Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག། 
   
   
   
   
   
   
   


 
previousདེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག།next

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག།


DTG074_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

༈། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག་བཞུགས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་སྡེ་བཀླག་ཅིང་


DTG074_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་བདུན་མཆོད་དེ་སྨོན་ལམ་གདབ་པའི་ཆོ་ག་མདོ་སྡེ་ལས་བསྡུས་ཏེ་རིམ་པར་བཀླག་པ། དེ་བཞིན་གཤེགས་པ་བདུན་གྱི་མདོ་བཀླག་ཅིང་ཆོ་ག་རིམ་པར་མཛད་པ། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་བཀླག་ཅིང་སྨོན་ལམ་གདབ་པ་ལ། མགོ་མཇུག་དུས་ཀུན་དུ་གནོད་སེམས་དང༌། འཁོན་དང༌། བརྣབ་སེམས་དང༌། མ་དད་པ་དང༌། ལེ་ལོ་དང༌། ཡིད་གཉིས་ལ་སོགས་ཏེ་ཉོན་མོངས་པའི་སྐྱོན་དང༌། སེམས་མ་འདྲེས་པར་བསྡམ་ཞིང་བག་བྱ། གཞུ་རྡེག་ལ་སོགས་པ་ཆད་པ་དང༌། གནོད་པའི་ལས་མིང་ཡང་མི་གྲག་པར་བྱ། དེ་བཞིན་གཤེགས་པ་དེ་དག་གི་ཡོན་ཏན་དང༌། མཐུའི་ཁྱད་པར་ལ་ཡིད་ཆེས་ཤིང་མོས་པར་བྱ་སྟེ། བཀའ་དྲིན་གཟོ་ཞིང་དང་པ་དང༌། དད་པ་དང་གུས་པའི་སེམས་ཆེར་བསྐྱེད། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་ངེས་པར་གཟུང༌། སེམས་ཅན་ལ་བྱམས་པ་དང། སྙིང་རྗེའི་སེམས་བསྐྱེད་ལ། ཁྱིམ་པ་ཞིག་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང༌། བཙོན་དང་བུ་ལོན་ཅན་བདག་ལ་དབང་ཡོད་པ་རྣམས་ཐར་བར་བྱ་ཞིང༌། ཕོངས་པ་རྣམས་ལ་དཔུང་གཉེན་བྱ། དེ་བཞིན་གཤེགས་པ་བརྒྱད་དང༌། འཕགས་པ་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲོལ་གྱི་སྐུ་གཟུགས་རྒྱུ་ཅི་འབྱོར་པ་ལས་གསར་དུ་བྱ། གསར་དུ་མ་འབྱོར་ན་སྐུ་གཟུགས་རྙིང་པ་ཅི་བཞུགས་སྤྱན་དྲངས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ་སྡེ། མཆོད་པ་ཞག་དུས་ཟིན་གྱི་བར་དུ་ཉིན་མཚན་རྒྱུན་མི་འཆད་པར་ཚར་བཞི་བཅུ་རྩ་དགུ་ལས་མི་ཉུང་བར་བཀླག །འཕགས་པ་ཆོས་སྐྱོང་བ་དང་གནོད་སྦྱིན་རྣམས་ལ་ཆོས་ཀྱི་སྦྱིན་པ་དབུལ་བའི་མདོ་སྡེ་བཟང་པོ་གྲྭ་གཅིག་ཀྱང་རྒྱུན་དུ་བཀླག །དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོ་བྱའོ། །མཆོད་པ་བྱ་བའི་ཞག་གྲངས་ནི་ཞག་བདུན་ནམ། ཞག་ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ་བཞི་བཅུ་རྩ་དགུའི་བར་དུ་བྱ་སྟེ། ལྕོགས་པར་བྱེད་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་ཅིང་སྨོན་ལམ་གདབ། དམ་ཆོས་བཀླག་པ་དང་མཆོད་པ་གཞན་


DTG074_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་འཆད་པར་བྱ། ཆོ་ག་འདི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་བདུན་པོའི་མཚན་ཐོས་ཤིང་བརྗོད་པ་ལས་ཕན་ཡོན་འབྱུང་བ་ཡིན་པས་ཕྱག་འཚལ་བ་དང་བསྔོ་བའི་བར་དུ་སྐབས་ཅི་ཡོད་པར་མཚན་ལན་མང་དུ་སྨོས་ཤིང༌། ཅི་ནས་ཀྱང་མང་དུ་ཐོས་ཤིང་བརྗོད་པའི་ཚུལ་དུ་བྱའོ། །མཆོད་པའི་ཡོ་བྱད་འོག་ནས་འབྱུང་བ་བཞིན་དུ་བཤམས་ཤིང་གཙང་སྒྲ་ཆེ་བར་བྱ། མཆོད་པ་རྣམ་པ་ལྔ་དང་སིལ་སྙན་དང༌། ཕེག་རྡོབ་པ་ལ་སོགས་པས་ཡི་མ་ཤིང་རྔ་དང་གར་ལ་སོགས་པ་རོལ་མོ་ཅི་འབྱོར་པ་རྒྱས་པར་བྱ། །ཡོན་བདག་དང་མཆོད་པའི་ལས་ལ་གཏོགས་པ་རྣམས་ཁྲུས་བྱ་ཞིང་གོས་གཙང་མ་ཉིན་མཆོད་པ་ལན་དུ་བྱེད་པའི་ཚེ་སྤོ་ཞིང་བགོའོ། །མཆོད་པའི་རིམ་པ་ནི་ཡོ་བྱད་ཚུལ་བཞིན་བཤམས་ཀྱི་འོག་ཏུ་དགེ་འདུན་དང་ཡོན་བདག་ཚོགས་ནས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ། དེ་ནས་མཆོད་པའི་ཚོགས་རྣམས་བདེན་པ་བརྡར་ཞིང་བྱིན་གྱིས་བརླབ། དེ་ནས་འཕགས་པ་སྤྱན་དྲང༌། དེ་ནས་འཕགས་པའི་ཚོགས་གདན་འཛོམ་སྟེ། སོ་སོའི་གདན་ལ་བཞུགས་པར་བསམ། དེ་ནས་འཕགས་པའི་ཚོགས་མངོན་དུ་དམིགས་ལ་གདན་འཛོམ་པའི་སྤྱི་ལ་ཕྱག་འཚལ་བ་དང་མཆོད་པ་ལྔ་དབུལ། བསྐུལ་བའི་སྨོན་ལམ་བཀླག །དེ་བཞིན་གཤེགས་པ་བརྒྱད་ལ་སོགས་པ་རེ་རེ་ལ་མཆོད་པ་དབུལ་ཞིང་མདོ་ལས་འབྱུང་བཞིན་སྨོན་ལམ་གདབ་པར་ཚར་ཕྱིན་པར་བྱ། དེ་ནས་ཀུན་གྱིས་གཟུངས་ཀྱི་སྙིང་པོ་ལོགས་ཤིག་ཏུ་ཕྱུང་བ་བཞི་བཅུ་རྩ་དགུ་མན་ཆད་བདུན་ཡན་ཆད་ཅི་ནུས་སུ་བཀླག །དེའི་རྗེས་ལ་སྤྱི་ལ་མཆོད་པ་ལན་ཅིག་བྱས་ནས་བསོད་ནམས་བསྔོ་བའི་སྨིན་ལམ་གདབ། དེ་ནས་བཟོད་པར་གསོལ་ཏེ་སླར་གཤེགས་པའི་ཚོགས་བཅད་བཀླག་སྟེ་གྱེས། མཆོད་པ་བཤམས་པའི་ཐབས་འབྱོར་པའི་སྟོབས་ཀྱིས་ཅི་ནུས་པ་དང་སྦྱར་ཏེ། མཎྜལ་ཆེན་པོའི་སྟེང་དུ་ཚོན་ཕྱེའམ། མེ་ཏོག་ལས་རིན་པོ་ཆེ་སྣ་ལྔའི་ཕོ་བྲང་རྟ་བབས་དང༌། མུ་ཏིག་གི་ཕྲེང་བ་དང༌། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞི་པདྨའི་གདན་དང་བཅས་པ་བྲིས་པ་སྣམ་བུ་བར་མ་གཞལ་མེད་ཁང་གི་གུང་ལ་ཨན་འཚམ་པའི་སེང་གེའི་ཁྲི་དང་སྦྱར་ཏེ། ཚོན་


DTG074_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལྔའི་ཚས་ཀྱིས་དཀྲིས་པའི་མདོ་སྡེའི་པུ་སྟི་དང༌། དེ་བཞིན་གཤེགས་པ་བརྒྱད་ཀྱི་སྐུ་གཟུགས་བཞུགས། གཡས་གཡོན་དུའང་ཨན་ཁྲི་འཚམ་པ་བཞག་ལ། གཡས་གཡོན་གྱི་གྲལ་སྟོད་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་བཞུགས་པར་བཤམ། གཡས་གྲལ་སྨད་དུ་ནི་ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོང་བ་བཅུ་དང༌། དམ་པའི་ཆོས་སྐྱོང་བ་ཐམས་ཅད་བཞུགས་སུ་གསོལ། གཡོན་གྲལ་སྨད་དུ་ནི་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་བཞུགས་པར་བཤམ། ཤར་ཕྱོགས་ཀྱི་ངོས་སུ་ཨན་ཆུང་དུའམ། གཞོང་བུའམ་མན་འཇི་ལས་གཞི་བླངས་པའི་སྟེང་དུ། འཕགས་པ་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲོལ་གདན་འཛོམ་པ་ལ་སྔོན་གྱི་ཐུགས་དམ་བསྐུལ་ཞིང་མདོ་སྡེའི་དོན་ལས་འབྱུང་བའི་ཕྲིན་ལས་མཛད་པའི་ཚུལ་དུ་བཞུགས་པ་ལྟར་གདན་བཤམ་ཞིང་སོ་སོའི་སྐུ་གཟུགས་ཀྱང་བཞུགས་པར་བྱ། ལྷ་བཞུགས་པའི་སྣམ་བུའི་གཞི་ཡང་པདྨས་འཁོར་བར་བྱ། དབུས་ཀྱི་པདྨ་ལའམ་སྤྱན་སྔར་སྒྲེང་བ། གར་སྡུག་ཅིང་བདེ་བར་གཟུངས་ཆུའི་བུམ་པ་ཁ་རྒྱན་དང་བཅས་པ་དགུ་གཞག །ཕྱི་རོལ་གྱི་སྣམ་བུའི་ནང་དུ་བཀྲ་ཤིས་དང༌། ཤིང་ལྗོན་པ་ལ་སོགས་པའི་རྒྱན་ལ་འོས་པའི་ཁོལ་མ་བཀྲམ་ལི། ཕྱི་ཚོན་སྣ་ལྔའི་གཞལ་མེད་ཁང་སྒོ་ཁྱུད་དང༌། རྟ་བབས་སུ་བཅས་པ་བྲི་ཞིང་མུ་ཏིག་གི་ཕྲེང་བ་དང༌། དོ་ཤལ་གྱི་ཁོལ་མ་བཀོད་ལ། དེ་དག་གི་སྟེང་དུ་ལྷ་བཤོས་དང་ཡོན་ཆབ་ལ་སོགས་པ་མཆོད་པ་རྣམས་ཀྱང་དགྲམ། ཚོན་གྱིས་བྲི་བར་དཀའ་ན་མེ་ཏོག་དགྲམ་པའམ། མཎྜལ་ཙམ་བྱ། སྟེང་དུ་ཡང་བླ་རེ་དང་གདུགས་ཅི་འབྱོར་པས་ཀླུ་བས། ངོས་སུ་ཡང་རྒྱལ་མཚན་དང༌། ཆོན་སྣ་ལྔ་པའི་བ་དན་པའི་བཞི་བཅུ་རྩ་དགུ་ལས་ལྷག་པ་ཡན་ཆད་ཅི་འབྱོར་པ་རྒྱས་པར་དགྲམ། མར་མེའི་ཁ་གྲངས་ནི་ལྔ་བཅུ་རྩ་བཞི་མན་ཆད་དུ་བྱ་སྟེ། དེ་ལས་ཁ་གྲངས་དགུ་ཡན་ཆད་ཅི་ནུས་པ་ཉིན་མཚན་དུ་བར་མ་ཆད་པར་གཏང༌། ལྷ་བཤོས་ནི་དེ་བཞིན་གཤེགས་པ་བརྒྱད་ལ་ཆ་རེ་རེ། འཕགས་པ་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲེལ་ལ་


DTG074_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རེ་རེ། ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་ཆ་རེ་རེ། དམ་པའི་ཆོས་སྐྱོང་བ་སྤྱི་ལ་ཆ་གཅིག །ཆོས་གཉིས་ལ་ཆ་རེ་རེ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ལ་ཆ་རེ་རེ། སྤྱི་གཏོར་ཆེན་པོ་གཅིག་འདི་རྣམས་སོ་སོའི་སྤྱན་སྔར་གར་འོས་པར་དབབ། ངོས་གཉིས་སུ་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་སྡེ་ཉིན་མཚན་དུ་བར་མ་ཆད་པར་ཐུན་དུ་བཀླག །ཆོས་ཀྱི་སྦྱིན་པ་དབུལ་བ་མདོ་སྡེ་གྲྭ་གཅིག་གདན་ཁྲི་བཤམས་ཏེ་ཅི་ནུས་སུ་བཀླག །མཆོད་པ་བཤམས་པའི་མདུན་དུ་མཆོད་པ་ལ་འདུ་བ་རྣམས་ཀྱི་སྟན་བཤམས་ཏེ། མདུན་མདུན་དུ་མཆོད་པ་རྣམ་པ་ལྔ་དབུལ་བ་ལེགས་པར་བཤམས་ལ། རོལ་མོ་དང་སིལ་སྙན་བྱེད་པའི་གྲྭ་གཅིག་ཀྱང་ཟླ་བ་བསྟར་ཏེ་ཕྱེད་དུ་གཞུག །མཆོད་པ་བཤམས་པ་ནི་མདོར་ན་ཚད་ངེས་པ་མེད་དེ། །བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་དང་མཐུན་པར་ནུས་ཀྱང་རུང༌། ཐ་མ་མཎྜལ་བྱས་ཏེ། མེ་ཏོག་ཆུ་ཕོར་གང་ཙམ་གྱིས་མཆོད་ཀྱང་རུང་སྟེ། རང་གི་འབྱོར་པའི་ཉམས་ཀྱིས་ཅི་ལྕོགས་སུ་འབད་དེ་བྱའོ། །ཡིད་ཀྱི་མཆོད་པ་ནི་ཅི་ནས་ཀྱང་རྒྱ་ཆེ་ཞིང་བཟང་བར་བསམ་ཞིང་བདེན་པ་བདར་ཏེ། སྨོན་ལམ་ཡང་གདབ། ལྷ་བཤོས་ཀྱི་ཆ་དང། མར་མེའི་གྲངས་ཀྱང་མི་འབྱོར་ན་ཉུང་དུ་བསྡུར་ཡང་རུང༌། འབྱོར་ན་ཅི་འོས་པ་མང་དུ་བསྐྱེད་ཀྱང་རུང་ངོ༌། །དང་པོ་མདོ་སྡེ་ལས་འབྱུང་བའི་ཆོ་ག་བཞིན་དུ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པར་བསྒོམ་མོ། །མཆོད་པ་བཤམས་ཏེ། དགེ་འདུན་འཚོགས་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཕྱག་བྱ། དེ་ནས་རིག་པའི་ཚུལ་གང་ལ་གོམས་པའི་སྒོ་ནས་ཆོས་ཐམས་ཅད་དམིགས་སུ་མེད་པར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་རན་ཅིག་བསྒོམ་མོ། །དེའི་འོག་ཏུ་ཏིང་ངེ་འཛིན་ལས་ལངས་ནས་འདི་སྙམ་དུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་དོན་དེ་ལྟ་བུ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སྐུ་དང་གསུང་དང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ། སྒྲིབ་པ་མི་མངའ་ཞིང་མཐུ་དང༌། བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པར་ཡང་རུང་ན། ཀྱེ་མ་སེམས་


DTG074_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདི་རྣམས་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ། རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཏེ། ཉམ་ཐག་པའི་གནས་སུ་ལྷུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་པའི་འཁོར་བ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་བདག་གི་བཤེས་གཉེན་དམ་པ་དྲིན་གྱི་ཞིང་དུ་མ་གྱུར་པ་འགའ་ཡང་མེད་དེ། བདག་གིས་ཀྱང་དང་པོ་བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་དེ། འགྲོ་བ་མང་པོའི་ཕན་པ་དང་བདེ་བའི་དོན་དཔག་ཏུ་མེད་པ་བསྒྲུབ་པར་དམ་བཅས་པའི་དུས་ཀྱི་ཚེ། སེམས་ཅན་ཐམས་ཅད་བདག་གིར་བླངས་ཟིན་པས་འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་འདོར་བ་ནི་མི་རིགས་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་དགོད་པར་བྱ་སྙམ་དུ་སྙིང་རྗེ་དང༌། བྱམས་པ་ཆེན་པོ་དང་ལྡན་པའི་བརྩོན་པའི་སེམས་དྲག་ཏུ་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་བསམས་ཏེ། བདག་ནི་དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུས་འཕྲལ་དུ་དོན་རླབས་པོ་ཆེ་འདི་ལྟ་བུ་ནི་མི་ལྕོགས་ཀྱི། སྟོན་པ་བདེ་བར་གཤེགས་པས་སྔོན་ཅི་ལྟར་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འགྲིབ་པ་ན་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལས་བྱུང་བ་བཞིན་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་ལ་མཐུ་བརྟན་དཔུང་གཉེན་དུ་གསོལ་ཏེ། ད་ལྟར་ནི་འཕགས་པ་རྣམས་ཀྱི་མཐུ་དང་བྱིན་གྱི་རླབས་ཀྱིས། འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་པར་བྱ་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །སྙིང་རྗེ་དང་བྱམས་པའི་སེམས་བསྐྱེད་པའི་འོག་ཏུ། སེམས་ཅན་གྱི་དོན་བྱ་བར་བརྩམ་པའི་ཕྱིར་འཕགས་པ་གདན་འཛོམ་པའི་ཕོ་བྲང་དང༌། མཆོད་པའི་ཚོགས་བཤམས་ཤིང་བསམ་པ་རྣམ་པར་དག་པའི་ཡིད་ཀྱིས་བདེན་པ་བདར་ཞིང་ཡིད་ཀྱས་


DTG074_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་དང༌། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་དང༌། སྟོན་པ་བདེ་བར་གཤེགས་པ་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང༌། མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང༌། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་འགྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ་ཡངས་པ། རེག་ན་འཇམ་ཞིང་བ་དེ་བ་དང༌། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྤྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་ཤིང་གསེར་དང་མུ་ཏིག་གི་གྲམ་བུ་དང་བྱེ་མ་བདལ་བ་དང༌། ཨུཏྤ་ལ་དང༌། ཀུ་མུ་ཏ་དང༌། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིག །ཆུ་བྱ་སྣ་ཚོགས་སྐད་སྙན་པ་སྒྲོགས་པ་དགའ་ལ་འཕྱོ་ཞིང་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང༌། མུ་ཏིག་གི་རྒྱན་ཕྲེང་དང༌། རིན་པོ་ཆེ་དཔྱངས་པ། །མེ་ཏོག་གི་མགོ་ལྕོགས་དང༌། འབྲས་བུས་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་ལ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལ་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ་གཞལ་མེད་ཁང་ཆེན་པོ། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བར་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་རྒྱས་པར་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པར་རྣམ་པར་གནས་པ།


DTG074_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡོངས་སུ་མ་ཆད་པ་ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་པའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པ། ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། །ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བཀོད་པའི་གནས་དྲན་པ་དང་བློ་གྲོས་དང༌། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོའི་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་ནང་དུ། གུང་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས་པར་འོས་པའི་རིན་པོ་ཆེའི་སེང་གེའི་གདན་ཁྲི་ལྷའི་དེར་ཟབ་དང་རས་བཅོས་བུས་གཡོགས་པ་ནེ་མ་ཞིང་འཕར་བའི་རློང་དང་ལྡན་པའི་སྐུ་རྟེན་དང་བཅས་པ་བརྒྱད་འབྱུང་ཞིང་གཡས་གཡོན་དུ་ཡང་འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་རྣམས་དང༌། ཆོས་སྐྱོང་ཐུགས་དམ་ཅན་བཞུགས་པའི་པདྨའི་གདན་བརྒྱ་སྟོང་མང་པོ་དང༌། མདུན་གྱི་ངོས་སུ་འཕགས་པ་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲོལ་བཞུགས་པའི་པདྨའི་གདན་བཟང་པོ་འབྱུང་བ་དང༌། ཕྱི་ནང་ཐམས་ཅད་ཆ་རིགས་དང་འཚམ་པ་མི་དང༌། ལྷའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རྒྱན་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་རྒྱ་མཚོ་ཐམས་ཅད་


DTG074_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་གདན་འཛོམ་པས་ཀྱང༌། དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །དེ་སྐད་ལན་གསུམ་བཟླས། ཡང་དེའི་རྗེས་ལ་དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། མཆོད་པའི་ཚོགས་བདེན་པས་བྱིན་གྱིས་བརླབས་པའི་འོག་ཏུ་འཕགས་པ་སྤྱན་དྲང་བ། པུས་མོ་བཙུགས་ཏེ་མེ་ཏོག་བླངས་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བཞུགས་པ་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པ་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་ཆེན་བསགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་ཏེ་བཞུགས་པ་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པ་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་མཚན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DTG074_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས། བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་ཀུན་ནས་བསྐོར་ཏེ་བཞུགས་པ་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱ་མཚོར་ལེགས་པར་གནས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་ཀུན་ནས་བསྐོར་ཏེ་བཞུགས་པ་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཻ་ཌཱུཪྻ་སྣང་བ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང༌། ཟླ་བ་ལྟར་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་བཞུགས་པ་ལ་སོགས་ཏེ། དེ་བཞིན་གཤེགས་པ་བདུན་པོ་འཁོར་དང་བཅས་པ་རྣམས་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྡ་བརྒྱ་བ་ཐམ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ལུས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ་དང༌། མཐུ་དང་བྱིན་གྱི་རླབས་དཔག་ཏུ་མེད་པ་མཆིས་པ་མངའ་བ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་མ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མ་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་དུ་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་


DTG074_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གཞན་དག་ཏུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང༌། སྔོན་གྱི་སྨོན་ལམ་ཆེན་པོ་དང༌། སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་རྣམས་མངའ་རིས་ཀྱི་གདུལ་བྱ་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ། བཀའ་དྲིན་ཐོབ་པའི་འཕྲོ་མ་མཆིས་པ་ཙམ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། དཔལ་ཕྱག་ན་རྡོ་རྗེ་དང༌། རྒྱལ་བའི་སྲས་པོ་སྐྱབས་གྲོལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་བཀའ་སྩལ་བའི་ཚེ་གདན་འཛོམ་པར་འདུས་ཏེ། མདོ་སྡེ་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་སྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཆོ་གས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་མདོངས་གསོལ་དུ་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང༌། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ་ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། རྣམ་ཐོས་ཀྱི་སྲས་ལ་སོགས་པ་འཕགས་པ་ཆོས་སྐྱོང་པ་ཐམས་ཅད་ཀྱང་ཆེ་གེ་མོ་ལ་སོགས་


DTG074_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོའི་སྤྱན་སྔར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འཆང་བ་དང་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྟུང་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བྱིན་གྱིས་བརླབ་ཏུ་གསོལ། སྐབས་འདིར་ལྷ་ཀླུ་སྤྱན་དྲང་སྟེ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཐུགས་བསྒོམ་དཀྱེལ་པོ་ཆེ། །ལྷ་དང་དྲང་སྲོང་གཤིན་རྗེ་སྲིན་པོ་ཀླུ་།རླུང་ལྷ་གནོད་སྦྱིན་བགེགས་གཟའ་རྒྱུ་སྐར་བཅས། །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ས་མཱ་ཛཿ། དེ་ལྟར་སྤྱན་དྲངས་པ་ཐམས་ཅད་ཀྱང་རྫུ་འཕྲུལ་


DTG074_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནམ་མཁའ་ལ་བྱོན་པར་བསམ་མོ། །སྤྱན་དྲང་བའི་ཆོ་ག་རྫོགས་པའི་རྗེས་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་དང༌། འཕགས་པ་ལྷའི་སྙན་དང་སྤྱན་རྣམ་པར་དག་པ་མངའ་བ་རྣམས་ཀྱི་གསོལ་ཚིག་འདས་མ་ཐག་ཏུ་རྫུ་འཕྲུལ་གྱིས་ནམ་མཁའ་ནས་གཤེགས་ཏེ། གཞལ་ཡས་ཁང་གི་དབུས་ཀྱི་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། གཡས་གཡོན་གྱི་གྲལ་སྟོད་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་བཞུགས། གཡས་གཡོན་གྱི་གྲལ་སྨད་དུ་ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་བཞུགས། གདན་འཛོམ་པའི་དབུས་སུ་པདྨའི་གདན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲོལ་གསུམ་ལྡན་འཛོམ་པ་ལ། སྔོན་གྱི་ཐུགས་དམ་བསྐུལ་ཞིང་གསོལ་བའི་ཕྲིན་ལས་མཛད་ཅིང་བཞུགས་པར་སྔོན་དུ་དམིགས་ཤིང་བསམ། ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་ཀྱང་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་གྱུར་པར་བསམ་ཞིང་མོས་པ་བསྐྱེད་དེ་སྤྱན་དྲངས་པའི་རྗེས་ལ། འཕགས་ཕ་གདན་འཛོམ་པ་ལ་སྤྱིར་ཕྱག་འཚལ་ཞིང་མཆོད་ནས་བསྐུལ་ཞིང་གསོལ་བ། དེ་ནས་མཆོད་པའི་ཚོགས་ཀྱིས་བརྒྱན་པའི་ཕོ་བྲང་ན། འཕགས་པ་གདན་འཛོམ་པ་བཞུགས་པར་མངོན་དུ་དམིགས་བཞིན་དུ། མཆོད་ཡོན་ལ་སོགས་པ་མཆོད་པ་ཅི་འབྱོར་པ་དབུལ་ཞིང་རོལ་མོ་བྱ། དེ་ནས་ཕྱག་འཚལ་བ་འགྲེང་ཕྱག་བདུན་བདུན་བྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང༌། ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ་


DTG074_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང༌། ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲོལ་ལ་སོགས་པ་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པ་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་


DTG074_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང༌། ཕྱོགས་བཅུ་ན་བདག་པོས་མ་བཟུང་ཞིང་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང༌། རིགས་པའི་མཐུ་དང༌། མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་ཕོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐས་ཀླས་པ། ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ། དབུལ་ལོ་མཆོད་དོ། །མིང་འདི་ཞེས་བགྱི་བ་དང༌། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་ནི་མ་བགྱིས་པ་ལ་སོགས་པའི་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བ་འཚལ་ལོ། །བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ལུས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ། སྔོན་བཅོམ་ལྡན་འདས་དེ་བཞིན་


DTG074_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་ཐབས་མཁས་པ་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་བྱིན་གྱིས་བརླབས་པ་དང༌། དོན་དེ་ཉིད་དེ་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཅིང་བྱིན་གྱིས་བརླབས་པ་དང༌། འཕགས་པ་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། སྐྱབས་གྲོལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་དེ་དག་གི་བཀའ་ལུང་ཡང་དག་པར་བསྒྲུབ་པ་དང༌། སོ་སོའི་དགོངས་སྤྱོད་རྒྱ་ཆེན་པོ་རྫོགས་པར་བསྐང་བའི་སླད་དུ། མདོ་སྡེའི་དོན་བསྒྲུབ་པའི་ཕྲིན་ལས་མཛད་པར་འཕགས་པའི་བཀའ་བཏགས་པའི་ཞལ་གྱིས་བཞེས་ཤིང་ཇི་ལྟར་བྱིན་གྱིས་བརླབས་པ་དང༌། ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ། ལྷའི་དགེ་བསྙེན་ཆེན་པོ་ཐམས་ཅད་ཀྱིས་གདན་འཛོམ་པའི་སྤྱན་སྔར་མདོ་སྡེ་དང༌། མདོ་སྡེ་འཛིན་པའི་སེམས་ཅན་བསྲུང་བ་དང་བསྐྱབ་པར་ཞལ་གྱིས་བཞེས་པ་ལ་སོགས་པ། སྔོན་འཕགས་པ་རྣམས་ཀྱིས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ། མདོ་སྡེ་ལས་འབྱུང་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དེ་རྣམས་གདན་འཛོམ་པར་མཛད་པའི་ཕོ་དྲང་གི་དཀྱིལ་འཁོར་བཤམས། འབྱོར་པའི་སྟོབས་ཅི་མཆིས་པས་སྦྱར་ནས། གདན་འཛོམ་པའི་སྤྱན་སྔར་མཚན་ནས་བརྗོད་དེ་མཆོད་པ་འབུལ། བསྐུལ་ཞིང་སྨོན་ལམ་གསོལ་ཏེ་བཀའ་དྲིན་ནོད་ཅིང་མཆིས་ན། གདན་འཛོམ་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ། མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་མཛད་ཅིང་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད་ཆེ་གེ་མོ་ལ་སོགས་པ་བདག་ཅག་གིས་འཕྲལ་དུ་ཐོབ་པར་མཛད་དུ་གསོལ། དེའི་འོག་ཏུ་འཕགས་པ་རྣམས་ལ་རེ་རེ་ནས་མཆོད་པ་འབུལ་ཞིང་སྨོན་ལམ་གདབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DTG074_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་ལན་བདུན་བརྗོད་དེ་ཅི་འབྱོར་པའི་མཆོད་པ་ཕུལ་ལ་སྨོན་ལམ་འདི་སྐད་ཅེས་གདབ་པོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྟོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང༌། རིམས་དང་གཤེད་བྱེད་དང༌། བྱེད་དང་རོ་ལངས་དང༌། འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང། ནད་ཐམས་ཅད་འཕྲལ་དུ་བྱང་ཞིང་གཏན་དུ་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་རྣམས་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང༌། འོན་པ་དང༌། སྨྱོན་པ་དང། ཤ་བཀྲ་དང༌། ནད་ཚབས་པོ་ཆེས་བཏབ་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང། ཞེ་སྡང་དང༌། གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང༌། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དང༌། སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུན་འཕྲལ་དུ་ཆད་ཅིང་བདེ་བ་མཆོག་དང་ལྡན་པར་གྱུར་ཅིག །བླ་ན་མེད་པའི་བྱང་


DTG074_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་བདེ་བ་དང༌། མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ། ཟས་དང༌། སྐོམ་དང༌། ནོར་དང༌། འབྲུ་དང༌། མལ་ཆ་དང༌། སྤོས་དང༌། ཕྲེང་བ་དང༌། ཡོ་བྱད་མི་བདོག་པ་དེ་དག་ཐམས་ཅད་བྱུང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང༌། གོས་དང༌། ནོར་དང༌། འབྲུ་དང༌། མལ་ཆ་དང༌། སྤོས་དང༌། ཕྲེང་བ་དང༌། ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་བཅིང་བ་དང༌། བརྡེག་པ་དང༌། གོ་རར་བཞུག་པ་དང༌། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང༌། བརྡོག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། སྦྲུལ་གདུག་པའི་ནང་དུ་ཆུད་དེ། སྲོག་ལ་འབབ་ཅིང་ཉམ་ཐག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་རྩོང་ཅིང་འགྱེད་ལ། འཁྲུགས་ཤིང་འཇིགས་སྐྲག་ནས་སྔངས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་རྩོད་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་ཏེ་གྲུར་ཞུགས་པ། གླིང་མེད་པར་ཕྱིན་པ། སྲོག་འདོད་པ། ཆུ་ཀླུང་དང༌། རྒྱ་མཚོའི་ནང་དུ་སོན་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་དག་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་


DTG074_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་རྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །གཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ཏེ། སྨོན་ལམ་འདི་སྐད་ཅེས་གདབ་བོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ། གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་རྣམས་དང༌། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ་འཁོར་བ་ན་འཁྱམས་ལ། སོ་སོར་འགྲོ་བའི་སྡུག་བསྔལ་རྒལ་བ་དང༌། ན་བ་དང༌། རྒུད་པ་དང༌། འཆི་བ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་


DTG074_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དང། མྱ་ངན་དང༌། སྨེ་སྔགས་འདོན་པ་དང༌། འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བསམས་མ་ཐག་ཏུ་བཟའ་བ་དང༌། བགོ་བ་དང༌། བཏུང་བ་དང༌། ལོངས་སྤྱོད་དང༌། ནོར་དང༌། འབྲུ་དང༌། དབྱིག་དང༌། གསེར་རྣམས་འབྱུང་ཞིང་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་གསུམ་དང༌། སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གང་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང། སེམས་ཅན་གང་དག་བཙས་པའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མ་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང༌། དགྲ་དང་དགོན་པའི་གནོད་པས་གཙེས་པ་དང༌། ཕན་ཚུན་དུ་ཕ་མ་དང༌། སྲིང་མོ་དང༌། མཛའ་བཤེས་དང༌། ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང༌། མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ། ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་


DTG074_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པས་སྨྲེ་སྔགས་སྣ་ཚོགས་འདོན་པ་དང༌། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་བྱམས་པ་ལ་གནས་པར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང་སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང༌། དྲན་པ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། གཟུངས་ཀྱི་སྒོ་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའ་བར་གྱུར་ཅིག །བྱང་ཆུབ་ཡིད་ལ་བྱེད་པ་དང༌། མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་དུ་འབར་ཞིང་རབ་ཏུ་འབར་བར་འཁྲུགས་པར་གྱུར་ཏེ། དུ་ཞིང་མྱ་ངན་བྱེད་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་མྱོང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང༌། མྱ་ངན་དང་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །དེ་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་


DTG074_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །གཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨ་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་གྱུར་ཅིག །སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ཅིག །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་བསྲབས་པར་གྱུར་ཅིག །ཡུན་རིང་དུ་འཚོ་ཞིང་ནད་མེད་པར་གྱུར་ཅིག །གང་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཐབ་པ་དང༌། འཐབ་མོ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ཏེ་སྨོན་ལམ་འདི་སྐད་ཅེས་གདབ་གོ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ། སྲོག་གཅོད་པའི་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་སྲོག་


DTG074_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང༌། ཆུ་དང༌། དུག་དང༌། མཚོན་དང༌། མེ་དང༌། ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག །སུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱ་སྟེ། གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོའི་ཁྱིམ་དུ་སྐྱེས་ཏེ། སྒྲེན་མོ་དང༌། བཀྲེས་པ་དང༌། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང༌། འཐབ་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕམ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་བསྒྲིབས་ཏེ། ཚུལ་ཁྲིམས་འཆལ་བར་གྱུར་ནས། སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་དྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་ལུས་དང་ངག་དང་ཡིད་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཏདྱ་ཐཱ། སིདྡྷེ་སིདྡྷེ། སུ་སིདྡྷེ། མོ་ཙ་ནི་མོཀྵ་ནི། མུཀྟེ། བི་མུཀྟེ། ཨ་མ་ལེ། བི་མ་ལེ། མངྒ་ལྱེ། ཧི་རཎྱེ་གརྦྷེ། རཏྣ་གརྦྷེ། སརྦཱརྠ་སཱ་དྷ་ནི། པ་ར་མཱརྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བུདྡྷེ། ཨ་ཏྱང་བུདྡྷེ། བྷི་ཏ་བྷ་ཡེ། སུ་བརྞེ་བྲཧྨ་གྷོཥེ། བྲཧྨ་དྷྱུ་ཥི་ཏེ། སརྦཱརྠེ་ཥཱ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། ཙ་ཏུཥྚི་བུདྡྷ། ཀོ་ཊི་བྷ་ཥི་ཏེ། ནམཿསརྦ་


DTG074_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་རྟ་ཏྲི་མཱ་ན་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། སེམས་ཅན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ལུས་གཟིར་བ། འཆིང་བ་དང༌། དགྲ་དང༌། དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས། དེ་དག་གི་དོན་དང༌། སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་དག་བཟླས་པའི་མཐུ་དང༌། བཅོམ་ལྡན་འདས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་བྱིན་གྱི་རླབས་ཀྱིས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །རེ་བ་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིག །ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་གུས་པར་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་


DTG074_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། སྨོན་ལམ་འདི་སྐད་ཅེས་གདབ་བོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་མང་བ་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་མྱ་ངན་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་པའམ། སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་འཕྲོས་པ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ། དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ལས་ཡོངས་སུ་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ། གཞན་གྱི་རྫས་ཕྲོགས་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས། གོས་དང༌། བཟའ་བ་དང༌། བཏུང་བ་དང༌། མལ་ཆ་དང༌། རྒྱན་མི་བདོག་པ་གྲང་བ་དང༌། ཚ་བའི་སྡུག་བསྔལ་མྱོང་བ། བཀྲེས་པ་དང༌། སྐོམ་པས་ལུས་གཟིར་ཅིང་མདོག་ངན་པར་གྱུར་པའམ་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང༌། བཟའ་བ་དང༌། བཏུང་བ་དང༌། མལ་ཆ་ཐམས་ཅད་ལ་ཡིད་བཞིན་དུ་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་


DTG074_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདོངས་ཕྲོགས་ཏེ། ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་རྣམས་ཀྱིས་མདོངས་ཕྲོགས་པ་དེ་དག་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོང་སུས་ཐར་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །གཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནམ་ཡང་སུ་ཡང་ལོག་པར་ལྟུང་བར་འགྲོ་བར་མ་གྱུར་ཅིག །སྐྱེ་བ་དྲན་པར་གྱུར་ཅིག །ལྷ་ཐམས་ཅད་ཀྱིས་རྗེས་སུ་གཟུང་བར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་གུས་པར་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ཏེ། སྨོན་ལམ་འདི་སྐད་ཅེས་གདབ་བོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་བཙལ་བ་དང༌། མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་


DTG074_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་དུ་སྐྱེས་པས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སེམས་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་བ། ཆོས་ཀྱི་སྒྲ་མི་གྲག་པ། དགེ་འདུན་གྱི་སྒྲ་མི་གྲག་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ། མི་དགེ་བའི་བཤེས་གཉེན་གྱི་དབང་གིས་སྡིག་པའི་ལས་བྱེད་པ་དེ་དག །དེ་ནས་ཤི་འཕོས་ནས་ངན་སོང་དུ་ལྟུང་ཞིང༌། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་གྱུར་པ་དེ་དག་ལ། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཅིང༌། ཆོས་ཀྱི་སྤྲིན་དང༌། རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག །གོས་དང༌། རྒྱན་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། མལ་ཆ་དང༌། ན་བའི་གསོ་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་གོས་དང། རྒྱན་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། མལ་ཆ་དང༌། ན་བའི་གསོ་སྨན་དང༌། ཡོངས་སུ་སྤྱད་པ་དང༌། ལོངས་སྤྱོད་རྣམས་བསགས་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་ལ་ཡང་མི་ལྡན་པ་མེད་དེ། དཔལ་ཕུན་སུམ་ཚོགས་པ་ལ་དབང་འབྱོར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་དང་འཐབ་པ་དང༌། རྩོད་པ་དང༌། འགྱེད་པར་གྱུར་ཅིང་གཅིག་ལ་གཅིག་གནོད་པར་བྱ་བ་དང༌། གསད་པར་བྱ་བའི་ཕྱིར་


DTG074_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་བ་མཚོན་དང་མདའ་དང་དབྱུག་པ་དག་གིས་བསྣུན་པས་སྡུག་བསྔལ་བར་གྱུར་པའམ་འགྱུར་བ་དེ་དག་ཐམས་ཅད་མདའ་དང་མཚོན་དང་དབྱུག་པ་ལ་སོགས་པ་སླར་ལོག་ཅིང་ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང༌། ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །གཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་གྱུར་ཅིག །རྟག་ཏུ་ནད་མེད་ཅིང་ཚེ་རིང་བར་གྱུར་ཅིག །ལོག་པར་ལྟུང་བར་ནམ་ཡང་འགྲོ་བར་མ་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ཏེ། སྨོན་ལམ་འདི་སྐད་ཅེས་བཏབ་བོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལེན་བདུན་བརྗོད་དེ་ཕྱག་འཚལ་བ་དང༌།


DTG074_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལ་སོགས་པའི་མཐུས་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང༌། ཚོང་བྱེད་པ་དང༌། འཐབ་མོ་དང་རྩོད་པ་ལ་སྤྲོ་བ། སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམ་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་པར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་སེམས་སྤྱོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ། ཆད་པས་བཅད་པ་དང༌། བརྡེག་པ་དང༌། གོ་རར་གཞུག་པ་དང༌། བསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་བརྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་འགྱུར་བའི་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ཏེ། འཆི་བར་འགྱུར་བ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག །འཆི་ཀར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲགས་ཤིང་རྗེས་སུ་དྲན་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བ་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་


DTG074_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ཏེ་སྨོན་ལམ་འདི་སྐད་ཅེས་གདབ་བོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་བཙལ་བ་དང༌། མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ། དེ་བཞིན་གཤེགས་པ་དེ་ཅི་འདྲ་བ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་གིས་མི་ལང་བ། ལྷམ་མི། ལྷན་ན། ལྷང་ངེར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ལུས་ནོར་བུ་རིན་པོ་ཆེ་བཻཌཱུཪྻ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང༌། དྲི་མ་མེད་ལ་འོད་གསལ་བ་དང༌། ཁོ་ལག་ཡངས་ཤིང་ཆེ་བ་དང༌། དཔལ་དང་གཟི་བརྗིད་འབར་བ་དང༌། ལེགས་པར་གནས་པ་དང༌། ཉི་མ་དང་ཟླ་བ་ལས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་པ། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག །སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་ངག་དང༌།


DTG074_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་འཇིག་རྟེན་ན་མཚན་མོ་མུན་པ་མུན་གནག་གི་ནང་ན། ཕྱོགས་ཐ་དད་པར་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་ཕྱོགས་བཅུའི་དགའ་དགུར་འགྲོ་ཞིང་ལས་ཀྱང་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ཤེས་རབ་དང་ཐབས་དཔག་ཏུ་མེད་པས། བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་བ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་བར་ཞུགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེའི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་དང༌། སེམས་ཅན་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། སྔོམ་པ་གསུམ་གྱིས་བསྡོམས་པ་དང༌། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང༌། དབང་པོ་མ་ཚང་བ་དང༌། མདོག་མི་སྡུག་པ་དང༌། བེམས་པོ་དང༌། ཡན་ལག་སྐྱོན་ཅན་དང༌། སྒུར་པོ་དང༌། ཤ་བཀྲ་ཅན་དང༌། ཞར་བ་དང༌། ལོང་བ་དང༌། འོན་བ་དང༌། སྨྱོན་པ་དང༌། ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་གཟིར་བ། སྐྱབས་མེད་པ། མགོན་མེད་པ། འཚོག་ཆས་དང༌། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་ལ། ཡོ་བྱད་ཕུན་སུམ་ཚོགས་པས་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་


DTG074_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་གཟིང་གཟིང་བས་མི་མཐུན་བ་དག་སྤངས་ཏེ། ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་བ་རླབས་པོ་ཆེ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་རྒྱལ་པོས་འཇིགས་སྐྲག་པ་བཅིང་བ་དང༌། བརྡེག་པ་དང༌། གོ་རང་གཞུག་པ་དང༌། བསད་པར་འོས་པ་རྒྱུ་དུ་མས་ཀུན་དུ་གཙེས་པ། ང་རྒྱལ་དང་བྲལ་བ། ལུས་དང་ངག་དང༌། སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་ཐམས་ཅད་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང༌། སྐམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་ཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་ཁ་དོག་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་གྱུར་ཅིག །དམ་པའི་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ། དབུལ་བ། སྡུག་བསྔལ་བ། གྲང་བ་དང༌། ཚ་བ་དང༌། སྦྲང་བུ་དང༌། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་གོས་སྣ་ཚོགས་དང༌། རིན་པོ་ཆེའི་རྒྱན་དང༌། སྤུད་པ་དང༌། ཕྲེང་བ་དང༌། བྱུག་པ་དང༌། རོལ་མོ་སྣ་ཚོགས་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ཡང་ལྡན་ཏེ། ཉོན་མོངས་པ་སྣ་ཚོགས་ཀྱི་གནོད་པས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་


DTG074_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས། བཀའ་ལུང་ཡང་དག་པར་ནོད་པ་དང༌། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །གཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆགས་པ་དང༌། སེར་སྣས་ཟིལ་གྱིས་ནོན་པའི་དབང་གིས་ཡི་དགས་སམ། དུད་འགྲོར་སྐྱེས་པའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་མིའི་འཇིག་རྟེན་དུ་སྐྱེ་ཞིང་ཚེ་རབས་དྲན་པ་དང༌། ངན་འགྲོའི་འཇིགས་པས་སྐྲག་ནས་འདོད་པའི་ཡོན་ཏན་དོན་དུ་མི་གཉེར་བ་དང༌། སྦྱིན་པ་ལ་དགའ་བ་དང༌། སྦྱིན་པའི་བསྔགས་པ་བརྗོད་པ་དང༌། བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ། ནོར་གྱི་ཕུང་པོ་གཞན་ལྟ་ཅི་སྨོས་ཏེ། རང་གི་མགོ་དང་ཡན་ལག་དང་ཤ་ཁྲག་ཀྱང་སློང་བ་རྣམས་ལ་རབ་ཏུ་སྦྱིན་པར་འགྱུར་བའི་ངང་ཚུལ་ཅན་དུ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསླབ་པའི་གནས་ལོག་པར་འཛིན་ཏེ། ཚུལ་ཁྲིམས་དང་ལྡན་པ། ཚུལ་ཁྲིམས་ཙམ་སྲུང་གི །མང་དུ་ཐོས་པ་ཡོངས་སུ་མི་ཚོལ་བ་རྣམས་དང༌། མང་དུ་ཐོས་པ་མདོ་སྡེ་རྣམས་ཀྱི་དོན་ཟབ་མོ་མི་ཤེས་ཤིང་ལྷག་པའི་ང་རྒྱལ་ཅན་དུ་གྱུར་པ། གཞན་དག་ལ་ཕྲག་དོག་བྱེད་ཅིང༌། དམ་པའི་ཆོས་ལ་དབང་ཟ་ཞིང་སྤོང་བའི་དབང་གིས་སེམས་ཅན་དམྱལ་བ་མི་བཟད་པར་ལྟུང་པའམ། འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་ངན་འགྲོའི་གནས་ནས་ཐར་ལ། མིའི་འཇིག་རྟེན་དུ་སྐྱེ་ཞིང་ཡང་དག་པའི་ལྟ་བ་ཅན་དང༌། བརྩོན་འགྲུས་དང་ལྡན་པའི་དགེ་བའི་བསམ་པ་ཅན་དུ་གྱུར་ཅིག །ཁྱིམ་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་དབང་གིས་ངན་སོང་གསུམ་པོ་དག་ཏུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་ཞིང་དེ་ལས་ཐར་ནས་ཀྱང༌། བ་ལང་དང༌། རྟ་དང༌།


DTG074_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་མོ་དང་བོང་བུ་ལ་སོགས་པ་དུད་འགྲོ་དབྱུག་ལྕག་གིས་བརྡེག་པ་དང༌། བཀྲེས་སྐམ་གྱིས་ཉེན་པ་དང༌། ཁལ་ཆེན་པོས་གཟིར་བར་གྱུར་པ་དང༌། བརྒྱ་ལ་མིར་སྐྱེས་ན་ཡང་རྟག་ཏུ་རིགས་དམའ་བ་དང༌། བྲན་དུ་འགྱུར་ཞིང་གཞན་གྱི་དབང་དུ་འགྱུར་བར་སྐྱེ་བར་འགྱུར་བའམ། སྐྱེས་པ་དེ་དག་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ནས་དབང་པོ་རྣོ་བ་དང༌། མཁས་པ་དང༌། གསལ་བ་དང༌། ཡིད་གཞུངས་པ་དང༌། དགེ་བ་ཡོངས་སུ་བཙལ་བ་ལ་བརྩོན་པ་དང༌། རྟག་ཏུ་དགེ་བའི་བཤེས་གཉེན་དང་འགྲོགས་པ་དང༌། བདུད་ཀྱི་ཞགས་པ་གཅོད་པ་དང༌། མ་རིག་པའི་སྒོ་ངའི་སྦུབས་གཅོག་པ་དང༌། ཉོན་མོངས་པའི་ཆུ་ཀླུང་སྐེམས་པར་གྱུར་ཅིག །སྐྱེ་བ་དང༌། རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་གྱུར་ཅིག་སེམས་ཅན་གང་དག་ཕྲ་མ་ལ་དགའ་ཞིང་ཕན་ཆུན་འཐབ་པ་དང༌། རྩོད་པའི་སེམས་སུ་གྱུར་པས་ཕན་ཚུན་གནོད་པར་བྱ་བའི་ཕྱིར་ལྷ་ཐ་དད་པ་དང༌། འབྱུང་པོ་ཐ་དད་པ་དག་འགུགས་པར་བྱེད་པ། དུད་འགྲོ་དག་གི་སྲོག་གཅོད་ཅིང་ཤ་དང་ཁྲག་ཟ་བའི་སྲིན་པོ་རྣམས་མཆོད་ནས་དགྲ་བོའི་མིང་ནས་བརྗོད་དེ། གཟུགས་བྱས་ནས་རིག་སྔགས་དྲག་པོ་བསྒྲུབ་ཅིང་བྱད་དང་རོ་ལངས་ཀྱི་སྦྱོར་བས་སྲོག་གི་བར་ཆད་བྱ་བ་དང༌། ལུས་རྣམ་པར་གཞིག་པར་འདོད་པ་དེ་དག་ཐམས་ཅད་གང་གིས་ཀྱང་གཅིག་ལ་གཅིག་བར་ཆད་བྱེད་མི་ནུས་ཏེ། ཕན་ཚུན་བྱམས་པ་དང༌། ཕན་པའི་སེམས་སུ་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །ལྷ་འདྲེ་དང༌། བྱད་དང༌། རོ་ལངས་དང༌། ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་རང་ཞིག་ཅིང་རང་ཞི་བར་གྱུར་ཅིག །རང་རང་གི་བདོག་པས་ཆོག་ཤེས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག །དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་སྨོན་པ་དེ་དག་ཐམས་ཅད་འཆི་ཀར་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་སྟོན་ཅིང་བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་གྱུར་ཅིག །དེ་ལས་གང་དག་ལྷར་སྐྱེས་པ་དག་གི་


DTG074_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་དགེ་བའི་རྩ་བ་ཟད་པར་མི་འགྱུར་ཞིང་ངན་འགྲོར་མི་ལྟུང་བ་དང༌། འདི་ནས་ཤི་འཕོས་ནས་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་གྱུར་ཅིག །གཞན་དུ་ན་ཡང་རྒྱལ་རིགས་དང༌། བྲམ་ཟེ་དང༌། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང༌། ནོར་དང༌། འབྲུ་དང་བང་བ་མང་པོ་འབྱོར་པའི་ཁྱིམ་དག་ཏུ་སྐྱེ་ཞིང༌། གཟུགས་དང་དབང་ཕྱུག་དང༌། གཡོག་འཁོར་ཕུན་སུམ་ཚོགས་པ་དང། དཔའ་བ་དང༌། བརྟུལ་ཕོད་པ་དང༌། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་གྱུར་ཅིག །བུ་འདོད་པ་ཐམས་ཅད་བུ་རྙེད་པར་གྱུར་ཅིག །སྡིག་བ་ཅན་གྱི་རྨི་ལམ་རྨིས་པ་དང༌། ལྟས་ངན་སྣ་ཚོགས་མཐོང་བ་དང༌། གནས་གང་དུ་བཀྲ་མི་ཤིས་པ་བརྒྱ་སྙེད་གནས་པ་དེ་དག་ཐམས་ཅད་ཀྱང་རྨི་ལམ་ངན་པ་དང༌། ལྟས་ངན་པ་དང༌། བཀྲ་མི་ཤིས་པའི་དབང་པོ་ཐམས་ཅད་མཐོང་བར་མི་འགྱུར་ཞིང་ཞི་བར་གྱུར་ཅིག །ཆུ་དང༌། མེ་དང༌། མཚོན་དང༌། དུག་དང༌། གཡང་ས་དང༌། གླང་པོ་ཆེ་གཏུམ་བོ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། སྦྲུལ་གདུག་པ་དང༌། སྡིག་པ་དང༌། རྐང་ལག་བརྒྱ་པ་དང༌། ཕ་རོལ་གྱི་དམག་ཚོགས་དང༌། རྐུན་པོ་དང༌། ཚོམ་པོའི་འཇིགས་པ་ཐམས་ཅད་ལས་ཐར་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྐྱབས་གསུམ་མམ། བསླབ་པའི་གཞི་ལྔའམ། བཅུའམ། བྱང་ཆུབ་སེམས་དཔའི་སྔོམ་པ་བཞི་བརྒྱ་པོའམ། དགེ་སློང་གི་བསླབ་པ་ཉིས་བརྒྱ་ལྔ་བཅུའམ། དགེ་སློང་མའི་བསླབ་པའི་གཞི་ལྔ་བརྒྱ་པོ་ཡོངས་སུ་འཛིན་པ་དེ་ལས། བསླབ་པའི་གཞི་གཟུང་བ་གང་ཡང་རུང་བ་ཞིག་ཉམས་ཏེ། ངན་སོང་ངན་འགྲོས་འཇིགས་སྐྲག་པ་དེ་ཐམས་ཅད་ལྟུང་བ་དང་སྡིག་པ་དང་སྒྲིབ་པ་དེ་དག་ཐམས་ཅད་བྱང་ཞིང་བསལ་བར་གྱུར་ཅིག །ངན་སོང་གསུམ་གྱི་སྡུག་བསྔལ་གཏན་ནས་མི་འབྱུང་བར་གྱུར་ཅིག །བུད་མེད་གང་དག་བུ་བཙའ་བའི་སྡུག་བསྔལ་དྲག་པོ་མྱོང་བ་དེ་དག་སྡུག་བསྔལ་དེ་རབ་ཏུ་ཞི་བར་གྱུར་ཅིག །བུ་ཡང་


DTG074_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཡོངས་སུ་ཚང་བར་བཙས་ཤིང་གཟུགས་བཟང་བ་བལྟ་ན་སྡུག་པ་དང་དབང་པོ་རྣོ་ཞིང་བློ་དང་ལྡན་པ་དང༌། ནད་མེད་ཅིང་གནོད་པ་མེད་པར་གྱུར་ཅིག །དེ་ལ་མི་མ་ཡིན་པས་མདངས་ཕྲོགས་མི་ནུས་པར་གྱུར་ཅིག །ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནེ་མི་ཧི་མ་ཏི་མ་ཏི་སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱདྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦ་པཱ་པནྣཱ་ཤ་ཡ། མ་མ་བུདྡྷེ་བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི་དྷ་མེ་ནིར་དྷ་མེ། མེ་རུ་མེ་རུ་མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ། མྲྀ་ཏྱུ་ནི་བ་ར་ནི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷིཥྛི་ཏེ་ན་རཀྵནྟུ་མེ་སརྦ་དེ་བཱ། ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷཱ་ཡ། པཱ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤ་བཻ་ཌཱུཪྻ་པྲ་ཏི་བྷ་སེ། སརྦ་པཱ་པཀྵ་ཡཾ་ཀ་རི་སྭཱ་ཧཱ། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་གྱུར་ཅིག །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་བར་གྱུར་ཅིག །ལྷ་དང་བརྒྱ་བྱིན་དང༌། ཚངས་པ་ཐམས་ཅད་དང༌། རྒྱལ་པོ་ཆེན་པོ་བཞིས་ཡོངས་སུ་བསྐྱངས་པར་གྱུར་ཅིག །མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ནད་ཐམས་ཅད་ཀྱིས་མི་ཐེབས་པར་གྱུར་ཅིག །ཡུན་རིང་དུ་འཚོ་ཞིང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག །འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་གྱུར་ཅིག །ཅི་བསམས་པ་དང༌། གང་སྨོན་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས་བཟུང་སྟེ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱི་བར་དུ་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ལ་སོ་སོར་ཞལ་གྱིས་བཞེས་པ་དང༌། ཐུགས་དམ་བཅས་པ་བཞིན་དུ་གསོལ་བ་གདབ་པར་བྱའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ་ལ་


DTG074_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པ་ཐམས་ཅད་རྗེས་སུ་བཟུང་ཞེང་ལྷ་དང་མི་རྣམས་ཀྱི་དོན་དང༌། སྨན་པ་དང་བདེ་བའི་སླད་དུ། དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང༌། སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་བྱིན་གྱིས་བརླབས་ཤིང་དཔལ་གྱི་མགུར་ནས་འདི་སྐད་དུ། འཇམ་དཔལ་དེ་ལྟ་བས་ན་ཡོན་ཏན་དོན་དུ་གཉེར་བ་རྣམས་ཀྱིས་ཉོན་མོངས་པ་དང་མ་འདྲེས་པར་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་མཚན་གཟུང་བར་བྱ། བཀླག་པར་བྱ། རབ་ཏུ་གུས་པས་མཆོད་པར་བྱས་ན། དེའི་སྡིག་པ་ཐམས་ཅད་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་དང༌། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། སངས་རྒྱས་ཀྱི་བྱང་ཆུབ་ལ་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང༌། ཡང་འདི་སྐད་དུ་འཇམ་དཔལ་དེ་ལྟ་བས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་མཚན་ཉིན་ལན་གསུམ་མཚན་ལན་གསུམ་ཡིད་ལ་བྱ། གུས་པར་གཟུང་ཞིང་དད་པར་བྱ། སྐུ་གཟུགས་བྱ། མེ་ཏོག་དང༌། བདུག་པ་དང༌། སྤོས་དང། ཕྲེང་བ་དང༌། བྱུག་པ་དང༌། རོལ་མོའི་སྒྲ་དང༌། མར་མེ་རྣམས་ཀྱིས་མཆོད་པར་བྱ། ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་ལ་ཉིན་བདུན་གཙང་མར་བྱས་ཏེ། ས་ཕྱོགས་གཙང་མར་བྱས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེ་བའི་སེམས་སུ་བྱས་ནས། དེ་ལ་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་པར་འགྱུར། སྡིག་པ་ཐམས་


DTG074_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བྲལ་བར་འགྱུར། ཡུན་རིང་དུ་འཚོ་ཞིང་ནད་མེད་པར་འགྱུར། གང་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། འཐབ་པ་དང༌། འཐབ་མོ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འདི་ནས་ཤི་འཕོས་ནས་ཀྱང་སྡིག་པ་ཐམས་ཅད་ཟད་པར་འགྱུར་ནས། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་འགྱུར་ཞིང་སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་མངོན་དུ་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང༌། ཡང་འདི་སྐད་དུ་གྲོགས་པོ་དག་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་མཚན་དང༌། གཟུངས་ཀྱི་ཚིག་འདི་དག་ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་དེ། གཙང་མར་བྱས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པར་བྱས་ན། དེའི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་དེར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་འགྱུར། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་དེ་བཞིན་གཤེགས་པས་དགོངས་པར་འགྱུར། རེ་བ་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང༌། ཡང་འདི་སྐད་དུ་འཇམ་དཔལ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་མཚན་ཐོས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་པ་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པས་གནས་པར་བྱ་སྟེ། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེ་ལ་མཆོད་པ་བྱེད་པ་དེ་དག་གི་ལས་ཀྱི་སྒྲིབ་


DTG074_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། མྱ་ངན་དང༌། སྡུག་བསྔལ་དང༌། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལོག་བར་ལྟུང་བར་འགྲོ་བར་མི་འགྱུར། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སངས་རྒྱས་ཀྱི་ཞིང་དུ་རིན་པོ་ཆེ་སྣ་བདུན་གྱི་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་འགྱུར། ལྷ་ཐམས་ཅད་ཀྱིས་རྗེས་སུ་གཟུང་བར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང༌། ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་མཚན་ཐོས་པ་དང༌། འཛིན་པ་དང༌། དད་པར་བྱེད་པ་དང༌། རབ་ཏུ་གུས་པས་མཆོད་པར་བྱེད་པ་དེ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར། ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་དང་འབྲལ་བར་མི་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། རྟག་ཏུ་ནད་མེད་ཅིང་ཚེ་རིང་བར་འགྱུར། འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར། གཞན་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། གང་དང་གང་དུ་སྐྱེས་པར་བསམས་མ་ཐག་ཏུ་གོས་དང༌། རྒྱན་དང༌། སྤོས་དང༌། ཕྲེང་བ་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་དང༌། ལོངས་སྤྱོད་དང༌། དབང་ཕྱུག་དང་ལྡན་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང༌། ཡང་འདི་སྐད་དུ། འཇམ་དཔལ་གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་གི་མཚན་ཐོས་ལ་ཐོས་ནས་ཀྱང་འཛིན་པ་དང༌། ནང་པར་ལངས་ནས་ཡིད་ལ་བྱེད་པ་དང༌། དད་པར་བྱེད་པ་དང༌། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། རོལ་མོའི་སྒྲ་དང༌། སིལ་སྙན་དང༌། ཕེབ་རྡོ་བ་བདག་གིས་མཆོད་པ་དང༌། གླེགས་བམ་དུ་བྲིས་ཏེ་འཆང་བ་དང༌། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང༌། ཡི་གེར་འདྲིར་འཇུག་པ་དང༌། སེམས་བཏུད་དེ་གཞན་ལས་ཉན་པ་དང༌། ཆོས་སྨྲ་བ་དེ་དག་ལ་ཡང་འཚོག་ཆས་དང༌། ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་དེ་


DTG074_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང༌། ཡང་འདི་སྐད་དུ། འཇམ་དཔལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྨོན་ལམ་དང་ཐབས་མཁས་པ་ཚད་མེད་ཅིང་བསྐལ་པ་བས་ལྷག་པར་ཡང་བརྗོད་མི་ནུས་སོ། །འཇམ་དཔལ་སོ་སོའི་སྐྱེ་བོ་གང་དག་དགེ་བ་དང་མི་དགེ་བ་མི་ཤེས་པ་དག་ཡོད་དེ། དེ་དག་ནི་ཆགས་བས་ཟིལ་གྱིས་ནོན་ཅིང༌། སྦྱིན་པ་དང་སྦྱིན་པའི་འབྲས་བུ་མི་ཤེས་ཏེ། ནོར་སོག་ཅིང་བསྲུང་བ་ལ་བརྩོན་གྱི་སྦྱིན་པ་ཡང་དག་པར་འགྱེད་པ་ལ་སེམས་མི་འགྲོ་སྟེ། སྦྱིན་པའི་དུས་ཉེ་བར་གནས་པ་ན་རང་གི་ལུས་ཀྱི་ཤ་ལས་བཅད་པ་བཞིན་དུ་ཡིད་མི་དགའ་བར་འགྱུར་བ། བདག་ཉིད་ཀྱང་དུ་མ་ཡོངས་སུ་མི་སྤྱོད་ན། ཕ་མ་དང༌། བུ་སྨད་དང༌། གཡོག་འཁོར་ལ་ལྟག་ལ་སྟེར། གཞན་སློང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་སེམས་ཅན་དེ་ལྟ་བུ་དག་ནི་ཤི་འཕོས་ནས་ཡི་དགས་སམ་དུད་འགྲོར་སྐྱེ་བར་འགྱུར་རོ། །དེ་ལ་གང་དག་སྔོན་མིར་གྱུར་པ་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་པ་དེ་དག་ནི་ཡི་དགས་སམ། དུད་འགྲོའི་སྐྱེ་གནས་གང་ཡང་རུང་བ་དེར་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་མངོན་དུ་འགྱུར་ཞིང་དྲན་མ་ཐག་པ་ཙམ་གྱིས་ཚེ་འཕོས་ནས་ཀྱང་མིའི་འཇིག་རྟེན་དུ་སྐྱེ་ཞིང་ཚ་རབས་དྲན་པར་འགྱུར། ངན་འགྲོའི་འཇིགས་པས་སྐྲག་ནས་འདོད་པའི་ཡོན་ཏན་དོན་དུ་མི་གཉེར་བ་དང༌། སྦྱིན་པ་ལ་དགའ་བ་དང༌། སྦྱིན་པའི་བསྔགས་པ་བརྗོད་པ་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོར་བར་འགྱུར། རིམ་གྱིས་རང་གི་མགོ་དང་ཡན་ལག་དང༌། ཤ་ཁྲག་ཀྱང་སློང་བ་རྣམས་ལ་རབ་ཏུ་སྦྱིན་པར་འགྱུར་ན། ནོར་གྱི་ཕུང་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་རྣམས་ཀྱི་བསླབ་པའི་གནས་ལོག་པར་འཛིན་པ་དག་ཡོད་དེ། གང་དག་ཚུལ་ཁྲིམས་དང་ལྡན་པ་དེ་དག་ནི་ཚུལ་ཁྲིམས་ཙམ་སྲུང་གི་མང་དུ་ཐོས་པ་ཡོངས་སུ་མི་ཚོལ། མང་དུ་ཐོས་པ་དག་


DTG074_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མདོ་སྡེ་རྣམས་ཀྱི་དོན་ཟབ་མོ་མི་ཤེས་ཤིང་ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཏེ། གཞན་དག་ལ་ཕྲག་དོག་བྱེད་ཅིང་དམ་པའི་ཆོས་ལ་དབང་ཟ་ཞིང་སྤོང་བར་འགྱུར་རོ། །མི་བླུན་པོ་བདུད་ཀྱི་ཕྱོགས་རང་ཡང་ལམ་ངན་པར་ཞུགས་ལ། གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་གཡང་ས་ཆེན་པོར་ལྟུང་བར་བྱེད་པ་དེ་ལྟ་བུ་དེ་དག་ནི་སེམས་ཅན་དམྱལ་བ་མི་བཟད་པར་འགྲོ་བར་འགྱུར་རོ། །གང་དག་སྔོན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་པ་དེ་དག་ནི་སེམས་ཅན་དམྱལ་བའི་གནས་དེར། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་མངོན་དུ་འགྱུར་ཏེ། དེ་ནས་ཤི་འཕོས་ནས་ཀྱང་མིའི་འཇིག་རྟེན་དུ་སྐྱེ་ཞིང་ཡང་དག་པའི་ལྟ་བ་ཅན་དང༌། བརྩོན་འགྲུས་དང་ལྡན་པ་དང༌། དགེ་བའི་བསམ་པ་ཅན་དུ་འགྱུར། །ཁྱིམ་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དེ་དག་ནི་ངན་སོང་གསུམ་པོ་དག་ཏུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་ཞིང་འདི་ནས་ཤི་འཕོས་ནས་ཀྱང༌། བ་ལང་དང༌། རྟ་དང་རྔ་མོ་བོང་བུ་ལ་སོགས་པ་དུད་འགྲོར་སྐྱེས་ཏེ། དབྱུག་ལྕག་གིས་བརྡེག་པ་དང༌། བཀྲེས་སྐོམ་གྱིས་ཉེན་པ་དང༌། ཁལ་ཆེན་པོས་གཟིར་བར་འགྱུར་རོ། །བརྒྱ་ལ་མིར་སྐྱེས་ན་ཡང་རྟག་ཏུ་རིགས་དམའ་བ་དང༌། བྲན་དུ་འགྱུར་ཞིང་གཞན་གྱི་དབང་དུ་འགྱུར་རོ། །གང་དག་སྔོན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་པ་དེ་དག་ནི་དགེ་བའི་རྩ་བ་དེས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། དབང་པོ་རྣོ་བར་འགྱུར། མཁས་པ་དང་གསལ་བ་དང༌། ཡིད་གཞུངས་པ་དང༌། དགེ་བ་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པ་རྟག་ཏུ་དགེ་བའི་བཤེས་གཉེན་དང་འགྲོགས་པ་རྙེད་པར་འགྱུར། བདུད་ཀྱི་ཞགས་པ་གཅོད་པ་དང༌། མ་རིག་པའི་སྒོ་ངའི་སྦུབས་གཅོག་པ་དང༌། ཉོན་མོངས་པའི་ཆུ་ཀླུང་སྐེམས་པར་འགྱུར། སྐྱེ་བ་དང༌། རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌།


DTG074_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་ཕྲ་མ་ལ་དགའ་ཞིང་ཕན་ཚུན་འཐབ་པ་དང༌། རྩོད་པ་དང་འགྱེད་པར་བྱེད་དུ་འཇུག་པ་དག་ཡོད་དེ། སེམས་ཅན་དེ་དག་རྩོད་པའི་སེམས་སུ་གྱུར་པས། ལུས་དང་ངག་དང་ཡིད་ཀྱིས་མི་དགེ་བ་རྣམ་པ་སྣ་ཚོགས་འདུ་བྱེད་དེ། ཕན་ཚུན་གནོད་པར་བྱ་བའི་ཕྱིར། ནགས་ཚལ་གྱི་ལྷ་དང༌། ཤིང་གི་ལྷ་དང༌། རིའི་ལྷ་དང༌། དུར་ཁྲོད་ཀྱི་འབྱུང་པོ་ཐ་དད་པ་འགུགས་པར་བྱེད། དུད་འགྲོ་དག་གི་སྲོག་གཅོད་ཅིང༌། ཤ་དང་ཁྲག་ཟ་བའི་སྲིན་པོ་རྣམས་མཆོད་པར་བྱེད་དེ། དགྲ་བོ་དེའི་མིང་ནས་བརྗོད་དེ་གཟུགས་བྱས་ནས་དེར་རིག་སྔགས་དྲག་པོ་སྒྲུབ་ཅིང་བྱད་དང་རོ་ལངས་ཀྱི་སྦྱོར་བས་སྲོག་གི་བར་ཆད་བྱ་བ་དང༌། ལུས་རྣམ་པར་གཞིག་པར་འདོད་པ་ལ་གང་དག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་པར་གྱུར་པ་དེ་དག་ལ་གང་གིས་ཀྱང་བར་ཆད་བྱ་བར་མི་ནུས་ཏེ། དེ་དག་ཕན་ཚུན་བྱམས་པའི་སེམས་དང༌། ཕན་པའི་སེམས་དང༌། གནོད་སེམས་མེད་པའི་སེམས་སུ་གནས་པར་འགྱུར། རང་རང་གི་བདོག་པས་ཆོག་ཤེས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་འཁོར་བཞི་པོ་རྣམས་དང༌། གཞན་ཡང་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་པ་གང་དག་བདག་གི་དགེ་བའི་རྩ་བ་འདིས་ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པ་དེ་དག་ལས། གང་དག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་པ་དེ་དག་འཆི་ཀར་ཡང་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷག་ནས་ལམ་སྟོན་ཏེ། བདེ་བ་ཅན་དེར་པདྨ་ཚོན་སྣ་ཚོགས་ཅན་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། །གང་ལ་ལ་ལྷའི་འཇིག་རྟེན་དུ་སྐྱེས་པ་དེ་དག་ནི་སྔོན་གྱི་དགེ་བའི་རྩ་བ་ཟད་པར་མི་འགྱུར་ཞིང༌། ངན་འགྲོར་འགྲོ་བར་མི་འགྱུར་ཏེ། དེ་ནས་ཤི་འཕོས་ནས་ཀྱང་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་


DTG074_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པར་འགྱུར་རོ། །གཞན་དུ་ན་ཡང་རྒྱལ་རིགས་དང༌། བྲམ་ཟེ་དང༌། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང༌། ནོར་དང༌། འབྲུ་དང༌། མཛོད་དང༌། བང་བ་མང་པོ་འབྱོར་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ། གཟུགས་དང་དབང་ཕྱུག་དང༌། གཡོག་འཁོར་ཕུན་སུམ་ཚོགས་པ་དང༌། དཔའ་བ་དང༌། རྟུལ་ཕོད་པ་དང༌། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་པ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ། །འཇམ་དཔལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྐུ་གཟུགས་བྱས་ཏེ། ཉིན་ཞག་བདུན་དུ་བསྙེན་གནས་ལ་གནས་ལ་ཁ་ཟས་གཙང་མ་བཟའ་ཞིང་ལུས་ལེགས་པར་བཀྲུས་ཏེ། གོས་དྲི་མ་མེད་པ་བགོ་ཞིང་ཕྱོགས་གཙང་མར་མེ་ཏོག་སྣ་ཚོགས་ཀྱི་སིལ་མ་བཀྲམ་པ། སྤོས་སྣ་ཚོགས་ཀྱིས་བདུགས་པ། རས་དང་གདུགས་དང་རྒྱལ་མཚན་སྣ་ཚོགས་ཀྱིས་བརྒྱན་པའི་ས་ཕྱོགས་སུ་དྲི་མ་དང༌། རྙོག་པ་དང༌། གནོད་སེམས་མེད་པའི་སེམས་དང་བྱམས་པ་དང་བཏང་སྙོམས་དང་མཉམ་པའི་སེམས་སུ་བྱ། རོལ་མོའི་སྒྲ་དང་སིལ་སྙན་དང༌། གླུ་དབྱངས་བླང་ཞིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལ་བསྐོར་བ་བྱས་ཏེ། དེའི་སྔོན་གྱི་སྨོན་ལམ་ཡང་ཡིད་ལ་བྱ་ཞིང་མདོ་འདི་ཡང་བཏོན་ན་གང་བསམ་པ་དང༌། གང་སྨོན་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཚེ་རིང་བར་སྨོན་ན་ནི་ཚེ་རིང་བར་འགྱུར་རོ། །ལོངས་སྤྱོད་དང་ལྡན་པར་སྨོན་ན་ནི་ལོངས་སྤྱོད་འབྱོར་པར་འགྱུར་རོ། །དབང་ཕྱུག་དང་ལྡན་བར་སྨོན་ན་ནི་ཚེགས་ཆུང་དུས་རྙེད་པར་འགྱུར་རོ། །བུ་འདོད་ན་ནི་བུ་རྙེད་པར་འགྱུར་རོ། །གང་དག་སྡིག་པ་ཅན་གྱི་རྨི་ལམ་རྨིས་སམ། གང་དུ་བྱ་ཁྭའམ་ལྟས་ངན་མཐོང་ངམ། གནས་གང་དུ་བཀྲ་མི་ཤིས་པ་བརྒྱ་དག་གནས་པར་གྱུར་པ་ལ། གང་དག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་


DTG074_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་སྟིར་བྱེད་ན་རྨི་ལམ་ངན་པ་དང༌། ལྟས་ངན་པ་དང༌། བཀྲ་མི་ཤིས་པའི་དབང་པོ་ཐམས་ཅད་མཐོང་བར་མི་འགྱུར་རོ། །གང་དག་མེ་དང༌། ཆུ་དང༌། མཚོན་དང༌། དུག་དང༌། གཡང་ས་དང༌། གླང་པོ་ཆེ་གཏུམ་པོ་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། སྦྲུལ་གདུག་པ་དང། སྡིག་པ་དང༌། རྐང་ལག་བརྒྱ་པས་འཇིགས་པ་དང༌། ཕ་རོལ་གྱི་དམག་ཚོགས་དང༌། རྐུན་པོ་དང༌། ཆོམ་པོའི་འཇིགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་མཆོད་པ་བྱས་ན་འཇིགས་པ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇམ་དཔལ་གཞན་ཡང་གང་དག་སྐྱབས་གསུམ་འཛིན་པ་དང༌། བསླབ་པའི་གཞི་ལྔ་པོ་དག་དང༌། བསླབ་པའི་གཞི་བཅུ་པོ་དག་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་དང༌། དགེ་སློང་གི་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་དང༌། དགེ་སློང་མའི་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དེ་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་གཞི་གང་ཡང་རུང་བ་ཞིག་ཉམས་ཏེ། ངན་འགྲོ་ངན་སོང་གིས་འཇིགས་སྐྲག་པ་དེ་དག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་མཆོད་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་པོའི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །བུད་མེད་གང་དུ་བཙའ་བའི་དུས་ན་སྡུག་བསྔལ་དྲག་པོ་མྱོང་བ་དེས། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་མཆོད་ན། དེ་སྡུག་བསྔལ་ལས་མྱུར་དུ་ཐར་བར་འགྱུར། བུ་ཡང་ཡན་ལག་ཡོངས་སུ་ཚང་བར་བཙའ་ཞིང་གཟུགས་བཟང་ལ་ལྟ་ན་སྡུག་བ་དང༌། དབང་པོ་རྣོ་ཞིང་བློ་དང་ལྡན་པ་དང༌། ནད་མེད་ཅིང་གནོད་པ་མེད་པར་འགྱུར་རོ། །དེ་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུས་སོ། །གཞན་ཡང་ཀུན་དགའ་བོ་མ་དད་ཅིང་ཡིད་མི་ཆེས་ཏེ་སྤོང་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་སུའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་ངན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་པ་ནི་གནས་མ་ཡིན་ཏེ་གོ་སྐབས་མེད་དོ། །ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ་ཞེས་


DTG074_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་བཀའ་སྩལ་པ་དང༌། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནེ། མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ན་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ། ཀྵེ་ཏྲ་པ་རི་ཤོ་དྷ་ནི་དྷ་མེ་ནིར་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་ར། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི། བྷ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷཱ་དྷིཥྛི་ཏེ་ན་རཀྵཾ་ཏུ་མེ། སརྦ་དེ་བཱ། ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡཿ། པཱུརྞེ་པཱུརྞེ། པཱུ་ར་ཡ་མེ། སརྦ་ཨཱ་ཤ་བཻ་ཌཱུཪྻ་པྲ་ཏི་བྷ་སེ། སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྻའི་འོད་ཅེས་བགྱི་བའི་གཟུངས་འདི་གང་ལ་ལ་ཞིག་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་གི་སྐུ་གཟུགས་བྱས་ཏེ། མེ་ཏོག་ལ་སོགས་པས་མཆོད་པ་བྱེད་ཅིང་འཆང་ངམ། ཀློག་གམ། མཆོད་དམ། ཉིན་ཞག་བདུན་དུ་གསོ་སྤྱང་ཡན་ལག་བརྒྱད་ལ་གནས་ཏེ། གཟུངས་ཀྱི་ཚིག་ལན་སྟོང་རྩ་བརྒྱད་དུ་བཏོན་ན་དེ་ལ་དེ་བཞིན་གཤེགས་པ་རྣམས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་པར་འགྱུར། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱང་ཡང་དག་པར་བསྲུང་བར་འགྱུར། ལྷ་དང་བརྒྱ་བྱིན་དང་ཚངས་པ་ཐམས་ཅད་དང༌། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཡོངས་སུ་བསྐྱང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་ཐེབས་པར་འགྱུར། ཡུན་རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་བ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅེ་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་འདི་ལྟར་ཉི་ཟླ་ནི་དོག་སར་ལྟུང་ཡང་གདའ།


DTG074_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་རིའི་རྒྱལ་པོ་ནི་གནས་ནས་འཕོ་ཡང་གདའ། རྒྱ་མཚོ་ཆེན་པོ་ནི་དུས་ལས་ཡོལ་ཡང་གདའ། ནམ་མཁའ་ནི་དོག་སར་འགྱུར། དོག་ས་ནི་ནམ་མཁར་འགྱུར། ཆབ་ནི་ཞུགས་སུ་འགྱུར། ཞུགས་ནི་ཆབ་ཏུ་འགྱུར། བསེར་མ་ནི་ཞགས་པས་བཟུང་དུ་རུང་པར་འགྱུར་ཡང་གདའི། ལྷ་དང་མིའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་སྐུ་དང་གསུང་དང༌། ཐུགས་ཀྱི་ཀུན་དུ་སྤྱོད་པ་ལ་ཡོངས་སུ་མ་དག་པ་མི་མངའ་བ་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་བཀའ་ནི་གཞན་དུ་འགྱུར་བ་མ་མཆིས་པ་ལགས་ན། ཆེ་གེ་ལ་སོགས་པའི་དོན་དུ་དཔལ་གྱི་མགུར་ནས་གསུངས་པའི་མདོ་སྡེ་ལས་འབྱུང་བའི་ཚུལ་བཞིན་དུ་དེ་བཞིན་གཤེགས་པ་བདུན་དང༌། སྟོན་པ་བདེ་བར་གཤེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་པ་ཅི་འབྱོར་པ་བཤམས་ཏེ། མཆོད་ནས་སྨོན་ལམ་དུ་གསོལ་བ་རྔོ་ཅི་ཐོགས་པའི་ཉམས་ཀྱིས་དཔགས་ཏེ་བགྱིས་པ་འདི་ཙམ་ཞིག་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ། ད་ཡང་གདན་འཛོམ་པ་ཆེན་པོས་ཆོ་ག་ཡོངས་སུ་རྫོགས་པར་བསྐངས་ཏེ། བྱིན་གྱིས་བརླབ་ཅིང་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་སྩལ་དུ་གསོལ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པ་འགྱུར་བ་མི་མངའ་བའི་བདེན་པ་མངོན་སུམ་དུ་བསྟན་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ་སྐུ་ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པ། ཞབས་རྟེན་གྱི་པདྨ་ལ་ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། ཀླུ་དང༌། རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང༌། ཅོད་པན་གྱིས་གཏུགས་པ། ངན་སོང་གི་འགྲོ་བ་སྣ་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ།


DTG074_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ལྟ་བ་ངན་པ་སྣ་ཚོགས་ཀྱིས་བཀླགས་པ། ལམ་དང་ས་དམན་པར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། གང་ཐོས་པ་ཙམ་གྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང༌། སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་བས་པར་འགྱུར་བ་དང༌། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བ་དང༌། གནོད་པ་དང་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང༌། འདོད་དགུའི་རེ་བ་རྫོགས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་ཅིང་གདན་འཛོམ་པའི་དབུས་སུ་འདི་སྐད་ཅེས་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་མདོ་འདི་འཆང་བ་དང༌། ཀློག་པ་དང༌། འཆད་པ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌། ཡི་གེར་འདྲི་བ་དང༌། ཡི་གེར་འདྲིར་སྩོལ་བ་དང༌། གླེགས་བམ་ལ་བྲིས་ཏེ་མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདུགས་དང༌། རྒྱལ་མཚན་རྣམས་ཀྱིས་བཀུར་སྟིར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ། བདག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་རྣམ་པ་སྣ་ཚོགས་བསྒྲག་པར་བགྱིའོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲག་པར་བགྱིའོ། །ཚོན་སྣ་ལྔ་པའི་རས་རྣམས་ཀྱིས་དཀྲིས་ཏེ། ཕྱོགས་གཙང་མར་བཞག་ན་གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང༌། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆི་བར་འགྱུར་རོ། །མདོ་སྡེ་འདི་འཛིན་པ་དེ་དག་དུས་མ་ལགས་པར་འགུམ་པར་མི་འགྱུར། སུས་ཀྱང་མདངས་ཕྲོགས་པར་མི་ནུས་ཏེ། ཕྲོགས་ན་ཡང་སླར་འཕྲོག་པར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང༌། འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་


DTG074_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང༌། དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང༌། མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེའི་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱབས་གྲོལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་འཕགས་པ་སྐྱབས་གྲོལ་དུས་ངན་པའི་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། སྟོན་པ་བཅོམ་ལྡན་འདས་གདན་འཛོམ་པའི་སྤྱན་སྔར། འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། ཡུན་རིང་པོའི་བྲོ་ནད་ཀྱིས་ལུས་ཀྱི་ཤ་བས་ཤིང༌། བཀྲེས་པ་དང༌། སྐོམ་པས་གྲེ་བ་དང་མཆུ་ནི་བསྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་དུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང༌། གཤིན་རྗེའི་མི་རྣམས་ཀྱིས་ནི་སྒོར་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང༌། མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་དུ་འབྲང་བ་གང་ལགས་པ་དེ་ནི་དགེ་བ་དང་མི་དགེ་བ་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང༌། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས། དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང༌། འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིས་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ། བདག་ཉིད་ཀྱིས་འཚལ་བར་འགྱུར་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉེ་ཤུ་རྩ་གཅིག །


DTG074_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ། དེའི་རྣམ་པར་ཤེས་པ་སླར་བཟློག་ཅིང་དྲན་པ་རྙེད་ལ། དེ་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་བདག་ཉིད་ཀྱིས་མངོན་སུམ་དུ་འགྱུར་ཏེ། སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད་དོ། །མཆོད་པའི་སྦྱོར་བ་ནི་བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་པར་འདོད་པ་དེ་དག་གིས། ནད་པ་དེའི་དོན་དུ་ཉིན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱ། དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང༌། ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོ་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་གྱི་མཚན་ཡིད་ལ་བྱ། མདོ་སྡེ་འདི་ལན་བཞི་བཅུ་རྩ་དགུར་གདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་གཞག་གོ །མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱ་སྟེ། ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙོན་པ་ཀུན་དགའ་པོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱིས་གནོད་པའམ། རང་ངམ་ཕ་རོལ་གྱི་དམག་ཚོགས་ཀྱིས་གནོད་པའམ། རྒྱུ་སྐར་རམ། གཟའ་ཟླ་བའམ། གཟའ་ཉི་མའི་གནོད་པའམ། དུས་མ་ཡིན་པའི་རླུང་ངམ། ཆར་རམ་ཐན་པའི་གནོད་པ་ཡང་རུང་སྟེ། གནོད་པ་དང༌། ནད་འོག་པ་དང༌། འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་གང་དུ་སྨོས་པ་བཞིན་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དེ་དང༌། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས། ཡུལ་བདེ་བ་དང་ལོ་ལེགས་པར་འགྱུར། རླུང་དང་ཆར་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་


DTG074_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ནད་མེད་པ་དང༌། བདེ་བ་དང༌། མཆོག་ཏུ་དགའ་བ་མད་བར་འགྱུར་རོ། །ཡུལ་དེར་གནོང་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ་གཙེ་བར་མི་འགྱུར་རོ། །ལྟས་ངན་ཐམས་ཅད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་དེའི་ཚེ་དང་མདོག་དང་སྟོབས་དང༌། ནད་མེད་པ་དང་དབང་ཕྱུག་རྣམས་འཕེལ་བར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ། མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང༌། མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེའི་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། ཀུ་བེ་ར་ལ་སོགས་པ་དམ་པའི་ཆོས་སོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང༌། ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། ཀུ་བེ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ལྷའི་དགེ་བསྙེན་ཆེན་པོ་རྣམས་ཀྱིས། ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར། ལྷའི་ཚིག་བདེན་པས་མདངས་གསོལ་དུ་གསུང་གཅིག་ཁོ་ནར་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས། དེ་བཞིན་གཤེགས་པ་རྣམས་ཀྱང་མངོན་སུམ་དུ་མཐོང་སྟེ། མཆོད་པ་བགྱིས་སོ། །ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང༌། གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོགས་འཁོར་དང་བཅས་ཏེ་མཆི་བར་


DTG074_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང༌། ཀློག་པ་དང༌། མཆོད་པ་བགྱིད་པ་དང༌། ཡི་གེར་འདྲིར་སྩོལ་བ་དེར་བདག་ཅག་མཐུན་པར་ལྷན་ཅིག་ཏུ་མཆིས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། རྒྱལ་པོའམ། རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང༌། འདྲི་བ་དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བསྲུང་བར་བགྱི། གྲོང་དང་གྲོང་ཁྱེར་དང༌། ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱི། འཆི་བ་དང༌། དགྲ་དང་དགོན་པ་དང་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །བདག་ཅག་ནི་དེ་བཞིན་གཤེགས་པ་དང༌། སེམས་ཅན་ཐམས་ཅད་ལ་བྱས་པ་གཟོ་བ་ལགས་ཏེ། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱི། འཐབ་པ་དང༌། འཐབ་མོ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱི། ཇི་ལྟར་བསམས་པ་བཞིན་དུ་འགྲུབ་པ་དང༌། སེམས་དང་ལུས་བདེ་ཞིང་ལོངས་སྤྱོད་དང༌། དབང་ཕྱུག་དང༌། ནོར་དང༌། འབྲུ་རྣམས་འཕེལ་བར་བགྱི། ཐམས་ཅད་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་རང་གི་ཁོར་བོར་བ་དང་དམ་བཅས་པ་འདི་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་གྷུ། མ་གྷུ། ཏ་ར་གྷུ། མ་མ་གྷུ། གྷུ་རེ། ཧ་ཧུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རེ་ཛུ་རེ་སྭཱ་ཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང༌། གཟུངས་ཀྱི་ཚིགས་འདི་དག་འཆང་བ་དང༌། ཀློག་པ་དང༌། ཡི་གེར་འདྲི་བ་དང༌། ཡི་གེར་འདྲིར་སྩོལ་བ་དང༌། རབ་ཏུ་གུས་པར་མཆོད་པར་བགྱིད་པ་དེ་དག་ངན་སོང་གསུམ་དུ་མི་མཆི་བར་རིག་པར་བགྱི་སྟེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པར་འགྱུར། ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར། དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་འཐོབ་པར་འགྱུར་རོ་ཞེས་གསུངས་ཤིང་ཞལ་གྱིས་པ་ཞེས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས། གང་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་དོན་དུ་བདག་གིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་རབ་ཏུ་སྩལ་བར་བགྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་བདག་ལ་དགོངས་སུ་གསོལ། ཡང་དག་


DTG074_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲ་པཱ་ཤ་དྷ་རི་ཎི། ས་མ་ས་མ། ས་མནྟ་ཨ་པྲ་ཏི་ཧ་ཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ། སརྦ་བྱཱ་དྷ་ཡཿ། ཀུ་རུ་ཀུ་རུ། སརྦ་ཀརྨ་ཎི། ས་མ་ཡ་མ་ནུ་སྨ་ར་བྷ་ག་ཝཱན་བཛྲ་པཱ་ཎི། སརྦ་ཨཱ་ཤཾ་མེ་པ་རི་པཱུ་ར་ཡ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང༌། ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱི། དོན་ཐམས་ཅད་ཀྱང་བསྒྲུབ་པར་བགྱིའོ། །གལ་ཏེ་དེས་བདག་མཐོང་བར་འཚལ་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིར་སྩལ་བར་བགྱི། དེ་བཞིན་གཤེགས་པ་འདི་དག་གི་སྐུ་གཟུགས་བདུན་ཡང་བགྱི། རྡོ་རྗེ་འཛིན་ཡང་སྐུ་གདུང་དང་བཅས་པར་བགྱི། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་སྐད་གོང་དུ་སྨོས་པ་བཞིན་དུ་སྤོས་དང༌། བདུག་པ་དང༌། མར་མེ་དང༌། ཕྲེང་བ་དང༌། རྒྱན་དང༌། རོལ་མོའི་སྒྲ་དང༌། སིལ་སྙན་དང༌། ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱི། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་དང༌། བྱམས་པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ་ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱི། ཚེས་བརྒྱད་ནས་བརྩམས་ཏེ་ཟླ་བ་ཕྱིའི་བཅོ་ལྔའི་ཉའི་བར་དུ་ཉིན་གཅིག་བཞིན་དུ་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན་དེ་ལ་བདག་གིས་རྨི་ལམ་དུ་མཐོང་བར་སྩལ་བར་བགྱི། འཕེལ་བའི་བཀའ་མཆིད་ཀྱང་བགྱི། རེ་བ་ཐམས་ཅད་ཡོངས་སུ་བསྐང་བར་བགྱིའོ་ཞེས་འཕགས་པའི་བཀའ་མི་འགྱུར་བ་ཚད་མར་གྱུར་པར་ཞལ་གྱིས་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཤིང་མཆོད་པ་བཞེས་ཏེ། གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ལྷག་པར་ཡང་དེ་


DTG074_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང༌། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་བ་བདུད་ཀྱི་ཕྱོགས་ཐམས་ཅད་དང༌། ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང༌། ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཐོག་མ་རུངས་བར་བགྱིད་པ་དང༌། གནོད་པ་དང་མཚན་མ་ངན་པ་དང༌། བཀྲ་མི་ཤིས་པ་མང་པོ་སྟོན་ཅིང༌། སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་ཀྱི་རིགས་ཐ་དད་པ་ཡུལ་ཕྱོགས་འདི་ན་རྒྱུ་ཞིང་གནས་པ་ཅི་མཆིས་པ་ཐམས་ཅད་དང༌། ཆེ་གེ་མོ་ལ་སྔོན་གྱི་ལས་ཀྱིས་བསངས་པའམ། འཕྲལ་གྱི་རྐྱེན་ལས་གྱུར་པའམ། ཡུལ་ཕྱོགས་དང་ཕ་ཚན་དང་རིགས་རྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། ཆེ་གེ་མོའི་ལུས་དང༌། སྲོག་དང༌། ཆུས་སྲིད་དང༌། དབང་ཕྱུག་དང༌། འཁོར་དང༌། ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འཚམ་པའི་ཐབས་ཀྱིས་གདུལ་ཞིང་འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་འགྱུར་ཞིང༌། སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་བགྱིས་བ་རྣམས་ཀྱང་འཇོག་ཅིང་འདོར་དུ་སྩལ། སླན་ཆང་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་དུ་གསོལ། མཐུ་དཔལ་དང་ལྡན་པའི་ལྷའི་དགེ་བསྙེན་དམ་པ་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་པོ་ལ་འདི་ལྟ་སྟེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་


DTG074_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོ་དབང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །མཐུ་དཔལ་དང་ལྡན་པའི་དགེ་བསྙེན་དམ་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་ཡང་གཡོག་གནོད་སྦྱིན་བདུན་འབུམ་དང་བཅས་པ་རྣམས་དགོངས་སུ་གསོལ། །ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར་ལྷའི་ངག་བདེན་པས་གསུངས་གཅིག་ཏུ་འདི་སྐད་ཅེས། སངས་རྒྱས་ཀྱི་མཐུས་བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་མཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་ནས་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང༌། ཕན་པ་དང༌། བདེ་བའི་སླད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་ནི་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་ལམ། དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང༌། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་འཆང་བ་དང༌། མཆོད་པ་དང༌། རིམ་གྲོ་བྱེད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ་ཞེས་འཕགས་པའི་ངག་བརྟགས་པས་ཞལ་གྱིས་བཞེས་ཤིང་ཐུགས་དམ་དུ་གླེངས་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་གང་གི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་པ་ལེགས་སོ་ཞེས་རྗེས་སུ་གནང་བ་དེ་


DTG074_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དུལ་ཞིང་ཞི་བའི་སེམས་དང་ལྡན་པར་བྱམས་པ་དང་ཐུགས་བརྩོ་བས་མཆོད་པ་བཞེས་ཤིང་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་སྟེ། ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ། གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང༌། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་བདུད་ཀྱི་ཕྱོགས་ཐམས་ཅད་དང༌། ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་པ་དང་ཐན་པ་དང་སད་སེར་ལ་སོགས་པས་མ་རུངས་བར་བགྱིད་པ་དང༌། གནོད་པ་དང༌། མཚན་མ་ངན་པ་དང༌། བཀྲ་མི་ཤིས་པ་མང་པོ་སྟོན་ཅིང༌། སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཁམས་དང་ཡུལ་ཕྱོགས་འདིར་རྒྱུ་བ་མཆིས་སོ་འཚལ་ངང་ཆེ་གེ་མོ་ལ་སྔོན་གྱི་ལས་ཀྱིས་འདས་པའམ། འཕྲལ་གྱི་རྐྱེན་ལས་གྱུར་པའམ། ཡུལ་ཕྱོགས་དང༌། ཕ་ཚན་དང༌། རིགས་རྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། ཆེ་གེ་མོའི་ལུས་དང་སྲོག་དང༌། ཆབ་སྲིད་དང༌། དབང་ཕྱུག་འཁོར་དང༌། ཡོ་བྱད་ལ་སོགས་པ་གང་ཡང་རུང་པ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འཚམ་པའི་ཐབས་ཀྱིས་གདུལ་ཞིང་འཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ། ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་བགྱི་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང༌། གནོད་པའི་སྦྱོར་བ་ངན་པ་ཅི་བགྱིས་པ་རྣམས་ཀྱང་འཇིག་ཅིང་མདོར་དུ་སྩལ། སླན་ཆད་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་དགག་ཅིང༌། གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་དུ་གསོལ། རེ་རེ་ནས་མཆོད་པ་འབུལ་ཞིང་སྨོན་ལམ་གདབ་པ་རྫོགས་པའི་སྐབས་འདིར། གཟུངས་ཀྱི་སྙིང་པོ་ལོགས་ཤིག་ཏུ་བྱུང་བ་ལན་བདུན་ཡན་ཆད་བཞི་བཅུ་རྩ་དགུ་མན་ཆད་ཅི་ནུས་སུ་བཀླག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་


DTG074_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བ་དང༌། མཆོད་པ་སྔ་མ་བཞིན་དུ་བྱས་ཏེ། མདོར་བསྡུས་པའི་གསོལ་བ་འདི་སྐད་གདབ་བོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པ་ཐམས་ཅད་རྗེས་སུ་བཟུང་ཞིང༌། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང༌། སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་བྱིན་གྱིས་བརླབས་ཤིང་དཔལ་གྱི་མགུར་ནས་ཡང་དག་པར་གསུངས་ནས། ཕན་ཡོན་དཔག་ཏུ་མ་མཆིས་པ་རྒྱས་པར་བཀའ་སྩལ་པ་འདི་ལྟར་ཉི་ཟླ་ནི་དོག་སར་ལྷུང་ཡང་གདའ། རི་རབ་རིའི་རྒྱལ་པོ་ནི་གནས་ནས་འཕོ་ཡང་གདའ། རྒྱ་མཚོ་ཆེན་པོ་ནི་དུས་ལས་ཡོལ་ཡང་གདའ། ནམ་མཁའ་ནི་དོག་སར་འགྱུར། དོག་ས་ནི་ནམ་མཁར་འགྱུར། ཆབ་ནི་ཞུགས་སུ་འགྱུར། ཞུགས་ནི་ཆབ་ཏུ་འགྱུར། བསེར་མ་ནི་ཞགས་པས་གཟུང་དུ་རུང་ཡང་གདའི། ལྷ་དང་མིའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་ཉིད་ཐམས་ཅད་གཟིགས་པ། སྐུ་དང་གསུང་དང་ཐུགས་ཀྱིས་ཀུན་དུ་སྤྱོད་པ་ལ་ཡོངས་སུ་མ་དག་པ་མི་མངའ་བ། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་བཀའ་ནི་གཞན་དུ་འགྱུར་པ་མ་མཆིས་པ་ལགས་ན། ཆེ་གེ་མོ་ལ་སོགས་པའི་དོན་དུ་དཔལ་གྱི་མགུར་ནས་གསུངས་པའི་མདོ་སྡེ་ལས་འབྱུང་བ་བའི་ཚུལ་བཞིན་དུ། དེ་བཞིན་གཤེགས་པ་བདུན་དང༌། སྟོན་པ་བདེ་བར་གཤེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་པ་ཅི་འབྱོར་པ་བཤམས་ཏེ། མཆོད་ནས་སྨོན་ལམ་གསོལ་བ་རྡོ་ཅི་ཐོགས་པའི་ཉམས་ཀྱིས་དཔག་སྟེ་བགྱིས་པ་འདི་ཙམ་ཞིག །སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ། ད་ཡང་གདན་འཛོམ་པ་ཆེན་པོས་ཚོག་ཡོངས་སུ་རྫོགས་པར་བསྐངས་ཏེ། བྱིན་གྱིས་བརླབ་ཅིང་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་འབྲལ་དུ་མཛད་ཅིང་སྩལ་དུ་གསོལ། དེ་བཞིན་གཤེགས་པའི་བཀའ་ཡང་དག་


DTG074_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚད་མར་གྱུར་བ། འགྱུར་བ་མི་མངའ་བའི་བདེན་པ་མངོན་སུམ་དུ་བསྟན་དུ་གསོལ། འཕགས་པ་རྣམས་ལ་སོ་སོར་རེ་རེ་ནས་མཆོད་པ་ཕུལ་ཞིང་སྨོན་ལམ་བཏབ་པ་དང༌། གཟུངས་ཀྱི་སྙིང་པོ་བཟླས་པ་རྫོགས་པའི་འོག་ཏུ། སྤྱིར་མཆོད་པ་དབུལ་ཞིང་བསོད་ནམས་དམིགས་ཀྱིས་བསྔོ་བའི་སྨོན་ལམ་གདབ་པ། འཕགས་པ་གདན་འཛོམ་པའི་སྤྱིར་མཆོད་པ་ཅི་འབྱོར་པ་ཕུལ་བ་དང༌། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་འབྱུང་བ་བཞིན་དུ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང༌། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང༌། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བ་མངོན་པར་མཁྱེན་པ་དང༌། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དང༌། སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ་ཕྱག་བཙལ་བ་དང༌། མཆོད་ཅིང་འཕགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང༌། བཀའ་ལུང་དང་མཐུན་པར་སྨོན་ལམ་གསོལ་བ་དང༌། གཞན་ཡང་འཕགས་པ་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་ཕུལ་བ་དང་བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང༌། འཕགས་པ་དེ་དག་གི་མཐུ་དཔལ་དང་བྱིན་གྱི་རླབས་ཀྱིས། ལྷ་སྲས་ཀྱི་ཞལ་སྔ་ནས་ཀྱིས་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་དངོས་སྡིག་དང༌། སྒྲིབ་པ་ཅི་མངའ་བ་ཐམས་ཅད་བྱང་བར་གྱུར་ཅིག །སྐུ་ལ་བསྙུན་མི་མངའ་ཞིང་སྐུ་ཚེ་དཔག་ཏུ་མེད་པ་རིང་བ་དང༌། དབུ་རྨོག་པ་ཙན་པ་དང༌། ཆབ་སྲིད་འབྱམ་པར་རྒྱ་ཆེ་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་


DTG074_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་པའི་གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཆབ་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་བདེ་ཞིང་སྐྱིད་པ་དང༌། འཕྲལ་ཡུན་དུ་ལེགས་པའི་ཆོས་བཟང་པོ་ལ་གནས་པར་གྱུར་ཅིག །མངའ་རིས་ཀྱི་ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང༌། ཕྱུགས་ནད་དང༌། ལོ་ཉས་དང་དགྲའི་ཚོགས་ལ་སོགས་པའི་གནོད་པ་དང༌། བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བ་དང༌། ཆར་ཆུ་དུས་སུ་བབ་སྟེ། ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང༌། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དམ་པའི་ཆོས་ཡུན་རིང་དུ་གནས་ཤིང༌། སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག །སྒོའི་བསོད་ནམས་བགྱིད་པ་ལ་ནི་མཇུག་གི་བསྔོ་བས་སོ་སོ་ནས་ཇི་ལྟར་དད་པ་བཞིན་དུ་བྲིས་ཏེ་འདེབས་སུ་སྩལ་ལོ། །སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པའི་འོག་ཏུ། གྱེས་ཁར་བཟོད་པར་གསོལ་ཞིང་སླར་གཤེགས་པར་གནས་པར་བགྱི་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང༌། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང༌། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང༌། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻཱའི་འོད་ཀྱི་རྒྱལ་པོ་དང༌། སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ། ཕྱག་བཙལ་ཞིང་མཆོད་པ་དང༌། མདོ་དང་མཐུན་པར་སྨོན་ལམ་གསོལ་བ་དང༌། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པར་གྱུར་པས་མ་འཚལ་


DTG074_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བག་མ་མཆིས་པ་ལ་སོགས་པའི་དབང་གིས་ལུས་དང་ངག་དང༌། ཡིད་ཀྱི་སྤྱོད་པ་ཐམས་ཅད་ཉོན་མོངས་པ་རྣམས་དང་འདྲེས་པ་དང༌། མཆོད་པའི་དངོས་པོ་ཆུང་ཞིང་ངན་ལ་གཙང་སྦྲས་མ་ཕྱེད་པ་དང༌། མདོ་ལས་འབྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པར་གྱུར་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་མཛད་དེ་བཟོད་པར་བཞེས་ཤིང༌། འཕྲལ་ཡུན་གཉིས་སུ་བདག་ཅག་ལ་སྒྲིབ་པ་དང་གནོད་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། འཕགས་པ་རྣམས་ཀྱིས་ཀྱང་དེང་ངམ་དགུང་འདིའི་བར་དུ་བདག་ཅག་ལ་སོགས་པ་འགྲོ་བ་ཕོངས་ཤིང་ཉམ་ཐག་པའི་སེམས་ཅན་ཐམས་ཅད་ཀྱིས་ཕན་པ་དང་བདེ་བའི་དོན་མཛད་ཅིང་བཀའ་སྩལ་པ་ཡང༌། ད་དུང་ཡང་བདག་ཅག་ལ་ཐུགས་བརྩེ་བས་ཡང་དང་ཡང་དུ་གདན་འཛེམ་པར་མཛད་པར་དགོངས་ཤིང༌། སོ་སོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་རྣམས་སུ་འགྲོ་བའི་དོན་ལ་གཤེགས་སུ་གསོལ། མཇུག་འདིར་བསྔོ་བའི་ཚིགས་བཅད་ཀྱང་བཀླག་གོ །རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེ་བསྲིང་བ་དང༌། དབུ་རྨོག་བཙན་པ་དང༌། ཆབ་སྲིད་མཐོ་བ་དང༌། ལས་སྒྲིབ་སྦྱང་བ་དང༌། ཚོགས་གཉིས་སྤེལ་བའི་ཆེད་དུ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག །སློབ་དཔོན་བོ་དྷི་སཏྭས་མཛད།།


previousདེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག།next