Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས།next

གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས།


DTG074_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཇི་ཏ་ནཱ་མ་མཎྜ་ལ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། འཕགས་པ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །རྒྱལ་བའི་གཙུག་ཏོར་ལས་བྱུང་བ། །སྤྲུལ་པའི་རང་བཞིན་ལྷ་མོ་ནི། །སྐུ་མདོག་གངས་རི་ཉི་ཤར་འདྲ། །ཕྱག་སྟོང་སྤྱན་སྟོང་བརྒྱ་ཕྲག་སྟོང༌། །ལྷ་རྫས་གོས་ཀྱིས་ཡང་དག་བརྒྱན། །བཀྲ་ཤིས་ཆེ་བའི་ལྷ་མོ་ལ། །དེ་ལ་བསྟོད་དེ་སྒྲུབ་ཐབས་བྲི། །ཀུན་ལ་ཕན་གདགས་རིམ་པ་ཡིས། །གདུགས་དཀར་དཀྱིལ་འཁོར་རྣམ་གཉིས་ལས། །ཡིད་ཀྱི་རྣམ་པ་བཀོད་པ་ཡིས། །བཤད་ཀྱིས་ཉོན་མོངས་མ་དད་མིན། །ཡིད་དགའ་བ་ཡི་གནས་ངག་ཏུ། །སྒྲུབ་པོ་དམ་ཚིག་གྲོགས་བཅས་ཀྱིས། །ས་ཕྱོགས་དེར་ནི་བཤམ་པ་དང༌། །བསག་པ་བུམ་པ་ལྔ་སོགས་པ། །ནུས་དང་སྦྱར་ཡིན་དེ་ལས་གཞན། །རིགས་དང་མི་རིགས་ཚོགས་པར་བྱ། །སྙིང་རྗེ་ཆེན་པོ་རབ་དམིགས་པས། །སེམས་བསྐྱེད་སྔོན་དུ་སོང་བ་ཡིས། །སྐད་ཅིག་སྐུ་ཡིས་ཕྱོགས་དང་མཚམས། །བསྲུང་དང་སྔགས་དང་ཕྱག་རྒྱས་སོ། །སྙིང་གར་ཟླ་སྟེང་ཡི་གེ་ཡི། །འོད་ཀྱིས་དྲང་དང་སྤྲུལ་ནས་ནི། །བསོད་ནམས་ཚོགས་ནི་རྫོགས་པ་དང༌། །སྙན་ཚིག་ངག་གིས་བསྟོད་པ་དང༌། །ཕྱག་འཚལ་སྔོན་དུ་སོང་བ་ཡིས། །སེམས་བསྐྱེད་སྡོམ་པ་གཟུང་དབང་བསྐུར། །ལྷ་རྣམས་བསྡུས་པས་ལུས་བསྲེགས་ཏེ། །རང་བཞིན་ལུས་སུ་བལྟ་བར་བྱ། །གནས་སྡུ་ཨོཾ་བསམ་འགྲོ་བ་སྦྱང༌། །སངས་རྒྱས་མཛད་པ་རྫོགས་པ་དང༌། །འཁོར་ལོ་མ་ལུས་རྫོགས་པར་བྱ། །དཀར་མོ་ཆེན་མོ་ཕྱག་སྟོང་མ། །དབུ་སྟོང་སྤྱན་གྲངས་བརྒྱ་ཕྲག་སྟོང༌། །ལྷ་ཡི་རྒྱན་དང་ཆས་རྫོགས་པ། །བཀྲ་ཤིས་ཆེ་བའི་ལྷ་མོའོ། །ཕྱོགས་ནི་ཤར་ལྷོ་ནུབ་བྱང་དུ། །དྲག་ཤུལ་ཆེན་མོ་རབ་གཏུམ་མོ། །འབར་བ་ཆེན་མོ་སྟོབས་ཆེན་མོ། །བལྟ་དཀར་སེམས་དང་དམར་ལྗང་མ། །གཡས་གཡོན་མཐུན་པར་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་དཀུར་བརྟེན་དང༌། །བུམ་པ་བཟུང་བས་འགྱིང་བ་ཡི། །ཉི་ཟླའི་གདན་བཞུགས་བསམ་པར་བྱ། །


DTG074_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དཀྱིལ་འཁོར་འཁོར་ལོ་ལ། །ཤར་ཕྱོགས་འཁོར་ལོ་རྣམ་བཞི་ལ། །གོས་དཀར་མོ་དང་ཁྲོ་གཉེར་ཅན། །ཕྲེང་བའི་པདྨ་རྡོ་རྗེ་མ། །སོར་མོ་ཕྲེང་བ་ཨུཏྤ་ལའོ། །སྔོ་བསངས་ལྗང་གུ་དམར་མོའོ། །ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་རིན། །གཞན་གྱིས་མི་ཐུབ་སྒྲོག་ཅན་མོ། །མཆོད་མོ་གཟི་བརྗིད་ཆན་མོ་ནི། །དཀར་དང་སེར་ནག་ལྗང་གུ་མ། །རྡོ་རྗེ་རིན་ཆེན་དབྱུག་པ་སྟེ། །སྤོས་དང་རྡོ་རྗེ་ལུ་གུ་རྒྱུད། །ནུབ་ཏུ་སྟོབས་ཆེན་ལུ་གུ་རྒྱུད། །རྡོ་རྗེ་རིག་འཛིན་རིགས་གསེར་ཕྲེང༌། །དམར་དང་སེར་དང་དཀར་ལྗང་མ། །རྡོ་རྗེ་དང་ནི་བགྲང་ཕྲེང་བསྣམས། །བྱང་དུ་རྡོ་རྗེ་རིན་ཆེན་མ། །གཙུག་ཏོར་བསྒྱིངས་མ་གསེར་ཅན་མ། །དམར་པོ་དཀར་དང་ལྗང་གུ་སེར། །སྣ་ཚོགས་རྡོ་རྗེ་བགྲང་ཕྲེང་ཅན། །སྒྲོལ་མ་དཀར་མོ་ནམ་མཁའ་ལ། །བསྒྱིངས་པ་སྐྱབས་སྦྱིན་བསམ་པར་བྱ། །པདྨའི་སྤྱན་ནི་འོག་ཏུ་བསམ། །དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ལྷ་མོ་འདི་དག་ཐམས་ཅད་ཀྱང༌། །ཡིད་ཙམ་ཁྲོས་ནས་གཅོ་ལ་གཟིགས། །སྒོ་མ་མཚམས་ཀྱི་ལྷ་མོ་ནི། །དཀྱིལ་འཁོར་ཀུན་ནས་རབ་ཏུ་གསལ། །ཤར་ལ་སོགས་པའི་ཕྱོགས་རྣམས་དང༌། །མེ་ཡི་མཚམས་སུ་གནས་པར་བྱ། །ཐམས་ཅད་པ་ནི་རྫོགས་པ་རུ། །བློ་དང་ལྡན་པས་བསྒོམ་པར་བྱ། །གཙོ་མོའི་ཐུགས་ཀར་ས་བོན་ལས། །དེ་ལྟ་བུ་ཉིད་བསྐྱེད་པ་ཡི། །ས་བོན་འོད་ཀྱིས་འགྲོ་བ་སྦྱང༌། །དེ་བཞིན་གཤེགས་པ་མཆོད་པ་དང༌། །མཛད་པ་མ་ལུས་མཐར་ཕྱིན་བྱ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཉེས་དང་ཐ་དད་མེད་པར་བྱ། །ཡི་གེ་གསུམ་གྱིས་བྱིན་བརླབས་ཏེ།། མ་འདྲེས་རབ་གསལ་བསྒོམ་པར་བྱ། །གཙོ་མོ་ཆང་གིས་མཆོད་པ་དང༌། །ཕྱག་སོགས་རྫོགས་ནས་བྱ་བ་ནི། །འདོད་པ་ཀུན་ལ་སྦྱར་བར་བྱ། །གལ་ཏེ་སློབ་མར་དབང་བསྐུར་ན། །སྔོན་བཞིན་དུ་ནི་བསྒོམ་པར་བྱ། །བུམ་པ་སྦྱང་བྱས་ཟླ་ལ་ཨོཾ། །སྤྲོ་བསྡུ་ལྷ་མོ་བསྐྱེད་པ་དང༌། །དགུག་པ་བྱས་ནས་མཆོད་སོགས་བྱ། །དེ་ནས་ལེགས་ལྡན་མཆོད་པ་དང༌། །བསྒོ་དང་ལས་བཅོལ་དེ་ནས་ནི། །སྔོན་དུ་ལུང་དེ་བཀླག་པར་བྱ། །བདུན་ནམ་འབུམ་མམ་གྲངས་མེད་པའོ། །ལེགས་ལྡན་གཟུངས་ཀྱིས་བསྟོད་པ་དང༌། །མཆོད་པས་བསྒོ་བ་ཐམས་ཅད་བྱེད། །ལྷ་མོ་འོད་ཞུ་བདུད་


DTG074_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཡིས། །ཁྲུས་དང་བཀྲ་ཤིས་བརྗོད་པར་བྱའོ། །དབུས་བཞག་ཕྱོགས་རྣམས་བཅིང་བ་དང༌། །སྐུད་པ་ལྔ་ཡི་དྲ་བ་ཡིས། །ཚོན་གྱིས་བཅད་དེ་དཀྲི་བ་དང༌། །རུས་པའམ་བོང་བ་རྡོ་བ་ལ། །དཀྲིས་ནས་གཏོར་ཏེ་བྱུར་བསལ་བྱ། །དེ་ནས་གཏོར་མ་བྱས་ནས་ནི། །བསྲུང་བ་ལུས་སམ་མགུལ་དུ་གདགས། །བཅིངས་པ་ལུས་ལ་དཀྲི་བ་དང༌། །ཕུར་བུ་བཏོན་ནས་གདབ་པར་བྱ། །གྲོ་གའམ་རས་སམ་ཤིང་ཤུན་ལ། །གུར་ཀུམ་དྲི་ཞིམ་འུམ་བུ་ཡིས། །སྐར་མ་རྒྱལ་ལ་བབ་པ་ན། །སྔགས་པས་བྲི་བ་རྫོགས་ནས་ནི། །བཏགས་པ་ཙམ་གྱིས་བཤད་པ་ཡི།། གནོད་པ་མ་ལུས་པ་ལས་ཐར། །དད་ལྡན་འདི་རུ་དབང་བསྐུར་བ། །བུ་འདོད་ཡི་དམ་བཅས་ཙམ་གྱིས། །རྙེད་དེ་ཚེ་དང་བསོད་ནམས་འཕེལ། །བདེ་བ་ཅན་དུ་ཉེ་བར་འགྲོ། །རྒྱལ་ལ་བྲི་བ་རྫོགས་ནས་ནི། །རྒྱལ་མཚན་རྩེ་ལ་བཏགས་ནས་ནི། །རིམ་གྲོ་ཆེན་པོ་བཙུགས་བྱས་ནས། །མི་ནད་ལ་སོགས་ཟློག་པར་བྱེད། །དེ་ནི་ཆར་འབབ་ནད་མེད་པ། །ཀླུ་རྣམས་ཀྱིས་ནི་བྱིན་གྱིས་རློབ། །འདི་དག་བྱ་བ་ཀུན་ལ་ནི། །མཆོད་དང་གཏོར་མས་ལེགས་ལྡན་མཆོད། །མཁས་པ་རྣམས་ཀྱིས་བཟོད་པ་དང༌། །དགེ་བས་སྐུ་གཉིས་རྫོགས་པར་ཤོག །བཅོམ་ལྡན་འདས་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་གའི་རིམ་པ། སློབ་དཔོན་གྷི་རི་ཝ་ཏས་མཛད་པ་རྫོགས་སོ།།


previousགཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས།next