Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག།  ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག། ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ།next

ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག།
ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ།


DTG073_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་བི་དྷི་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སྔགས་པ་མཚན་ཉིད་ལྡན་པ་ཡིས། །སྒྲུབ་པའི་གནས་རབ་ཉེར་བཟུང་ནས། །ས་ཡི་སྟེགས་བུ་ཆག་ཆག་གདབ། །འཐས་པར་བཅགས་ཏེ་སྤོས་ཀྱིས་བྱུག །ཐིག་གདབ་ཚོན་གྱིས་དཀྱིལ་འཁོར་བྲི། །འདབ་བརྒྱད་སྒོ་ལ་སོགས་པས་བརྒྱན། །བུམ་པ་དགུ་འམ་གཉིས་ལ་སོགས། །ཚད་ལྡན་ཕྱི་ནང་བཅུད་ཀྱིས་བརྒྱན། །སྟེང་དུ་རྒྱལ་མཚན་གདུགས་ཀྱིས་བརྒྱན། །མཆོད་པ་རྣམ་པ་ལྔས་བརྒྱན་ཏེ། །ཁྱད་པར་ཤར་དུ་འོམ་ཡིས། །གཏོར་མ་བྱས་ཏེ་ལྷོ་ཕྱོགས་སུ། །ཉ་ཤའི་གཏོར་མ་དབུལ་བར་བྱ། །ནུབ་ཏུ་ཁྲག་ལ་བྱང་དུ་ཆང༌། །བྱིན་གྱིས་བརླབས་ཏེ་གཞག་པར་བྱ། །ལྷོ་དང་བྱང་དུ་སྟེགས་བུ་ལ། །ཚེ་དཔག་མེད་པའི་མདོ་གཉིས་བཞུགས། །དེ་ནས་རྣལ་འབྱོར་ཁྲུས་བྱས་ཏེ། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །བླ་མ་སངས་རྒྱས་མདུན་བྱས་ལ། །ཕྱག་


DTG073_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་སྐྱབས་འགྲོ་སྡིག་བཤགས་བྱ། །བསྡོ་དང་ཚད་མེད་བཞི་བསྒོམས་ལ། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །དེ་ནས་སྣང་བ་བྷྲཱུཾ་བསམས་ཏེ། །གྱུར་པས་གཞལ་ཡས་ཁང་བསམ་བྱ། །དེ་ནས་པདྨའི་སྟེང་དག་ཏུ། །ཡི་གེ་ཧྲཱིཿ་ལས་བྱུང་བ་ཡི། །སངས་རྒྱས་ཚེ་དཔག་མེད་པ་ནི། །སྐུ་མདོག་དམར་པོ་ཞི་བའི་ཞལ། །མཉམ་བཞག་ཕྱག་ན་བུམ་པས་མཚན། །བདག་ཉིད་ལྷ་དེར་བསྐྱེད་པར་བྱ། །ཡེ་ཤེས་བསྟིམས་ལ་དབང་བྱིན་བརླབས། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ཏེ། །སེམས་ཅན་སངས་རྒྱས་ཀུན་སྦྱང་བྱ། །དེ་ནས་ཟླ་སྟེང་ཧྲཱིཿ་དམར་ལས། །གསང་སྔགས་འདི་ཡིས་བསྐོར་བར་བསམ། །ཨོཾ་ན་མོ་བྷྲཱུཾ་ཨཱ་ཡུརྫྙཱ་ན་ཧྲཱིཿཨ་རོ་ལྀ་ཀ་ཧཱུཾ་ཧྲཱིཿ། ཞེས་དཀར་པོར་བསམ་པར་བྱ། །ཡང་ན་གཟུངས་ཀྱི་སྔགས་རིངས་བསམ། །དེ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ། །སྟོང་པའི་ངང་ལས་བྷྲཱུཾ་བསམས་ཏེ། །དེ་ནས་གཞལ་ཡས་ཁང་པ་བསམ། །དེ་ནས་པདྨ་ཉི་མའི་སྟེང༌། །སངས་རྒྱས་ཚེ་དཔག་མེད་པ་བསམ། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ནུབ་ཏུ་པདྨ་ཚེ་དཔག་མེད། །ལྷོ་ན་རིན་ཆེན་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །བྱང་ཤར་ཀུན་གཟིགས་ཚེ་དཔག་མེད། །ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། །ལྷོ་ནུབ་ཡེ་ཤེས་ཚེ་དཔག་མེད། །ནུབ་བྱང་མི་གཡོ་ཚེ་དཔག་མེད། །ཐམས་ཅད་ཁ་དོག་དམར་བ་ལ། །ཞི་ཞལ་མཉམ་པར་བཞག་པའི་ཕྱག །བུམ་པས་མཚན་ཏེ་བསམ་པར་བྱ། །ཡེ་ཤེས་བསྟིམས་ལ་དབང་བྱིན་བརླབས། །དེ་ནས་བུམ་པ་གཞལ་ཡས་ཁང༌། །ལྷག་པའི་ཚེ་དཔག་མེད་པ་བསམ། །སྙིང་གར་སྔགས་རིངས་བཀོད་ལ་བཟླས། །ཡང་ནི་སྙིང་པོ་བཀོད་ལ་བཟླས། །དེ་ནས་ཁམ་ཕོར་གསར་པའི་ནང༌། །ནད་པ་ལ་སོགས་ལུས་བཀྲུས་ཏེ། །ཆུ་ཡིས་བཀང་སྟེ་ཤར་དུ་གཞག །དེ་ལ་ཁྲོ་བོའི་སྔགས་བཟླས་ལ། །ཚ་ཚ་རྙིང་པས་ནག་དང༌། བསྲེས་ལ་འཆི་བདག་ཆེན་པོའི་གཟུགས། །ཁྲུ་གང་ལ་སོགས་ཚད་ལྡན་བྱ། །དེ་ནི་ཁ་བུབ་སྟེང་དུ་ནི། །བལ་དང་རས་སམ་དར་ནག་དགབ། །ལྷོ་ཡི་ཕྱོགས་སུ་བསྟན་ལ་བཞག །དེ་དང་ཉེ་བར་དར་དམར་ལ། །གཟུངས་ཀྱི་ཚིག་རྣམས་བྲི་བའམ། །ཡང་ན་ཁྲོ་བོའི་སྔགས་བྲིས་གཟུགས། །བྱང་དུ་ནད་པའི་གོས་


DTG073_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ། །བལ་ཚོན་སྣ་ལྔའི་སྲད་བུས་དཀྲིས། །ཀུ་ཤའི་སྟེང་དུ་གཞག་བར་བྱ། །དེ་ནས་སློབ་དཔོན་བསྲུང་བྱ་སྟེ། །མཆོད་དང་གཏོར་མ་དབུལ་བར་བྱ། །སློབ་དཔོན་བསྙེན་པ་ལ་ཞུགས་ནས། །ཕྲེང་བ་འཁོར་ཚུལ་བཟླས་པ་བརྩམ། །བསྒྲུབ་བྱ་བུམ་པའི་ནང་དུ་བསམ། །སློབ་མ་གཅིག་གིས་ལྷོར་འདུག་ལ། །ཚེ་དཔག་མེད་པའི་གཟུངས་བཀླག་ཅིང༌། །ཚར་རེ་ཞིང་ཡང་མེ་ཏོག་ནི། །ནག་པོ་འཆི་བདག་སྟེང་དུ་དོར། །དེ་ལྟར་བརྒྱའམ་ཉི་ཤུ་སོགས། །རྒྱས་བསྡུས་ཅི་རིགས་སྦྱར་བར་བྱ། །གཅིག་གིས་བྱང་དུ་སྙིང་པོ་བཀླག །ཚར་རེ་ཞིང་ནི་ཚོན་སྐུད་ལ། །ཉ་ཡི་བདུག་སྤོས་རེ་རེ་དབུལ། །དེ་ཡི་གྲངས་ཀྱང་གོང་དང་འདྲ། །དེ་ནས་སློབ་དཔོན་གཏོར་མ་ཀུན། །སྤྱི་གཞུང་དག་གིས་བྱིན་བརླབས་ནས། །རང་རང་གནས་སུ་དབུལ་བར་བྱ། །དེ་རྗེས་ནད་པ་མདུན་བྱས་ཏེ། །འབྲང་རྒྱས་ཕྱེད་ལ་མར་བྱུགས་ཏེ། །དཔལ་ཕྲེང་ལྔ་ཡི་ཕུད་གཟུགས་བྱ། །མར་མེ་གཏམས་ལ་འཆི་བདག་དང༌། །ལྷོ་ཕྱོགས་དག་ཏུ་དོར་བར་བྱ། །ཆུ་དང་འོ་མ་བསྲེས་པའི་ནང༌། །ཚོན་སྐུད་ནད་པ་ལ་དཀྲིས་ཏེ། །སྙིང་པོའི་སྔགས་ཀྱིས་མཚོན་གྱིས་ནི། །བཅད་ལ་བྱང་གི་ཕྱོགས་སུ་དོར། །དེ་ནས་སློབ་དཔོན་ཁྲུས་བྱས་ལ། །སྟན་བཟང་དག་ལ་ཉེར་འདུག་སྟེ། །བུམ་པ་རིམ་པས་དབང་བསྐུར་བྱ། །ཨོཾ་བཻ་རོ་ཙ་ན་ཨཱ་ཡུ་རྫྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྫ་ཧཱུཾ། དབུས་ཀྱི་གཙོ་བོའི་དབང་བསྐུར་བས། །སྡིག་སྒྲིབ་དག་སྟེ་ཚེ་འཕེལ་བསམ། །ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ནས། །བསྐལ་པ་སྟོང་དུ་ཚེ་འཕེལ་ཏེ། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཅེས་བྱ་ཡང་ན་གཟུངས་ཀྱི་ནི། །ཕར་ཕྱིན་དྲུག་གི་ཚིགས་བཅད་བརྗོད། །ཤར་ལ་སོགས་པའི་རིམ་པ་ཡིས། །རྡོ་རྗེ་ལ་སོགས་མིང་བསྒྱུར་ཏེ། །བུམ་པ་ལྔ་ཡིས་དབང་བསྐུར་བྱ། །མཚམས་ཀྱི་བུམ་པ་ཀུན་གྱི་ཆུ། །ལས་བུམ་ནང་དུ་བསྡུ་བྱ་སྟེ། །ནད་པ་ལ་སོགས་བཀྲུ་བར་བྱ། །དེ་ནས་ཆུ་དེ་མ་བོ་བར། །ཆུ་བོ་ཆེ་འམ་ལྟེང་ཀ་མཚོ། །ཆུ་ཆེན་རྣམས་ལ་དོར་གྱུར་ན། །ངེས་པར་འཆི་ལས་བཟློག་པ་ཡིན། །དེ་རྗེས་སློབ་མས་བླ་མ་ལ། །ཡོན་དབུལ་སྡོམ་པ་ཁས་བླངས་ཏེ། །བླ་མས་སློབ་མའི་སྤྱི་བོར་ནི། །རྡོ་རྗེ་ངེས་གཟུང་ཚིག་འདི་བརྗོད། །ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པ་སྤང་


DTG073_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས། །འཆི་བདག་ཆེན་པོ་ངས་བཅོམ་བས། །བུ་ཁྱོད་ཚེ་ཡི་དངོས་གྲུབ་བརྙེས། །དེ་སྐང་བྱ་སྟེ་སློབ་མ་ནི། །ཐ་མལ་ལུས་སུ་བསམས་བ་ལ། །སྙིང་གི་པདྨའི་རྩ་བ་ལ། །དབུ་མར་རྣམ་སྣང་ཚེ་དཔག་མེད། །ཕྱོགས་བཞིར་རིགས་བཞི་བསམ་བྱ་སྟེ། །སྤྱི་བོར་ཡེ་ཤེས་ཚེ་དཔག་མེད། བསམས་པས་བདག་གི་ཐུགས་ཀ་ནས། །བསྐུལ་བས་བདུད་རྩི་ཆུ་རྒྱུན་དབབ། །རིགས་ལྔ་སྤྱི་བོར་སླེབས་གྱུར་ཏེ། །ཐམས་ཅད་བདུད་རྩིར་ཞུ་གྱུར་ནས། །ལུས་ནང་ཐམས་ཅད་ཁྱབ་པར་བསམ། །ཚེ་དཔག་མེད་བའི་གཟུངས་ཀྱང་འདོན། །དེ་ལྟར་ལན་གཉིས་ལན་གསུམ་བྱ།། དེ་ནས་མཆོད་པ་གཤེགས་པར་བྱ། །མཇུག་ཏུ་ཚ་ཚ་ཅུང་ཟད་གདབ། །ས་ཚོན་ལ་སོགས་ཆུར་དོར་ཏེ། །ཉེ་བར་འཁོར་བས་འཆི་བདག་གཞོམ། །ཚེ་དཔག་མེད་པའི་གཟུངས་ཀྱང་འདོན། །སློབ་དཔོན་ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས། བྲམ་ཟེ་ནམ་ཁའི་དབྱིངས་ཀྱི་བུའི་ཆེད་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་མཉྫུ་དང༌། ལོ་ཙཱ་བ་ལྕེ་དགའ་བའི་དཔལ་གྱིས་བསྒྱུར་བའོ།། །།


previousཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག། ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ།next