Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས། འོད་ཟེར་འབྱུང་གནས་གྲགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས།འོད་ཟེར་འབྱུང་གནས་གྲགས་པ།next

ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས།
འོད་ཟེར་འབྱུང་གནས་གྲགས་པ།


DTG074_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། །བོད་སྐད་དུ། ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས། །ཁྲོ་ཆེན་གཏུམ་པོ་ལ་ཕྱག་འཚལ་ལོ། །ཡི་དང་རྗེས་སུ་མཐུན་པའི་གནས་གང་ཡང་རུང་བར་བདེ་བའི་སྟན་ལ་འདུག་ཅིང༌། རང་གི་སྙིང་


DTG074_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གར་པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུ༵་ནག་པོ་རྣམ་པར་བསམས་ཏེ། དེའི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་སུ་བླ་མ་དང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་འཆད་པར་འགྱུར་བའི་ཁྲོ་ཆེན་གཏུམ་པོ་འགུགས་ཤིང་ཡང་དག་བར་མཆོད་ཅིང། སྡིག་པ་བཤགས་པ་དང༌། ཕྱིས་མི་བྱེད་པར་སྡོམ་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བདག་དབུལ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ཚངས་པའི་གནས་བཞི་བསྒོམས་ལ། འགྲོ་བ་དངོས་མེད་ཀྱི་རང་བཞིན་གཟུང་བ་དང༌། འཛིན་པ་རྣམ་པར་གྲོལ་བ། སྒྱུ་མ་དང༌། རྨི་ལམ་ལྟ་བུར་རྟོགས་ཤིང་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེའི་རྗེས་ལ་ནམ་མཁའ་དྲི་མ་མེད་པའི་ཕྱོགས་སུ་པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུ༵་ནག་པོ་ལས་སྐྱེས་ཤིང༌། །ཡུ་བ་ལ་ཧཱུ༵་གིས་མཚན་པའི་རལ་གྲི་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཚོགས་མ་ལུས་པ་བཀུག་ཅིང་རབ་ཏུ་ཞུགས་སོ། །དེ་ནས་ཧྰ༵་ལས་བྱུང་བ་བསྐལ་པ་དཔག་ཏུ་མེད་པའི་མེ་འབར་བའི་ཕྲེང་བ་ཅན། །བདུད་གདུལ་བར་དཀའ་བ་རྣམ་པར་འདུལ་བར་བྱེད་པ་སྤྲིན་སྔོན་པོ་ཆེན་པོ་ལྟ་བུའི་ལུས་ཅན་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེས་སྤྲས་པའི་ཅོད་པན་གྱི་གཙུག་ཕུད་ལྔས་གསལ་བར་བྱས་ལ། གཞོན་ནུ་མ་བསྡིགས་པ་རོལ་པར་གྱུར་པའི་མེ་ཏོག་ཀུན་ད་ལྟ་བུའི་ཡ་སོས་མ་མཆུ་མནན་པས་གདུག་པ་ལ་བསྡིགས་པ་དང༌། འཇིགས་སུ་རུང་བའི་གཟུགས་ཀྱི་དཔལ་དང་ལྡན་པ། ཁྲོ་གཉེར་དང་སོ་ཆེ་བར་མཐོང་བ་ལྟ་བུ། སྤྱན་གཉིས་ཀྱིས་ཅིག་ཅར་ས་བླ་དང༌། ས་འོག་འཇིགས་པར་བྱེད་པའི་སའི་དཀྱིལ་འཁོར་ལ་གཡས་པའི་པུས་མོས་མནན་པ། སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་གདན་ལ་འདུག་པའི་ཞབས་གཡོན་པས་བཞེངས་པར་འདོད་པ། ཕྱག་གཡས་པའི་དཀྱིལ་དུ་ཧཱུ༵་གིས་མཚན་པའི་རལ་གྲི་སྔོན་པོ་འབར་བ་བསྣམས་པ། གཡོན་པས་སྡིགས་མཛུབ་ཀྱིས་བསྡིགས་པར་བྱས་པའི་ཁྱབ་འཇུག་དང༌། འཕྲོག་བྱེད་དང༌།


DTG074_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྙིང་པོ་ལ་སོགས་པ་དང༌། ཉོན་མོངས་ཀྱི་ཚོགས་ཀྱི་དགྲ་དཔག་ཏུ་མེད་པ་འཁྲུགས་པ་བཅིངས་པ་ལ་རྡོ་རྗེས་མཚན་པའི་གསེར་གྱི་ཞགས་པ་བསྣམས་པ། འགྲོ་བའི་འདོད་པ་མཐའ་ཡས་པ་ཕུན་སུམ་ཚོགས་པ་སྦྱིན་པ་ལ་རོ་གཅིག་པ་དཔལ་ལྡན་ཁྲོ་ཆེན་གཏུམ་པོ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཁྲོ་ཆེན་རྒྱལ་པོ་མི་གཡོ་བའི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུ༵་ལས་བྱུང་ཞིང་དཀྱིལ་དུ་ཧཱུ༵་གིས་མཚན་པའི་རལ་གྲི་ཡོངས་སུ་གྱུར་པས་ཁྲོ་ཆེན་གཏུམ་པོ་གཉིས་པ་སྙིང་གི་ནང་ན་གནས་པ་བསམ་པར་བྱའོ། །ཡང་དེའི་སྙིང་གར་པདྨ་དང་ཉི་མ་ལ་གནས་ཤིང་ཧཱུ༵་ལས་སྐྱེས་པའི་རལ་གྲི་ནག་པོ་དཀྲོངས་པ་དཀྱིལ་དུ་ཧཱུ༵་གིས་མཚན་པ་བསྒོམ་མོ། །དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་དམ་ཚིག་སེམས་དཔའ་བཞིན་དུ་བལྟས་ལ། ཛཿཡིག་གིས་དགུག་ཅིང༌། ཞལ་བསིལ་བ་དང༌། བསང་གཏོར་ལ་སོགས་པ་ཕུལ་ནས། ཧཱུ༵་ཡིག་གིས་དེ་ཁོ་ནར་རབ་ཏུ་བཞུགས་ཏེ། བཾ་ཡིག་གིས་བཅིངས་ལ། ཧོཿཡིག་གིས་དགྱེས་པར་བྱའོ། །ཆུ་ལ་ཆུ་བཞིན་དུ་གཅིག་ཏུ་གྱུར་པའི་འདྲེན་པ་པོ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་སྤྱན་གཉིས་དང༌། སྙན་གཉིས་དང༌། ཤངས་གཉིས་དང༌། ཞལ་དང༌། དབུ་དང༌། ཐུགས་རྣམས་ལ་གོ་རིམས་ཇི་ལྟ་བར་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། བདག་མེད་མ་རྣམས་ཡན་ལག་དྲུག་ལ་བསྐྱེད་པར་བྱའོ། །སྙིང་ལ་གནས་པའི་ཧཱུ༵་ལས་སྤྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་ལྷ་མོའི་ཚོགས་བཀུག་ཅིང༌། བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་ཁྲུས་བྱ་སྟེ། སྤྱི་བོར་མི་བསྐྱོད་པ་བསྒོམས་ལ། ལྷ་མོ་རྣམས་ཀྱིས་གར་དང་རོལ་མོ་ལ་སོགས་པ་རྣམ་པ་སྣ་ཚོགས་དང༌། མཆོད་པ་ལ་སོགས་པ་སྣ་ཚོགས་ཀྱིས་དགྱེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གཞན་དོན་ལ་བརྩོན་པ་པོ་སེམས་ཅན་ཐམས་ཅད་ཆགས་སྡང་དང༌། གཏི་མུག་ལ་སོགས་པ་དང༌། ཁྱབ་འཇུག་དང༌། འཕྲོག་བྱེད་དང༌། གསེར་གྱི་སྙིང་པོ་དང༌། འདོད་ལྷ་ལ་སོགས་པ་དང༌། གཏི་མུག་ཆེན་པོ་དང༌། ཆགས་པའི་དྲ་བས་ཀྱང་མ་རིག་པའི་མུན་པས་སྲིད་པའི་འཁོར་


DTG074_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལ་འཁོར་དུ་འཇུག་པ་དེ་དག་བལྟ་བར་བྱའོ། །དེ་ནས་སྙིང་ལ་གནས་པའི་སྔགས་ལས་སྤྲོས་པའི་ཁྲོ་ཆེན་རྒྱལ་པོ་རྣམས་ཀྱིས་བདུད་ཀྱི་ཚོགས་དཔག་ཏུ་མེད་པ་འཁོར་དང་བཅས་པ། གཅེར་བུ་སྐྲ་གྲོལ་བ། དུ་བར་གྱུར་པ། སྐྱབས་མེད་པ། རྡོ་རྗེའི་ཞགས་པས་བཅིངས་ཤིང་བཀུག་སྟེ་བསྡུས་ནས་ཕྱེ་མར་བྱས་ལ། རལ་གྲི་རྣོན་པོས་དུམ་བུར་བཅས་ལ། བྱམས་པའི་སེམས་ཀྱིས་ཡང་སྤྲུལ་ནས་ཆོས་ལ་དགོད་པའི་ཆེད་དུ་རང་གི་རྐང་པའི་ཕྱོགས་སུ་བཞག་ལ། བསྒོ་བ་ལས་ངལ་བར་གྱུར་ན་སྨིན་མཚམས་ཀྱི་བར་དུ་སེམས་བཞག་ལ་སྔགས་བཟླས་པར་བྱའོ། །སྣ་ཚོགས་གཅིག་ཏུ་གྱུར་པའི་སྐུ་ཅན་ཁྲོ་ཆེན་གཏུམ་པོ་སྔོན་པོའི་སྔགས་བཟླས་པ་ཙམ་གྱིས། གདུལ་དཀའ་འདུལ་བ་དང༌། འགྲོ་བ་དབང་དུ་འགྱུར་བ་དང༌། ཞི་བ་དང༌། བསྲུང་བ་དང༌། འཕེལ་བ་དང༌། དགྱེས་པ་དང༌། རྒྱས་པ་དང༌། དེ་བཞིན་དུ་བསྐྲད་པ་དང༌། འགུགས་པ་དང། གསོད་པ་དང༌། བསྡིགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས། སློབ་དཔོན་པྲ་བྷཱ་ཀ་ར་ཀཱི་རྟིས་མཛད་པ་རྫོགས་སོ།། །།ཐུགས་རྗེ་ཆེན་པོའི་རྒྱུད་གསུམ་པ། །མཁས་རྟོགས་འཛོམ་ཞིང་ཡི་དམ་མཐོང༌། །སྤོབས་པ་རྩོད་པ་སྙན་དང་གས་མཁས། །སྦྱིན་པ་ཚུལ་ཁྲིམས་ཀྱི་རང་འགྱུར།།


previousཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས།འོད་ཟེར་འབྱུང་གནས་གྲགས་པ།next