Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས།next

འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས།


DTG074_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ་ཨ་པ་རཱ་ཛི་ཏ་སཱ་དྷ་ན་དྷཱ་ར་ནཱཾ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་དགེ་ཚུལ་དག་བསྙེན་དང༌། །རྣལ་འབྱོར་བདེ་བཞིའི་ཚུལ་ལྡན་པས། །ས་གཞི་བཀྲ་ཤིས་ཡིད་འོང་བར། །མཎྜལ་བ་ཡི་རྣམ་ལྔས་བྱུགས། །ས་ཡི་ཆོ་ག་ལེགས་བྱས་ལ། །ཐིག་ནི་རབ་ཏུ་གདབ་པར་བྱ། །འཁོར་ལོ་རྩིབས་བཞི་རྩིབས་བཅུ་པ། །རྡོ་རྗེ་ཕྲེང་བ་གྲུ་ཆད་དང༌། །སྣམ་བུ་དང་ནི་གྲུ་བཞིར་བྱ། །པདྨ་སྣ་ཚོགས་ཕྲེང་བ་དང༌། །རྡོ་རྗེའི་ཕྲེང་བས་བསྐོར་བར་བྱ། །ཙནྡན་ཤུག་པ་ལ་སོགས་པ། །ཞི་དང་རྒྱས་པའི་ཤིང་རྣམས་


DTG074_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གཙུག་ཏོར་རྒྱལ་མཚན་ལྡན་པ་བྱ། །དེ་ལ་སྔགས་རྣམས་ལེགས་པར་བྲི། །ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་ཥྚོཾ་བནྡྷ་བནྡྷ་བདག་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཧཱུཾ་ཥྚོཾ་བནྡྷ་བནྡྷ་བདག་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་རཏྣ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ཨ་བ་ལོ་ཀེ་ཏེ་མཱུ་རྟ་ནི་ཏེ་ཛོ་ར་ཥི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་པདྨ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །དྷ་ར་དྷ་ར། བི་ད་ར་བི་ད་ར། ཚིནད་ཚིནད། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཀརྨ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེཾ་ཧཱུཾ་ཕཊ་སྭཱ་ཧཱ། རིགས་ལྔའི་གཙུག་ཏོར་རོ། །ཏདྱཱ་ཐཱ། ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མ། སརྦ་བུདྡྷ། ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། གཙུག་ཏོར་དཀར་མོའིའོ། །ཨོཾ་རྀ་ཤི་ག་ཎ་པྲ་ཤ་སྟེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་ཕ་ཏྲེ་ཧཱུཾ་དྲཱུཾ། ཛམྦྷ་ནི་ཀ་རཱི་ཧཱུཾ་དྲཱུཾ། མ་ཧཱ་བི་དྱཱ། སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། པ་ར་བི་དྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་ཏྲཱུཾ། སརྦ་དུཥྚཱ་ནཱན། སྟམྦྷ་ནི་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ནཱན། བི་དྷྭ་ན་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་ར་ཤིའི་ཏཱི་ནཱན། གྲ་ཧ་ས་ཧ་སྲཱ་ཎཱ་མ་བི་དྷྭ་ན་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚ་བིཾ་ཤ་ཏཱི་ནཱན། ནཀྵ་ཏྲ་ཎཱཾ། པྲ་སཱ་དྷ་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ། བི་དྷ་ན་ས་ན་ཀ་རཱི་ཧཱུཾ་དྲཱུཾ། པདྨ་འདབ་བརྒྱད་གདན་སྟེངས་སུ། །རིམ་བཞིན་གཙུག་ཏོར་བཞུགས་སུ་གསོལ། །གྲུ་ཆད་མཆོད་པའི་ལྷ་མོ་བཞི། །སྒོ་བཞི་སྒོ་བ་ཕུར་བུ་བཞི། །རིག་སྔགས་ཕྲེང་བས་བསྐོར་ཏེ་གཟུགས། །སྒོ་བཞིར་རལ་གྲི་མེ་ལོང་དང༌། །བུམ་པ་མདའ་དང་རིམ་བཞིན་བརྒྱན། །ཁ་དོག་ལྔ་ཡི་རྒྱན་རྣམས་དང༌། །ཡུངས་ཀར་ལ་སོགས་འབྲུ་ལྔ་བཀོད། །དེ་ནས། རིག་སྔགས་གཅོད་ཅིང་མཚམས་བཅད་དེ། །ཡན་ལག་བདུན་པའི་སྨོན་ལམ་གདབ། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ། །བདག་ལ་དབང་བསྐུར་སྨོན་ལམ་གདབ། །གནང་བ་ཐོབ་ནས་སྔགས་འདི་བརྗོད། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ཡིས་ཐམས་ཅད་སྟོང་པའི་དང༌། །ཨ་ཡི་འོད་ཟེར་འཕྲོ་དུ་ཧཱུཾ། །དེ་ལས་ཡི་གེ་འབྲུ་གསུམ་འཕྲོས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རཾ་གྱིས་བསྲེགས་ཏེ་ཡཾ་གིས་གཏོར། །ཁཾ་གིས་བཀྲུས་ལ་དག་པར་བྱས།།


DTG074_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འབྲུ་ལྔ་འདི་འཕྲོས་ཏེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཆགས། །ཁཾ་ལས་བདུད་རྩིའི་རྒྱ་མཚོའི་དབུས། །ལཾ་ལས་གསེར་གྱིས་གཞི་ཆགས། །རཾ་ལས་མེ་ཡི་དཀྱིལ་འཁོར་འཕྲོས། །འབྱུང་བ་ལྔ་ཡི་འཕྲོ་འདུ་ལས། །རིན་ཆེན་སྣ་ཚོགས་རི་རབ་སྟེ།། བྷྲཱུཾ་ལས་སྣ་ཚོགས་གཞལ་ཡས་ཁང༌། །གྲུ་བཞི་སྒོ་བཞི་སྒོ་ཁྱུང་ལྡན། །སྣ་ཚོགས་རྡོ་རྗེ་པདྨས་བསྐོར། །དབུས་སུ་བྷྲཱུཾ་ལས་འཁོར་ལོ་ནི། །རྩིབས་བཞི་རྩིབས་བཅུ་ཉི་ཟླའི་བར། །པཾ་ལས་པདྨ་འདབ་བརྒྱད་དེ། །གེ་སར་དབུས་སུ་བསམ་པ་ནི། །རིགས་ཀྱི་གཙུག་ཏོར་ལྔ་རྣམས་དང༌། །ཕྱོགས་བཅུའི་གཙུག་ཏོར་བཅུ་རྣམས་དང༌། །སྒོ་བཞིར་གཙུག་ཏོར་ཆེན་པོ་བཞི། །ཐམས་ཅད་ཡི་གེ་བྷྲཱུཾ་ལས་བསྐྱེད། །སེམས་ཅན་སངས་རྒྱས་ཐམས་ཅད་ཀྱི། །ཡིད་ཀྱི་རང་བཞིན་ནམ་མཁའ་སྟེ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཕྱི་ནང་སྣོད་བཅུད་འཇིག་རྟེན་ཁམས། །འབྱུང་ལྔ་ཡེ་ཤེས་ལྔ་རང་བཞིན། །ཐམས་ཅད་སྟོང་གསལ་རང་བཞིན་མེད། །དེ་ལས་འོད་འཕྲོས་ཟླ་བའི་གདན། །དེ་ཡི་དཀྱིལ་དུ་ཡི་གེ་ཨ། །དེ་དག་འཕྲོས་ཤིང་འདུས་པ་ལས། །ཐམས་ཅད་པར་བུ་གསེག་ཤང་གིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་སྟེ། །སླར་འདུས་བཅོམ་ལྡན་ཤཱཀྱ་ཐུབ། །སྐུ་མདོག་གསེར་འོད་འབར་བ་ལ། །མཚན་ནི་སུམ་ཅུ་རྩ་གཉིས་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། །ཐུགས་ནི་ཡེ་ཤེས་ལྔ་དང་ལྡན། །དེ་འདྲ་བདེ་བར་གཤེགས་པའི་སྐུས། །ནམ་མཁའ་བར་སྣང་ས་གཞི་རྣམས། །ཏིལ་གང་བཞིན་དུ་གང་བར་བསྒོམ། །དེ་དག་དབུ་ཡི་གཙུག་ཏོར་ལས། །བྷྲཱུཾ་ལས་གཙུག་ཏོར་གདུགས་དཀར་མོ། །ཞལ་གཅིག་ཕྱག་བཞི་ཞི་བའི་ཚུལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དང་པོ་ཕྲེང་བ་རྒྱལ་མཚན་བསྣམས། །འོག་མ་སྐྱབས་སྦྱིན་མཉམ་གཞག་ཅན། །ཐུགས་ཀར་བདེ་གཤེགས་གཙུག་ཏོར་ནི། །སྐུ་མདོག་སེར་པོ་དབུ་རྒྱན་འཁོར་ལོ་བསྣམས། །ཤར་ཕྱོགས་རྡོ་རྗེ་གཙུག་ཏོར་ནི། །སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས། །ལྷོ་ཕྱོགས་རིན་ཆེན་གཙུག་ཏོར་ནི། །སྐུ་མདོག་སྔོ་སྐྱ་རིན་


DTG074_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནོར་བུ་བསྣམས། །ནུབ་ཕྱོགས་ཆོས་ཀྱི་གཙུག་ཏོར་ནི། །སྐུ་མདོག་དམར་སྐྱ་པདྨ་བུམ་པ་བསྣམས། །བྱང་ཕྱོགས་ལས་ཀྱི་གཙུག་ཏོར་ནི། །སྐུ་མདོག་ལྗང་སེར་རྒྱ་གྲམ་ལྕགས་ཀྱུ་བསྣམས། །དེ་ལྔ་ཐུགས་ཀྱི་དཀྱིལ་འཁོར་ནས། །བྷྲཱུཾ་ལས་གཙུག་ཏོར་ཆེན་པོ་བཅུ། །དཀར་སྔོ་དམར་ལྗང་མཐིང་ག་དང༌། །སྔོ་སྐྱ་དམར་ནག་ཁ་དོག་བཅུ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་གཙུག་ཏོར་གཡོན་བུམ་པ། །རེ་རེ་ར་འཁོར་ཡང་བཅུ་བཅུས་བསྐོར། །འཁོར་ལོ་པདྨའི་ལྟེ་དབུས་ནས། །བརྗིད་པའི་ཚུལ་དུ་མཉམ་གནས་ཏེ། །ཕྱོགས་བཅུ་རྒྱལ་བའི་ཚོགས་རྣམས་ཀྱིས། །དབང་བསྐུར་ཡི་གེ་ཐིག་ལེ་བཀོད། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྤྱི་བོ་ལྕེ་དང་སྙིང་ག་དང༌། །ལྟེ་བ་གསང་བའི་གནས་རྣམས་སོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔས། །བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ལོ། །ཨོཾ་ཧཱུཾ་ཏྭཱཾ་ཧྲཱིཿཧ། སྤྱི་བོ་རྣ་བ་གཡས་གཡོན་དང༌། །ལྟག་པ་དབྲལ་བ་དག་ཏུ་དགོད། །འཁོར་ལོ་རྡོ་རྗེ་རིན་ཆེན་དང༌། །པདྨ་རྒྱ་གྲམ་ཕྱག་མཚན་སོགས། །རིགས་ཀྱི་བདག་པོས་དབང་བསྐུར་བའི་ཆོ་འཕྲུལ་ལོ། །རྫོགས་པའི་སྐུ་མཆོག་ཐུགས་ཀ་ནས། །གསང་བའི་ཡི་གེ་འཕྲུ་བཞི་འཕྲོས། །ཛཿཧཱུཾ་བཾ་ཧོཿ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཚད་མེད་སྒོ་བ་ཆེན་མོ་བཞི། །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་སོ། །དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ །གནྡྷེ་མཆོད་པའི་ལྷ་མོ་བཞིས། །བདེ་གཤེགས་ཀུན་ལ་མཆོད་པར་དམིགས། །བྱམས་པའི་ལྷ་མོས་བདུག་པ་དབུལ། །སྙིང་རྗེའི་ལྷ་མོས་མེ་ཏོག་དབུལ། །དགའ་བའི་ལྷ་མོས་མར་མེ་དབུལ། །བཏང་སྙོམས་ལྷ་མོས་བྱུག་པ་དབུལ། །སོ་སོའི་སྐུ་མཆོག་ཚིམ་ནས་ཀྱང༌། །བསྐུལ་དོན་བྱས་ནས་འོད་ཟེར་འདུས། །ལྷ་མོ་དེ་དག་ཐམས་ཅད་ཀྱིས། །མིག་དང་རྣ་བ་སྣ་ལྕེ་ལུས། །འདོད་པའི་ལྷ་མོ་ལྔ་འཕྲོས་ཏེ། །གཟུགས་སྒྲ་དྲི་དང་རོ་རེག་བྱ། །གཟུགས་ཀྱི་ལྷ་མོས་སྤྱན་ལ་མཆོད། །སྒྲ་ཡི་ལྷ་མོ་སྙན་ལ་མཆོད། །དྲི་ཡི་ལྷ་མོས་ཤངས་ལ་མཆོད། །རོ་ཡི་ལྷ་མོས་ལྗགས་ལ་མཆོད། །རེག་བྱའི་


DTG074_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོས་སྐུ་ལ་མཆོད། །ཐམས་ཅད་འཕྲོས་ཏེ་བདག་ལ་ཐིམ། །གཉིས་སུ་མེད་པའི་མཆོད་པའི་ཆོ་འཕྲུལ་ལོ། །དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྤྱན་དྲང་བ་ནི། །ཕྱོགས་བཅུ་རབ་འབྱམས་འཇིག་རྟེན་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །གཙུག་ཏོར་ཆེན་པོ་འཁོར་བཅས་རྣམས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱ་ན། མ་ཧཱ་ཀཱ་རུ་ཎི་ཀྀ་དྲ་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། པྲ་ཛྙཱ་པཱ་ར་མི་ཏཱ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ། རྒྱལ་བ་འཁོར་བཅས་ཆུར་གཤེགས་གདན་ལ་བཞུགས། །རིན་ཆེན་སྟེགས་དང་སེང་གེའི་ཁྲི། །ཉི་ཟླ་པདྨ་བརྩེགས་པའི་གདན། །མ་ཉམས་ཚུལ་ཁྲིམས་བརྟན་པའི་གནས་འདིར་བཞུགས། །པདྨ་ས་མ་ཡ་སྟྭཾ། སྲིད་གསུམ་སྟོན་པ་མི་དང་ལྷ་ཡི་ལྷ། །བཅོམ་ལྡན་མགོན་པོ་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་པའི་སྤྱི་གཙུག་ན། །ཡ་མཚན་རྨད་བྱུང་གཙུག་ཏོར་གདུགས་དཀར་སྐུ། །སྲིད་གསུམ་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་རྣམ་ལྔ་རིམ་བཞིན་དབུལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །དབུ་རྒྱན་རིན་ཆེན་གཙུག་ཏོར་ལས། །ཐུགས་རྗེས་སྤྲུལ་པའི་གཙུག་ཏོར་གདུགས་དཀར་སྐུ། །ཞལ་གཅིག་མཆེ་གཙིགས་ཡེ་ཤེས་གདོང་མིག་ཅན། །ཕྱག་བཞི་རིགས་བཞི་ཉོན་མོངས་བདུད་བཞི་འཇོམས། །རང་བཞིན་རྒྱས་པའི་སྐུ་ལ་ཕྱག་འཚལ་ལོ། །ཡེ་ཤེས་དབུ་སྟོང་ཁ་དོག་ཅིར་ཡང་གསལ། །ཕྱག་ནི་འབུམ་ཕྲག་སྤྲུལ་པའི་ཕྱག་མཚན་རྣམས། །ཐུགས་རྗེ་གོ་ཆ་ཅིས་ཀྱང་མི་ཐུབ་གསལ། །འབར་བའི་མཚན་རྟགས་ཐུགས་རྗེ་ཉི་མ་ལྟར། །ཐུགས་རྗེ་འབར་བའི་འོད་ཟེར་ཀུན་ལ་ཁྱབ། །རིགས་སྔགས་དྲག་པོ་ཕྲ་མེན་ཚོགས་འཇོམས་ཤིང༌། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འདུལ་མཛད་པ། །ལོག་པའི་སྐྱོན་རྣམས་སེལ་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་ལྕགས་ཀྱི་དཀྱིལ་འཁོར་ཏེ། །ཉི་ཟླ་པདྨའི་ལྟེ་དབུས་སུ། །བྷྲཱུཾ་ལས་འཁོར་ལོ་རྩིབས་བརྒྱད་པ། །གསང་སྔགས་འདིས་ནི་ལེགས་པར་བསྐོར། །བསྙེན་པ་འབུམ་ཕྲག་དྲུག་བྱའོ། །


DTG074_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། པི་ཥ་དེ་བི་ཥ་དེ། བཱི་རེ་བཱི་རེ། བཛྲ་ངྷ་ར་ནི་བནྡྷ་བནྡྷ། བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུཾ་དྲཱུཾ་བནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞི་རྒྱས་དབང་དྲག་མངོན་སྤྱོད་རྣམས། །གསང་སྔགས་འདིས་ནི་འགྲུབ་པར་གསུངས། །སྔགས་རེ་ཡུངས་ཀར་རེ་རེར་སྤྲུལ།། བཅད་དམ་བསྐྲད་ནས་ཕུར་བུས་རྡེག །རིན་ཆེན་ལྔ་སོགས་བུམ་པ་ལ། །ཁྲོ་བོའི་ལྷ་རྣམས་བསྒོམ་བྱས་ཏེ། །ཁྲུས་ཀྱི་ཆོ་ག་ལེགས་པར་བྱ། །གཙང་བའི་གོས་ཀྱིས་རབ་བརྒྱན་ཏེ། །ཤར་ཕྱོགས་སྒོ་ནས་ཕྱག་འཚལ་བཤགས། །བདག་མིང་འདི་ཞེས་བྱ་བ་ཡིས། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལ་བསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་དུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་


DTG074_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །པདྨོའི་གདུང་ལ་ཕྱག་འཚལ་ལོ། །གླང་པོའི་གདུང་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །ཀླུའི་གདུང་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སྤོང་བ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་དང༌། ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་ལྷན་ཅིག་པ་རྣམས་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་རྣམས་ལ་ཕྱག་འཚལ་ལོ། །བུམ་པ་རྒྱན་ལྡན་ལྔ་རྣམས་ལ། །གཙོ་བོའི་སྔགས་རྣམས་ལེགས་བརྗོད་ཅིང༌། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །དབང་བསྐུར་བསྲུང་བའི་ཚིག་འདི་བརྗོད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་པ་ཆེན་མོས། དུས་ཐམས་ཅད་དུ་བདག་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་དུས་


DTG074_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བདེ་གཤེགས་སྤྲུལ་པའི་སྐུ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨས་མངོན་མཚོན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །དྲག་པོའི་ལྷ་རྣམས་ཐམས་ཅད་ཀྱིས། །བདག་ལ་སྲུང་བར་མཛད་དུ་གསོལ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང༌། །རྡོ་རྗེ་གཞོན་ནུའི་རིག་འཛིན་མ། །ལག་ན་རྡོ་རྗེ་རིགས་གསེར་ཕྲེང༌། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང༌།། གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེ་སྒྲོས་དང་དཀར་མོ་དང༌། །པདྨའི་སྤྱན་དང་ཟླ་འོད་དང༌། །ཕྱག་རྒྱའི་ཚོགས་དེ་དག་ཐམས་ཅད་ཀྱིས། བདག་ལ་སྲུང་བར་མཛད་དུ་གསོལ། དེ་ནས་ཕྱོགས་བཅུའི་གཙུག་ཏོར་རྣམས་ཀྱིས་དབང་བསྐུར། གསང་སྔགས་བརྗོད། ཨོཾ་རྀ་ཤི་ག་ན་པྲ་ཤསྟ་ཡ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ། ཨ་བྷིཥིཉྩ་ཧཱུཾ། ཕྱི་མ་གོང་གིས་འགྲེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ། ཀུན་ནས་བདག་ལ་བསྲུང་དུ་གསོལ། །འཇིགས་པ་ཆེན་མོ་ཉི་ཤུ་ལས་བསྲུང་དུ་གསོལ། །གདོན་ཉི་ཤུ་རྩ་གཅིག་ལས་བདག་རྒྱལ་བར་མཛད་དུ་གསོལ། ཤ་ཟའི་གདོན་སུམ་ཅུ་རྩ་གཅིག་ལས་བདག་བསྲུང་དུ་གསོལ། གདོན་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ཀུན་དུ་རྒྱུས་བྱས་པའི་རིག་སྔགས་བཅད་དོ། །


DTG074_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུས་གདབ་པོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕྱུག་བདག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ནམ་མཁའ་ལྡིང་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང་སྦྲང་རྩིར་བྱེད་པ་དང་དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །བུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲྀང་གི་རི་ཏི་དང་དགའ་བྱེད་དབང་ཕྱུག་དང༌། ཚོགས་ཀྱི་བདག་པོ་དང༌། ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །པུར་བུས་གདབ་བོ། །གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཚིནད་ཚིནད། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། པ་ར་པྲ་དཱ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་ཏེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་གནྡྷ་བྷེ་བྷྱཿཕཊ། སརྦ་ཀིན་ན་རེ་བྷྱཿཕཊ། སརྦ་མ་ཧོ་རཱ་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ།


DTG074_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པྲ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུམྦྷཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ཀ་ཏྲ་ནེ་བྷྱཿཕཊ། སརྦ་ཨུན་མཱ་དེ་བྷྱཿཕཊ། སརྦ་ཨ་པསྨ་རེ་བྷྱཿཕཊ། སརྦ་ཨོསྟ་རཱ་གེ་བྷྱཿཕཊ། སརྦ་དུར་ལཾ་ཀི་ཏེ་བྷྱཿཕཊ། སརྦ་དུར་བྷུཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རི་བྷྱཿཕཊ། སརྦ་ཀྲྀ་ཏེ་ཀརྨ་ཎི་ཀ་ཁོར་དེ་ཀི་ར་ཎ། བྷི་ཏ་ཙི་ཏ་པྲེ་ཤ་ཀ་དྷུཙྪ་དྷི་ཏེ་དུར་བྷུག་ཏེ་བྷྱཿཕཊ། སརྦ་ཏིརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སརྦ་ཨརྠ་སཱདྷ་ཀེ་བྷྱོ་བིདྱཱ་ཙཪྻེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནི་བྷྱཿཕཊ། སརྦ་ཀུ་མཱ་རི་བ་དེ་ཏྲ་པ་ཎི་ཡེ་བྷྱཿཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲཱྀཾ་ཁ་ལ་པྲ་ཏྱཾ་གི་ར་རཱ་ཛ་ཡེ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲྀ་ག་ཎ་ན་མ་སྐྲྀ་ཏེ་ཡེ་ཕཊ། བཻཥྞ་བཱི་ཡེ་ཕཊ། བྲཱཧྨ་ཎཱི་ཡེ་ཕཊ། ཨགྣ་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀཱ་ལ་དཎྜ་ཡེ་ཕཊ། ཨཻནྡྲཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། ཀཽ་མརཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙཱ་མུཎྜཱི་ཡེ་ཕཊ། རཱ་ཏྲི་ཡེ་ཕཊ། ཀཱ་ལ་རཱ་ཏྲི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་ཏི་མུཀྟི་ཤྨཱ་ཤཱ་བཱ་སི་ནཱི་ཡེ་ཕཊ། དཀྱིལ་འཁོར་ལྷ་ཡི་སྣམ་བུ་ལ། །མཆོད་པ་སྣ་ལྔ་བརྒྱ་རྩ་བརྒྱད། །ཕྱོགས་བཞིར་ཉི་ཤུ་ལྔ་ལྔ་དགོད། །སྒོ་ཁྱུད་སྣམ་བུ་ལྗང་གུའི་སྟེང༌། །དྲག་པོའི་དུག་ཤིང་སྣ་ཚོགས་ལ། །ཕུར་བ་ཚད་ལྡན་བརྒྱ་རྩ་བརྒྱད། །ལྔ་བཅུ་རྩ་དྲུག་རིག་སྔགས་བྲི། །ཕྱོགས་རེར་ཉི་ཤུ་རྩ་ལྔ་དགོད། །བྱད་མའི་ཕྱོགས་སུ་གདོན་རྣམས་ཀྱི། །གཟུགས་མིང་གྲོ་ག་ལ་བྲིས་ཏེ། །ཕྱག་རྒྱ་བཞིས་ནི་བཀུག་བཅུག་ནས།། ཕུར་བུས་གདབ་ཅིང་སྔགས་ཀྱིས་གདབ། །བསྐུལ་ཚིག་བཅས་པའི་བཟླས་པ་ནི། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །འཇིགས་པ་ཐམས་ཅད་བཟློག་འདོད་པས། །ཡུལ་ཕྱོགས་བཅས་པའི་མིང་རུས་བྲིས། །ཆོ་ག་བཞིན་དུ་ཕུར་བུས་གདབ། །བུད་མེད་གང་ཞིག་བུ་འདོད་པས། །དག་ཅིང་གཙང་མར་ཁྲུས་བྱས་ནས། །ཞི་བའི་རྒྱན་དང་ལྡན་པར་བྱ། །གཙུག་ཏོར་སྙིང་པོ་འབུམ་ཕྲག་བརྗོད། །བྱིས་པའི་གདོན་རྣམས་ཕུར་བུས་གདབ། །ཡུལ་དང་གྲོང་ཁྱེར་སྲུང་འདོད་པས། །ཕྱོགས་བཅུའི་པདྨ་འདབ་བརྒྱད་སྟེང༌། །ཕྱོགས་བཅུའི་གཙུག་


DTG074_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་བཞེངས་སུ་གསོལ། །མཆོད་པའི་ཆོ་ག་བཅུ་བཅུ་བྱ། །གསང་སྔགས་བརྒྱ་རྩ་བརྒྱད་དུ་བརྗོད། །གྲོང་ཁྱེར་གཙོ་བོ་དབུས་སུ་ནི། །གཙུག་ཏོར་གཙོ་བོ་ལྔ་བཞབས་ཏ། །དཀྱིལ་འཁོར་ཆེན་པོ་རྒྱས་པར་བྱ། །གཟུངས་ཀྱང་འབུམ་ཚར་གདོན་པར་བྱ། །དེ་ལྟར་ལན་བདུན་བྱས་གྱུར་ན། །འཁོར་ལོ་བསྒྱུར་བའི་བསོད་ནམས་འགྲུབ། །ཐམས་ཅད་གཅོད་བཟློག་རིག་སྔགས་འདི། །སྟོན་པས་སྔོན་སངས་རྒྱས་ཚོ་གསུངས། །གཞན་ཡང་འདི་ཡི་ཡོན་ཏན་ནི། །བྱེ་མ་སྙེད་དུ་བརྗོད་མི་ལང༌། །མ་འོངས་འགྲོ་བ་ཐམས་ཅད་ཀྱི། །བསོད་ནམས་ཐམས་ཅད་བསྐྱེད་པ་དང༌། །རྐྱེན་རྣམས་ཐམས་ཅད་བཟློག་པའི་ཕྱིར། །རྡོ་རྗེ་ལྟ་བུའི་སྒྲུབ་ཐབས་འདི། །ཤེས་རབ་ལྡན་པས་རྟོགས་པར་ཤོག །གཙུག་ཏོར་གདུགས་དཀར་མོའི་སྒྲུབ་ཐབས། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།


previousའཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས།next