རྟོགས་པ་ན་དགེ་བའི་རྩ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དེ་དག་ཐམས་ཅད་སྒྲུབ་པའི་ཕྱིར། གཞན་ལ་རག་ལས་པ་མེད་པའི་ཡེ་ཤེས་སྒྲུབ་བོ། །སྒྲུབ་པ་ཞེས་བྱ་བ་ནི་ནན་ཏན་བྱེད་པ་སྟེ། དེ་ལས་ཇི་སྐད་གསུངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྲིད་པ་ཐམ་པ་རྣམས་ཀྱི་དབང་དུ་མཛད་ནས་མིང་ལྔ་པ་གསུངས་ཏེ། དེ་དག་བྱང་ཆུབ་ཀྱི་ཤིང་དྲུང་ཁོ་ནར་བྱང་ཆུབ་འཐོབ་པའི་ཚེ། སྟོང་པ་ཉིད་ལ་གོམས་པས་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །ད་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་ཅེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏེ། འབྲས་བུ་ཡང་དག་བསྟན་པས་ཀྱང༌། །གདུལ་བ་རྣམས་ནི་འཇུག་འགྱུར་ཏེ། །དེ་ཡི་ཕྱིར་ན་ཐུབ་པ་ཡིས། །ཐུགས་རྗེས་ཕན་ཡོན་ཡང་དག་གསུངས། །ཆོས་དང་དད་པས་རྗེས་འབྲང་བའི། །དབང་མཛད་འདི་ཡི་ཕན་ཡོན་གཉིས། །རྒྱལ་བས་


DTG073_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་སྔ་མ་སྔ། །ཕྱི་མ་པོ་ནི་ཕྱི་མ་ཡིན། །གདུལ་བའི་རྣམ་པ་གཉིས་ཡིན་ཏེ། །ཆོས་ཀྱི་རྗེས་སུ་འབྲང་བ་དང༌། །དད་པས་རྗེས་སུ་འབྲང་བའོ། །དེ་ལ་སྔ་མ་ཆོས་ཀྱི་རྗེས་སུ་འབྲང་བའི་དབང་དུ་མཛད་ནས་ཕན་ཡོན་སྔ་མ་སྟེ། འཐད་པ་དང་བཅས་པ་བསྟན་པའོ།། ཕྱི་མ་དད་པས་རྗེས་སུ་འབྲང་བའི་དབང་དུ་མཛད་ནས་ཕན་ཡོན་ཕྱི་མ་སྟེ། ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏོ། །ཡང་ན་ཕན་ཡོན་གཉིས་ཀ་ཡང༌། །ཆོས་དང་དད་པས་རྗེས་འབྲང་བའི། །ཕྱི་མ་སྔ་མའི་བཏགས་པ་ཡིན། །ཕྱི་མ་ཡི་ནི་གཉི་ག་དངོས། །ཡང་ན་ཕན་ཡོན་སྔ་མ་ནི་འཐད་པ་དང་བཅས་པའི་ཕྱིར། སྔ་མ་ཆོས་ཀྱི་རྗེས་སུ་འབྲང་བའི་དངོས་ཡིན་ལ། ཕན་ཡོན་ཕྱི་མ་ནི་བཏགས་པ་ཡིན་ཏེ། དེ་དག་ཀྱང་དེ་ལ་ཤས་ཀྱིས་ཕན་འདོགས་པའི་ཕྱིར་རོ། །ཕྱི་མ་དད་པས་རྗེས་སུ་འབྲང་བ་ལ་ནི་ཕན་ཡོན་གཉི་གས་ལྷུར་ཕན་འདོགས་པའི་ཕྱིར་དངོས་ཡིན་ནོ། །སྟོབས་དང་ཕ་རོལ་ཕྱིན་ས་དང༌། །མི་འཇིགས་ཡོན་ཏན་ལ་སོགས་པ། །རྣམ་ཐར་སྒོ་དང་མངོན་ཤེས་དང༌། །ཏིང་འཛིན་གཟུངས་སྒོ་མཐའ་ཡས་པའམ། །དེ་དག་མཐའ་ཡས་ཐབས་རྣམས་ཀྱི། །སྒྲུབ་པར་བྱེད་པ་གང་ཡིན་པ། །དེ་ཕྱིར་མཐའ་ཡས་སྒོས་བསྒྲུབ་པའི། །གཟུངས་ཞེས་བྱ་བར་བསྒྲགས་པ་ཡིན། །སྟོབས་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་བཅུའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུའོ། །ས་ནི་མོས་པས་སྤྱོད་པའི་ས་ཡན་ཆད། སངས་རྒྱས་ཀྱི་ས་ཀུན་དུ་འོད་མན་ཆད་ས་བཅུ་གཉིས་སོ། །མི་འཇིགས་པ་ནི་ས་བཅུའོ། །སོགས་པའི་སྒྲས་ནི། དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱམས་པ་ལ་སོགས་པའི་ཡོན་ཏན་རྣམས་བསྡུའོ། །རྣམ་པར་ཐར་པའི་སྒོ་རྣམས་ནི་ཐུགས་རྗེ་ཆེན་པོ་དང༌། བཤོལ་བ་མེད་པ་ལ་སོགས་པའོ། །མངོན་པར་ཤེས་པ་རྣམས་ནི་ལྷའི་མིག་ལ་སོགས་པ་ལྔའོ། །ཏིང་ངེ་འཛིན་རྣམས་ནི་ནམ་མཁའི་མཛོད་ལ་སོགས་པའོ། །གཟུངས་ཀྱི་སྒོ་ནི་ཆོས་ཟབ་མོ་ལ་བཟོད་པའི་གཟུངས་ཀྱི་སྒོ་ལ་སོགས་པ་སྟེ། གང་གི་ཕྱིར་མཐའ་ཡས་པ་འདི་དག་ཐམས་


DTG073_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྒྲུབ་ཅིང་རྫོགས་པར་བྱེད་པ་དེའི་ཕྱིར། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཞེས་བསྒྲགས་སོ། །ཡང་ན་གང་གི་ཕྱིར་ཇི་སྐད་བསྟན་པ་འདི་དག་ཐམས་ཅད་མཐའ་ཡས་སྒྲུབ་པ་དེའི་ཕྱིར། སྒོ་མཐའ་ཡས་པས་སྒྲུབ་པ་ཞེས་བསྒྲགས་སོ། །འདིར་ནི་དོན་གྱི་གཟུངས་ཡིན་པའམ་ཡང་ན་གཟུངས་དོན་སྟོན་པ་ཡི། །ཡི་གེའི་ཚོགས་ནི་འདི་ཉིད་ལ། །གཟུངས་ཞེས་བྱ་བར་དགོངས་པ་ཡིན། །ཐོས་སོགས་ལས་བྱུང་ཤེས་པ་རྣམས། །ཆུང་དང་འབྲིང་ལ་སོགས་ལྡན་པས། །གཟུངས་ཀྱི་དོན་ནི་ཐོབ་གྱུར་ནས། །བྱང་ཆུབ་སེམས་དཔར་འགྱུར་བ་གང༌། །དེ་དག་ཕྱིར་མི་ལྡོག་ཉིད་དུ། །མཚུངས་ཏེ་དུས་ནི་ཐ་དད་དོ། །བྱང་ཆུབ་མྱུར་བ་ཉིད་གསུངས་གང༌། །དེ་ནི་གཞན་ལ་ལྟོས་ཏེ་དགོངས། །གང་གི་ཚེ་སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་ཞེས་བྱ་བ། འདིར་གཟུངས་ཉིད་སངས་རྒྱས་རྗེས་སུ་དྲན་པའི་མཚན་ཉིད་དུ་བཟུང་བ་དེའི་ཚེ་ནི། དོན་ཐོབ་པ་ཞེས་བྱ་བ་འདི་ལ་དོན་གྱི་སྒྲ་ནི་ངོ་བོ་ཉིད་དུ་བསྟན་པ་ཡིན་ཏེ། ངོ་བོ་ཉིད་དེ་ཡང་འདིར་སངས་རྒྱས་རྗེས་སུ་དྲན་པ་ཉིད་ལ་བྱའོ། །གང་གི་ཚེ་གཟུངས་ཀྱི་དོན་སྟོན་པའི་ཡི་གེའི་ཚོགས་ལ་འདིར་གཟུངས་ཞེས་བྱ་བར་གཟུངས་བ་དེའི་ཚེ་ནི། སྒོ་མཐའ་ཡས་པས་བ་སྒྲུབ་པའི་གཟུངས་འདིའི་དོན་གང་རྗོད་པར་བྱེད་པའི་ངོ་བོར་གནས་པ་ལ་བྱ་བ་སྟེ། དེ་ཡང་སངས་རྒྱས་རྗེས་སུ་དྲན་པ་ཉིད་དེ། དེ་ཐོབ་པ་ནི་ཐོས་པ་ལས་བྱུང་བའི་ཤེས་པའམ། བསམས་པ་ལས་བྱུང་བའམ། བསྒོམས་པ་ལས་བྱུང་བ་ཆུང་དུའམ། འབྲིང་ངམ། ཆེན་པོའམ། གཅིག་པུའམ། གཉིས་སམ། མཐའ་དག་གིས་ཐོབ་པའི་བྱང་ཆུབ་སེམས་དཔར་གྱུར་པ་གང་དག་ཡིན་པའོ། །སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་རྣམ་པར་བསྒོམ་པས་ན། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ནི་གཟུངས་ཐོབ་པས་སེམས་ཅན་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་རྣམ་པར་སྒོམ་པར་བྱེད་དོ། །ཡང་ན་སེམས་དཔའི་སྒྲ་ནི་དངོས་པོར་བསྟན་པར་བལྟ་བར་བྱ་སྟེ། འདི་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་མཚུངས་སོ། །ཕྱིར་ལྡོག་པ་ནི་ཕྱིར་ནུར་བ་སྟེ། འཁོར་བ་དང༌། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ལྟུང་བའོ། །དེ་ཡོད་པ་དག་ནི་ཕྱིར་ལྡོག་པའོ། །ཕྱིར་ལྡོག་པ་མ་ཡིན་པ་


DTG073_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི། ཕྱིར་མི་ལྡོག་པ་དག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་དུས་ལ་ནི་བྱེ་བྲག་ཡོད་དེ། འདི་ལྟར་གང་དག་ཐོས་པ་ལས་བྱུང་བའི་ཤེས་པ་ཆེན་པོས་གཟུངས་ཀྱི་དོན་ཐོབ་པ་དེ་དག་གི་བྱང་ཆུབ་འཐོབ་པའི་དུས་ནི་རིང་བའོ། །འབྲིང་གིས་ཐོབ་པ་གང་ཡིན་པ་དེ་དག་ནི་ཤིན་ཏུ་རིང་བའོ། །ཆུང་ངུས་ཐོབ་པ་གང་ཡིན་པ་དེ་དག་ནི་ཆེས་ཤིན་ཏུ་རིང་བའོ། །དེ་བཞིན་དུ་བསམས་པ་ལས་བྱུང་བ་ལ་སོགས་པ་ལ་ཡང་མཐུན་མཐུན་དུ་སྦྱར་བར་བྱའོ། །མྱུར་བའི་ཚིག་གསུངས་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དོན་ཐོབ་པ་དག་ལས་གཞན་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་གིས་བྱང་ཆུབ་འཐོབ་པའི་དུས་ལ་ལྟོས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དེས་ནི་གཏན་ཚིགས་དྲི་བ་བསྟན་ཏེ། གཏན་ཚིགས་ཤཱ་རིའི་བུ་འདིར་ཞེས་བཀའ་སྩལ་བ་ནི་དམིགས་པ་མེད་པའི་སྤྱོད་པ་དང་ལྡན་པའི་གཟུངས་ཞེས་བྱ་བ་དང་སྦྱར་བའོ། །དམིགས་པ་ཐམས་ཅད་ཡོད་མིན་པ། །འདིར་ནི་དམིགས་པ་མེད་པར་བསྒྲགས། །དམིགས་པ་ཡོད་པ་མ་ཡིན་ཕྱིར།། དམིགས་པ་མེད་པའང་རིགས་ལྡན་མིན། །དངོས་པོ་དམིགས་པ་མེད་པ་དག་ལ་དམིགས་པ་ནི་དམིགས་པ་ཐམས་ཅད་དེ། དེ་མེད་པ་གང་ཡིན་པ་དེ་ལ་ནི་འདིར་བཅོམ་ལྡན་འདས་ཀྱིས་དམིགས་པ་མེད་པ་ཞེས་བསྟན་ཏེ། དམིགས་པར་བྱ་བ་མེད་པའི་ཕྱིར། དམིགས་པ་མེད་པ་ཙམ་དུ་ཟད་པ་ནི་མ་ཡིན་གྱི། དམིགས་པ་མེད་པའི་ཕྱིར། དམིགས་པ་མེད་པ་ཡང༌། ཡང་དག་པར་ན་མི་དམིགས་པ་ཁོ་ན་སྟེ། དགག་པར་བྱ་བ་མེད་པའི་ཕྱིར་རོ། །གང་ཚེ་འདི་ལ་དམིགས་མེད་པའི། །སྤྱོད་པ་ཆེན་པོ་ཡོད་གྱུར་ན། །དེ་ཉིད་ཡང་དག་ཤེས་དེའི་ཕྱིར། །དེ་ལ་མི་འགྲུབ་ཅི་ཞིག་ཡོད། །སྤྱོད་པ་ནི་སྔར་བསྟན་པའི་དམིགས་པ་མེད་པས་སོ། །ཆེན་པོ་ནི་ཡོན་ཏན་རྣམ་པ་སྣ་ཚོགས་མཐའ་ཡས་པ་སྡུད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་མི་སླུ་བ་ཡིན་པའི་ཕྱིར་ཡང་དག་པའི་ཤེས་པ་ཡིན་ཏེ། གང་གི་ཚེ་འདི་ལ་ཡོད་པ་དེ་ནི་དམིགས་པ་མེད་པའི་སྤྱོད་པ་དང་ལྡན་པའོ། །དེ་ལྟ་བུའི་གཟུངས་


DTG073_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཅི་ཞིག་འགྲུབ་པར་མི་འགྱུར་ཏེ། ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཁྱོད་ཀྱིས་ཉེས་པ་མ་ལུས་པ། །སྤང་བ་སངས་རྒྱས་རྗེས་དྲན་ཉིད། །དེ་ཡི་གཉེན་པོ་ཡིན་པས་ན། །དེ་ཕྱིར་ཅི་བདེར་སྒོམས་པར་གྱིས། །དེ་ཕྱིར་འདིར་སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་ཐམས་ཅད་ཀྱི་གཏེར་ངེས་པ་སྟེ། སངས་རྒྱས་ཀྱི་ཆོས་ནི་ཐུན་མོང་མ་ཡིན་པ་རྣམས་སོ། །སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་བའམ། སངས་རྒྱས་ཀྱི་ཆོས་རྣམས་ཁོ་ནའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་བ་ནི་ཡོན་ཏན་རྣམས་ཏེ། གོམས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་གི་གཏེར་ནི་རྒྱུ་སྟེ་ངེས་པའོ། །ཡང་དེ་ན་སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་ཐམས་ཅད་ཡོད་པས་ན་སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་ཐམས་ཅད་ཀྱི་གཏེར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ངེས་པ་ནི་སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་ཐམས་ཅད་ཀྱི་གཏེར་ངེས་པའོ། །གང་གི་ཕྱིར་ཆོས་ཀྱི་ཉེས་པ་མ་ལུས་པ་སྤོང་བ་ནི་དེའི་གཉེན་པོར་གྱུར་པའི་སངས་རྒྱས་རྗེས་སུ་དྲན་པ་ཁོ་ན་ཡིན་པ་དེའི་ཕྱིར། ཁྱོད་ཀྱིས་ཅི་བདེར་སྒོམས་ཤིག་ཅེས་བྱ་བར་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ལ། དངོས་པོ་ལ་མངོན་པར་ཞེན་པ་ཡང་ཤེས་བྱའི་སྒྲིབ་པ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྒོ་ནས་དེ་སྤོང་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་གོམས་པའི་མི་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པ་གཉིས་ཀ་ཡང་མི་གནས་སོ། །འདི་ལྟར་གང་ལ་གང་གི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་ཤས་ཆེ་བ་ཡོད་པ་དེ་ལ་དེ་མེད་དེ། ཇི་ལྟར་རྒྱ་མཚོ་ན་མེ་ལྕེའི་ཚོགས་མེད་པ་དེ་བཞིན་དུ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་གོམས་པའི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་ཤས་ཆེ་བ་ཡོད་དོ། །རིགས་པར་རྗེས་སུ་སྒྲུབ་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་


DTG073_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ནི་རྒྱུ་ཉེ་བར་གནས་པས་ཀྱང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདི་ཉིད་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་བྱེ་བྲག་མཆོག་འཐོབ་པའི་ཕྱིར་རོ་ཞེས་གསུངས་སོ། །བྱེ་བྲག་ཕུལ་དུ་ཕྱིན་པ་ནི་བྱེ་བྲག་མཆོག་སྟེ། འདི་ལྟར་འཁོར་གསུམ་རྣམ་པར་དག་པའི་ཕྱིར། །སྦྱིན་པ་ལ་སོགས་མཆོག་དང་ལྡན། །ཡང་དག་རྫོགས་པའི་བྱང་ཆུབ་རྒྱུའི། །ཁྱད་པར་འདི་ལས་འཐོབ་པར་འགྱུར། །སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་ལ་སོགས་པ་མི་དམིགས་པས། སྦྱིན་པ་ལ་སོགས་པ་རྣམ་པར་དག་པ་ནི་དེ་ཡིན་ཏེ། དེའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་མེད་པའི་ཕྱིར་རོ། །དེས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་སྦྱིན་པ་ལ་སོགས་པ་སྤྱོད་པའི་མཚན་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་བྱེད་རྒྱུ་འདི་ཉིད་ལས་ཐོབ་བར་འགྱུར་རོ། །དེ་ལྟར་འཐད་པ་དང་བཅས་པའི་ཕན་ཡོན་བསྟན་ནས། ཕན་ཡོན་གཞན་ཡང་གསུངས་ཏེ། འདིར་ནི་ཐུབ་པའི་དབང་པོ་ཡིས། །ཡི་གེའི་དོན་དང་གཉི་ག་ཡི། །གཟུངས་ཀྱི་ཕན་ཡོན་བཀའ་སྩལ་ཏེ། །ཅི་རིགས་པར་ནི་སྦྱར་བར་ཟད། །ཡང་ན་ཕན་ཡོན་ཐམས་ཅད་ཀྱང༌། །གཟུངས་རྣམས་ཀུན་ལ་བཤད་བྱ་སྟེ། །ཁ་ཅིག་དག་ནི་དུས་གཞན་ལས། །དགོངས་པ་ཙམ་དུ་ཟད་པ་ཡིན། །ཡི་གེའི་གཟུངས་ནི་གཟུངས་ཀྱི་དོན་སྟོན་པའི་ཡི་གེ་སྟེ། ཁར་བ་བསད་པ་ལ་སོགས་པ་བཞིན་ནོ། །དོན་གྱི་གཟུངས་ནི་སངས་རྒྱས་རྗེས་སུ་དྲན་པའོ། །གཉི་གའི་གཟུངས་ནི་གཉིས་པོ་དེ་ཉིད་དོ། །གཟུངས་རྣམ་པ་གསུམ་བོ་འདི་དག་གི་ཕན་ཡོན་ནི། །འདིར་བཅོམ་ལྡན་འདས་ཀྱིས་སྤྱིར་བཀའ་སྩལ་ཏོ། །སྐྱེས་བུ་ཤེས་པ་དང་ལྡན་པས་ཅི་རིགས་པར་སྦྱར་བར་བྱ་བ་འབའ་ཞིག་ཏུ་ཟད་དོ། །ཡང་ན་ཕན་ཡོན་ཐམས་ཅད་ཀྱང་གཟུངས་ཐམས་ཅད་ཀྱི་ཡིན་པར་གསུངས་སོ། །བྱེ་བྲག་ནི་འདི་ཡོད་དེ། ཁ་ཅིག་ཏུ་ནི་དུས་གཞན་ལ་དགོངས་པར་བཤད་པར་བྱ་སྟེ། འདི་ལྟར། མཉམ་ཉིད་ཅེས་བྱ་དུས་དང་དོན། །གང་ཟག་གཞན་ཞེས་བྱ་བ་ཡི། །དགོངས་པ་རྣམས་ཀྱིས་ཐུབ་པའི་གསུང༌། །ཅི་རིགས་པར་ནི་རྟོགས་པར་བྱ། །བཅོམ་ལྡན་འདས་ཀྱི་དགོངས་པ་ནི་རྣམ་པ་བཞིར་ཁོང་དུ་ཆུད་པར་བྱ་


DTG073_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མཉམ་པ་ཉིད་ལ་དགོངས་པ་ཞེས་བྱ་བ་ནི། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ང་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ཞེས་བྱ་བ་ནི། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ནས་གདོད་ཐེག་པ་ཆེན་པོ་སྟོན་པའི་མཆོག་ཏུ་ཟབ་མོའི་དོན་རྟོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གང་ཟག་གཞན་ལ་དགོངས་པ་ཞེས་བྱ་བ་ནི། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྦྱིན་པ་ཡིས་ནི་དགའ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པས། སྦྱིན་པ་ལ་སོགས་པའི་བསྔགས་པ་བརྗོད་པར་མཛད་ནས། ཡང་གང་ཟག་ཁ་ཅིག་ལ་བརྟེན་ཏེ། སྦྱིན་པ་སྦྱིན་པས་ཕན་ཚུན་དག་ཏུ་བརྟེན་དེ་དག །གཞན་དང་གཞན་ལ་གུས་པར་མི་འགྱུར་བས། །སངས་རྒྱས་མཁས་པ་བག་ཆགས་སྤངས་རྣམས་ནི། །དེ་འདྲར་བརྟེན་པ་དེ་དག་བསྔགས་མི་མཛད། །ཅེས་བྱ་བ་ལ་སོགས་པས་སྦྱིན་པ་ལ་སོགས་པ་དེ་དག་ཉིད་སྨོད་པར་མཛད་པ་ལྟ་བུའོ། །དགོངས་པ་བཞི་པོ་འདི་དག་གིས་ཐུབ་པའི་དབང་པོའི་གསུང་རབ་ཀྱི་མདུད་པའི་གནད་རྣམས་བཤད་པར་བྱའོ། །དགོངས་པ་བསྟན་པའི་དགོས་པ་ནི་ཡི་གེ་མངས་སུ་དོགས་པས་མ་བཤད་དོ། །སྐབས་འདིར་ཁ་ཅིག་ཏུ་ནི་དུས་གཞན་ལ་དགོངས་ཏེ་ཕན་ཡོན་བསྟན་ཏོ། །གང་ཟག་གཞན་ལ་དགོངས་པས་ཀྱང་བསྟན་ཏེ། དེ་ནི་གསལ་བའི་ཕྱིར་བདག་གིས་མ་སྦྱར་རོ། །གཟུངས་ཞེས་བྱ་འདིར་ཁ་ཅིག་ཏུ། །མགོན་པོ་ཐུགས་རྗེ་ཅན་གྱིས་ནི། །གཟུངས་ཞེས་པ་ནི་ཆེན་པོ་ཡི། །ཆེན་པོའང་ཡིན་པར་བཀའ་སྩལ་ཏོ། །གཟུངས་ལ་དམིགས་པ་ཤེས་རབ་ཀྱི་མཐའ་ལ་གནས་པ་ལ་གཟུངས་ཞེས་བྱ་བར། སེམས་ཅན་གྱི་དོན་ལ་མཁས་པ་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ཏུ་གསུངས་ཏེ། མི་སྡུག་པ་བཞིན་ནོ། །དེ་ལྟར་དོན་བསྡུས་པ་བསྟན་ནས། ད་ནི་དེའི་ཕན་ཡོན་གྱི་ཚིགས་སུ་བཅད་པ་སོ་སོར་བརྟག་པར་བྱ་སྟེ། ཅི་འདི་དག་སྟོང་པ་ཉིད་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ། ཆོས་རྣམས་སྟོང་པར་དོགས་མེད་ཅིང༌། མདོ་སྡེ་འདི་ཐོས་ན་


DTG073_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཁོ་ནའོ་སྙམ་དུ་སེམས་ཏེ། འདི་ནི་ཐེ་ཚོམ་མེད་པའི་ཕན་ཡོན་བསྟན་ཏོ། །ཆོས་རྣམས་སྟོང་པ་ལ། །བྱང་ཆུབ་ཆེད་དུ་སྤྲོས་མི་བྱེད། །ཆོས་རྣམས་དང་བྱང་ཆུབ་ཀྱི་རང་བཞིན་མེད་པའི་ཕྱིར་རོ། །འདི་དག་ནི་བྱང་ཆུབ་འཐོབ་པོ་སྙམ་དུ་དམིགས་པ་ནི་སྤྲོས་པའོ།། འདིས་ནི་དམིགས་པ་མེད་པའི་ཕན་ཡོན་བསྟན་ཏོ། །ཆོས་དབྱིངས་འཁྲུག་པར་མི་བྱེད་ན། །ཆོས་ཀྱི་དབྱིངས་འཁྲུག་པ་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ནི་ཡང་དག་པར་སྟོང་པའང་མ་ཡིན། མི་སྟོང་པའང་མ་ཡིན་ན། དེ་ལ་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་དུ་འཛིན་པ་ནི་འཁྲུག་པའོ། །འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡང་དག་པར་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་ཏོ། །དེ་ཕྱིར་གཟུངས་ནི་འཐོབ་པར་འགྱུར། །ཞེས་བྱ་བ་འདི་ནི་དོན་གྱི་གཟུངས་ཏེ། འདི་ནི་ཡི་གེའི་གཟུངས་ཀྱི་ཕན་ཡོན་དངོས་དང་བརྒྱད་པའི་བྱེ་བྲག་གིས་བསྟན་ཏོ། །ཡང་ན་ཕན་ཡོན་འདི་ནི་གཟུངས་རྣམ་པ་གསུམ་ཆར་ལ་ཡང་མཐུན་མཐུན་དུ་སྦྱར་བར་བྱ་སྟེ། གང་གི་ཚེ་དོན་གྱི་གཟུངས་ཀྱི་ཕན་ཡོན་དུ་བསྟན་པ་དེའི་ཚེ་ནི་གཟུངས་སྨོས་པས་རབ་ཀྱི་མཐའ་ལ་གནས་པའི་གཟུངས་ཀྱི་ཡེ་ཤེས་གཟུང་ངོ༌། །མདོ་སྡེ་འདི་ནི་མཉན་པར་བྱ་བ་ཞེས་བྱ་བ་འདིས་ནི་ཡི་གེའི་གཟུངས་ཀྱི་ཕན་ཡོན་རྣམ་པ་གསུམ་དུས་གཞན་ལ་དགོངས་པའི་སྒོ་ནས་བསྟན་ཏོ། །གཟུངས་འཐོབ་པ་དང༌། ཡེ་ཤེས་འབྱོར་པ་འཐོབ་པ་དང་བྱང་ཆུབ་འཐོབ་པའོ། །ཡང་ན་གང་གི་ཚེ། འདི་ལ་གཟུངས་ནི་ཟད་པ་མེད། །ཅེས་བརྗོད་པར་བྱ་ཞེས་བྱ་བ་ལྷག་མ་ཡིན་པ་དེའི་ཆེ་ན་གཟུངས་སྨོས་པ་མངོན་སུམ་གྱི་ཕན་ཡོན་ཡིན་ལ། གཞན་གཉིས་པོ་ནི་དུས་གཞན་དགོངས་པའོ། །ཡང་ན་གཟུངས་རྣམ་པ་གསུམ་ཆར་གྱི་ཕན་ཡོན་ཡིན་ཏེ། ཡི་གེའི་གཟུངས་ཀྱི་ཕན་ཡོན་ནི་རྣམ་པ་གསུམ་མོ། །དོན་གྱི་གཟུངས་ཀྱི་ནི་རྣམ་གཉིས་སོ། །ཡེ་ཤེས་ཀྱི་གཟུངས་ཀྱི་ནི་གཅིག་ཏུ་བསྟན་ཏོ། །ཡོན་ཏན་ཟད་པ་མེད་པའི་ཕྱིར་མི་ཟད་པའོ། །གཟུངས་ཞེས་བྱ་བ་ལ་སོགས་པས་ནི། ཡི་གེའི་གཟུངས་ཀྱི་ཕན་ཡོན་དུས་གཞན་ལ་དགོངས་པའི་སྒོ་ནས་རྣམ་པ་གཉིས་སུ་བསྟན་ཏེ། སྟོང་པ་ཉིད་དང༌། འཚོ་བ་མེད་པ་དང༌། ཚིགས་སུ་བཅད་


DTG073_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ལ་སོགས་པའི་འཇིགས་པ་མ་ལུས་པ་དང་བྲལ་བའི་ཕྱིར་འཇིགས་པ་མེད་པ་དང༌། ཕྱོགས་བཅུར་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ་ཐོས་པའོ། །གཟུང་བ་ནི་མ་བརྗེད་པའོ། །དོན་གྱི་གཟུངས་ཀྱི་ནི་ཕན་ཡོན་དེ་གཉི་ག་མངོན་སུམ་ཁོ་ནའི་ཡིན་ཏེ། གཟུང་བ་ནི་བསྒོམ་པའོ། །མཆོག་གི་ཆོས་ཞེས་བྱ་བ་འདིས་ནི་དུས་གཞན་ལ་དགོངས་པའི་སྒོ་ནས་ཡི་གེའི་གཟུངས་ཀྱི་ཕན་ཡོན་དུ་བསྟན་ཏོ། །ཅིག་ཤོས་ཀྱིས་ནི་མངོན་སུམ་གྱི་ཕན་ཡོན་དུ་བསྟན་ཏོ། །འདིས་ནི་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཞི་ཐོབ་པར་བསྟན་ཏེ། དེ་ལ་མཆོག་གི་ཆོས་ཞེས་བྱ་བ་འདིས་ནི། ཆོས་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །དོན་ཐམས་ཅད་ཅེས་སྨོས་པས་ནི་དོན་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །ཚིག་འབྲུ་ཐམས་ཅད་ཅེས་སྨོས་པས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་བསྟན་ཏོ། །ཉི་མའི་འོད་ཟེར་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བསྟན་ཏེ། མཆོག་སྨོས་པ་ནི་སངས་རྒྱས་ཀྱི་རིགས་ཅན་གྱི་སོ་སོ་ཡང་དག་པར་རིག་པ་ཡིན་པར་བསྟན་པའི་ཕྱིར་རོ། །དོན་དང་ཚིག་འབྲུས་བསྐྱོད་ཀུན་གྱི། །ཞེས་བྱ་བའི་ཚིག་ནི། དེ་དག་གིས་ཆོས་སོ་སོ་ཡང་དག་པར་རིག་པར་འཇུག་པའི་ཕྱིར་རོ། །ཉི་མའི་འོད་ཟེར་གྱི་དཔེ་ནི་མཐའ་ཡས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཚིག་སྨོས་པ་ནི་ཚིག་དང་ཚིག་གི་དོན་གཟུང་བའི་ཕྱིར་རོ། །ཡང་ན་མཆོག་གི་ཆོས་སྟོང་པ་ཉིད་ཀྱི་ཆོས་རྣམ་པར་ཤེས་སོ། །དོན་ཐམས་ཅད་ནི་སྟོང་པ་ཉིད་དེ། དེ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཚིག་གང་དག་གིས་གསལ་བར་བྱེད་པ་དེ་དག་གིས་བསྐྱོད་དེ། འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཚིག་འབྲུ་སྨོས་པས་ནི་ཚིག་རྣམས་བསྟན་ཏོ། །འདིའི་རྒྱུ་བསྟན་པ་ནི་ཇི་སྙེད་ཅེས་བྱ་བ་ལ་སོགས་པའོ། །ཡང་ན་མཆོག་གི་ཆོས་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཏེ། ཚིག་འབྲུ་གང་དག་ལ་མཆོག་གི་ཆོས་དང་དོན་ཐམས་ཅད་ཡོད་པ་དེ་དག་གིས་བསྐྱོད་དེ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ལྷག་མ་ནི་སྔ་མ་བཞིན་ཏེ། འདིས་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་འཐོབ་པར་བསྟན་ཏོ། །གང་དག་ཆོས་ཀྱི་མཆོག་འགྱུར་བ། དེ་དག་


DTG073_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། བཀའ་སྩལ་པ། རླབས་ཆེན་གཟུངས་ཀྱི་སྒོ་རྣམས་ཏེ། །གང་ཞིག་མདོ་འདི་འཛིན་དེ་ལ། །ཐམས་ཅད་རྟག་ཏུ་མངོན་དུ་འགྱུར། །ཞེས་བྱ་བ་སྟེ། དུས་གཞན་ལ་དགོངས་པའི་སྒོ་ནས་དེ་སྐད་ཅེས་གསུངས་སོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་འདི་དངོས་དང་བརྒྱུད་པའི་སྒོ་ནས་གཟུངས་རྣམ་པ་གསུམ་ཆར་གྱི་ཡང་ཡིན་པར་གསུངས་སོ། །དེ་ཡི་ཡེ་ཤེས་མི་ཟད་དོ། །ཞེས་བྱ་བ་འདི་རྒྱུའི་ཚིག་གོ །བསྐལ་པ་སྨོས་པ་ནི་ཉེ་བར་མཚོན་པའི་ཕྱིར་ཏེ། བསྐལ་པ་གྲངས་མེད་པ་དག་ཀྱང་གཟུང་བར་བྱའོ། །མདོ་སྡེ་འདི་ལ་སུ་དགའ་བ། །ཞེས་བྱ་བ་ནི། དེ་ལ་དད་པ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །འདིས་ནི་ཡི་གེའི་གཟུངས་ཀྱི་ཕན་ཡོན་དུས་གཞན་ལ་དགོངས་པའི་སྒོ་ནས་བསྟན་ཏོ། །དོན་གྱི་གཟུངས་ཀྱི་ནི་མངོན་སུམ་དུ་བྱས་པས་མདོ་སྡེ་ལ་དགའ་བར་འགྱུར་བས་དེའི་ཕྱིར་དོན་གྱི་གཟུངས་ཀྱི་ཡང་འདིར་བསྟན་པར་རིག་པར་བྱའོ། །དེ་ནི་ཆོས་ཀྱི་རྒྱལ་པོའི་སྲས། །ཞེས་བྱ་བ་ནི་ས་དང་པོ་ཐོབ་པའི་ཕྱིར་ཏེ། དེའི་ཚེ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། །བྱང་ཆུབ་མཆོག་ལ་ཉེ་བ་ཡིན། །ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་ལ་སོགས་པའི་ས་ཐོབ་པའི་ཕྱིར་རོ། །ཡིད་བརྟན་པ་ནི་དེ་ཁོ་ནའི་ཡེ་ཤེས་སྐྱེས་པས་མི་སླུ་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱང་འཛིན་ཞེས་བྱ་བ་ནི་ལེགས་པའི་བློ་གྲོས་ལ་སོགས་པའི་ས་ཐོབ་པས་དེ་བཞིན་གཤེགས་པའི་ཆོས་མ་ལུས་པར་འཛིན་པའི་ཕྱིར་རོ། །དེ་ལ་སེམས་ཅན་ཐམས་ཅད་དགའ། །ཞེས་བྱ་བ་འདིས་ཀྱང་གཟུངས་རྣམ་པ་གསུམ་ཆར་གྱི་ཕན་ཡོན་བསྟན་པར་རིག་པར་བྱའོ། །སངས་རྒྱས་རྣམས་ཀྱང་དེ་ལ་དགྱེས། །ཞེས་བྱ་བ་ནི། དེ་ངེད་ཅག་གིས་གཅེས་པ་འཛིན་པར་འགྱུར་རོ་སྙམ་དུ་དགོངས་པའི་ཕྱིར་རོ། །ཅིའི་ཕྱིར། དེ་ནི་འཆི་བའི་དུས་བྱེད་ཚེ། །སངས་རྒྱས་བྱེ་བ་བརྒྱད་ཅུ་མཐོང་ཞེ་ན། གསང་སྔགས་ཀྱི་ཚིག་བརྒྱད་ཅུ་ཡོད་པའི་ཕྱིར་ཏེ། གསང་སྔགས་ཀྱི་ཚིག་རེ་རེ་ཞིང་ཡང་སངས་རྒྱས་བྱེ་བ་བྱེ་བས་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཡང་ན་གཟུངས་ཀྱི་མཐུ་ཉིད་འདི་འདྲ་སྟེ། དེས་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་བརྒྱད་ཅུ་མཐོང་ངོ༌། །ལག་པ་དེ་ལ་ཉེ་བར་འཇོག །ཅེས་བྱ་བ་ནི། རིགས་ཀྱི་བུ་


DTG073_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཇིགས་ཤིག་ཅེས་བྱ་བའམ། ཡང་ན་ངེད་ཀྱི་ཐད་དུ་ཤོག་ཅེས་བྱ་བའི་ཕྱིར་རོ། །སུ་ཞིག་མདོ་སྡེ་འདི་འཛིན་པ། །ཞེས་བྱ་བ་འདིས་ནི་ཕན་ཡོན་འདི་ཡི་གེའི་གཟུངས་ཀྱི་ཡིན་ནོ་བསྟན་ཏེ། ཤུགས་ཀྱིས་ན་ཕན་ཡོན་འདི་དོན་གྱི་གཟུངས་ཀྱི་ཡང་ཡིན་པར་ངེས་པར་གཟུངས་བར་བྱའོ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །ཞེས་བྱ་བ་འདིས་ནི་ཕན་ཡོན་འདི་གཟུངས་གསུམ་ཆར་གྱི་ཡང་ཡིན་པར་རིག་པར་བྱ་སྟེ། སྒྲོན་མས་སྐད་ཅིག་གཅིག་གིས་ཀྱང་དུས་རིང་པོ་ནས་བསགས་པའི་མུན་པ་སེལ་བར་མཐོང་བའི་ཕྱིར་བསྐལ་པ་བྱེ་བ་སྟོང་དུ་བསགས་པའི་སྡིག་པ་ཟླ་བ་གཅིག་གིས་ཇི་ལྟར་འབྱང་བར་འགྱུར་སྙམ་དུ་འཁྲུལ་པ་བསྐྱེད་པར་མི་བྱའོ། །བྱང་ཆུབ་སེམས་དཔས་བསོད་ནམས་གང༌། །ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་འདི་དོན་གྱི་གཟུངས་ཀྱི་ཡིན་པར་བསྟན་ཏོ། །ཡི་གེའི་གཟུངས་ཀྱི་ནི་མ་ཡིན་ཏེ། འདི་ལྟར་ཟླ་བ་གཅིག་སྨོས་པས་ན་ཕན་ཡོན་འདི་དུས་གཞན་ལ་དགོངས་པའི་སྒོ་ནས་ཀྱང་དེ་ཡིན་པར་མི་སྲིད་དོ། །བསོད་ནམས་ནི་གཟུངས་འདིས་ཀུན་ནས་བསླང་བ་ལས་གཞན་པ་གཟུང་ངོ༌། །འཛིན་པ་གཟུངས་མངོན་སུམ་དུ་བྱ་བའོ། །ཁམས་གསུམ་སེམས་ཅན་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་འདི་ཡི་གེའི་གཟུངས་ཀྱི་ཡིན་པར་དུས་གཞན་ལ་དགོངས་པར་བསྟན་ཏོ། །ཕན་ཡོན་འདི་དོན་གྱི་གཟུངས་ཀྱི་ཡིན་པར་ནི་དོན་གྱིས་བསྟན་ཏོ། །ཡི་གེའི་གཟུངས་ཀྱི་ཕན་ཡོན་འདི་ཡང་དོན་གྱི་གཟུངས་ཀྱིས་གོ་ཁོ་ན་ལས་བྱུང་བའི་ཕྱིར་རོ། །བྱང་ཆུབ་ཏུ་འཚང་རྒྱ་བའི་བར་དུ་དེ་དྲན་པ་དང་ལྡན་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། བློ་གྲོས་རྟོགས་ལྡན་འགྱུར་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་སྦྱར་བར་བྱའོ། །གཟུངས་ཀྱི་དམ་པ་གང་ཡིན་པ་ནི་དམ་པའི་དོན་སྟོན་པའི་ཡི་གེའི་གཟུངས་ཡིན་ཏེ། དེ་ཡི་ལྕེ་ཡི་རྩེ་མོར་གནས། །ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱ་སྟེ། འདི་ཡང་ཡི་གེ་དང་དོན་གྱི་གཟུངས་གཉི་གའི་ཕན་ཡོན་དུ་ཤེས་པར་བྱའོ། །བློ་གྲོས་ནི་མཉམ་པར་བཞག་པ་མ་ཡིན་པའི་ཤེས་རབ་བོ། །རྟོགས་པ་ནི་མཉམ་པར་གཞག་པའི་ཤེས་རབ་བོ། །ཡང་ན་རྟོགས་པ་ནི་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པ་ཉིད་དོ། །ཇི་ལྟར་མདོ་སྡེ་བསྟན་འདི་ལ། །གཟུངས་དོན་


DTG073_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟུངས་ཀྱི་ཕྱིར་སོ་སོར་ངེས་པ་བཞིན། ཡང་ན་གཟུངས་ནི་གཟུངས་ཞེས་པ་སྟེ། དེ་བཞིན་དུ་མདོ་སྡེ་བསྟན་པ་འདི་ལས་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་ངེས་པར་འཐོབ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་འདི་ལས་བྱང་ཆུབ་ངེས་པར་འཐོབ་པར་འགྱུར་ཞེས་བྱ་བར་ཡང་གཟུང་བར་བྱ་སྟེ། ཕན་ཡོན་འདི་ནི་མངོན་སུམ་དང༌། དུས་གཞན་ལ་དགོངས་པའི་སྒོ་ནས་ཡི་གེའི་གཟུངས་ཀྱི་ཡིན་པར་རིག་པར་བྱའོ། །དོན་གྱི་གཟུངས་ཀྱི་ནི་སྔ་མ་བཞིན་དུ་ཤུགས་ཀྱི་ས་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་ལས་འགྱུར་རོ། །བྱང་ཆུབ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལས་སོ། །ཡང་ན་ཐམས་ཅད་མཁྱེན་པ་ཉིད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །བྱང་ཆུབ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡང་ན་རྒྱུ་དང་རྒྱུ་ཅན་གྱི་ཚུལ་དུ་གཉི་ག་རྟོགས་པར་བྱའོ། །འདི་ལས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་བྱ་བ་འདི་ནི། བདག་ཉིད་དཔེར་བསྟན་པས་བརྡའ་སྤྲད་པའི་ཕྱིར། གཟུགས་འདི་ཐོས་མ་ཐག་ཏུ་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་མར་མེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མར་མེ་མཛད་ཡིན་ནོ། །བདག་ཅག་གིས་གཟུངས་ཐོས་ཀྱང་ལུང་ཡང་མ་བསྟན་ལ། སངས་རྒྱས་རྣམས་ཀྱང་མི་མཐོང་བ་མ་ཡིན་ནམ། ཅིའི་ཕྱིར་དེ་སྐད་གསུངས། ཐོས་མ་ཐག་ཏུ་ཞེས་གསུངས་པའི་ཕྱིར་དང༌། སྐད་ཅིག་དེ་ལ་ཞེས་གསུངས་པའི་ཕྱིར། འདིར་དུས་གཞན་ལ་དགོངས་པ་ཡང་མ་ཡིན་ནོ། །ཞེ་ན་ཉེས་པ་མེད་དེ། འདི་ལྟར་འདིས་ནི་བཅོམ་ལྡན་འདས་ཀྱི་ཚེ་རབས་གཞན་དུ། བཅོམ་ལྡན་འདས་མ་འདི་ལ་གོམས་ན། ཇི་ལྟ་བ་བཞིན་དུ་ངེས་པ་ཁོ་ནར་ཚེ་འདི་ལ་ཁྱད་པར་འདི་སྒྲུབ་པར་བྱེད་དོ་ཞེས་བྱ་བ་སྟེ་སྟོན་པར་མཛད་པ་ཡིན་ཏེ། དེ་བས་ན་གལ་ཏེ་དེ་བཞིན་དུ། གཞན་ཚེ་རབས་གཞན་ན་གོམས་པ་གང་ཡིན་པ་དེ་ཡང་གཟུངས་ཐོས་མ་ཐག་ཏུ་ངེས་པར་ལུང་བསྟན་པར་འགྱུར་ཞིང༌། །སྐད་ཅིག་དེ་ཉིད་ལ་སངས་རྒྱས་རྣམས་མཐོང་བར་འགྱུར་ཏེ། འདི་ལ་


DTG073_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་བསྐྱེད་པར་མི་བྱའོ། །འདིས་ནི་ཕན་ཡོན་འདི་ཡི་གེ་དང་དོན་གྱི་གཟུངས་ཀྱི་ཡིན་པར་བསྟན་ཏོ། །གཟུངས་འདིའི་ཕན་ཡོན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་འཛིན་པ་ཡིན་པར་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་སོ། །སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་ཤེས་པར་བྱ་བའི་ཐབས་གཞན་ཡང་ཡོད་མོད་ཀྱི། འདི་མྱུར་བས་ན་མྱུར་བའི་ཚིག་གིས་སྟོན་པར་མཛད་དེ། ཕན་ཡོན་འདི་ནི་ཡི་གེའི་གཟུངས་ཀྱི་ཡིན་པར་དུས་གཞན་ལ་དགོངས་པའི་སྒོ་ནས་བསྟན་པའོ། །དོན་གྱི་གཟུངས་ཀྱི་ནི་དོན་གྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཞིང་ནི་རྣམ་དག་དང༌། །ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་གཞན་སྟོན་ཏེ། འདི་ནི་ཡི་གེའི་གཟུངས་ཀྱི་ཕན་ཡོན་དུས་གཞན་ལ་དགོངས་པ་བསྟན་ཏེ། བྱེད་པར་འགྱུར་ཞེས་འབྱུང་བའི་ཕྱིར་རོ། །དོན་གྱི་གཟུངས་ཀྱི་ནི་དོན་གྱི་དངོས་དང་བརྒྱུད་པར་ཅི་རིགས་པར་རིག་པར་བྱ་སྟེ། འདིའི་ཕན་ཡོན་གསུམ་པོ་འདི་ལ་ཐེ་ཚོམ་མི་བྱ་བར་འདི་ན་དེ་ཁོ་ན་བཞིན་ནོ་སྙམ་དུ་གཟུང་བར་བྱའོ། །གལ་ཏེ་ཁྱོད་ལ་ཐེ་ཚོམ་ཡོད་ན། དེའི་ཚེ་ཞག་བདུན་ཙམ་གྱི་བར་དུ་འདི་སོམས་ཤིག་དང༌། དེས་ན་ཁྱོད་བདག་ཉིད་ཀྱིས་ཚེ་འདི་ལ་ཡིད་ཆེས་པའི་རྟགས་མཐོང་བར་འགྱུར་རོ་བྱ་བའི་དོན་དུ། །དེ་བས་བག་ནི་ཡོད་གྱུར་ལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་སྔགས་ཚིག་ནི་སྔ་མ་ཡིས། །བསྲུང་བའི་ཆོ་ག་འདི་བྱས་ལ། །གཙང་མས་འདུ་དང་འབྲེལ་སྤང་ཞིང༌། །ལུས་ཀྱི་འདུ་འཛི་སྤང་བྱ་སྟེ།། དེས་ནི་རྟོག་པའི་དྲ་བ་ཡི། །རྒྱུན་རྣམས་མ་ལུས་སྤངས་ན་ནི། བག་མེད་པའི་རྣམ་པ་གཉིས་ཏེ། །གཞན་ལས་བྱུང་བ་དང༌། བདག་ལས་བྱུང་བའོ། །གཞན་ལས་བྱུང་བ་ཡང་རྣམ་པ་གཉིས་ཏེ། གནམ་བབས་པ་དང༌། རྩལ་ལས་བྱུང་བའོ། །བདག་ལས་བྱུང་བ་ནི་རྣམ་པ་གསུམ་སྟེ། འདུ་བ་ལས་བྱུང་བ་དང༌། ལུས་ཀྱི་འདུ་འཛི་ལས་བྱུང་བ་དང༌། ལོག་པར་རྣམ་པར་བརྟགས་པ་ལས་བྱུང་བའོ། །དེ་དག་མེད་པས་བག་ཡོད་པར་གྱུར་ནས། ལས་ངན་པ་མ་ལུས་པར་ཡོངས་སུ་སྤངས་ཏེ། སངས་རྒྱས་རྗེས་སུ་དྲན་པ་ཙམ། །རབ་ཏུ་བསྒོམས་པ་གུས་བྱས་ལ། །སེམས་ནི་


DTG073_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་བྱས་ནས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་པ། །དེ་ནི་ཆོ་ག་བཞིན་དུ་བསྒོམ། །བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པའི་ཕྱིར། སྒྲ་མེད་པའི་ས་ཕྱོགས་སུ་སྐྱིལ་མོ་ཀྲུང་བཅས་ནས། དབུགས་རྔུབ་པ་དང༌། འབྱུང་བ་དག་བསྟུད་པར་མི་བྱ་བར། ལུས་དྲང་པོར་བསྲང་ལ། ཧ་ཅང་མ་རེངས་པར་བྱ་སྟེ། སེམས་ཀྱི་ཚོགས་ཕྱི་རོལ་དུ་འཕྲོ་བ་བཟློག་པའི་ཕྱིར། སེམས་སྣའི་རྩེ་མོ་ལ་གཏད་དེ་ཅི་ནུས་ཀྱིས་བསྒོམ་པར་བྱའོ། །དེ་ནས། སྐྱོ་བར་གྱུར་ན་བློ་ཅན་གྱིས། །དེར་གནས་སེམས་ཀྱིས་དུས་བསྟུད་དོ། །ཧ་ཅང་བསྒོམ་དྲགས་པས་རྣལ་འབྱོར་པ་སེམས་སྐྱོ་བར་གྱུར་ན། བསྒོམ་པ་དེ་ལས་ལངས་ལ་ཀློག་འདོན་བྱ་བའམ། འགྲེང་བའམ། འགྲོ་བའམ། ཟན་ཟ་བའམ། བྱ་བ་གཞན་ཅི་ཡང་རུང་བ་བྱེད་ཅིང་སྐྱོ་བ་མེད་པར་མ་གྱུར་གྱི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་ལ་གནས་པའི་སེམས་ཀྱིས་དུས་བསྟུད་པར་བྱ་སྟེ། སྐྱོ་བ་མེད་པར་གྱུར་ནས་ཡང་བསྒོམ་པར་བྱའོ། །བློ་ལྡན་དེ་ལྟར་སྒོམ་བྱེད་པ། །དེ་ལྟར་ཞག་བདུན་ཐ་མར་ནི། །སངས་རྒྱས་བྱེ་བ་བརྒྱད་ཅུ་རྣམས། །དེ་ཡི་འོག་ཏུ་གཟུངས་སྦྱིན་མཛད། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ཀྱིས་དེ་ལ་གཟུངས་སྦྱིན་པར་མཛད་ཅེ་ན། སྨྲས་པ། གསང་སྔགས་ཚིག་ནི་རེ་རེ་ཞིང༌། །སངས་རྒྱས་བྱེ་བས་བྱིན་བརླབས་ལ། །དེས་ཀྱང་སྔར་ནི་དེ་དག་གིས། །བཟླས་བསྲུང་ལ་སོགས་ཕུན་ཚོགས་བྱས། །འདི་ལྟར་གསང་སྔགས་ཀྱི་ཚིག་བརྒྱད་ཅུ་པོ་རྣམས་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུས་བྱིན་གྱིས་བརླབས་ལ། གསང་སྔགས་ཀྱི་ཚིག་དེ་དག་གིས་ཀྱང་རྣལ་འབྱོར་པ་དེས་བཟླས་བརྗོད་བྱེད་པར་གྱུར་པས། བསྲུང་བ་དང༌། མདངས་དང༌། སྟོབས་དང༌། ནད་མེད་པ་ལ་སོགས་པ་ཕུན་སུམ་ཚོགས་པར་བྱས་པའི་ཕྱིར་ཏེ། བསྒོམ་པའི་སྔ་རོལ་དུ་བཟླས་བརྗོད་བྱ་བའི་སྒོ་ནས་ཅི་ནུས་སུ་གསང་སྔགས་ཀྱི་ཚིག་རྣམས་བརྗོད་ལ། དེའི་འོག་ཏུ་བསྒོམ་པར་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ། །དེའི་ཕྱིར་སངས་རྒྱས་བྱེ་བ་ནི། །བརྒྱད་ཅུས་དེ་ལ་གཟུངས་སྦྱིན་མཛད། །ཡང་ན་དགུ་བཅུ་ལས་ཐོས་ལྟར། །བསྒོམས་མཐུ་དེ་ནི་འདི་འདྲའོ། །ཡང་ན་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་མཐུ་ཉིད་འདི་འདྲ་སྟེ། དེས་སངས་རྒྱས་བྱེ་བ་


DTG073_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱད་ཅུས་དེ་ལ་གཟུངས་སྦྱིན་པར་མཛད་དོ། །དཔེར་ན་འདི་ཉིད་ལས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ལས་ཆོས་བསྟན་པ་ཐོས་སོ་ཞེས་ཡང་དང་ཡང་དུ་གསུངས་པ་ལྟ་བུའོ། །གཟུངས་དེ་རྣམ་བ་ཇི་ལྟ་བུར་བསམས་ན་ཐོབ་པར་འགྱུར་ཞེ་ན། སྨྲས་པ། གཟུགས་སོགས་བསམ་པ་བསམ་ཉ་ཡིན། །གཟུགས་མེད་སོགས་པ་བསམ་བྱ་མིན། །ཡང་ན་སྤྲུལ་པ་བསམ་བྱ་ཡིན། །ལོངས་སྤྱོད་རྫོགས་པ་བསམ་ཉ་མིན། །ཡང་ན་བསམ་བྱ་བསམ་བྱ་མིན། །བྱ་བསམ་བྱ་མིན་དངོས་བསམ་བྱ། །གཟོད་ནས་མ་སྐྱེས་པས་མེད་ཕྱིར། །བསམ་པ་དེ་དག་བསམ་མི་བྱ། །གཟུགས་ལ་སོགས་པ་ལ་བསམ་པ་ནི་བསམ་བྱ་མིན་པ་སྟེ། དེ་ནི་དངོས་པོ་མེད་པའི་ངོ་བོ་ཡིན་པས་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར། བསམ་པར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ། །སོགས་པ་སྨོས་པས་ནི་མཚན་ལ་སོགས་པ་སྔར་བསྟན་པ་རྣམས་ཉིད་གཟུང་ངོ༌། །ཡང་ན་སྤྲུལ་པའི་སྐུ་ལ་བསམ་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་ཡིན་ཏེ། དེ་ནི་སྐྱེ་བ་ལ་སོགས་པའི་བྱེ་བྲག་གིས་བསམ་པར་བྱ་བར་ནུས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བསམ་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་མ་ཡིན་པ་སྟེ། དེ་ནི་སྐྱེ་བ་ལ་སོགས་པའི་བྱེ་བྲག་གིས་བསམ་པར་མི་ནུས་པའི་ཕྱིར་རོ། །རྣམ་པ་གཞན་ཡང་བསམ་པར་བྱ་བ་བསམ་པར་ནུས་པའི་དངོས་པོ་ལ་བསམ་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་ཡིན་ནོ། །བསམ་པར་བྱ་བ་མ་ཡིན་པ་སངས་རྒྱས་ཀྱི་ཆོས་ལ་སོགས་པ་དག་ལ་བསམ་པ་ཡིན་པ་དེ་ནི་བསམ་པར་བྱ་བ་མ་ཡིན་པའོ། །གཟོད་མ་ནས་མ་སྐྱེས་པས་གཟུགས་ལ་སོགས་པ་མེད་པའི་ཕྱིར། བསམ་པ་དེ་དག་ནི་བསམ་པར་མི་བྱའོ། །ཇི་ལྟར་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་དེ་ལྟ་ན་སྔར་བསྟན་ཟིན་ཏོ། །འོ་ན་ཅི་ཞིག་སོམས་ཤིག་ཅེ་ན། སྨྲས་པ་ཆོས་ཀྱི་དབྱིངས་སོམས་ཤིག །དེ་ལ་ཡང་ལོག་པར་བསམ་པར་མི་བྱའོ། །ཆོས་ཀྱི་དབྱིངས་ཇི་ལྟར་བསམ་ཞེ་ན། ཇི་ལྟར་ཡང་འགལ་བར་ཡང་མ་སེམས་ཤིག །ཅིའི་ཕྱིར་དེ་ལྟ་ཞེ་ན། འདི་ལྟར་རྣམ་པ་གང་དང་གང་གིས་ཆོས་ཀྱི་དབྱིངས་སེམས་པར་བྱེད་པ་རྣམས་དེ་དང་དེ་མེད་པའི་ཕྱིར་རོ། །སྟོང་པ་དང༌། རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་ནི། དོན་དམ་


DTG073_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པར་ན་དགག་པར་བྱ་བ་མེད་པ་ལ་དགག་པ་མི་འཇུག་པའི་ཕྱིར་མེད་པ་ཁོ་ན་སྟེ། དེ་ལྟ་བས་ན་ཆོས་ཀྱི་དབྱིངས་དེ་ལ་ཡང་བསམ་པར་མི་བྱ་སྟེ། ལོག་པར་བསམ་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འགལ་བར་སེམས་པ་ནི་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་དང༌། དངོས་པོ་ལ་སོགས་པའི་རྣམ་པ་དང༌། དངོས་པོ་ཐ་དད་པ་ཉིད་དང༌། གཅིག་པ་མ་ཡིན་པའི་མཚན་ཉིད་ལ་སོགས་པ་རྣམ་པར་སེམས་པ་སྟེ། གང་གི་དབང་དུ་མཛད་ནས། གང་སྟོང་པ་ཉིད་དུ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །རྣལ་འབྱོར་པས་ཇི་སྐད་བསྟན་པའི་རྣམ་པ་ཁོ་ནས། དེ་ལྟར་ཞག་བདུན་སེམས་ན་ནི། དེ་ཡི་འོག་ཏུ་གཟུངས་ཐོབ་འགྱུར། །བཅོམ་ལྡན་འདས་ཀྱིས་ཡང་ཡང་དུ་བཤད་པས་ཅི་ཞིག་བྱ་སྙམ་དུ་དགོངས་ནས། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཡོན་འདི་ནི་གཟུངས་རྣམ་པ་གསུམ་ཆར་གྱི་ཡིན་ནོ། །བདེ་བ་ནི་ངེས་པར་ལེགས་པ་དང་མངོན་པར་མཐོ་བའི་བདེ་བའོ། །སོམ་ཉི་ནི་ཐེ་ཚོམ་ཟ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཕན་ཡོན་རྣམ་པ་དུ་མ་བསྟན་ནས། འབྲས་བུ་ཉེ་བ་གཙོ་བོ་བསྟན་པས་འདུལ་བའི་འཇིག་རྟེན་གཟུངས་འདི་ལ་འཇུག་ཅིང་མཇུག་སྡུད་པར་མཛད་དེ། འདི་ལས་རྫོགས་པའི་བྱང་ཆུབ་ཉེ། །དེ་བས་འདི་ལ་སྦྱོར་བར་གྱིས། །ཐོས་པ་ལ་སོགས་པའམ། ལུས་ལ་སོགས་པའམ། འོག་ནས་བཞི་ཚན་བསྟན་པ་རྣམས་ཀྱིས་སྦྱར་བར་བྱ་སྟེ། འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤངས་པ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་བསྟན་ཏེ། བྱང་ཆུབ་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ཐམས་ཅད་མཁྱེན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། མ་འབད་པར་མཁྱེན་པ་དང༌། མ་བསྟན་པར་མཁྱེན་པའོ། །སྤངས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པ་དང༌། གཏན་དུ་སྤངས་པ་དང༌། བག་ཆགས་དང་བཅས་པར་སྤངས་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་སྟེ། དེ་དག་ཀྱང་རྫོགས་པའི་བྱང་ཆུབ་སྨོས་པས་བསྟན་ཏོ།།


DTG073_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད། ཞི་བའི་གནས་ནི་ཐོབ་གྱུར་ནས། །རྫོགས་པའི་བྱང་ཆུབ་ཐོབ་བྱེད་འགྱུར། །འཇིག་རྟེན་ནོ་སྙམ་དུ་དགོངས་པ་སྟེ། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པར་རིག་པར་བྱའོ། །ཞི་བའི་གནས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཞི་བར་འགྱུར་བའི་ཕྱིར་རམ། མེ་གསུམ་ཞི་བར་འགྱུར་བའི་ཕྱིར། མི་གནས་པའི་མྱ་ངན་ལས་འདས་པའོ། །རྫོགས་པའི་བྱང་ཆུབ་ནི་རྣམ་པ་གསུམ་པོ་སྟེ། འདིས་ནི་བྱང་ཆུབ་གསུམ་ལ་འགོད་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ངན་སོང་གསུམ་ལས་ངེས་པར་ཐར་པ་དང༌། མཚོ་རིས་སུ་འགོད་པ་དང༌། འཁོར་བའི་སྡུག་བསྔལ་ལས་གཏན་དུ་རྣམ་པར་ཐར་པ་ནི་ཤུགས་ཀྱིས་བསྟན་པར་ཤེས་པར་བྱའོ། །ཡང་ན་ཅིའི་ཕྱིར། འདི་ལས་རྫོགས་པའི་བྱང་ཆུབ་ཉེ་ཞེ་ན། འདི་ལྟར་ཁྱེད། ཞི་བའི་གནས་ནི་ཐོབ་གྱུར་ནས། །རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར།། ཞེས་བྱ་བ་འདིས་ཉེ་སྟེ། ཚིགས་སུ་བཅད་པ་རིལ་པོ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གཟུངས་འདི་འཐོབ་པའི་ཐབས་བསྟན་ཏེ། བློ་ལྡན་ཅི་འདྲ་གང་དུ་དང༌། །ཇི་ལྟར་གནས་དང་གང་བསྒོམས་དང༌། །གང་བྱས་པས་ནི་འཐོབ་འགྱུར་བ། །དེ་ནི་བཞི་ཚན་རྣམས་ཀྱིས་བསྟན། །རྣལ་འབྱོར་པ་ཇི་ལྟ་བུས་གཟུངས་འདི་ཐོབ་པར་འགྱུར་བ་དེ་ནི་བཞི་ཚན་དང་པོས་བསྟན་ཏོ། །གང་དུ་གནས་པ་དང༌། ཇི་ལྟར་གནས་པ་དེ་གཉིས་ནི་གཉིས་པས་བསྟན་ཏོ། །གང་སྒོམ་པ་དང༌། གང་བྱ་བ་དེ་གཉིས་ནི་གསུམ་པས་བསྟན་ཏོ། །རྣལ་འབྱོར་པ་ཇི་ལྟ་བུས་གཟུངས་འདི་ཐོབ་པར་འགྱུར་ཞེ་ན། སྨྲས་པ། ཁྲིམས་ལྡན་དེ་ཡི་མི་མཐུན་ཕྱོགས། །གཉིས་གྲོལ་དེ་ཡི་འཕེལ་བྱེད་ལྡན། །ཉེས་པ་དང་ནི་ཕན་ཡོན་རྣམས། །བསྟན་པས་དེ་ལ་འཛུད་པར་བྱེད། །འདོད་པ་རྣམས་ལ་ལྷག་པར་ཆགས་པ་མེད་པ་ཞེས་བྱ་བས་ནི་ཚུལ་ཁྲིམས་དང་ལྡན་པར་བསྟན་ཏེ། ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། །འདོད་པ་ལྔའི་ཡོན་ཏན་རྣམས་ལྷག་པར་ཆགས་པ་མེད་ན། སྲོག་གཅོད་པ་ལ་སོགས་པ་མི་བྱེད་དོ། །དེ་ལྟ་བས་ན་དེ་སྤངས་པའི་


DTG073_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱི་ཚུལ་ཁྲིམས་ཀྱང་ཐོབ་པ་ཉིད་པས་ལོགས་ཤིག་ཏུ་མ་བསྟན་ཏོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཕྲག་དོག་དང་སེར་སྣ་ལས་གྲོལ་བ་ནི། སེམས་ཅན་ཐམས་ཅད་ལ་ཕྲག་དོག་མེད་པ་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འགྱོད་པ་མེད་པ་ཡིན་ཞེས་བྱ་བ་འདིས་བསྟན་ཏོ། །ཕྲག་དོག་དང་སེར་སྣ་དག་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་རྣམས་ཡིན་ཏེ། འདི་ལྟར་འདོད་པ་རྣམས་ལ་ལྷག་པར་ཆགས་ན་ཕྲག་དོག་བྱེད་པ་དང༌། སེར་སྣ་བྱེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཞེས་སྨོས་པ་ནི། དགྲ་བོ་དང་མཛའ་བོ་དང་ཐ་མལ་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །བདོག་པ་ཐམས་ཅད་ཅེས་སྨོས་པ་ནི་ཕྱི་རོལ་དང་ནང་གི་བསྡུ་བའི་ཕྱིར་རོ། །འགྱོད་པ་མེད་པ་ཞེས་སྨོས་པ་ནི་སེམས་ལ་འཛིན་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། ཚིག་འདི་གསུམ་གྱིས་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་བསྟན་ཏོ། །འགྱོད་པ་མེད་པར་སྦྱིན་པའི་ཚུལ་ཅན་ནི་ཡིད་ལ་གཅགས་པ་མེད་པར་སྦྱིན་ཞེས་བྱ་བའི་ཐ་ཚིག་གོ །ཉིན་མཚན་དུ་ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཡིན་ཏེ་ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་འཕེལ་བར་བྱེད་པ་གང་ངག་དང་ལྡན་པ་ཉིད་བསྟན་ཏོ། །ཆོས་ལ་སྲེད་པའི་ཕྱིར་ཆོས་འདོད་པར་འགྱུར་རོ། །ནན་ཏན་བྱེད་པས་ནི་ཆོས་ལ་དགའོ། །ཡང་ན་ཆོས་རྣམས་ལ་འཇུག་ཕྱིར་ཆོས་འདོད་དོ། །གོམས་པའི་ཕྱིར་ཆོས་ལ་དགའོ། །ཡང་ན་ནམ་གྱི་ཆ་སྟོང་དང་ནམ་གྱི་ཆ་སྨད་ལ་སོགས་པར་བརྩོན་པའི་ཕྱིར་ཆོས་འདོད་པར་འགྱུར་རོ། །སྟོང་པ་ཉིད་ལ་སོགས་པའི་ཆོས་བསྒོམ་པའི་ཕྱིར་ཆོས་ལ་དགའོ། །ཡང་ན་གཉིས་སུ་ངེས་པར་གཟུང་བའི་ཕྱིར་གསུངས་ཏེ། འདིས་ནི་རྟོག་པ་ངན་པ་མེད་པའི་ཕྱིར་དོན་གྱིས་ན། འཁྲིག་པའི་སྦྱོར་བ་བདུན་དང་བྲལ་བའི་ཚུལ་ཁྲིམས་བསྟན་ཏོ། །ཉེས་པ་དང་ཕན་ཡོན་བསྟན་པའི་རྒྱུས་ཚུལ་ཁྲིམས་ལ་སོགས་པ་དེ་དག་ལ་འཛུད་དེ། གདུལ་བ་ཞེས་བྱ་བའི་ཚིག་ལྷག་མའོ། །དེ་ཡང་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏོ། །དེ་ལ་རྣམ་པ་ལྔས་ཚུལ་ཁྲིམས་ལ་འཛུད་དེ། །འདོད་པ་རྣམས་ཀྱི་ཉེས་པ་བསྟན་པའི་ཕྱིར་གསུངས་པ་ལ། དྲི་ང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པའི་ཕྱིར་རོ། །ཡང་ན་འདོད་པའི་རྩ་བ་ལུས་ཀྱི་


DTG073_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཙང་པའི་དྲི་དང་ལྡན་པའི་ཕྱིར་རོ། །ངན་པ་ནི་ཐམས་ཅད་ཀྱི་ཐ་ཆད་དུ་གྱུར་པའི་ཕྱིར་དང༌། སེམས་ཅན་ངན་པས་བསྟེན་པའི་ཕྱིར་དང༌། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་དང༌། བུམ་པ་མི་གཙང་བ་ཅན་ལ་སོགས་པ་དང་འདྲ་བའི་ཕྱིར་དང༌། འབྲས་བུ་ངན་པ་འགྲུབ་པའི་ཕྱིར་རོ།། བདུད་ཀྱི་སྤྱོད་ཡུལ་ནི་བདུད་ཀྱི་ཡུལ་ལས་མ་འདས་པའི་ཕྱིར་རོ། །བདུད་ནི་ལྷའི་བུའམ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའམ། གཉིས་ཀའོ། །སེམས་ཅན་དམྱལ་བའི་རྐྱེན་ནི་དེ་འགྲུབ་པར་བྱེད་པ་དང༌། དེ་འགྲུབ་པར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བའི་ཕྱིར་རོ། །སེམས་ཅན་དམྱལ་བ་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དུད་འགྲོ་དང་ཡི་དགས་གཉིས་ཀྱི་རྐྱེན་ཡང་འདོད་པ་རྣམས་ཡིན་པའི་ཕྱིར་རོ། །ངན་སོང་གི་རྒྱུ་ནི་མ་རུངས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཏེ། འདོད་ཕྱིར་འཇིག་རྟེན་བཅིང་དང་བསད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །ཡང་ན་ངན་སོང་གི་རྒྱུ་ནི་ངན་སོང་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་ཅན་དམྱལ་བ་སྨོས་པ་ནི་གཙོ་བོར་བསྟན་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ཕྲག་དོག་སྤོང་བ་ལ་འདུད་པ་ནི། །ཕན་ཡོན་བསྟན་པའི་ཕྱིར་རྣམ་པ་ལྔས་བསྟན་ཏེ། སྤང་བར་བྱ་བའི་རང་བཞིན་བསྟན་པ་དང༌། སྤང་བར་བྱ་བའི་ཡུལ་བསྟན་པ་དང༌། སྤང་བར་བྱ་བའི་རྒྱུ་བསྟན་པ་ལ། རྒྱུ་དེ་ཡང་ཤེས་ཀྱི་ཁེ་དང་རྙེད་པ་དང་གྲགས་པའི་བྱེ་བྲག་ལས་རྣམ་པ་གསུམ་དུ་བསྟན་ཏོ། །ཤེས་ཀྱི་ཁེ་ནི་ཀུན་དུ་བསྟན་པས་འདུ་བར་འགྱུར་རོ། །དེའི་རང་བཞིན་བསྟན་པ་ནི། དགའ་བའི་མིག་ནི་དགའ་བས་ལྟ་བ་སྟེ། ཁྲོ་བ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་རོ། །དེ་སྤང་བའི་ཕན་ཡོན་བསྟན་པ་དེ་ཡང་རྣམ་པ་གཉིས་ཏེ་མཐུ་ཆེ་བ་ཐོབ་པ། ནོར་དང་འཁོར་ལ་སོགས་འབྱོར་བ་འཐོབ་པའི་ཕྱིར་དང༌། གཟུགས་མཛེས་པ་འཐོབ་པ་ཡན་ལག་དང་ཉིང་ལག་གི་གཟུགས་མཛེས་པ་འཐོབ་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་སེར་སྣ་སྤང་བ་ལ་འཇུག་པ་ནི། ཉེས་པ་དང་ཕན་ཡོན་བསྟན་ཕྱིར་རྣམ་པ་བཞིས་བསྟན་ཏེ། ཉེས་དམིགས་བསྟན་པ་ནི་རྩོད་པ་སྟེ་ལུས་ལ་སོགས་པའི་བྱ་བ་གནོད་པ་དང་ལྡན་པའོ། །དེའི་རྒྱུ་བསྟན་པ་ནི་ཡོངས་སུ་འཛིན་པ་སྟེ།


DTG073_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གིར་མངོན་པར་ཞེན་པས་དངོས་པོར་འཛིན་པའོ། །གཞི་རྩ་སྨོས་པས་ནི་དངོས་དང་བརྒྱུད་པའི་རྒྱུའི་རང་བཞིན་བསྟན་པའི་དོན་ཏེ། འདི་ཡང་ཡོངས་སུ་འཛིན་པ་འདི་ནི་རྣམ་པ་ཐམས་ཅད་དུ་གནོད་པའི་རྒྱུ་ཡིན་པར་བསྟན་པས་གདུལ་བ་རྣམས་དེ་ལས་འདུན་པ་བཟློག་པའི་ཕྱིར་རོ། །སྲེད་པའི་ཡུལ་ཡོངས་སུ་སྤང་བ་ནི་སྤང་བ་སྟེ། དེ་ལ་ལྷག་པར་ཆགས་པ་སྤང་བའི་ཕྱིར་རོ། །དེའི་ཕན་ཡོན་བསྟན་པ་ནི། གཟུངས་ཞེས་བྱ་བ་སྟེ། གཟུངས་འདི་ཉིད་ཡིན་ནོ། །དེ་ཡང་དུས་གཞན་ལ་དགོངས་ཏེ་གསུངས་སོ། །དེ་འཕེལ་བར་བྱེད་པ་ལ་འཇུག་པ་ནི། ཕན་ཡོན་བསྟན་པའི་ཕྱིར་རྣམ་པ་ལྡས་བསྟན་ཏེ། ཆོས་ཚོལ་བ་ནི་ཆོས་ནི་སྟོང་པ་ཉིད་དང༌། དེ་སྟོན་པའི་ཡི་གེའོ། །དེ་འདྲི་བ་ནི་འདྲི་བ་ལ་སོགས་པའི་རིམ་པ་སྟེ། དེའི་ཕྱིར། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཀློག་དང་ཉན་དང་འཛིན་པ་དང༌། །སྟོན་དང་ཁ་ཏོན་བྱེད་པ་དང༌། །སེམས་དང་བསྒོམ་པ་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུན་མི་ཆད་པར་ཚོལ་བ་ནི་ལས་ངན་པ་ཡོངས་སུ་སྤང་བའི་ཕྱིར་རོ། །གཞན་མི་སེམས་པར་ཚོལ་བ་ནི་ལོག་པར་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་དང༌། མཐོ་རིས་ལ་སོགས་པའི་འབྲས་བུ་འཐོབ་པ་རྣམ་པར་རྟོག་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །བྱང་ཆུབ་འདོད་ཅིང་ཚོལ་བ་ནི་དེ་བྱང་ཆུབ་ཀྱི་རྒྱུ་ཡིན་པར་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་གཟུངས་ཡིན་པའི་ཕྱིར་རོ། །ཆོས་ཚིག་ནི་སྟོང་པ་ཉིད་དང༌། །དེ་སྟོན་པའི་མདོ་སྡེ་ལ་སོགས་པའོ། །ཚིགས་སུ་བཅད་པ་དང་པོ་ལས་ནི་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་འབའ་ཞིག་བསྟན་ལ། གཉེན་པོའི་ཡོན་ཏན་ནི་མ་བསྟན། གཉིས་པ་དང་ཐ་མ་ལས་ནི་གཉེན་པོའི་ཡོན་ཏན་འབའ་ཞིག་བསྟན་ལ། མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་མ་བསྟན། གསུམ་པ་ལས་ནི་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་གཉི་གའི་ཡོན་ཏན་དང་སྐྱོན་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལྟར་བསྟན་ཞེ་ན། དེ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉིས་ཀྱི་ཡོན་ཏན་དང་ཉེས་པ་བསྟན་པ་གུང་དུ་གཅེས་པ་ཡོད་དོ། །དེའི་ཕྱིར་ཚིགས་སུ་བཅད་པ་དང་པོ་ལ་ནི། འདོད་པའི་གཉེན་པོའི་ཚུལ་ཁྲིམས་དྲི་ཞིམ་པོ་བསྟེན་པར་བྱའོ་ཞེས་


DTG073_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པས་ཡོན་ཏན་ཡང་བལྟ་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པ་དང༌། བཞི་པ་དག་ལ་ཡང་དེའི་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་ཡང་བལྟ་བར་བྱའོ། །སྔར་བསྟན་པ་ཡི་དོན་ཉིད་ནི། །ཆོས་ཀྱི་རྗེས་འབྲང་ཆེད་དུ་སྟེ། །རིགས་པ་ཕན་ཡོན་བྱེ་བྲག་གིས། །ཚིགས་བཅད་རྣམས་ཀྱིས་ཡང་བསྟན་ཏོ། །རྣམ་པ་གཞན་ཡང་སྔར་བསྟན་པའི་དོན་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། ཞར་ལ་དད་པས་རྗེས་སུ་འབྲང་བའི་དབང་དུ་ཡང་མཛད་དེ། རིགས་པ་དང་ཕན་ཡོན་གྱི་བྱེ་བྲག་གི་རྒྱུས། ཡང་ཚིགས་སུ་བཅད་པ་དག་གིས་བསྟན་ཏེ། འདི་ལྟར་འདོད་པ་རྣམས་སྤང་བའི་ཕྱིར་ནི་དྲི་ང་བ་ལ་སོགས་པའི་རིགས་པ་གསུངས་སོ། །ཕྲག་དོག་མི་བྱ་བའི་ཕྱིར་ནི་མཐུ་ཆེ་བ་ལ་སོགས་པ་ཐོབ་པའི་ཕན་ཡོན་གསུངས་ལ། དེ་མི་བྱ་བའི་ཕྱིར་འབྲས་བུ་ཁྱད་པར་ཅན་འཐོབ་བོ་ཞེས་རྒྱུ་ཡང་གསུངས་སོ། །སེར་སྣའི་རྒྱུ་སྲེད་པའི་ཡུལ་ཡོངས་སུ་སྤང་བའི་ཕྱིར་ནི་རྒྱུ་རྩོད་པ་གསུངས་སོ། །རྩ་བ་བཞི་པས་ནི་ཕན་ཡོན་བསྟན་ཏོ། །ཚུལ་ཁྲིམས་འཕེལ་བར་བྱེད་པའི་ཆོས་བསྟན་པའི་ཕྱིར་ནི་འབྲས་བུ་ཁྱད་པར་ཅན་འཐོབ་བོ་ཞེས་རྒྱུ་སྨོས་ལ། ཕན་ཡོན་ནི་དངོས་སུ་བསྟན་པ་ཉིད་དོ། །ད་ནི་གང་དུ་གནས་པ་དང༌། ཇི་ལྟར་གནས་པ་དེ་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་སོགས་གནས་ཤིང་ཟབ་མོ་ཡི། །ཆོས་རྣམས་ལ་ནི་ལེགས་པར་སྤྱོད། །རྙེད་དང་བཀུར་སྟི་ཚིགས་བཅད་ལ། །ལྷག་པར་ཆགས་མེད་བརྟུལ་ཞུགས་ཅན། །རྟག་ཏུ་སྡུག་པའི་དངོས་པོ་ཀུན། །འབྲས་བུ་ལ་ནི་མི་ལྟ་བའམ། །འཛིན་མེད་སེམས་ཀྱིས་གཏོད་བྱེད་པས། །གཟུངས་འདི་འཐོབ་པར་འགྱུར་བ་ཡིན། །གོང་དུ་གནས་པ་ཞེས་བྱ་བ་དེ། དགོན་པ་དང༌། གཡེའི་ཚིག་གིས་བསྟན་ཏེ། ལུས་ཀྱི་འདུ་འཛིན་ཡོངས་སུ་སྤངས་པས་འདུ་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །དགོན་པ་ནི་གྲོང་ནས་འདོམ་ལྔ་བརྒྱ་ཕན་ཆད་དོ། །གཡེང་ནི་དེ་བས་ཀྱང་རིང་བའོ། །སོགས་པ་སྨོས་པ་ནི་དབྱེ་བསྡུའོ། །ཇི་ལྟར་གནས་པ་དེ་ནི་ལོག་པར་རྣམ་པར་རྟོག་པའི་ཉེས་པ་དང༌། འདུ་འཛི་ཡོངས་སུ་སྤང་པའི་ཕྱིར། རྣམ་པ་གསུམ་གྱིས་བསྟན་ཏེ། དེས་ནི་ལུས་དང་སེམས་དག་གིས་བསྲིངས་ཆོས་གང་བསྐྱེད་མི་ནུས་པ་དེ་འགའ་ཡང་མེད་དོ་སྙམ་དུ་དགོངས་པའོ། །


DTG073_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཟབ་མོ་ལ་སྤྱོད་པ་ནི་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། ཆོས་ཟབ་མོ་དག་ལ་བཟོད་པ་ནི་འདོད་པའོ། །དེའི་སྟོབས་བསྐྱེད་པ་ནི་ཆེན་པོ་ལ་སོགས་པའི་རིམ་པ་བསྐྱེད་པའོ། །དེའི་དངོས་པོ་ནི་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་དེ་ཉིད་དོ། །ཡང་ན་ཆོས་ལ་བཟོད་པ་ཟབ་མོ་ཞེས་བྱ་བར་ཤེས་པར་བྱ་སྟེ། ཡུལ་ཟབ་པའི་ཕྱིར་དེ་ཡང་ཟབ་པའོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་པ་ནི། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་ཅེས་གསུངས་པ་གང་ཡིན་པ་སྟེ། ཚིགས་སུ་བཅད་པ་ནི་གྲགས་པའོ། །ལྷག་པར་ཆགས་པ་མེད་པ་ནི་མངོན་པར་ཞེན་པ་མེད་པའོ། །རྟག་ཏུ་སྡུག་པའི་དངོས་པོ་ཐམས་ཅད་མི་ལྟ་བ་ཡོངས་སུ་གཏོང་བ་ནི་སྡུག་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་ཞེས་གསུངས་པ་གང་ཡིན་པ་སྟེ། ཐམས་ཅད་སྨོས་པ་ནི་ཕྱི་ནང་གི་དངོས་པོ་ཡོངས་སུ་བསྡུ་བའི་ཕྱིར་རོ། །མི་ལྟ་བར་གཏོད་པ་ནི་མཐོ་རིས་དང༌། ལན་དུ་ཕན་འདོགས་པ་ལ་སོགས་པའི་འབྲས་བུ་ལ་མི་ལྟ་བར་ཡོངས་སུ་གཏོད་པའི་ཕྱིར་རམ། འཛིན་པ་མེད་པའི་སེམས་ཀྱིས་ཡོངས་སུ་གཏོང་པས་ན་སྡུག་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བ་ཞེས་བྱ་སྟེ། བཏང་ངམ་མི་བཏང་སྙམ་པ་ལ་སོགས་པའི་ནེ་མ་ནུར་དང༌། ལེ་ལོ་ལ་སོགས་པའི་འཛིན་པ་མེད་པའི་ཕྱིར་རོ། །ཆེར་ན་ལུས་དང་སྲོག་ཀྱང་ཞེས་བྱ་བ་ནི། བུ་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྙམ་དུ་དགོངས་པའོ། །ལུས་དང་སྲོག་གཏོང་བ་ནི་ནང་གི་ཡིན་པས་དཀའ་བའི་ཕྱིར་དེ་གཉིས་སྨོས་སོ། །བུ་ལ་སོགས་པ་གཏོང་བ་ནི་ཕྱི་རོལ་གྱི་ཡིན་པའི་ཕྱིར་སླའོ། །ལུས་གཏོང་བ་ནི་ལག་པ་དང་རྐང་པ་ལ་སོགས་པ་གཏོང་པའི་ཕྱིར་རོ། །ལུས་ཐམས་ཅད་གཏོང་ན་སྲོག་གཏོང་བ་ཡིན་ནོ། །དང་པོ་གནས་ཡིན་དེ་ནས་ལས། །དེ་ནས་རྙེད་སོགས་ཚོལ་བ་སྤོང༌། །དེར་ཡང་མ་ཟད་ཐམས་ཅད་ལ། །མི་ལྟ་བ་ཡང་གཏོང་བར་བྱེད། །བཞི་ཚན་འདིའི་དོན་གོ་རིམས་བཞིན་དུ་བསྟན་པར་བྱ་སྟེ། གནས་མེད་པར་བསྒོམ་དུ་མི་རུང་བའི་ཕྱིར། རེ་ཞིག་ཐོག་མར་དགོན་པ་ལ་སོགས་པ་གནས་གསུངས་སོ། །དེར་གནས་ནས་


DTG073_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཞིང་ལ་སོགས་པའི་ལས་ནི་མི་བྱའོ། །ལས་འདི་ལྟ་བུ་བྱའོ་ཞེས་བསྟན་པའི་ཕྱིར། གནས་ཀྱི་འོག་ཏུ་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་གསུངས་སོ། །གནས་དང་ལས་དེ་དག་གིས་རྙེད་པ་ལ་སོགས་པ་བཙལ་བ་སྤང་བར་བྱའོ། །དེ་ལྟ་མ་ཡིན་ན་དགོན་པར་གནས་པ་དང༌། ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་དོན་མེད་པར་འགྱུར་བ་བསྟན་པའི་ཕྱིར། ལས་ཀྱི་འོག་ཏུ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་པ་གསུངས་སོ། །ཕྱི་རོལ་གྱི་ཡན་ལག་རྙེད་པ་ལ་སོགས་པ་དག་ལ་ལྷག་པར་ཆགས་པར་མི་བྱ་བར་ཡང་མ་ཟད་ཀྱི། སྡུག་པའི་དངོས་པོ་ཐམས་ཅད་ལ་ཡང་མི་ལྟ་བར་སྤང་ངོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་སྡུག་པའི་དངོས་པོ་ཐམས་ཅད་ལ་མ་ལྟ་བར་ཡོངས་སུ་གཏོང་བ་ཞེས་གསུངས་སོ། །སྔར་བསྟན་པའི་དོན་ཉིད་ཆོས་ཀྱི་རྗེས་སུ་འབྲང་བའི་ཆེད་དུ་གཏན་ཚིགས་དང་ཕན་ཡོན་གྱི་བྱེ་བྲག་གིས། ཚིགས་སུ་བཅད་པ་རྣམས་ཀྱིས་ཡང་གསུངས་ཏེ། རྒྱལ་བས་བསྔགས་པའི་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པའོ། །དགོན་པར་གནས་པར་གྱིས་ཞེས་བྱ་བ་ནི་དམ་བཅའ་བའོ། །བཅོམ་ལྡན་འདས་ནི་ཉེས་པ་དང་བདུད་ཀྱི་དགྲ་ཐམས་ཅད་ལས་རྒྱལ་བས་ན་རྒྱལ་བའོ། །དེས་བསྔགས་པ་ནི་འདུ་འཛི་ལ་སོགས་པའི་ཉེས་པ་ཡོངས་སུ་སྤོང་བའི་ཕྱིར་དང༌། ཡོན་ཏན་སྐྱེ་བའི་རྒྱུའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་དབང་གིས་དཔེ་བརྟག་པར་བྱའོ། །བདག་ནི་དགོན་པ་ན་གནས་པའོ་སྙམ་པ་ལ་སོགས་པས་མངོན་པའི་ང་རྒྱལ་བྱེད་པས། དེ་ན་གནས་པས་གཞན་ལ་བརྙས་མི་བྱ། དེ་ལྟ་ན་དགོན་པ་དེ་རྒྱལ་བས་བསྔགས་པ་ཡིན་གྱི། དེ་ལྟ་མ་ཡིན་ན་ནི་དེ་རྒྱལ་བས་སྨད་པ་ཁོ་ན་ཡིན་ནོ། །འདི་ལྟར། རྒྱལ་བས་བསྔགས་པའི་དགོན་པར་གནས་པར་གྱིས། །ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ན་གནས་པས་གཞན་ལ་བརྙས་མི་བྱ་བ་ནི་དམ་བཅའ་བའོ། །ཟབ་མོའི་ཆོས་ཞེས་བྱ་བ་ནི་རྒྱལ་བས་བསྔགས་པ་ཞེས་བྱ་བར་སྦྱར་ཏེ། རྒྱལ་བས་བསྔགས་པ་ཉིད་ནི་ཇི་སྐད་དུ་བསྟན་པའི་ཆོས་ཟབ་མོ་ལ་བཟོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ལོག་པར་ལྟ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ན་ཆོས་ཟབ་མོ་ལ་བཟོད་པ་ལ་འདུན་པ་བསྐྱེད་པ་


DTG073_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམ་བཅའ་བའོ། །བདེ་བར་གཤེགས་པས་བསྔགས་པ་ནི་གཏན་ཚིགས་སོ། །ཟབ་མོ་ལ་བཟོད་པ་དེ་ལ་འདུན་པ་བསྐྱེད་ནས་ཅི་ཞིག་བྱ་ཞེ་ན། བག་ཡོད་མགོ་ལ་འབར་བཞིན་གནས་པར་གྱིས། །ཞེས་གསུངས་པ་སྟེ། མགོ་ལ་འབར་བ་བཞིན་ཞེས་སྨོས་པ་ནི་འབད་པ་དང་ལྡན་པ་ཉེ་བར་མཚོན་པའི་ཕྱིར་ཏེ། དཔེར་ན་མགོ་ལ་མེ་འབར་ན་འབད་པ་ཆེན་པོས་མགོ་ལས་མེ་སེལ་བ་དེ་བཞིན་དུ་འབད་པ་དང་ལྡན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བག་ཡོད་ཅེས་བྱ་བ་འདིས་ནི་འདི་སྟོན་པར་བྱེད་དོ། །ཆགས་པ་དང༌། ཞེས་སྡང་དང༌། གཏི་མུག་དང༌། ལེ་ལོ་རྣམས་སྤངས་ཏེ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང་ལྡན་པར་གནས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། ཆོས་བཞི་པོ་འདི་དག་ལ་བག་ཡོད་པ་ཞེས་མིང་དུ་འདོགས་པའི་ཕྱིར་རོ། །འདི་ལྟར་ཚུལ་འཆོས་བྱེད་ཀྱི་གཞི་ཡིན་པ། །ཞེས་བྱ་བ་ནི་གཏན་ཚིགས་སོ། །ཤེས་ཁེ་རྙེད་པ་རྣམས་ལ་གནས་མ་བྱེད། །ཅེས་བྱ་བ་ནི་དམ་བཅའ་བ་སྟེ། རྙེད་པ་སྨོས་པས་ནི་རྫས་དང་བཀུར་སྟི་དང༌། ཚིགས་སུ་བཅད་པ་དང༌། འཚོ་བ་ལོག་པ་ལ་སོགས་པའི་རྙེད་པ་བསྡུའོ། །ཚུལ་འཆོས་པ་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཏེ། ཁ་གསག་ལ་སོགས་པ་ཡང་བསྡུའོ། །གནས་པ་ནི་ལྷག་པར་ཆགས་པའོ། །འོ་ན་ཇི་ལྟར་འཚོ་བར་བྱ་ཞེ་ན། ངན་ངོན་དག་གིས་ཆོག་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། རྩྭ་དང༌། ལོ་མ་དང༌། ཆུ་ལ་སོགས་པ་ཅི་ཡང་རུང་ཅི་རྙེད་པས་ཆོག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུས་ཇི་ལྟར་འཚོ་བར་ནུས་ཤེ་ན། བྱ་དང་འདྲ་བར་ཞེས་གསུངས་སོ། །དེ་ལྟ་བུའི་བརྟུལ་ཞུགས་དྲག་པོས་ཡོན་ཏན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། མིར་གྱུར་པ་ཡི་འབྲས་བུ་ཡོད་པར་བྱོས། །ཞེས་གསུངས་པ་སྟེ། དེས་ནི་ཕན་ཡོན་བསྟན་ཏོ། །ཕན་པ་རྙེད་པ་དང༌། གནོད་པ་སྤངས་པས་མིར་གྱུར་པའི་འབྲས་བུ་ཡོད་པར་བྱ་བའི་ཕྱིར། ཀྱེ་མ་སངས་རྒྱས་བསྟན་པ་ལེགས་པར་རྙེད། །ཅེས་གསུངས་ཏེ། དེས་ནི་ཕན་པ་རྙེད་པར་བསྟན་ཏོ། །སྡུག་བསྔལ་མང་པོའི་རྩ་བ་ཁྱིམ་ཡང་སྤོངས། །ཞེས་བྱ་བ་འདིས་ནི་གནོད་པ་སྤང་པར་བསྟན་ཏོ། །ཀྱེ་མ་ཞེས་བྱ་བ་འདི་ཡ་མཚན་ལ་བྱ་སྟེ། ལེགས་པར་རྙེད་ཅེས་བྱ་བ་དེ་དང་སྦྱར་


DTG073_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། འཁོར་བ་ན་འདྲིས་པ་མ་ཡིན་པའི་ཆོས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་རྙེད་པ་ནི་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར། ཀྱེ་མ་ལེགས་པར་རྙེད་དོ་ཞེས་གསུངས་སོ། །ཐོག་མ་མེད་པའི་འཁོར་བ་ནས་བསྐྱེད་པའི་ཆགས་པ་སྤང་བར་དཀའ་བའི་ཕྱིར་ཡང༌། ཀྱེ་མ་སྤངས་སོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་བསྟན་པ་འདི་རབ་ཏུ་འབྱུང་བའོ། །ལེགས་པར་རྙེད་པ་ནི་མཛེས་པར་རྙེད་པ་སྟེ། །ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་དང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པར་འདྲེན་པའི་ཕྱིར་དང༌། འཁོར་བ་ན་འདྲིས་པ་མ་ཡིན་པའི་ཕྱིར་རོ། །ཡང་ན་ཕྱིར་མི་ལྡོག་པ་རྙེད་པ་ནི་ལེགས་པར་རྙེད་པ་སྟེ། ཚེ་རབས་གཞན་དུ་ཡང་ཕྱིར་མི་བཟློག་པའི་ཕྱིར་ཏེ། མྱ་ངན་ལས་འདས་པ་ལ་གཞོལ་བའི་ཕྱིར་རོ། །ཡང་ན་ཤིན་ཏུ་ཡོངས་སུ་རྫོགས་པར་རྙེད་པས་ན་ལེགས་པར་རྙེད་པ་སྟེ། འདོད་པ་ལ་ཀུན་ཏུ་རྟོག་པ་ལ་སོགས་པས་ཉམས་པར་མ་བྱས་པའི་ཕྱིར་རོ། །སྡུག་བསྔལ་མང་པོའི་རྩ་བ་ནི། བསྒྲུབ་པ་དང༌། བསྲུང་བ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་ལ་སོགས་པའི་སྡུག་བསྔལ་གྱི་རྩབ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་བསྟན་པ་ལེགས་པར་རྙེད་པའི་རྒྱུ་ནི་ཁྱིམ་སྤངས་པའོ། །ཁྱིམ་པའི་ཚིག་ནི་དགོན་པ་ན་གནས་པ་ཉེ་བར་མཚོན་པའི་དོན་ཏེ། གཙུག་ལག་ཁང་ལ་སོགས་པ་ན་ཡང་ཁྱིམ་གྱི་ཉེས་པ་སྲིད་པའི་ཕྱིར་རོ། །ཁྱིམ་སྤང་པའི་རྒྱུ་ནི་སྡུག་བསྔལ་མང་པོའི་རྩ་བ་ཉིད་དོ། །གང་གི་ཕྱིར་སངས་རྒྱས་ཀྱི་བསྟན་པར་ལེགས་པར་རྙེད་པ་དང༌། སྡུག་བསྔལ་མང་པོའི་རྩ་བ་ཁྱིམ་སྤངས་པ་དེའི་ཕྱིར། ལུས་དང་ངག་དང་ཡིད་ཀྱང་ཡོངས་དག་པས། །ཁྱེད་སངས་རྒྱས་དང་ནི་ཆོས་ལ་གུས་པར་གྱིས། །ངག་དག་པ་ནི་ངག་གི་ལས་དགེ་བ་རྣམ་པ་བཞིའོ། །ལུས་དག་པ་ནི་ལུས་ཀྱི་ལས་དག་པ་རྣམ་པ་གསུམ་མོ། །ཡིད་དག་པ་ནི་བརྣབ་སེམས་མེད་པ་ལ་སོགས་པ་ཡིད་ཀྱི་ལས་རྣམ་པ་གསུམ་པོ་ཉིད་དོ། །འདིས་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་གནས་པ་བསྟན་ཏོ། །སངས་རྒྱས་ལ་གུས་པར་བྱ་བ་ནི་ལམ་བཟང་པོ་སྟོན་པས་མཆོག་ཏུ་ཕན་འདོགས་པའི་ཕྱིར་རོ། །ཆོས་ལ་གུས་པར་བྱ་བ་ནི་མྱ་ངན་ལས་འདས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འཐོབ་


DTG073_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཕྱིར་རོ། །ཡང་ན་སངས་རྒྱས་དང་ཆོས་ལ་གུས་པར་བྱ་བ་ནི། ནན་ཏན་གྱིས་བསྒྲུབ་པའི་ཕྱིར་ཏེ། སངས་རྒྱས་བླ་མར་གྱིས་ཤིག །ཆོས་བླ་མར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་ཕན་པ་རྙེད་པ་ལ་སོགས་པས་མིར་གྱུར་པ་འབྲས་བུ་ཡོད་པར་བྱེད་པས། རྙེད་པའི་ཉེས་དམིགས་བསྟན་པས་རྫས་ལ་སོགས་པའི་རྙེད་པ་གཞན་སྤངས་པར་བྱའོ་ཞེས་བརྗོད་པའི་ཕྱིར། རྙེད་འདོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་འདོད་པ་ནི་དྲན་པ་ལ་སོགས་པ་མེད་པར་འགྱུར་བ་རེ་རེའི་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟར་རྙེད་པ་འདོད་པས་སེམས་གཡེངས་ནས་ཕན་ཚུན་འགྲོ་བ་ལ་ནི་དྲན་པ་ལ་སོགས་པ་མེད་པར་འགྱུར་ཞིང་བྱང་ཆུབ་ཀྱང་རིང་བར་འགྱུར་རོ། །དྲན་པ་ལ་སོགས་པ་མེད་པ་ཡང་རེ་རེ་ནས་རྙེད་པ་ཡོངས་སུ་སྤང་བའི་རྒྱུ་ཡིན་ནོ། །ཡང་ན་རྙེད་པ་འདོད་པ་ནི་དྲན་པ་མེད་པ་ཁོ་ནའི་རྒྱུའོ། །དེ་ཡང་ཤེས་རབ་མེད་པའི་རྒྱུ་ཡིན་ཏེ། དེ་བཞིན་དུ་སྔ་མ་སྔ་མ་མེད་པ་ནི་ཕྱི་མ་ཕྱི་མ་མེད་པའི་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་རིང་བར་འགྱུར་བ་རྙེད་པ་ཡོངས་སུ་སྤང་བའི་རྒྱུ་ཡིན་པའི་བར་དུའོ། །ཡང་ན་རྣམ་པ་གཞན་ཡང་རྙེད་པ་འདོད་པ་ནི་དྲན་པ་མེད་པའི་རྒྱུའོ། །དེ་གཉིས་ཀྱང་ཤེས་རབ་མེད་པའི་རྒྱུ་སྟེ། དེ་བཞིན་དུ་གོང་ནས་གོང་དུ་ལྔའི་བར་གྱིས་བསྐྱེད་པ་ནི་བྱང་ཆུབ་ལས་རིང་བའི་རྒྱུ་ཡིན་ནོ། །ཉེས་དམིགས་རབ་འབྱམས་འདི་ཐམས་ཅད་ཀྱི་རྩ་བ་ནི་རྙེད་པ་འདོད་པ་ཡིན་པས། དེ་ལྟས་རྙེད་པ་ཡོངས་སུ་སྤང་བར་བྱ། །ཞེས་གསུངས་སོ། །དེ་ནི་གང་བསྒོམ་པ་དང༌། གང་བྱ་བ་ཞེས་བསྟན་པ་གང་ཡིན་པ་དེ་བཤད་པར་བྱ་སྟེ། དོན་གཅིག་རྟོགས་ནས་ཀུན་ཤེས་ན། །བརྒྱད་ཅེས་བྱ་བས་ཅི་ཞིག་བྱ། །ཡི་གེ་སོ་སོའི་དོན་ཤེས་ན། །འདི་ཡང་ཧ་ཅང་ཉུངས་པ་ཡིན། །རྣལ་འབྱོར་པས་ཞེས་བྱ་བ་འམ། གཞན་ཡང་རུང་སྟེ། ཡི་གེ་གཅིག་གི་དོན་ཁོང་དུ་ཆུད་པས་ཐམས་ཅད་རྟོགས་ན་ཅིའི་ཕྱིར་ཡི་གེ་འབྲུ་བརྒྱད་ཅེས་བསྟན། འོན་ཏེ་ཡི་གེ་སོ་སོའི་དོན་ཤེས་པར་བསྒྲུབ་པ་ཡིན་ན་ནི། །དེ་ལྟར་ན་འཇིག་རྟེན་ན་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཆེས་མང་པོ་ཞིག་ཡོད་པས། ཡི་གེ་འབྲུ་བརྒྱད་ཅེས་བྱ་བ་འདི་ཡང་ཧ་ཅང་ཉུངས་སོ་ཞེ་ན། ཉེས་པ་མེད་པ་དེ་འདི་ལྟར། བསྟན་བྱ་


DTG073_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཉེས་པ་ཡི། །ངོ་བོ་དེ་ཉིད་རྣམ་གསུམ་བསྟན། །བསྟན་པར་བྱ་བ་ནི་ཆོས་ཐམས་ཅད་དོ། །སྟོན་པ་པོ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ། །ཉན་པ་ནི་གདུལ་བྱའི་སྐྱེ་བོ་སྟེ། དེ་ཡང་བྱིས་པ་དང༌། མཁས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་དག་གི་ངོ་བོའི་དེ་ཁོ་ན་ནི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་དེ། དེ་ཡང་རྒྱུ་ལས་རྣམ་གསུམ་དུ་བསྟན་ཏེ། རྒྱུ་དེ་ཡང་གང་ཞེ་ན། རྣམ་པར་རྟོག་པ་རྣམ་པ་གསུམ་སྤོང་བ་སྟེ། རྣམ་པར་རྟོག་པ་རྣམ་པ་གསུམ་ནི་བསྟན་པར་བྱ་བ་དང༌། སྟོན་པ་པོ་དང༌། ཉན་པ་པོར་རྣམ་པར་རྟོག་པ་སྟེ། དེ་སྤངས་ན་སངས་རྒྱས་རྗེས་སུ་དྲན་པ་རྟོགས་པ་མེད་པའི་ཕྱིར་རོ། །བསྟན་བྱ་གང་ཡིན་དེ། རྣམ་གཉིས་འཇིག་རྟེན་འདི་ན་འདྲིས་པ་དང༌། མ་འདྲིས་པ་ཐ་དད་པའི་ཕྱིར་རོ། །ཅིའི་ཕྱིར་བསྟན་པར་བྱ་བ་དེ་རྣམ་པ་གཉིས་སུ་མཛད་ཅེ་ན། རྒྱུ་ལས་མཛད་དེ། རྒྱུ་དེ་ཡང་གང་ཞེ་ན། མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པའི་ཆོས་གཟུངས་ལ་སོགས་པ་རྣམས་ཀྱང་ངོ་བོ་ཉིད་མེད་པ་ཡིན་ན། སྐྱེ་བ་ལ་སོགས་པ་གཞན་ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར། བསྟན་པར་བྱ་བ་ཉིད་དབྱེ་བར་མཛད་དེ་ཁྱབ་པའི་ཕྱིར་རོ། །འཇིག་རྟེན་ན་འདྲིས་པའི་བསྟན་པར་བྱ་བ་ཡང༌། མཚན་ཉིད་དང་མཚན་གཞིའི་བྱེ་བྲག་གི་རྣམ་པ་གཉིས་ཏེ་རྒྱུ་ལས་སོ། །རྒྱུ་དེ་ཡང་གང་ཞེ་ན། གང་ལ་མཚན་ཉིད་ཡོད་པ་དང་རྒྱུས་བསྐྱེད་པའི་ངོ་བོ་དེ་ཇི་ལྟར་མེད་སྙམ་དུ་རྟོག་པ་སྤང་པའི་ཕྱིར་རོ། །རྣམ་པར་སྨིན་པ་སྨོས་པས་ནི་བདག་པོའི་འབྲས་བུ་ཡང་མཚོན་ཏེ། དེ་ཡང་སྨིན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ནམ་འདྲིས་པའི་བསྟན་པར་བྱ་བ་ཡང༌། ལམ་དང་ལམ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། རྒྱུ་ལས་མཛད་དོ། །རྒྱུ་དེ་ཡང་གང་ཞེ་ན། ཆོས་དེ་གཉི་ག་ཡང་རྣམ་པར་རྟོག་པ་སྤང་བར་འགྱུར་ཏེ། དེ་དག་ཇི་ལྟར་མེད་སྙམ་དུ་རྣམ་པར་རྟོག་པ་དེ་སྤང་བའི་ཕྱིར་རོ། །ཡང་ཐམས་ཅད་རྣམ་པ་གཅིག་ཏུ་མཛད་དེ་རྒྱུ་ལས་སོ། །རྒྱུ་དེ་ཡང་གང་ཞེ་ན། བསྟན་པར་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་སྤོང་བ་སྟེ། དེ་ནི་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་བསྟན་ཏོ། །ཡང་ན། ཡི་གེ་འབྲུ་བརྒྱད་འདི་དག་ནི། །བྱང་ཆུབ་སེམས་དཔའ་མཁས་ལྡན་པ། །


DTG073_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་དག་གི་ཏིང་འཛིན་རྣམས། །སྨོས་པ་ཡིན་པར་ཐུབ་པས་གསུངས། །དེ་ཡི་དོན་ནི་བསྒོམས་པ་ལ། །དེ་ཀུན་མངོན་དུ་ཕྱོགས་པར་གནས། །གཟུངས་ནི་ཐོབ་པར་བྱ་བའི་ཕྱིར། །ཀུན་དུ་བརྩོན་པར་རབ་ཏུ་བྱེད། །ཡི་གེ་འབྲུ་བརྒྱད་པོ་འདི་དག་ནི་རྣམ་པར་སྣང་བྱེད་ལ་སོགས་པ་འོག་ནས་འབྱུང་བ་བྱང་ཆུབ་སེམས་དཔའ་བརྒྱད་པོ་དག་གིས་ཏིང་ངེ་འཛིན་གང་དག་ཡིན་པའི་ཏིང་ངེ་འཛིན་དེ་དག་སྨོས་པར་བྱེད་པ་ཡིན་པར་གོ་རིམས་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡི་གེ་དེ་དག་ཏིང་ངེ་འཛིན་གྱི་དོན་བསྒོམས་པ་ལ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་རོ། །དེ་ནས་མངོན་དུ་ཕྱོགས་པར་གྱུར་ནས་སྒོམ་པ་དེ་གཟུངས་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དེ། འདི་ལྟར་འོག་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་དེས་གཟུངས་ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་འགྱུར་རོ་ཞེས་འབྱུང་སྟེ། དེ་ལྟ་བས་ན་ཡི་གེ་འབྲུ་བརྒྱད་པོ་འདི་དག་གསུངས་ཏེ། ཉུང་དུ་ཡང་མ་གསུངས་ལ། དགོས་པ་མེད་པའི་ཕྱིར་ལྷག་པར་ཡང་མ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །སངས་རྒྱས་རྣམས་དང་གནོད་སྦྱིན་རྣམས། །རིམ་བཞིན་དགོད་པའི་དཀྱིལ་འཁོར་འདི