Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ། བྱང་ཆུབ་མཆོག།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ།བྱང་ཆུབ་མཆོག།next

ལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ།
བྱང་ཆུབ་མཆོག།


DTG074_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་སིདྡྷི་ཀ་ར་སཾ་གྲ་ཧ་སཱདྷ་ནཾ། བོད་སྐད་དུ། ལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་སྒྲུབ་པ་པོས་འགྲོ་བ་མཐའ་དག་ལ་ཕན་བ་བསྒྲུབ་པ་དང༌། དངོས་གྲུབ་བླ་ན་མེད་པ་འདོད་པ་རྣམས་ལ་ལེགས་པར་གྲུབ་པར་བྱེད་པ་ཞེས་བྱ་བ། རིགས་གསུམ་སྤྱིའི་སྒྲུབ་པའི་ཆོ་ག་རབ་ཏུ་གསལ་བར་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དང་པོ་སློབ་དཔོན་གྱི་ཡོན་ཏན་དང་རྗེས་སུ་མཐུན་པའི་སློབ་དཔོན་གྱིས་སྒྲུབ་པ་པོ་བདག་ཉིད་མངོན་པར་དབང་བསྐུར་ཞིང་རྗེས་སུ་གནང་བ། རྒྱུད་ལས་གསུངས་པའི་སྒྲུབ་པ་པོའི་མཚན་ཉིད་དང་ལྡན་པའི་གསང་སྔགས་ཀྱི་མཚན་ཉིད་ལེགས་པར་ཚོགས་པ། དངོས་གྲུབ་ལས་ཀྱི་བྱེ་བྲག་ལ་མཁས་པ་མཐུན་པའི་དུས་ཀྱི་དབྱེ་བ་ཤེས་པ། མཆོད་པ་རྣམ་པ་ལྔའི་ཆོ་ག་རིག་པ། རང་གི་མཚན་ཉིད་དང་མཐུན་པའི་སྔགས་གཡོག་དང་ལྡན་པས་སྒྲུབ་པའི་ཡན་ལག་གིས་ཡོ་བྱད་ཐམས་ཅད་བསྡུ་བར་བྱའོ། །དེ་ནས་གསང་སྔགས་ཡོངས་སུ་བཟུང་བའི་ཆོ་གས་གང་ལ་མངོན་པར་དད་པའི་གསང་


DTG074_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མནོས་ཏེ། གསང་སྔགས་དང་རྗེས་སུ་མཐུན་པའི་ཡུལ་ཇི་སྐད་བསྟན་པ་དངོས་གྲུབ་དང་འཚམ་པའི་གནས་ཇི་སྐད་གསུངས་པ་དག་ཏུ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་གནས་བྱ་སྟེ། སྔོན་དུ་བསྙེན་པ་བརྩམ་པར་བྱའོ། །དེ་ལ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་འདི་ལྟར་བྱ་སྟེ། །ནང་པར་མལ་ནས་ལངས་ཏེ་རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་ནི་ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་ཙམ་བཀུག་སྟེ་མགོ་ལ་བཞག་པ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། གསང་སྔགས་ལ། ཨོཾ་ཏ་ཐཱ་ག་ཏོཏྦྷ་བཱ་ཡ་སྭཱ་ཧཱ། ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱ་སྟེ། སྙིང་གར་བཞག་པ་འདི་ནི་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། གསང་སྔགས་ལ། ཨོཾ་པདྨོ་ཏྦྷ་བཱ་ཡ་སྭཱ་ཧཱ། ལག་པ་ཐལ་མོ་བཟློག་སྟེ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སྦྱར་ནས་ལྟེ་བའི་ཐད་ཀར་བཞག་སྟེ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །གསང་སྔགས་ལ། ཨོཾ་བཛྲོ་ཏྦྷ་བཱ་ཡ་སྭཱ་ཧཱ། དེ་ནས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་ལ་གསང་སྔགས་འདིས་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་པྲ་ཎ་མྱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བནད་ནཱཾ་ཀ་རོ་མི། དེ་ནས་དེ་དག་ལ་བདག་ལ་དབུལ་བར་བྱ་སྟེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ་ཞེས་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེ་ནས་བྱང་ཆུབ་སེམས་བསྐྱེད་དོ། །དེ་ནས་ཁྲོ་བོ་མནོལ་བ་མེད་པའམ། བདུད་རྩི་ཐབ་


DTG074_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་རམ། ཡང་ན་རྒྱུད་གཞན་ལས་གསུངས་པའི་ཆོགས་བདག་ཉིད་བསྲུང་བར་བྱའོ། །དེ་ལ་མནོལ་བ་མེད་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ། བི་དྷྭ་ནྶ་ཡ་ཨུ་ཙུཥྨ་ཀྲོ་དྷ་ཧཱུ༵་ཕཊ། ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ། ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་མཛུབ་མོ་རྩེ་མོ་སྦྱར་བའི་གློར་མཐེ་བོང་གཉིས་བཙུགས་པ་ནི་ཁྲོ་བོ་མནོལ་བ་མེད་པའི་ཕྱག་རྒྱའོ། །བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱ་ནི་འོག་ནས་བཤད་པར་བྱ་སྟེ། །རྒྱུད་གཞན་ལས་གསུངས་པ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །དེ་ནས་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ངོ་བོ་ཨ་ཞེས་བྱ་བ་དང༌། མགོ་བོ་ལ་མི་གཡོ་བའི་ངོ་བོ་ཧ་ཞེས་བྱ་བ་འབར་བའི་ཕྲེང་བ་འཁྲུགས་པར་བསམ་པར་བྱའོ། །དེ་ནས་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བས་རང་བཞིན་གྱིས་དག་པར་མོས་པར་བྱས་ལ། དེ་ནས་ཕྱིར་བྱུང་སྟེ་སོ་ཤིང་བཅའ་བ་ལ་སོགས་པ་བྱ་སྟེ། ལྷའི་ཁང་པ་ལ་སོགས་པ་བསྟར་བར་བྱས་ནས་ཁྲུས་བྱེད་དུ་སོང་ཤིག །གཞན་ཡང་ཕྱི་རོལ་གྱི་སར་བཤང་གཅི་བྱེད་པའི་དུས་དང༌། ཟན་ཟ་བའི་ཚེའང་ཁྲོ་བོ་མནོལ་བ་མེད་པས་བསྲུང་བར་བྱ་སྟེ། དེ་ནས་སྐྱེ་བོ་འདུ་བ་དང་འཇིགས་པ་ལ་སོགས་པ་སྤངས་པའི་འཇུག་ངོགས་སུ་སོང་སྟེ། གནས་གཙང་མ་ནས་ས་བླངས་ལ་ཆ་གསུམ་དུ་བགོས་ཏེ། གནས་གཙང་མར་གཞག་པར་བྱའོ། །ས་བླང་བའི་སྔགས་ནི། ཨོཾ་ནི་ཁ་ན་ཝ་སུ་དྷེ་སྭཱ་ཧཱ། ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་དུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང༌། མཐེ་བོང་གཉིས་དེའི་དྲུང་དུ་གཞག་གོ །འདིའི་གསང་སྔགས་དང་བཅས་པས་ས་ལ་གཏུག་ཅིང་བླང་བར་བྱའོ། །དང་པོར་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེ་ནས་བླང་བར་བྱའོ། །རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་ནི་བསྟན་ཟིན་ཏོ། །དེ་ནས་བདུད་རྩི་ཐབ་སྦྱོར་གྱིས་བདག་ཉིད་བསྲུང་བར་བྱའོ། །དེའི་ཕྱག་རྒྱ་ནི་མཐེ་བོའི་ངོས་ཀྱིས་མཐེ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱ་སྟེ། བསྣོལ་ནས་དཔུང་བར་བཞག་སྟེ། ཡ་སོས་མ་མཆུ་མནན་པ་ཁྲོ་བོའི་ལྟ་བས་བལྟ་ཞིང་གསང་སྔགས་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ།


DTG074_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུ༵་ཕཊ། དེ་ནས་ལུས་ལ་བགེགས་བསལ་བའི་ཕྱིར་ཁུ་ཚུར་གཉིས་ནང་དུ་བཅིངས་ཏེ། མཛུབ་མོ་གཉིས་ཕྱུང་ནས་བསྒྲེངས་ནས་མགོ་ནས་རྐང་བ་ལ་ཐུག་གི་བར་དུ་བྲབ་པར་བྱའོ། །གསང་སྔགས་ལ། ཨོཾ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུ༵་ཕཊ། དེ་ནས་རྡོ་རྗེའི་གོ་ཆ་བྱ་སྟེ། ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཀུག་སྟེ་བཞག །གུང་མོ་གཉིས་གཤིབས་ཏེ་བསྒྲེངས་ལ་དེའི་ཚིགས་གསུམ་པར་མཛུབ་མོ་བཀུག་སྟེ། མཐེ་བོང་སྦྱར་ནས་མཐེ་བོང་གཉིས་དབུས་སུ་གཞག་གོ །གསང་སྔགས་ལ། ཨོཾ་བཛྲ་ཨགྣི་པྲ་དཱི་པ་ཏཱ་ཡེ་སྭཱ་ཧཱ། དེ་ཉིད་ལས་མཛུབ་མོ་གཉིས་བསྐྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཧཱུ༵་ཁ་ཀཱི་ལི་ཧཱུ༵་ཕཊ། དེ་དག་ལ་སོགས་པའམ་ཡང་ན་སྔགས་དང་ཕྱག་རྒྱ་གཞན་གྱིས་ཀྱང་བདག་ཉིད་ཀྱི་མགོ་བོ་དང། དཔུང་མགོ་གཉིས་དང༌། སྙིང་ག་དང༌། མགྲིན་པ་རྣམས་སུ་གོ་ཆ་བྱའོ། །དེ་ནས་སྔགས་དང་ཕྱག་རྒྱས་སའམ་ཆུ་ལ་གཏུགས་ཏེ་ཐམས་ཅད་དུ་བསལ་བར་བྱའོ། །ལག་པ་གཡོན་པའི་སོར་མོ་དབུས་མ་གཉིས་མཐེ་བོས་མནན་ལ། མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱ་སྟེ། སོར་མོ་དབུས་མའི་ཚིགས་དབུས་མར་གཟུགས་སོ། །ལག་པ་གཡོན་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱ་སྟེ། སྐེད་པའི་ཕྱོགས་སུ་བཞག་པ་ནི་བསལ་བའི་ཕྱག་རྒྱའོ། །གསང་སྔགས་ལ། ཨོཾ་ཧ་ན་དྷུ་ན་མ་ཐ་བི་དྷྭ་ནྶ་ཡ་ཨུད་ས་ར་ཡ་ཕཊ། དེ་ནས་ཆུ་ལ་གསང་སྔགས་གདབ་བོ། །དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨོཾ་ཧཱུ༵་ཧ་ན་ཧ་ན་བཛྲ་བཛྲེ་ཎ་ཧ། དེ་ནས་ཆུ་ལ་ཀཱི་ལི་ཀཱི་ལའི་སྔགས་དང་ཕྱག་རྒྱས་གཏུགས་ཏེ་ས་ལ་བསང་གཏོར་གཏོར་བར་བྱའོ། །ལག་པ་གཡོན་པའི་མཐེ་བོའི་ངོས་ཀྱིས་མཐེའུ་ཆུང་གི་སོར་མོ་མནན་ལ་སོར་མོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པ་ནི་ཀཱི་ལི་ཀཱི་ལའི་ཕྱག་རྒྱའོ། །སྔགས་ལ་ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུ༵་ཕཊ། དེ་ནས་སྔགས་འདིས་ལན་བདུན་སྔགས་སོ། །ཨོཾ་བཛྲ་ཧ་ར་ཧཱུཾ། དེ་ནས་སའི་ཆ་གཅིག་བླངས་ཏེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་བཞུགས་ཏེ། ཁྲུས་རས་དང་བཅས་པར་ཁྲུས་བྱའོ། །དེ་ནས་སའི་ཆ་ལྷག་མས་ལག་པ་


DTG074_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་ཏེ། དབྱངས་ཅན་གྱི་ཕྱག་རྒྱས་ཉེ་རེག་བྱའོ། །ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་སྟེ། མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པ་ནི་དབྱངས་ཅན་མའི་ཕྱག་རྒྱའོ། །གསང་སྔགས་ལ། ཨོཾ་ཤྲུ་ཏི་སྨྲྀ་ཏི་དྷཱ་རི་ཎི་ཧཱུ༵་ཧ། དེ་ནས་སྔགས་འདིས་བསྲུང་བ་བྱ་སྟེ། གཙུག་ཕུད་བཅིང་བར་བྱའོ། །ཨོཾ་སུ་སིདྡྷི་ཀ་རི་སྭཱ་ཧཱ། དེ་ནས་ས་བླངས་ཏེ་གསང་སྔགས་འདིས་བསྔགས་ཤིང་གཡས་ནས་བསྐོར་ཏེ། ཉི་མ་ལ་བསྟན་ནས་ལུས་ལ་བསྐུ་བར་བྱའོ། །ཨོཾ་བྷུ་ཛ་ཧཱུ༵་ཕཊ། དེ་ནས་གསང་སྔགས་འདིས་ཆུ་ལ་དཀྲུག་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། དཾ་ཥྚོཏྐ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཾ་མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཕྱག་རྒྱ་ནི་ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་སྟེ། མཐེ་བོའི་རྩེ་མོས་མནན་ལ་མཛུབ་མོ་དང༌། མཐེའུ་ཆུང་ཅུང་ཟད་བཀུག་པ་ནི་ཆུ་དཀྲུག་པའི་ཕྱག་རྒྱའོ། །དེ་ནས་སྔགས་འདིས་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ལོ། །ཨོཾ་ར་ཏེ་ར་ཏེ་བུདྡྷཱ་ཡ་སྭཱ་ཧཱ། དེ་ནས་གསང་སྔགས་འདིས་རང་གི་མགོ་བོར་སྙིམ་པ་གསུམ་བླུགས་སོ། །ཨོཾ་ཨ་མྲྀ་ཏེ་ཧཱུ༵་ཕཊ། དེ་ནས་བདུད་རྩི་ཐབ་སྦྱོར་གྱི་སྔགས་དྲན་བཞིན་དུ་ལྕིབས་ཁྲུས་བྱའོ། །དེ་ནས་ཁྲུས་ཟིན་ནས་ལག་པ་བཀྲུས་ཏེ། གསང་སྔགས་དེ་ཉིད་ཀྱིས་ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས་རང་གི་ལྷ་ཉིད་ཡིད་ཀྱིས་སྤྱན་དྲངས་ཏེ་པདྨའི་གདན་ལ་བཞུགས་སུ་གསོལ་ནས་གསང་སྔགས་འདིས་སྐུ་བསིལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ཧཱ། དེ་ནས་གལ་ཏེ་ལྷ་ཁང་དུ་བཟླས་བརྗོད་བྱེད་ན་ནི། དེའི་ཚེ་ཆུའི་ནང་དུ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་གསང་སྔགས་བཟླ་བར་བྱའོ། །ཅི་སྟེ་ཆུའི་ནང་དུ་ཟློས་ན་ནི་དེའི་ཚེ་སྐེ་ནུབ་ཙམ་མམ། བརླ་འམ། བྱིན་པ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ལ། མགོ་ནས་བཟླས་བརྗོད་ཀྱི་ཆོ་ག་ཇི་ལྟར་བྱུང་བ་བཞིན་དུ་བསྒྲུབ་པར་བྱའོ། །དངོས་གྲུབ་རབ་དང་འབྲིང་དང༌། ཐ་མ་རྣམས་ཀྱི་ཕྱིར་ལྷའི་གནས་སུ་འགྲོ་བའི་ཚེ་ཆུའི་ནང་ནས་འབྱུང་སྟེ། ཀཱི་ལི་ཀཱི་ལའི་


DTG074_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སམ། འོག་ནས་འབྱུང་བའི་གསང་སྔགས་ཀྱིས་གོས་ལ་མངོན་པར་བསྔགས་ཏེ་བགོས་ནས། དེ་དག་ཉིད་ཀྱིས་བསྲུང་བ་བྱ་སྟེ། ཡིད་ལྷ་ལ་གཞོལ་བ་དང༌། མི་སྨྲ་བ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤངས་ནས་ལྷའི་གནས་ཀྱི་དྲུང་དུ་ཕྱིན་པ་དང་རྐང་པ་བཀྲུས་ཏེ་ཉེ་རེག་བྱས་ནས་ལྷའི་གནས་སུ་ཞུགས་ཏེ། ལྷ་རྣམས་མངོན་སུམ་དུ་དམིགས་ལ་ཕྱག་བྱས་ནས་དམ་ཚིག་ལ་འཇུག་པ་འདི་བཟླས་པར་བྱའོ། །ཨོཾ་བི་ར་ཛ་བི་ར་ཛ་མ་ཧཱ་བཛྲི། ས་ཏ་ས་ཏ། སཱ་ར་ཏེ་སཱ་ར་ཏེ། ཏྲ་ཡི་ཏྲ་ཡི་བི་དྷ་མ་ནི་སཾ་བྷཉྫ་ནི། ཏ་ར་མ་ཏི་སིདྡྷ་ཨ་གྲེ་ཏཾ་སྭཱ་ཧཱ། དེ་ནས་ལུས་ལ་བགེགས་བསལ་བའི་གསང་སྔགས་དང་ཕྱག་རྒྱ་བསྟན་པ་བཞིན་དུ་བྱ་བའམ། ཡང་ན་ཅི་ཤེས་པས་བདག་ཉིད་བསྲུང་བར་བྱ་སྟེ། དེ་ནས་བསལ་བར་བྱའོ། །སྔར་བསྟན་པའི་སྔགས་དང་ཕྱག་རྒྱའམ་ཡང་ན་རིགས་གསུམ་གྱི་ལས་ཐམས་ཅད་ཀྱི་ཕྱག་རྒྱའམ། བདུད་རྩི་ཐབ་སྦྱོར་གྱིས་སྤོས་ཆུ་ལ་ཡོངས་སུ་བཟླས་ནས་ཐམས་ཅད་དུ་བསང་གཏོར་བྱས་ནས་བསལ་བར་བྱའོ། །དེ་ལ་གསང་སྔགས་ནི་འདི་དག་ཡིན་ཏེ། ཨོཾ་ཥྚོཾ་བནྡྷ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་པའོ། །ན་མོ་མ་ཧཱ་ཤྲཱི་ཡཱ་ཡཻ། ཨོཾ་ཤ་མ་མེ་ས་མ་ཡེ། སཽ་མེ་སིདྡྷི། སིདྡྷེ་སཱ་དྷ་ཡ། ཤི་བེ་ཤ་བཾ་ཀཱ་རི་ཤཱཾ་ཀཱ་རི། བྷོ་ཧ། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། པདྨ་རིགས་ཀྱིའོ། །ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུ༵་ཕཊ། རྡོ་རྗེ་རིགས་ཀྱི་ལས་ཐམས་ཅད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨོཾ་ཨ་མྲྀ་ཏེ་ཧཱུ༵་ཕཊ། བདུད་རྩི་ཐབ་སྦྱོར་རོ། །དེ་དག་ཉིད་ཀྱིས་མེ་ཏོག་ལ་སོགས་པས་ཡང་བགེགས་བསལ་བར་བྱའོ། །དེ་ནས་དེ་དག་རིགས་ཀྱི་བདག་པོའི་གསང་སྔགས་སམ། རིགས་ཀྱི་སྙིང་པོས་བསང་བར་བྱའོ། །ཡང་ན་ལག་པ་གཡོན་པའི་ཕྱག་རྒྱ་དང་བཅས་པས་ཐམས་ཅད་བསང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་བྱིན་བསྐྱེད་པར་བྱ་སྟེ། བསལ་བའི་ཕྱག་རྒྱ་ཉིད་ལས་གཡོན་པའི་གུང་མོ་ཉིད་ལག་པའི་རྡོ་རྗེས་གཟུང་བར་བྱ་བ་ནི་བྱིན་བསྐྱེད་པའི་ཕྱག་རྒྱ་སྟེ། དྲི་དང་མེ་ཏོག་ལ་སོགས་པའི་སྟེང་དུ་བྲིམས་ན་བྱིན་བསྐྱེད་པར་འགྱུར་རོ། །


DTG074_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདི་ནི་བྱིན་བསྐྱེད་པའི་གསང་སྔགས་ཏེ། ཨོཾ་ཏེ་ཛཱ། ཏེ་ཛཱཿས་ནི་སིདྡྷི་སཱ་དྷ་ཡ་ཧཱུ༵་ཕཊ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་དི་པྱ་དི་པྱ་དི་པྱ་ཡ། ཨཱ་བེ་ཤ་མ་ཧཱ་ཤྲི་ཡཱ་ཡ་སྭཱ་ཧཱ། པདྨའི་རིགས་ལའོ། །ཨོཾ་ཛྭ་ལ་ཛྭ་ལ་ཛྭ་ལཱ་ཡ་བནྡྷ་རི་ཧཱུ༵་ཕཊ། རྡོ་རྗེའི་རིགས་ལའོ། །དེ་ལ་བདུད་རྩི་ཐབ་སྦྱོར་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རིགས་ཀྱི་སྙིང་པོ་བཟླས་སོ། །དེ་ནས་ཕུར་བུ་དང༌། རབ་དང༌། དྲ་བ་དང༌། བདུད་རྩི་ཐབ་སྦྱོར་དང༌། ཀཱི་ལི་ཀཱི་ལས་མཚམས་བཅད་པ་ལ་སོགས་པས་གནས་བསྲུང་བར་བྱའོ། །དེ་ལ་སྔགས་དང་ཕྱག་རྒྱ་ནི་འདིའོ། །ཨོཾ་ཀཱི་ལི་ཀཱི་ལི་བཛྲི་བཛྲི་བྷུར་བནྡྷ་བནྡྷ་ཧཱུ༵་ཕཊ། གསང་སྔགས་འདི་ཡིས་སྤོས་ཀྱི་ཆུ་ལ་ལན་བདུན་བཟླས་ཏེ་ཀུན་དུ་བསང་གཏོར་བྱས་ན་སྦྱང་བ་བྱས་པར་འགྱུར་རོ། །དེ་ནས་གསང་སྔགས་འདི་ཕྱག་རྒྱ་དང་བཅས་པས་ཕུར་བུར་བྱའོ། །དེ་ལ་འདི་ནི་ཕྱག་རྒྱ་སྟེ། ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་གཉིས་ཕན་ཚུན་གདུ་བུ་ལྟར་བྱས་ཏེ། སོ་སོའི་དྲུང་དུ་རྩེ་མོ་སྦྱར་ཏེ་མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་མཐེ་བོ་ཕུར་བུའི་ཚུལ་དུ་བྱ་སྟེ། ས་ལ་བཙུགས་པ་ནི་ཕུར་བུའི་ཕྱག་རྒྱའོ། །དེ་ནས་གསང་སྔགས་བཟླས་པའི་བདུག་པས་བདུགས་ཏེ་བཅིང་བར་བྱའོ། །གསང་སྔགས་འདི་ཡིན་ཏེ། ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལི་ཏ། ཨ་མ་ནནྟ་རྨུ་རྟ་ཡེ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ཧ་ན་ཧ་ན་ཧཱུ༵་ཕཊ། ཐམས་ཅད་ཀྱི་སྤྱིའིའོ། །ཨོཾ་ཛྭ་ལ་ཧཱུ༵། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་པདྨི་ནི་པདྨི་ནི། བྷ་ག་བ་ཏི། མོ་ཧ་ཡ་མོ་ཧ་ཡ། ཛ་གད་མོ་ཧ་ནི་སྭཱ་ཧཱ། པདྨའི་རིགས་ལའོ། །དེ་ནས་མཁས་པས་ཐམས་ཅད་ལ་ཡང་རིགས་ཀྱི་སྙིང་པོ་ཡོངས་སུ་བཟླས་པའི་སྤོས་ཆུས་ཕྱོགས་བཅིང་བར་བྱའོ། །དེ་ནས་རབ་བྱ་སྟེ་ཕུར་བུའི་ཕྱག་རྒྱ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་བསྒྲེང་བ་ནི་ར་བའི་ཕྱག་རྒྱའོ། །གསང་སྔགས་དང་དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨོཾ་ས་ར་ས་ར། བཛྲ་པྲཱ་ཀ་ར་ཧཱུ༵་ཕཊ། དེ་ནས་དྲ་བ་བྱ་སྟེ་ར་བའི་ཕྱག་རྒྱ་ཉིད་ཁ་ཐུར་དུ་བསྟན་པ་བསྐོར་བ་ནི་དྲ་བའི་ཕྱག་རྒྱའོ། །གསང་སྔགས་དང་དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨོཾ་བི་སྥུ་ར་རཀྵ་བཛྲ་པཱ་ཎི་ཧཱུ༵་ཕཊ། བདུད་རྩི་ཐབ་སྦྱོར་དང་ཀཱི་ལི་ཀཱི་ལ་ཞེས་བྱ་བ་སྔར་བསྟན་པ་ཉིད་ཀྱིས་སྦྱར་བར་བྱའོ། །དེ་ནས་


DTG074_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཅད་པར་བྱ་སྟེ། ཁུ་ཚུར་བཅིངས་ཏེ་མཐེ་བོས་སེན་མོ་རྣམས་མནན་ཏེ་མཛུབ་མོ་ཕྱུང་ནས། གསང་སྔགས་ལན་གསུམ་བརྗོད་ཅིང་དབུས་ནས་བསྐོར་བར་བྱའོ། །མཚམས་བཅད་པ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་ཏྲ་ཨ་བྲ་ཏི་ཧ་ཏེ། ས་སི་མེ་ས་མ་བནྡྷ། ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀཱ་རུ་ཎ། མ་ཡེ་ཏུ་ཏ་ཡེ། ཏུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་མ་ས་མནྟ་བི་དྷྭ་ནྶ་ཡེ་ཛྭ་ལཱ་ཡ་སྭཱ་ཧཱ། དེ་ནས་བགེགས་བསལ་བ་དང༌། འབགས་པའི་སྐྱོན་ཡོངས་སུ་སྤང་བའི་ཕྱིར། སྤྲོས་ཆུ་ལག་མཐིལ་དུ་བླུགས་ལ་རིགས་ཀྱི་སྙིང་པོ་ཡོངས་སུ་བཟླས་པས་རང་གི་སྤྱི་བོར་བསང་གཏོར་བྱའོ། །དེ་ནས་རྩ་བའི་རྒྱུད་ལས་སྟན་གང་ཡང་རུང་བ་ཅིག་བདུད་རྩི་ཐབ་སྦྱོར་གྱིས་བསང་གཏོར་བྱས་ལ་བཀྲ་ཤིས་དང་པདྨ་དང༌། རྡོ་རྗེ་སྐྱིལ་མོ་ཀྲུང་གང་ཡང་རུང་བའི་ཚུལ་དུ་འདུག་གོ །དེ་ནས་མཁས་པས་གསང་སྔགས་འདི་བརྒྱའམ་སྟོང་དུ་མངོན་པར་བསྔགས་པའི་ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང་བར་བྱའོ། །ཨོཾ་དྷུ་ན་བཛྲ་ཧཱ། དེ་ལ་རྡོ་རྗེའི་ལས་ནི་རྡོ་རྗེ་བཀྲུས་ཏེ། ཙནྡན་དམར་པོས་བསྐུས་ལ་ལྷ་རྣམས་ལ་མཆོད་པ་བྱ་སྟེ། ལེགས་པར་གྲུབ་པར་བྱེད་པ་སྤྱན་དྲང་ཞིང༌། བདེ་བར་གཤེགས་སོ་ཞེས་བྱ་བ་དང༌། མཆོད་པ་རྣམ་པ་ལྔ་ལ་སོགས་པ་ཕུལ་ཏེ་སྔར་བསྟན་པའི་སྔགས་ཀྱིས་ལན་སྟོང་མངོན་པར་བསྔགས་ལ་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞུགས་ཏེ། བདག་གི་ལས་ཐམས་ཅད་མཛད་དུ་གསོལ་ཞེས་བརྗོད་ནས། དེ་མཆོད་པ་ལ་སོགས་པ་བྱེད་པ་ན་ལག་པ་གཡོན་པས་གཟུང་བར་བྱའོ། །ཉིན་གཅིག་བཞིན་དུ་མཆོད་ཅིང་རང་གི་སྔགས་ཀྱིས་ལན་བདུན་བསྔགས་པར་བྱའོ། །གདུ་བུའི་ཆོ་ག་འདི་ཡིན་ཏེ། བུ་མོས་བཀལ་བའི་སྐུད་པའི་གྲངས་མི་མཉམ་པར་བསྒྲིལ་ནས་མདུད་པ་ཡང་གྲངས་མི་མཉམ་པར་བོར་ཏེ་དབུས་སུ་བགྲང་ཕྲེང་གི་བྱེ་བྲག་ལས་ནོར་བུ་ཅིག་བཏགས་ཏེ། དེ་ལ་ནི་ལྷ་སྤྱན་མི་དྲང་བར་རིགས་གསུམ་ཆར་ལ་མཱ་མ་ཀཱིའམ་རྒྱལ་བ་དང༌། པདྨའི་རིགས་ལ་སྤྱན་ནམ། གོས་དཀར་ཅན་གྱིས་ཡོངས་སུ་བཟླས་ལ་གདུ་བུ་དེ་ལག་པ་གཡས་པའི་


DTG074_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིག་མ་ལ་གདགས་པར་བྱའོ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ཀྱི་གདུ་བུའི་རིག་སྔགས་ཏེ། རིགས་ཀྱི་ཡུམ་ཡིན་ནོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང༌། །རེག་པ་དང་ནི་དྲན་པའང་རུང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ། ཀ་ཊེ་བི་ཀ་ཊེ། ཀཾ་ཀ་ཊེ། ཀ་ཊ་བི་ཀ་ཊ། ཀཾ་ཀ་ཊེ། བྷ་ག་བ་ཏི་བི་ཛ་ཡ་སྭཱ་ཧཱ། པདྨའི་རིགས་ཀྱི་གདུ་བུའི་རིག་སྔགས་ཏེ་ཡུམ་ཡིན་ནོ། །ཨོཾ་ཀུ་ལནྡྷ་རི། བནྡྷ་བནྡྷ་ཧཱུ༵་ཕཊ། རྡོ་རྗེ་རིགས་ཀྱི་གདུ་བུའི་རིགས་སྔགས་ཏེ་ཡུམ་ཡིན་ནོ། །འདི་དག་གིས་ནི་དེ་ལ་ནི། །བགེགས་ཀྱིས་ཟིལ་གྱིས་གནོན་མི་འགྱུར། །དེ་དག་བརྗོད་པས་མྱུར་དུ་ནི། །དངོས་གྲུབ་མཐོང་ཞིང་གཙང་མར་འགྱུར། །རིགས་ཀྱི་སྙིང་པོ་འབྲུ་གསུམ་པས། །སོ་སོར་བཟླས་བརྗོད་བྱས་པ་ཡིས། །ཀུ་ཤ་ཡི་ནི་བསང་བྱེད་ཀྱང༌། །སྲིན་ལག་ལ་ནི་གདགས་པར་བྱ། །ཛི་ན་ཛི་ཀ་ཨཱ་རོ་ལྀ་ཀ་བཛྲ་དྷྲྀ་ཀ །ཟེའུ་ཀ་རས་ལ་ནི་འོག་ནས་བཤད་པའི་གསང་སྔགས་ཀྱིས་ཡོངས་སུ་བཟླས་པར་བྱའོ།། དེ་ལྟར་གདུ་བུ་དང༌། བསང་བྱེད་དང༌། ཟེའུ་ཀ་དག་བྱས་ནས་ལུས་དྲང་པོར་བསྲང་སྟེ་བཞག་ལ་དབང་པོ་ལྔའི་ཡུམ་གྱི་ཁྱད་པར་དག་ལས་བཟློག་སྟེ། མགྲིན་པ་རྨ་བྱ་ལྟར་བྱས་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དལ་བུས་དབྱུང་ཞིང་མིག་ཅུང་ཟད་ཙམ་ཕྱེ་སྟེ། སྣའི་རྩེ་མོར་བལྟ་བ། དེ་གཏད་ཅིང་སོས་སོ་མནན་ནས་ལྕེ་རྐན་ལ་སྦྱར་ཏེ། སེམས་ཅན་གྱི་ཚོགས་མ་ལུས་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ལ་གནས་ཤིང་དགེ་བའི་རྩ་བ་གང་དག་སྒྲུབ་པ་དེ་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདྲེན་པར་བྱེད་པས་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ལ་གནས་པ་ལ་ནི་བསྒྲིམ་མི་དགོས་པ་ཁོ་ནར་འཁོར་བ་ན་ཡང་བདེ་བ་སྐྱེ་བར་བྱེད་དོ། །བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པའི་དགེ་བའི་རྩ་བདག་ནི་འཁོར་བ་དག་ན་ཡང་བདེ་བ་རྣམས་འདྲེན་པར་བྱེད་དེ། དེ་བས་ན་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་བསོད་ནམས་ཀྱི་ཚོགས་


DTG074_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསག་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་འདི་ཡིན་ཏེ། ཕུང་པོ་ལ་སོགས་པ་མཐའ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ། རྡུལ་ཕྲ་རབ་རྣམས་ཕྱོགས་ཆའི་དབྱེ་བ་ལ་སོགས་པའི་རིམ་གྱིས་དཔྱད་ན་རང་བཞིན་མེད་པ་ལས་མི་འདའ་བ་ཡིན་ན། འདི་ལྟར་དེ་དག་ལ་སོགས་པ་གཟུགས་རགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་འདི་ལྟར་བདག་གི་ངོ་བོ་ཡང་ཇི་ལྟར་ཇི་ལྟར་དཔྱད་པ་དེ་ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དཔྱད་པའི་ལམ་དུ་འཇུག་མི་བཟོད་པ་ཡིན་ནོ། །དེ་བས་ན་ཐོག་མ་མེད་པའི་དུས་ནས་བསྒྲུབས་པའི་མ་རིག་པས་བསྐྱེད་པ་ཕྱིན་ཅི་ལོག་ཏུ་སྣང་བ་དང་ལྡན་པའི་བག་ཆགས་ཤིན་ཏུ་བརྟན་པའི་སྟོབས་ཀྱིས་ནང་གི་ཤེས་པ་ཉིད། ཕྱིའི་གཟུགས་ཁོ་ན་ལྟར་སྣང་བར་ཟད་ཀྱི་དངོས་པོའི་གཟུགས་ནི་སྐྲའི་རྩེ་མོ་སྟོང་གི་ཆ་ཙམ་ཡང་མེད་དོ། །དེ་བས་ན་འདི་ལྟར་ཁམས་གསུམ་པ་འདི་དག་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་རྣམ་པར་དཔྱད་དེ། མཐའ་དག་ནམ་མཁའ་ལྟ་བུར་བསམས་ནས་རང་གི་སེམས་ཀྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་བལྟ་བ་འདི་ནི་བྱང་ཆུབ་ཀྱི་སེམས་བསྒོམ་བ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་མཚན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམས་འདྲེན་པ་བདེ་བ་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལ་བཟླས་པར་བྱ་བའི་སྔགས་རྣམས་གོ་རིམས་བཞིན་དུ་དགོད་པས་དེ་ལས་འོད་ཟེར་སྣ་ཚོགས་རྣམ་པར་འབྱུང་ཞིང་རང་གི་ལྷ་ཉིད་ཀྱི་གཟུགས་ཀྱིས་ནམ་མཁའི་དབྱིངས་མཐའ་དག་ཁྱབ་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོ་སྤྲུལ་པས་ལེགས་པར་མཆོད་པ་དང༌། སྤྲིན་ཆེན་པོ་སྤྲུལ་པ་ལ་བདུད་རྩིའི་ཆར་གྱི་རྒྱུན་འབབ་པས་དམྱལ་བའི་མེ་རྣམས་ཞི་བ་དང༌། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཚིམ་པར་བྱས་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་པའི་འོད་ཟེར་སླར་ལོག་ནས། རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །བྱ་བའི་རྒྱུད་ལས་ལྷ་སྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་


DTG074_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྟན་ཀྱང་ཕྱག་ན་རྡོ་རྗེར་དབང་བསྐུར་བ་དང༌། དེ་ཁོ་ན་ཉིད་བཅུ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལུས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་པ་དང་རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རིམ་པ་འདིས་ལྷ་ཉིད་ཀྱི་སྐུ་བསྐྱེད་པར་བྱའོ། །དེ་ནས་རང་གི་ལྷ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྙིང་ག་དང༌། སྨིན་མཚམས་དང༌། མགྲིན་པ་དང༌། དཔུང་མགོ་རྣམས་སུ་བྱིན་གྱིས་བརླབ་བོ། །དེ་ནས་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་གདལ་བ་བསམས་ནས་གསང་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཙ་ལ་བཱི་ར་ཧཱུ༵་སྭཱ་ཧཱ། དེའི་སྟེང་དུ་འོ་མའི་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ་པདྨ་དང། ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་རབ་ཏུ་བརྒྱན་པ་རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བ་བསམ་པར་བྱའོ། །བྱིན་གྱིས་བརླབས་པའི་གསང་སྔགས་ནི་བི་མ་ལ་དྷ་ཧཱ་ཧཱུ༵། དེའི་དབུས་སུ་དེར་རི་རབ་རིའི་རྒྱལ་པོ་བསམ་པར་བྱ་སྟེ། གྲུ་བཞི་པ་ངོས་བཞི་རིན་པོ་ཆེའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། ཐེམ་སྐས་ལ་ལ་ནི་གསེར་ལས་བྱས་པ། ལ་ལ་ནི་དངུལ་ལས་བྱས་པ། ལ་ལ་ནི་ཨིནྡྲ་ནཱི་ལ་ལས་བྱས་པ། ལ་ལ་ནི་སྦུར་ལོང་ལས་བྱས་པ། མཐའ་མ་ཐོག་ཐག་དཔག་བསམ་གྱི་ཤིང་ལེགས་པར་བསྐྲུན་པ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བ་རང་གི་བློ་ཡི་ཁྱད་པར་གྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་དེའི་སྟེང་དུ་པདྨའི་སྡོང་བུ་རིན་པོ་ཆེ་དུ་མས་བརྒྱན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་ཅན། གསེར་གྱི་ཟེ་བ་དང་ལྡན་པ་སྦུར་ལོང་གི་ཟེ་འབྲུ་ཅན་སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཙམ་རི་རབ་ཀྱི་དབུས་བརྟོལ་ནས་བྱུང་བར་བསམ་མོ། །དེ་ལས་ཀྱང་པདྨའི་དྲ་བ་གཞན་བརྒྱ་སྟོང་ཁྲི་བྱེ་བ་རྙེད་འབྱུང་བར་བསམ་མོ། །དེ་དག་བྱིན་གྱིས་བརླབས་པའི་གསང་སྔགས་འདི་ཡིན་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། དེ་ལ་ཕྱག་རྒྱ་ནི་ཕྱག་འཚལ་བའི་ཐལ་མོ་


DTG074_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕན་ཚུན་བསྣོལ་ཏེ་གཡས་པའི་མཐེ་བོས་གཡོན་པའི་མཐེ་བོ་མནན་ནོ། །ཕྱག་རྒྱ་འདི་བཅིངས་ནས་གསང་སྔགས་ལན་བརྒྱ་བརྗོད་པར་བྱའོ། །དེས་ཐམས་ཅད་ཡང་དག་པར་གནས་བར་འགྱུར་རོ། །དེར་གཞུང་ལས་བྱུང་བའི་རིམ་པས་བླ་རེ་དག་ཀྱང་ཡིད་ཀྱིས་སྐད་ཅིག་ལ་བསམ་པར་བྱའོ། །དེའི་ཕྱིར་དེ་ལ་སྤྲོས་པ་དང་ལྡན་པའི་གཞུང་རྒྱས་པས་འཇིགས་པར་མི་བྱའོ། །དེ་ནས་ལྷ་སྤྱན་དྲང་སྟེ། འདི་ནི་སྤྱན་དྲང་བའི་ཆོ་གའོ། །གསེར་དང་དངུལ་དང་ཟངས་མ་དང་རྡོ་བ་དག་དང་ཤིང་གིའམ་ཞེས་བྱ་བའམ། ཞི་དང་རྒྱས་དང་དྲག་སྤྱོད་དང༌། །རབ་དང་འབྲིང་དང་ཐ་མ་ཡི། །ལས་དང་དངོས་གྲུབ་རྣམས་ལ་ནི། །རིམ་པའི་སྣོད་རྣམས་སྦྱར་བར་བྱ། །ཁ་དོག་ཡོན་ཏན་བཤད་པ་ལས། །གཞན་དང་གཞན་ཡང་ཅི་རིགས་པའི། །སྣོད་རྣམས་ཇི་ལྟར་འདོད་པར་ནི། །མཆོད་ཡོན་ཕྱིར་ཡང་སྦྱར་བར་བྱ། །མཆོད་ཡོན་ཕྱིར་ནི་ཟངས་ཀྱི་སྣོད། །ལས་རྣམས་ཀུན་ལ་རབ་ཏུ་ཤིས། །དེ་དག་ལས་རིགས་དང་ལས་དང་དངོས་གྲུབ་དག་ལ་གང་འདོད་པའི་སྣོད་བླངས་ཏེ། དེ་ནས་རྗེས་སུ་མེ་ཏོག་དང༌། །སྤོས་ཀྱི་ཆུ་ནི་གཙང་བ་ཡིས། །མཆོད་ཡོན་ཆོ་ག་བཞིན་བཤམས་ལ། །བདུག་སྤོས་ཀྱིས་ནི་རབ་ཏུ་བདུག །དེ་ལ་ཞི་བ་དང་དངོས་གྲུབ་རབ་གཉིས་ལ་ནི་ནས་དང་འོ་མའི་མཆོད་ཡོན་དབུལ་བར་བྱའོ། །རྒྱས་པ་དང་དངོས་གྲུབ་འབྲིང་ལ་ནི་ཏིལ་དང་ཞོ་དབུལ་བར་བྱའོ། །དྲག་ཤུལ་སྤྱོད་པ་དང་དངོས་གྲུབ་ཐ་མ་ལ་ནི་བའི་གཅིན་འབྲས་ཀོ་ཏྲ་བ་དང་བཅས་པའམ། ཡང་ན་ཁྲག་དབུལ་བར་བྱའོ། །རབ་དང་འབྲིང་དང་ཐ་མ་ཡི། །ལས་རྣམས་ཀུན་ལ་འབྲས་ཡོས་ཤིས། །སྤོས་དང་མེ་ཏོག་ཀུ་ཤ་ཏིལ། །ཆུ་རྣམས་བྱེ་བྲག་མེད་པར་བཟང༌། །འདི་མ་འབྱོར་གྱིས་བདག་ལ་ནི། །བཟོད་པ་ཅི་འབྱོར་པས་ཀྱང་བྱ། །དེ་ནས་གསང་སྔགས་ཀྱི་ལྷ་སྤྱན་དྲངས་པའི་ཕྱིར་མཆོད་ཡོན་བཤམས་ནས་རང་གི་རིགས་ཀྱི་རིག་པའི་རྒྱལ་པོའམ། ཡང་ན་སྤྱི་ཡི་རིགས་ཀྱི་སྙིང་པོའམ། །དེ་སྤྱན་དྲང་བའི་གསང་སྔགས་སམ། །སོ་སོའི་ལས་ཐམས་ཅད་པས་ཡོངས་སུ་བཟླས་སོ། །རིག་སྔགས་ཀྱི་རྒྱལ་པོ་དང༌། རིག་སྔགས་རང་བཟླས་སོ། །དེ་ལྟར་ཡོངས་སུ་བཟླས་ནས་གསང་སྔགས་ཀྱི་གནས་ཀྱི་ཕྱོགས་གང་ཡིན་པའམ། རི་མོ་ལ་


DTG074_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་ལྷའི་གཟུགས་བཞག་པ་དེར་བལྟས་ཏེ། འདི་སྐད་ཅེས། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཅེས་བྱ་སྟེ། དེ་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ། གསང་སྔགས་མཆོག་རྣམས་མགོ་བོའི་ཐད་ཀ་ནས་མཆོད་ཡོན་དབུལ་ལོ། །འབྲིང་རྣམས་ལ་བྲང་ནས་སོ། །ཕལ་པ་རྣམས་ལ་ནི་ལྟེ་བའི་ཐད་ཀ་ནས་མཆོད་ཡོན་དབུལ་བར་བྱའོ། །ཡང་ན་ཡིད་གཙོ་བོར་གྱུར་པ་ཡིན་པས་བཞི་པོ་གང་ཡང་རུང་བས་སྤྱན་དྲང་བར་བྱའོ། །ཐལ་མོ་སྦྱར་བའམ། མཆོད་ཡོན་ནམ། མེ་ཏོག་བླང་བའམ། ཡང་ན་ཐལ་མོ་སྦྱར་བ་བྱ་སྟེ། ཚུར་གཤེགས་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱིས་སྤྱན་དྲངས་ནས་ལས་ཀྱི་བྱེ་བྲག་ལས་ཤར་རམ། བྱང་ངམ། ལྷོའམ། ནུབ་ཏུ་ཁ་བལྟས་ཏེ་ལྷ་མདུན་དུ་བཞུགས་སུ་གསོལ། རྒྱས་པར་ནི་རྒྱུད་ལས་ཤེས་པར་བྱའོ། །སླར་གཤེགས་སུ་གསོལ་བ་ནི་སྤྱན་དྲངས་པའི་ཆོ་ག་བཞིན་དུ་བྱ་བ་ལས་གསང་སྔགས་དང་ཕྱག་རྒྱར་ལྡན་པས་བྱེ་བྲག་ཏུ་བཞུད་ཅིག་ཅེས་བྱའོ། །དེ་ལ་འདི་ནི་ཕྱག་རྒྱ་ཡིན་ཏེ། སོར་མོ་ཕན་ཚུན་གྱི་བར་དུ་བསྣོལ་ནས་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་ངོ༌། །མཐེ་བོང་གཉིས་གཡབ་པ་ནི་སྤྱན་དྲངས་པའོ། །ཕྱིར་བསྒྱེལ་བ་ནི་སླར་གཤེགས་སུ་གསོལ་བའོ། །སྤྱན་དྲང་བའི་ཆོ་གའོ། །དེ་ལྟར་ལྷ་རྣམས་སྤྱན་དྲངས་ཏེ། གསང་སྔགས་འཆང་གིས་རྟག་ཏུ་པདྨ་དང༌། རྡོ་རྗེ་དང༌། དཔའ་བོའི་འདུག་སྟངས་བརྗོད་པ་རྣམས་ཀྱིས་སྔ་དྲོ་དང་ཉི་མའི་གུང་དང་ཕྱི་དྲོའི་དུས་སུ་གོ་རིམས་བཞིན་དུ་ཕྱག་རྒྱའི་སྦྱོར་བས་གསང་སྔགས་བཞུགས་སུ་གསོལ་ལོ། །དེ་ལ་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་པདྨའི་འདུག་སྟངས་ཀྱིའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པ་ནི་རྡོ་རྗེ་འཇུག་སྟངས་ཀྱིའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར་བ་ནི་དཔའ་བོའི་འདུག་སྟངས་ཀྱིའོ། །དེ་དག་གི་གསང་སྔགས་ནི། ཨོཾ་ཀཱ་མ་ལཱ་ཡ་སྭཱ་ཧཱ། པདྨའི་འདུག་སྟངས་ཀྱིའོ། །ཨོཾ་བཛྲ་ཨཱ་ས་ནི་ཧཱུ༵་ཕཊ། རྡོ་རྗེའི་འདུག་སྟངས་ཀྱིའོ། །ཨོཾ་བཛྲ་བཱི་ར་ཀ་ཧཱུ༵་ཕཊ། དཔའ་བོའི་འདུག་སྟངས་ཀྱིའོ།།


DTG074_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཅི་རིགས་པར་གདན་ཕུལ་ནས་ཀཱི་ལི་ཀཱི་ལ་རྡོ་རྗེ་བསྟན་ནས་དམ་ཚིག་རྡོ་རྗེ་བསྟན་པར་བྱ་སྟེ། དེ་ཡང་ལག་པ་གཡས་པའི་སོར་མོ་གསུམ་གྱིས་བྱའོ། །གསང་སྔགས་ལ་ཤཾ་ཀ་རེ་ས་མ་ཡེ་སྭཱ་ཧཱ། དེ་ནས་རིགས་ཀྱི་ཕྱག་རྒྱ་དང་སྙིང་པོ་བསྟན་པར་བྱའོ། །དེ་ལ་འདི་ནི་སྔགས་ཀྱི་ཕྱག་རྒྱ་དང་སྙིང་པོ་སྟེ། ལག་པ་གཉིས་ཕན་ཚུན་དུ་ཁུ་ཚུར་བཅངས་ནས་མཐེ་བོ་གཉིས་བསྟན་པར་བྱ་བ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའོ། །གསང་སྔགས་ལ་ཛི་ན་ཛི་ཀ །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ། གཡས་པའི་མཐེ་བོང་བསྟན་པ་ནི་པདྨའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱའོ། །གསང་སྔགས་ལ། ཨཱ་རོ་ལྀ་ཀ །གཡོན་པའི་མཐེ་བོང་བསྟན་པ་ནི་རྡོ་རྗེའི་རིགས་ཀྱི་སྙིང་པོ་དང་ཕྱག་རྒྱའོ། །གསང་སྔགས་ལ་བཛྲ་དྷྲྀ་ཀ །དེ་ནས་རང་གི་སྙིང་པོའི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ནས་རིག་སྔགས་ཀྱི་ཡུམ་རྣམས་ཀྱི་བསྟན་པར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོས་མཐེ་བོང་གཉིས་ལག་པའི་ནང་དུ་སྦས་ལ་མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཙུགས་པ་འདི་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་གྱི་ཕྱག་རྒྱའོ། །སྔགས་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཐལ་མོ་སྦྱར་བར་བྱས་པ་ནི་པདྨའི་རིགས་ཀྱི་ཡུམ་མོ། །གསང་སྔགས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང༌། །རེག་པ་དང་ནི་དྲན་ཡང་རུང༌།། བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཨོཾ་ཀ་ཊེ་བི་ཀ་ཊེ། ཀཾ་ཀ་ཊེ། ཀ་ཊ་བི་ཀ་ཊ། ཀཾ་ཀ་ཊེ། བྷ་ག་བ་ཏི་ཛ་སྭཱ་ཧཱ། ཕྱག་འཚལ་བའི་ཐལ་མོ་ལས་མཛུབ་མོ་གཉིས་དང༌། སྲིན་ལག་གཉིས་ལག་པའི་ནང་དུ་བཅུག་པ་རྡོ་རྗེ་རིགས་ཀྱི་ཡུམ་མོ། །གསང་སྔགས་ལ། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུ༵་ཧཱུ༵་ཕཊ་སྭཱ་ཧཱ། དེ་ནས་དམ་ཚིག་ཆེན་པོའི་ཕྱག་རྒྱས་མངོན་པར་བསྐོར་བར་བྱའོ། །སྲིན་ལག་གི་ཚིགས་པར་མཐེ་བོ་གཉིས་མནན་ལ། མཐེ་ཆུང་གུང་མོ་གཉིས་གཤིབས་ཏེ་བསྒྲེང༌། མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཅུག་པ་འདི་ནི་དམ་ཚིག་


DTG074_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཕྱག་རྒྱའོ། །གསང་སྔགས་ལ། ཨོཾ་ཤཾ་ཀ་རེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། དེ་ནས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་བསྲུང་བ་ལ་སོགས་པ་མ་བྱས་ཤིང༌། དམ་ཚིག་ཆེན་པོའི་ཕྱག་རྒྱ་མ་བྱས་པར་མཆོད་པ་དབུལ་བ་ལ་སོགས་པ་བྱས་ན་ལྷའི་རྗེས་སུ་འབྲང་བའི་བགེགས་རྣམས་ཀྱིས་ཕུང་བར་བྱེད་ཅིང་གཅིག་ལ་གཅིག་རིགས་ཀྱི་སྟོབས་ཉམས་པར་བྱེད་དོ། །དེ་བས་ན་ཕྱག་རྒྱ་སྔར་ཐལ་མོ་སྦྱར་བ་བྱས་ནས་མཆོད་ཡོན་དབུལ་བར་བྱའོ། །མཆོད་ཡོན་མ་འབྱོར་ན་ཕྱག་རྒྱའི་མཆོད་ཡོན་དབུལ་བར་བྱའོ། །མཐེ་ཆུང་དང་སྲིན་ལག་ནང་དུ་ཕན་ཚུན་བསྣོལ་ཏེ་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་གཟུགས་མཐེ་བོང་གཉིས་ངོས་ལ་སྦྱོར་བ་ནི་མཆོད་ཡོན་གྱི་ཕྱག་རྒྱའོ། །གསང་སྔགས་ནི་བདག་གི་ཡིད་ཀྱིས་བྱའོ། །དེ་ནས་ལྷའི་གཟུགས་སམ་རི་མོ་ལ་བཞུགས་པའི་སྐུ་བསིལ་བར་བྱའོ། །རི་མོའི་སྐུ་གཟུགས་ལ་མེ་ལོང་བསྟན་ཏེ་གཟུགས་བརྙན་སྐུ་བསིལ་བར་བྱའོ། །མ་འབྱོར་ན་གསང་སྔགས་ཕྱག་རྒྱར་ལྡན་པས་སྐུ་བསིལ་བར་བྱའོ། །ཐལ་མོ་བཀན་ནས་མཛུབ་མོའི་རྩེ་མོ་དང༌། མཐེ་བོང་གི་རྩེ་མོ་སྦྱར་བ་འདི་ནི་སྐུ་བསིལ་བར་བྱའོ། །གསང་སྔགས་ལ། ཨོཾ་སརྦ་དེ་བ་ཏཱ་ཨ་ཙིཏྟ་ཨ་མྲྀ་ཏ་སྭཱ་ཧཱ། དེ་ནས་ཕྱག་རྒྱ་བཅིངས་ནས་གསང་སྔགས་བརྗོད་ཅིང་ཡིད་ཀྱིས་གསེར་ལ་སོགས་པ་རིན་པོ་ཆེའི་བུམ་པ་དུ་མ་སྤོས་ཆུ་དྲི་ཞིམ་པོས་ཡོངས་སུ་བཀང་ནས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་བསིལ་བར་བྱའོ། །དེ་ནས་ཡིད་ཀྱིས་ན་བཟའ་དང་རྒྱན་གསོལ་ཏེ། རོལ་མོ་དང་དུང་དང་རྫ་རྡ་དང༌། རྡ་པ་ཊ་ཧ་རྣམས་ཀྱིས་ཀྱང་མཆོད་ཅིང་ཡིད་ཀྱིས་བསྟོད་པའི་གླུ་དབྱངས་བླང་ངོ༌། །དེ་ནས་རྒྱུད་ལས་འབྱུང་བའི་དྲི་ལ་སོགས་པ་ཡང་དབུལ་བར་བྱའོ། །དེ་ལ་དང་པོ་དྲི་དབུལ་བར་བྱའོ། །དེའི་འོག་ཏུ་མེ་ཏོག་དབུལ་བར་བྱའོ། །དེ་ནས་བདུག་སྤོས་དང༌། ལྷ་བཤོས་དང༌། མར་མེ་དབུལ་བར་བྱའོ། །ལེགས་པར་མཉམ་པར་བཞག་ནས་འདི་སྐད་བརྗོད་ཅིང་དབུལ་བར་བྱའོ། །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་ནི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་རི་པཱུ་ཛི་ཏེ་སྭཱ་ཧཱ། སྒྲུབ་པས་དང་པོ་སྔགས་འདི་དང༌། །


DTG074_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྔགས་ཀྱིས་ཡོངས་བཟླས་ནས། །གསལ་བའི་དྲི་རྣམས་ལྷ་དག་ལ། །ཆོ་ག་བཞིན་དུ་དབུལ་བར་བྱའོ། །གཞན་གྱི་དྲི་རྣམས་གཞན་རྣམས་ལ། །གང་ཚེ་མ་འབྱོར་ནས་དབུལ་བ། །དེ་ཚེ་རང་གཞན་གསང་སྔགས་ཀྱིས། །དེ་ལ་ཡང་ནི་མངོན་པར་བསྔགས། །མེ་ཏོག་ལ་སོགས་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དྲི་རྣམས་མ་འབྱོར་ན་ཡང་དྲིའི་ཕྱག་རྒྱ་བཅིངས་ནས་ཡིད་ཀྱིས་ཙནྡན་དང་ཨ་ཀ་རུ་དང༌། གུར་ཀུམ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་ཁེངས་པའི་ཆོ་གས་མཆོད་པར་བྱའོ། །དེ་ལ་འདི་ནི་དྲིའི་ཕྱག་རྒྱ་སྟེ། ལག་པ་གཡས་པ་མི་འཇིགས་པའི་ལག་པར་བྱས་ལ། ལག་པ་གཡོན་པས་མཁྲིག་མ་ནས་བཟུང་བ་ནི་དྲིའི་ཕྱག་རྒྱའོ། །དེ་ནས་མེ་ཏོག་དབུལ་བར་བྱ་སྟེ། མ་ལི་ཀ་དང༌། བ་ཀུ་ལ་དང༌། ཨུནྡྷ་དང༌། མ་ལ་ཏི་དང༌། ན་བ་མ་ལི་ཀ་དང༌། ཙམ་པ་ཀ་དང༌། ཤོ་ཀ་དང༌། པུནྡྷ་དང༌། པྲི་ཡདྐུ་དང༌། པུ་ཏི་ཀོ་ར་ན་ཞེས་བྱ་བ་ལ་སོགས་པ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ། །གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་རི་པཱུ་ཛི་ཏི་སྭཱ་ཧཱ། མེ་ཏོག་མེད་ན་མེ་ཏོག་གི་ཕྱག་རྒྱ་བཅིངས་ཏེ་ཡིད་ཀྱིས་མནྡཱ་ར་བ་དང༌། མཉྫུ་ཤ་ཀ་དང༌། མ་ལི་ཀ་དང༌། ཨུཏྤ་ལ་ལ་སོགས་པ་དང༌། མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་པར་བྱའོ། །དེ་ལ་འདི་ནི་མེ་ཏོག་གི་ཕྱག་རྒྱ་སྟེ། ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ། ལག་པའི་ནང་དུ་མཛུབ་མོ་གཉིས་རྩེ་མོ་གཅིག་ཏུ་བྱ་སྟེ། གདུ་བུའི་ཚུལ་དུ་བྱས་ནས་མཐེ་བོང་གློར་བཞག་སྟེ། པདྨ་ལྟར་བྱས་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །དེ་ནས་བདུག་སྤོས་དབུལ་བར་བྱ་སྟེ། དྲི་དང་ཁ་དོག་མཆོག་གི་རྣམས། །མཆོག་གི་ལས་ལ་སྦྱར་བར་བཤད། །དམན་ཞིང་ཤིན་ཏུ་དམན་པ་དག ། ལྷག་མའི་ལས་ལ་ཤེས་པར་བྱ། །འདི་ལྟར་ཆོ་ག་ལྷག་མ་དག །རྒྱུད་ལས་རྒྱས་པར་རིག་བྱས་ནས། །དྲི་ལ་སོགས་པ་སྦྱར་བར་བྱའོ། །ནགས་ཚལ་བཅུད་ནི་ཡིད་དུ་འོང༌། །དྲི་ཡིས་སྦྱར་བ་ལྷ་ཡི་རྫས། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་


DTG074_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་རི་པཱུ་ཛི་ཏེ་སྭཱ་ཧཱ། བདུག་སྤོས་མ་འབྱོར་ན། བདུག་སྤོས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཡིད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བདུག་སྤོས་ཀྱི་སྤྲིན་རྒྱས་པར་བྱ་སྟེ་བདུག་པར་བྱའོ། །དེ་ལ་འདི་ནི་བདུག་སྤོས་ཀྱི་ཕྱག་རྒྱ་སྟེ། ལག་པ་གཉིས་ཀྱི་མཐེ་ཆུང་དང༌། སྲིན་ལག་དང་གུང་མོ་གཉིས་ཀྱི་སོར་མོ་རྣམས་ཕན་ཚུན་དུ་སྦྱར་ཏེ་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་གློར་བཞག་པ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །དེ་ནས་ལྷ་བཤོས་ཀྱི་རིགས་དབུལ་བར་བྱ་སྟེ། འོ་ཐུག་དང་ནི་སྦྱར་ཐུག་དང༌། །ཟས་དཀར་ཞོ་དང་བསྲེས་པ་དག །སྦྲང་རྩིར་བཅས་ཤིང་བུ་རམ་བཏབ། །ལེགས་པར་ཡོངས་སུ་བྱས་པ་དག །ཅེས་བྱ་བ་ལ་སོགས་པ་རྒྱས་པར་རྒྱུད་ལས་ཁོང་དུ་ཆུད་པར་བྱའོ། །སྨན་རྣམས་བཅུད་ནི་ཡིད་དུ་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་རི་པཱུ་ཛི་ཏེ་སྭཱ་ཧཱ། ལྷ་བཤོས་མ་འབྱོར་ན་ལྷ་བཤོས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཡིད་ཀྱིས་བཟའ་བ་དང་བཅའ་བ་དང་ཁ་ཟས་དང་བཏུང་བ་རྣམ་པ་སྣ་ཚོགས་པ་དབུལ་བར་བྱའོ། །བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པ་ནི་ལྷ་བཤོས་ཀྱི་ཕྱག་རྒྱའོ། །དེ་ནས་མར་མེ་ཅི་རིགས་པར་དབུལ་བར་བྱ་སྟེ། ཞི་བ་ལ་ནི་དམར་སེར་རམ། །རྒྱས་པ་ལ་ནི་ཏིལ་མར་ཏེ། །དྲག་ཤུལ་སྤྱོད་པ་དག་ལ་ནི། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་རྒྱུད་ལས་ཤེས་པར་བྱའོ། །གདོན་རྣམས་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷ་རི་པཱུ་ཛི་ཏེ་སྭཱ་ཧཱ། མར་མེ་མ་འབྱོར་ན་མར་མེའི་ཕྱག་རྒྱ་བཅིངས་ནས་ཡིད་ཀྱིས་རིན་པོ་ཆེའི་སྒྲོན་མེ་བྱེ་བ་དུ་མ་དབུལ་བར་བྱའོ། །དེ་ལ་འདི་ནི་མར་མེའི་ཕྱག་རྒྱ་སྟེ། མཐེ་བོང་དང་གུང་མོ་གཅིག་ཏུ་སྦྱར་ཏེ་བསྒྲེང་བ་ལག་པ་ཁུ་ཚུར་གཅིག་ཏུ་བྱས་པ་འདི་ནི་མར་མེའི་ཕྱག་རྒྱའོ། །འབྱོར་པར་གྱུར་ན་ཡང་སོ་སོའི་ཕྱག་རྒྱས་དབུལ་བར་བྱའོ། །དེ་ནས་གལ་ཏེ་མཆོད་པ་རྣམ་པ་ལྔ་ཡོད་ན་ཡང་འདི་ལྟར་ཡིད་ཀྱིས་མཆོད་པ་སྣ་ཚོགས་ཅི་ནུས་ཀྱིས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་


DTG074_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་དུ། དེ་ཕྱིར་བློ་དང་ལྡན་པ་ཡིས། །ཐེ་ཚོམ་མེད་པའི་སེམས་ཀྱིས་སུ། །རབ་ཏུ་སྒྲིམས་ཏེ་གང་བྱས་པའི། །མཆོད་པ་དེ་འདིར་ཁྱད་པར་ཅན། །དེ་ལྟར་མཆོད་པ་དེ་དག་ཅི་ནུས་པ་བྱས་ཏེ། སྔ་མ་བཞིན་དུ་གསང་སྔགས་ཀྱི་ཡན་ལག་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །གསང་སྔགས་ནི་སྔར་བསྟན་པའོ། །དེ་ནས་རྒྱུད་ལས་འབྱུང་བའི་བསྟོད་པ་བྱས་ནས་བསྟོད་པ་འབྱུང་བའི་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏྲཱ་སཾ་ཀུ་རུ་མི་ཏ་ཨ་བི་ཛྙཱ་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། བསྟོད་པ་འབྱུང་བའི་སྔགས་སོ། །དེ་ནས་སྡིག་པ་བཤགས་པ་བྱའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ། །དེ་ནས་སྡུག་བསྔལ་གྱིས་ཉམ་ཐག་པའི་སྐྱེ་དགུ་འདི་དག་ལས་ཀྱི་ཧུད་ཅེས་ཅི་ནུས་པར་སྙིང་རྗེ་བསྐྱེད་དོ། །དེ་ནས་བདེ་བར་གྱུར་ཅིག་ཅེས་བྱམས་པ་ལ་གནས་པར་བྱའོ། །དེ་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བདེ་བ་ལེགས་པར་ཚིམ་པར་གྱུར་ཅིག་ཅེས་དགའ་བར་བྱའོ། །དེ་ནས་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བཏང་སྙོམས་ལ་གནས་པར་བྱའོ། །དེ་ནས་ཐལ་མོ་མཉམ་སྦྱར་ཏེ། །བླ་མ་ལ་ནི་གུས་ཕྱག་འཚལ། །རིག་སྔགས་རྒྱལ་པོའང་བློས་བསམས་ཏེ། །མཁས་པས་ཆོ་ག་འདི་དག་བྱ། །སྔགས་ཀྱི་ནོར་བུ་བླངས་ནས་སུ། །ལག་པའི་སྙིམ་པར་བཅུག་ནས་སུ། །རིག་སྔགས་རྒྱལ་པོ་ལན་ཅིག་བསམ། །དེ་ནས་གསང་སྔགས་འདི་བཟླས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨད་བྷུ་ཏེ་བི་ཛི་ཡ་སིདྡྷེ་སིདྡྷཱར་རྠེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིག་སྔགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱ་ཪྻཱ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཨོཾ་ཨ་མྲྀ་ཏཾ་ག་མེ། ཤྲི་ཡེ་ཤྲཱི་མ་ལི་ན་སྭཱ་ཧཱ། པདྨའི་རིགས་ལའོ། །ཨོཾ་ཀཱི་རི་ཀཱི་རི་རཽ་དྲྀ་ནི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །སྔགས་ཀྱི་ནོར་བུ་སྙིམ་པར་བཅུག་ལ། གསང་སྔགས་འདི་ལན་བདུན་བརྗོད་དོ། །དང་པོ་སྔགས་ཀྱི་ནོར་བུ་བཤམ་པར་བྱ་སྟེ། རིགས་དང༌།


DTG074_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ནོར་བུ་སྟོང་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་དམ། ལྔ་བཅུ་རྩ་བཞིའམ། ཉི་ཤུ་རྩ་གཅིག་བླངས་ལ་ནོར་བུ་ཕུག་ལ་བའི་རྣམ་ལྔས་བཀྲུས་ནས་བུ་མོས་བཀལ་བའི་སྐུད་པ་སུམ་སྒྲིལ་གྱིས་མིག་ནས་མིག་ཏུ་ཕྱུངས་ཏེ་བརྒྱུས་ཏེ་མདུད་པ་པོར་ནས་ལྷ་རྣམས་ལ་མཆོད་པར་བྱ་སྟེ། ཇི་སྐད་བསྟན་པའི་གསང་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ལ་འདི་ནི་ནོར་བུ་དག་ཡིན་ཏེ། རྒྱལ་བའི་རིགས་ལ་བོ་དེ་ཙེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང༌། །རྡོ་རྗེའི་རིགས་ལ་རུ་རཀྴ་།དེ་ནས་ལག་པའི་སྙིམ་པར་སྔགས་ཀྱི་ནོར་བུ་བཅུག་ལ་དངོས་གྲུབ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་གསང་སྔགས་འདི་ཡོངས་སུ་བཟླས་པར་བྱའོ། །ཨོཾ་བྷ་ག་བ་ཏཱི། སིདྡྷེ་སིདྡྷཱ་ཡ། སིདྡྷཱ་རྠེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་བ་སུ་བ་ཏི་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ལའོ། །ཨོཾ་བཛྲ་ཡ་ཛ་ཏ་ན་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །དེ་ནས་སྙིང་གར་སྔགས་ཀྱི་ནོར་བུའི་ཕྲེང་བ་བླངས་ལ། གུང་མོ་དང་མཐེ་ཆུང་བརྐྱང་སྟེ། མཛུབ་མོ་རྒྱབ་ཏུ་བཞག་ནས་སྲིན་ལག་དང་མཐེ་བོས་ལས་ཐམས་ཅད་ལ་བགྲང་བར་བྱ་སྟེ། སྔགས་བརྗོད་པའི་མཇུག་ཏུ་ནོར་བུ་རེ་རེ་ལས་བགྲང་བར་བྱའོ། །ལས་དྲག་པོ་རྣམས་ནི་མཛུབ་མོས་བྱའོ། །རང་གི་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དང༌། ལྷའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རང་གིས་བཟླས་པར་བྱའོ། །གསང་སྔགས་ཀྱི་ཡི་གེ་རིམ་པ་བཞིན་དུ་བཀོད་ནས་མངོན་སུམ་དང་འདྲ་བར་བལྟ་སྟེ། རྡོ་རྗེའི་ཚིག་གམ་ཤུབ་བུའི་སྦྱོར་བས་ཧ་ཅང་མི་མྱུར་མི་དལ་བར་གསང་སྔགས་ཀྱི་ཡི་གེ་བརྗོད་ཅིང་བཟླས་པ་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས་འདི་སྐད་ཅེས། །ཀླག་པ་སྐྱོན་མེད་བྱས་ནས་སུ། །གསང་སྔགས་ཡི་གེ་དག་པ་ལ། །མཉམ་པར་གཞག་སྟེ་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ། །ཞེས་གསུངས་སོ། །དེ་ལ་འདི་ནི་རྡོ་རྗེའི་ཚིག་ཡིན་ཏེ། སོ་དང་མཆུ་ནི་ལེགས་སྦྱར་ཏེ། །ལྕེ་རྩེ་ཧ་ཅང་མི་བསྐྱོད་པ། །སྒྲ་སྤངས་པ་ནི་རྡོ་རྗེའི་ཚིག །ཆོ་ག་ཀུན་ལ་སྦྱར་བར་བྱའོ། །ཤུབ་བུའི་བཟླས་བརྗོད་ནི། །འདི་ལྟར་བདག་ཉིད་གསང་སྔགས་ཀྱི་ཡི་གེ་དག་པ་ལ། དྲུང་ན་འདུག་པ་སུས་ཀྱང་མི་ཐོས་པར་བདག་ཉིད་


DTG074_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐོས་ཙམ་དུ་བྱའོ། །རྟོག་པ་དན་པ་རྣམས་བསལ་ཏེ། །ཡིད་ཀྱིས་གསང་སྔགས་མཚན་ཉིད་ནི། །ཡང་ནས་ཡང་དུ་མངོན་བསམས་ཏེ། །མཁས་པས་བཟླས་བརྗོད་བྱེད་པ་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང༌། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང༌། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་སུ། །ཅི་ཡང་རུང་བར་མི་བསམ་མོ། །ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་མཚན་ཉིད་མ་གཏོགས་པ། །བསྒོམ་པ་མཆོག་ཏུ་གྱུར་པ་ཡང༌། །རྣམ་རྟོག་བཟུང་ནས་མི་བསམ་མོ། །གཞན་ཡང་རྣམ་པར་རྟོག་པ་གཉིད་བྲོ་བའམ། གླལ་ལམ། སྦྲིད་པའམ། ལུད་པའམ། བཤང་གཅི་ལ་སོགས་པ་བྱུང་པ་ན། མོད་ཁོ་ན་ལ་སྔགས་ཀྱི་ནོར་བུ་བཞག་སྟེ། བཤགས་པ་ལ་སོགས་པ་བྱས་ནས་ཉེ་རེག་བྱ་སྟེ། །བཟླས་པ་དང་པོ་ནས་བརྩམ་པར་བྱའོ། །སྔགས་ཀྱི་ནོར་བུ་ཐོག་མ་དང༌། །ཐ་མར་རྟག་ཏུ་སྒྲུབ་པ་པོས། །གུས་པར་གསང་སྔགས་མཐའ་དག་ལ། །བློ་དང་ལྡན་པས་ཕྱག་བྱའོ། །སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ། །རི་མོའི་གཟུགས་མ་སྐུ་གཟུགས་སམ། །མཆོད་རྟེན་དག་གམ་དེའི་གདན་རྣམས། །མིག་གིས་ཀུན་དུ་བལྟ་བར་བྱ། །བག་མེད་པས་ནི་གང་ཞིག་གིས། །གསང་སྔགས་ལྷ་གཞན་བཟླས་བྱས་ན། །གསོལ་བ་ཡིད་ཀྱིས་བཏབ་ནས་སུ། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །བཟླས་བརྗོད་གྲངས་བཞིན་བྱས་པའམ། །ཡང་ན་ལྷག་པར་བྱས་ཀྱང་རུང༌། །མགོན་པོས་དངོས་གྲུབ་སྩོལ་ཅིག་ཅེས། །བུམ་པའི་ཕྱག་རྒྱས་དབུལ་པར་བྱ། །དེ་ལ་བུམ་པའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག །གཡོན་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་ནས་སྦྱར་ཏེ། ལག་པ་གཡས་པའི་མཛུབ་མོས་ལག་པ་གཡོན་པའི་གུང་མོ་དང་སྲིན་ལག་དཀྲི་ཞིང་ལ་གཡོན་པའི་མཛུབ་མོས་ལག་པ་གཡས་པའི་གུང་མོ་དང་སྲིན་ལག་དཀྲིས་ལ། མཐེ་ཆུང་གཉིས་གཤིབས་ཏེ་བསྒྲེངས་ནས། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མར་བཞག་པ་ནི་བུམ་པའི་ཕྱག་རྒྱའོ། །ཕྱག་རྒྱ་འདིས་བདག་གི་དགེ་བའི་རྩ་བ་འདི་དངོས་གྲུབ་ཆེ་གེ་མོ་ཞིག་གི་རྒྱུར་བཅོམ་


DTG074_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་དབུལ་ལོ་ཞེས་བྱའོ། །དེ་ནས་བསྟོད་པ་དང༌། མཆོད་པ་ལ་སོགས་པ་བྱས་ནས་སྤྱན་དྲང་བའི་ཆོ་ག་དེ་ཉིད་དུ་བཞུད་ཅིག་ཅེས་བྱ་སྟེ། གཞལ་མེད་ཁང་དང་བཅས་པར་སླར་གཤེགས་སུ་གསོལ་ལོ། །དེ་ནས་ར་བ་ལ་སོགས་པས་ཕྱོགས་བཅིང་བ་དགྲོལ་བའི་ཕྱིར་མི་མཉམ་པའི་ཡན་ལག་ཅན་གྱི་ཕྱག་རྒྱ་བཅིངས་ནས་གཡོན་ཕྱོགས་ནས་བསྐོར་བར་བྱའོ། །ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ། སོར་མོ་བསྣོལ་བའི་རྩེ་མོ་དྲུད་པར་སྦྱར་ཏེ། ཐད་ཀར་བཞག་པ་ནི་མི་མཉམ་པའི་ཡན་ལག་གི་ཕྱག་རྒྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཧུ་ལུ་ཧུ་ལུ། ཙཎྜ་ལི་མ་ཏཾ་གི་བི་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་འདི་བརྗོད་པར་བྱའོ། །བུ་མོས་བཀལ་བའི་སྐུད་པ་དམ་པོ་ལེ་བརྒན་རྩིའམ། གུར་གུམ་གྱིས་བཙོས་པ་ལ་མདུད་པ་བདུན་པོར་ཏེ། བསྡུ་བའི་ཆོ་ག་བཞིན་ལན་སྟོང་བཟླས་བརྗོད་བྱས་ཏེ། སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིང་བར་བྱའོ། །སྔགས་ལ། ཨོཾ་ཧ་ར་ཧ་ར། བནད་ནི་ཤུ་ཀྲ་དྷ་ར་ཎི་སིདྡྷཱརྠེ་སྭཱ་ཧཱ། ཁུ་བ་དགག་པའོ། །བཟླས་བརྗོད་སྦྱིན་སྲེག་མཆོད་སོགས་ལ། །རྟག་ཏུ་བླ་གོས་བགོ་བར་བྱའོ། །ཉལ་དང་འཕྲེས་ལས་ཉེས་པ་མེད། །དེ་ཡང་མངོན་པར་བསྔགས་པར་བྱའོ། །ཨོཾ་རཀྵ་རཀྵ་མཾ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨཱཏྨ་ཙི་བ་ར་སྭཱ་ཧཱ། དུས་གསུམ་དག་ཏུ་བསྔགས་པ་ཡི། །གོས་ནི་རྣམ་པ་གསུམ་པོ་དག །བཀྲུ་འམ་ཡང་ན་བདུག་པ་དག །ཡང་ན་བསང་གཏོར་དག་ཀྱང་བྱ། །ཉལ་དང་ཁྲུས་བྱེད་མ་གཏོགས་པར། །སྔགས་པས་མཐོང་གོས་མི་སྤང་ཞིང༌། །དཀར་ལ་ཤིན་ཏུ་འཇམ་པ་དེ། །ཉིན་གཅིག་བཞིན་དུ་བསང་བར་བྱ། མཐང་གོས་མ་བཀྲུས་ན་རྡུལ་ལ་སོགས་པའི་ཟག་བྱེད་རྣམས་དང༌། རྡུལ་གྱིས་བླ་གོས་གོས་པར་འགྱུར་རོ། །དེ་བས་གང་གིས་རྡུལ་ལ་སོགས་པས་བླ་གོས་གོས་པར་མི་འགྱུར་བ་དེ་ལྟར་བྱའོ། །གང་ཡང་བཅོམ་ལྡན་འདས་ཀྱིས་མདོམས་དཀྲིས་འཁྲུ་ཞིང་མཐང་གོས་སུ་བྱའོ། །ལྷ་ལ་བགོས་པའི་སྣོད་རྣམས་ཀྱང༌། །ཉིན་གཅིག་བཞིན་དུ་བཀྲུ་བར་བྱའོ། །མེ་ཏོག་རྙིང་པ་དུས་གསུམ་དུ། །རྟག་པར་ཡང་ནི་ཕྱགས་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །གླེགས་བམ་མཇུག་ཏུ་བཀླག་པར་བྱ། །མཆོད་པ་དག་དང་དཀྱིལ་འཁོར་ཡང༌། །


DTG074_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དག་ཏུ་དེ་བཞིན་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང༌། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །རྗེས་སུ་དྲན་པ་དྲུག་གང་ཞེ་ན། སངས་རྒྱས་དང་ནི་ཆོས་དང་དགེ་འདུན་ལ། །བཟོད་པ་དང་ནི་ཚུལ་ཁྲིམས་ལྷ་རྣམས་ཏེ། །རྒྱལ་བས་རྗེས་སུ་དྲན་པ་དྲུག་གསུངས་པའོ། །སོ་སོའི་ཡོན་ཏན་ཚོགས་ཀྱང་རྗེས་དྲན་བྱ། །ཟློས་པ་ཟླ་བ་ཕྱེད་ཕྱེད་ཅིང༌། །ཉིན་གཅིག་བཞིན་དུ་སྨྱུང་བྱས་ནས། །ཟླ་ཕྱེད་མཚམས་སུ་བ་ཡི་ལྔ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུང༌། །དེས་ནི་གསང་སྔགས་ཟློས་པ་པོ། །ཟླ་བ་ཕྱེད་དུ་དག་འགྱུར་ཞིང༌། །བཟའ་མིན་ལ་སོགས་གང་ཟོས་པ། །དེ་དག་ཐམས་ཅད་རྣམ་པར་འབྱེད། །ན་མོ་བྷ་ག་བ་ཏེ། ཨུཥྞཱི་ཥཱ་ཡ། ཨོཾ་བི་ཤུདྡྷ་བི་ར་ཛེ། ཤི་བེ་ཤཱནྟི་ཀ་རི་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་ཡ་ཤོ་ཛེ་སྭཱ་ཧཱ། པདྨའི་རིགས་ལའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཤི་ཁི་ཤི་ཁི་ནི་རྨ་ལེ་པྲ་བྷེ་པྲ་བྷེ་སྭ་རེ། ཏེ་ཛོ་ཏེ་ཛོ་བ་ཏི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །དམར་སེར་བ་ཡི་འོ་མ་དང༌། །བ་ཡི་ཞོ་དང་བ་ཡི་མར། །བ་ཡི་གཅིན་དང་ལྕི་བ་རྣམས། །སོ་སོར་མཐོང་དང་བསྔགས་པ་དང༌། །ཀུ་ཤ་ལན་བརྒྱར་བསྔགས་པ་ཡི། །ཀུ་ཤའི་ཆུ་དང་ལྡན་བྱས་ཏེ། །ཤར་དུ་མི་སྨྲ་ཙོག་ཙོག་པོར། །འདུག་སྟེ་འབྲིང་ལ་སྲང་གསུམ་ཙམ། །པ་ལ་ཤ་ཡི་ལོ་མར་བཏུང༌། །ཡང་ན་མཆོད་ཡོན་སྣོད་བཤད་པ། །གང་ཡང་རུང་བ་ཅིག་ཏུ་བཏུང༌། །འདི་ནི་དེ་ཡི་ཆོ་གར་བསྟན། །བཟླས་བརྗོད་ཀྱི་ཆོ་ག་འདི་དུས་མཚམས་སུ་བྱའི་དུས་མ་ཡིན་པར་མི་བྱའོ། །དེ་ལ་དུས་མཚམས་བསྟན་པ་ནི། ཉི་མའི་དཀྱིལ་འཁོར་ཕྱེད་ཤར་བ་ནས་སྐྱེས་བུ་གཅིག་གི་གྲིབ་མའི་བར་འདི་ནི་སྔ་དྲོའི་དུས་མཚམས་ཡིན་ནོ། །ཉི་མའི་གུང་ལ་ཆུ་ཚོད་བརྒྱད་དམ། །དགུའི་དུས་མཚམས་ཡིན་ནོ། །ཕྱི་དྲོ་སྐྱེས་བུ་གཅིག་གི་གྲིབ་མ་ལུས་པ་ནས་ཉི་མའི་དཀྱིལ་འཁོར་ཕྱེད་ནུབ་པའི་བར་དུ་ནི་ཕྱི་དྲོའི་དུས་མཚམས་ཡིན་ཏེ། འདི་དག་ནི་ཉིན་པར་གྱི་དུས་མཚམས་རྣམས་ཡིན་ནོ། །མཚན་མའི་དུས་བསྟན་པ་ནི། ཉི་མའི་དཀྱིལ་འཁོར་ཕྱེད་ནུབ་པ་ནས་སྲོད་ཕྱེད་ཀྱི་བར་དུ་ནི། སྲོད་ལ་བརྩམ་པའི་དུས་མཚམས་སོ། །ཐོ་རངས་ཀྱི་དུས་ཕྱེད་ནས་ནི། ཉི་མའི་དཀྱིལ་


DTG074_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཕྱེད་ཤར་གྱི་བར་འདི་ནི་དུས་མཚམས་གཉིས་པ་ཡིན་ནོ། །ནམ་ཕྱེད་ནས་ནི་ཞི་བ་ལ་སོགས་མ་ཡིན་པར། །དྲག་ཤུལ་སྤྱོད་པའི་ལས་ཀུན་དང༌། །མི་སྣང་བ་ལ་སོགས་པ་དང༌། །དུར་ཁྲོད་ཀྱི་ནི་ལས་རྣམས་ལ། །རྟག་ཏུ་མཚན་མོ་བཟླས་པར་ཤིས། །ཞེས་བྱ་བ་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ལས་བཟློག་པ་ཉིད་ཀྱི་དུས་མཚམས་སུ། །བདག་ཉིད་ཞི་བ་ལ་སོགས་པའི་བཟླས་བརྗོད་བྱའོ། །ཟློས་པས་བཟླས་བརྗོད་ཟིན་པ་དང༌། །རིགས་ཀྱི་ཡུམ་དང་བདག་པོ་ལ། །ཉི་ཤུ་རྩ་གཅིག་བཟླས་བརྗོད་ནི། །བྱས་པས་རྟག་ཏུ་བསྲུང་བར་བྱ། །མདོར་ན་ཟློས་པ་པོ་དག་གིས། །བཟླས་བརྗོད་ཆོ་ག་གང་གསུངས་པའི། །ཆོ་ག་དེ་དག་ཉིད་ཀྱིས་ནི། །རིག་སྔགས་བརྟེན་ན་འགྲུབ་པར་འགྱུར། །ལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ། བདེ་བར་གཤེགས་པའི་སྲས་པོ་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས་སོ།། །།


previousལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ།བྱང་ཆུབ་མཆོག།next