Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། 
   
   
   
   
   
   


 
previousདེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།next

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།


DTG074_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །ཆོ་ག་བྱེད་པར་འདོད་པས། ལུས་ལེགས་པར་བཀྲུས་ལ་གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང༌། ཁ་ཟས་གཙང་མ་བཟའ་བར་བྱ། སེམས་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པར་བྱ་སྟེ། དཀོན་མཆོག་གི་ཡོན་ཏན་དང་མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་ཤིང་དད་པ་དང་གུས་པ་བསྐྱེད། ཚད་མེད་པ་བཞི་བསྒོམ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་གཟུང༌། དུས་བཟང་པོ་ཚེས་བརྒྱད་ལྟ་བུ་ལ་བརྩམ། གནས་ཡིད་དུ་འོང་བ་གཙང་མར་བྱས་ལ། གདུགས་དང་རྒྱལ་


DTG074_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མང་པོས་ལེགས་པར་བརྒྱན་པའི་ནང་དུ་སྤོས་ཀྱི་མཎྜལ་ཆེན་པོ་བྱས་ལ། ཚོན་ཕྱེའམ་མེ་ཏོག་གིས་དགྲམ་པར་བྱའོ། །ལུགས་སྐུའམ་རས་རིས་སམ་འཇིམ་པ་ལས་བྱས་པ་ཡང་རུང་སྟེ། རིང་བསྲེལ་དང་བཅས་པ་བྱ། འཁོར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གདན་ཡང་བཤམ། མཆོད་བ་ཅི་འབྱོར་པ་ཡང་བཤམ་སྟེ། སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་དང༌། ཚོན་སྣ་ལྔ་པའི་བ་དན་བདུན་བདུན་གཞག །གཞན་ཡང་སྤོས་དང༌། མེ་ཏོག་དང༌། དྲི་དང༌། ལྷ་བཤོས་དང༌། རོལ་མོའི་བྱེ་བྲག་དང༌། རིན་པོ་ཆེ་སྣ་བདུན་དང༌། བཀྲ་ཤིས་ཀྱི་རྫས་བརྒྱད་དང༌། བུམ་པ་ལ་སོགས་སྟ་གོན་བྱའོ། །མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་གཞན་ཡང་ཅི་ནུས་ཀྱིས་བཀླག །གཟུངས་ཀྱི་ཆོ་ག་འདི་ཞག་བདུན་ནམ། ཉི་ཤུ་རྩ་གཅིག་གམ་བཞི་བཅུ་རྩ་དགུ་སྙེད་དུ་བཀླག་པར་བྱའོ། །དེ་ལྟར་མཆོད་པ་བཤམས་པ་དང༌། དགེ་འདུན་ཚོགས་ནས་སྟན་བདེ་བ་ལ་འདུག་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་སུ་བསྒོམ། དེ་ནས་ལངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚད་མེད་པ་བཞི་སྒོམ་ཞིང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ། དེ་ལྟར་རང་གི་ནུས་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པས་དེ་ལྟར་བྱིན་གྱིས་བརླབས་པར་ཡང་བསམ། དེ་ནས་གནས་བྱིན་གྱིས་བརླབ་པ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེ་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ་ལས་འབྱུང་བའི་ཆོ་ག་བཞིན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང༌། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང༌། མཆོད་པའི་ཚོགས་སྦྱར་བ་འདི་རྣམས་ཇི་ལྟར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་


DTG074_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐ་གྲུ་ཆེ་བ། ཡངས་པ་རེག་ན་འཇམ་ཞིང་བདེ་བ་དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྤྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ། གསེར་དང་དངུལ་དང་མུ་ཏིག་གི་ཕྱེ་མ་གྲམ་དུར་བདལ་བ། ཨུཏྤ་ལ་དང༌། ཀུ་མུ་ཏ་དང་པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང༌། ཆུ་བྱ་སྣ་ཚོགས་སྐད་སྙན་པ་སྒྲོགས་པ། དགའ་ཞིང་འཕྱོ་བ་ལྡིང་བས་བརྒྱན་པ། ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང༌། རྫིང་དང༌། ལྟེང་ཀ་དག་གིས་མཛེས་པར་བྱས་པ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང། མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དབྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ། གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ། མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པ་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་


DTG074_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་བའི་དབུས་སུ། པདྨའི་གདན་རིན་པོ་ཆེའི་སེང་གེའི་ཁྲིའི་སྟན་ལ། དེ་བཞིན་གཤེགས་པ་མཚན་ལེགས་བར་ཡངས་བསྒྲགས་དཔལ་གྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང༌། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང༌། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང༌། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང་འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུག་གནས། འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང༌། མངའ་ཐང་དང་འཚམ་པར་གྲུབ་པ། མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་དུ་ཡང་ཆ་རིགས་དང་འཚམ་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང་རྒྱན་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་བཟླས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། མཆོད་པའི་ཚོགས་བྱིན་གྱིས་བརླབས་པའི་འོག་ཏུ་འཕགས་པ་སྤྱན་དྲངས་ཏེ།


DTG074_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མ་བཙུགས་ཏེ་མེ་ཏོག་བླངས། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང༌། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང༌། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང༌། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང༌། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དང༌། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ། མཐུ་དང་བྱིན་གྱི་རླབས་དཔག་ཏུ་མ་མཆིས་པ་མངའ་བ་ལ་བརྟེན་ཏེ་ཆེ་གེ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང༌། གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང༌། དེ་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་དུ་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་


DTG074_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང༌། སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་རྣམས་མངའ་རིས་ཀྱི་གདུལ་བྱ་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ། བཀའ་དྲིན་ཐོབ་པའི་འཕྲོ་མཆིས་པ་ཙམ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། རྒྱལ་བའི་སྲས་པོ་སྐྱབས་གྲོལ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་བཀའ་སྩལ་པའི་ཆེ་གདན་འཛོམ་པར་འདུས་ཏེ། མདོའི་དོན་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཀྱང༌། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་ཡང། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང༌། སྔོན་གྱི་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་མདོངས་གསོལ་དུ་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང༌། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ། ལྷའི་དབང་པོ་བརྒྱ་བྱིན་དང༌། ཚངས་པ་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། རྣམ་ཐོས་ཀྱི་སྲས་ལ་སོགས་པ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱང༌། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཚོགས་


DTG074_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང༌། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འཆང་བ་དང༌། མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དྥུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང༌། སྐབས་འདིར་སྤྱན་དྲང་བའི་ཚིགས་བཅད་བཀླག ། སྤྱན་དྲངས་པའི་རྗེས་ལ། སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པོ་ཏི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་འབྱུང་བའམ། ཡང་ན་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པའི་གདན་བཤམ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། སྐྱབས་གྲོལ་དང༌། ཕྱག་ན་རྡོ་རྗེ་གསུམ་གདན་འཛོམ་པ་ལ་སྔོན་གྱི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་མཛད་ཅིང་བཞུགས་


DTG074_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ། གསུམ་པ་ལ་གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་མོ་བཅུ་གཉིས་ཀྱི་གདན་བཤམ། གཡས་གྲལ་དུ་ཚངས་པ་དང༌། བརྒྱ་བྱིན་གྱི་གདན་བཤམ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་གིས་དམ་བཅས་པ་བཞིན་སྒྲུབ་ཅིང་བཞུགས་བར་བསམ། མཆོད་པ་དང་དཀྱིལ་འཁོར་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་མོས་པར་བྱའོ། །དེ་ལྟར་བསམས་པའི་རྗེས་ལ་སྤྱིར་ཕྱག་འཚལ་ཞིང་མཆོད་དེ། མཆོད་ཡོན་ལ་སོགས་པ་ཅི་འབྱོར་བས་སོ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའི་འཁོར་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་དང་བཅས་པ་


DTG074_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་སྣང་བྱེད་དང༌། ཟླ་བ་ལྟར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སྐྱབས་གྲོལ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཚངས་པ་དང༌། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང༌། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ་མཆོད་དོ། །མིང་འདི་ཞེས་བགྱི་བ་དང༌། བདག་ཅག་གི་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་ནི་མ་བགྱིས་པ་ལ་སོགས་པའི་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང༌། སོ་སོའི་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་རྒྱལ་བ་ཐམས་


DTG074_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་བཟླ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ། །བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་ལ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་སླད་དུ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་ཐབས་མཁས་པ་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་བྱིན་གྱིས་བརླབས་པ་དང༌། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཅིང་བྱིན་གྱིས་བརླབས་པ་དང༌། འཕགས་པ་འཇམ་དཔལ་དང༌། སྐྱབས་གྲོལ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་དག་གི་བཀའ་ལུང་ཡང་དག་པར་བསྒྲུབས་པ་དང༌། སོ་སོའི་དགོངས་སྤྱོད་རྒྱ་ཆེན་པོ་རྫོགས་པར་བསྐང་བའི་སླད་དུ་མདོ་སྡེའི་དོན་བསྒྲུབ་པའི་ཕྲིན་ལས་མཛད་པར་འཕགས་པའི་བཀའ་བཏགས་པས་ཞལ་གྱིས་བཞེས་ཤིང༌། ཇི་ལྟར་བྱིན་གྱིས་བརླབས་པ་དང༌། ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ། དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཆེན་པོ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་མདོ་སྡེ་དང་མདོ་སྡེ་འཛིན་པའི་སེམས་ཅན་བསྲུང་བ་དང་བསྐྱབ་པར་ཇི་ལྟར་ཞལ་གྱིས་བཞེས་པ་ལ་སོགས་པ། སྔོན་འཕགས་པ་རྣམས་ཀྱིས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པའི་མདོ་སྡེ་ལས་འབྱུང་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ། དེ་རྣམས་གདན་


DTG074_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་པ་མཛད་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས། འབྱོར་པའི་སྟོབས་ཅི་མཆིས་པས་མཆོད་པའི་ཚོགས་སྦྱར་ནས་གདན་འཛོམ་པའི་སྤྱན་སྔར་མཚན་ནས་བརྗོད་དེ། མཆོད་པ་འབུལ། བཀའ་དྲིན་ནོད་ཅིང་མཆིས་ན། གདན་འཛོམ་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་མཛད་ཅིང་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད་ཆེ་གེ་མོ་ལ་སོགས་པ་བདག་ཅག་གིས་འཕྲལ་དུ་ཐོབ་པར་སྩལ་བར་ཅི་གནང༌། དེའི་འོག་ཏུ་འཕགས་པ་རྣམས་ལ་རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་གདབ་པར་བགྱིའོ། །དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ནས་བརྗོད་དེ་མཆོད་ནས་སྨོན་ལམ་དུ་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས་ལ། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། རིམས་དང༌། གཤེད་བྱེད་དང༌། བྱད་དང༌། རོ་ལངས་དང༌། འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་གནོད་པ་དང༌། ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང༌། ནད་ཐམས་ཅད་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང༌། འོན་པ་དང༌། སྨྱོན་པ་དང༌། ཤ་བཀྲ་དང༌། ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་


DTG074_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པ་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས། སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ། སུ་ཡང་སེམས་ཅན་དམྱལ་བ་དང༌། ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང༌། མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ། ཟས་དང༌། སྐོམ་དང༌། གོས་དང༌། ནོར་དང༌། འབྲུ་དང༌། མལ་ཆ་དང༌། སྤོས་དང༌། ཕྲེང་བ་དང༌། ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང༌། གོས་དང༌། ནོར་དང༌། འབྲུ་དང༌། མལ་ཆ་དང༌། སྤོས་དང༌། ཕྲེང་བ་དང༌། ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང༌། བརྡེག་པ་དང༌། གོ་རར་གཞུག་པ་དང༌། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང༌། བརྡེག་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། སྦྲུལ་གདུག་པའི་ནང་དུ་ཆུད་དེ། སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། སྦྲུལ་གདུག་བ་དེ་


DTG074_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང༌། ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང༌། རྩོད་པ་དང༌། འགྱེད་པར་གྱུར་ཏེ། འཁྲུགས་ཤིང་འཇིགས་སྐྲག་ནས་སྔངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་ནས་སྲོག་འདོར་བ་ཆུ་ཀླུང་དང༌། རྒྱ་མཚོའི་ནང་དུ་སོན་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་ཕྱིན་པར་གྱུར་ཅིག །འཇིགས་པ་མེད་པར་རྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨ་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། བཅོམ་


DTG074_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨ་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་ཀྱི་ལས་ཀྱི་མཐའ་དང༌། ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང༌། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ། འཁོར་བ་ན་འཁྱམས་ཤིང་སོ་སོར་འཁོར་བའི་སྡུག་བསྔལ་རྣམས་མྱོང་བ་དང༌། རྒ་བ་དང༌། ན་བ་དང༌། རྒུད་པ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བཟའ་བ་དང༌། བགོ་བ་དང༌། བཏུང་བ་དང༌། ལོངས་སྤྱོད་དང༌། ནོར་དང༌། འབྲུ་དང༌། དབྱིག་དང་གསེར་རྣམས་འབྱུང་ཞིང༌། འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག ། དགེ་བའི་ཆོས་རྣམས་ནི་རྣམ་པར་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པའི་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོང་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པས་ལུས་ཡོངས་སུ་གདུང་ཞིང༌། སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་ཐམ་པར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཅིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང༌། སེམས་ཅན་གང་དག་བཙའ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ད་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང༌། དགྲ་དང་དགོན་པའི་གནོད་པས་གཙེས་པ་


DTG074_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕན་ཚུན་ཕ་མ་དང༌། སྲིང་མོ་དང༌། མཛའ་བཤེས་དང༌། ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང༌། མྱ་ངན་གྱི་ཟུག་རྔུ་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང༌། དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང༌། སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་ནག་ན་རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པ་དང༌། སྨྲེ་སྔགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐལ་བར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང༌། ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང༌། དྲན་པ་དང༌། སྟོབས་དང༌། གཟུངས་ཀྱི་སྒོ་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ། འཛམ་བུའི་གླིང་ཀུན་དུ་འབར་ཞིང་རབ་ཏུ་


DTG074_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བས་འཁྲུགས་པར་གྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་མི་དགེ་བའི་ལས་ཀྱི་སྡུག་བསྔལ་འབྱུང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་ལས་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང༌། ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་སྣ་ཚོགས་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང༌། པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་བར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཀུན་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ་མི་དགེ་བའི་ལས་ཀྱི་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང༌། ཆུ་དང༌། དུག་དང༌། མཚོན་དང༌། མེ་དང༌། ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་སྟེ། ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག་


DTG074_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མ་ཡིན་པར་འཆི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་རྐུས་ཕྲོགས་པས་དབུལ་པོར་སྐྱེས་ཏེ། སྒྲེན་མོ་དང༌། བཀྲེས་པ་དང༌། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང༌། སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང༌། འཐབ་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གིས་བསྒྲིབས་ཏེ། ཚུལ་ཁྲིམས་འཆལ་བར་གྱུར་ནས་སྡིག་པ་ཀུན་དུ་སྤྱོད་ཅིང་བསླབ་པ་དྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྷུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང༌། ལུས་དང༌། ངག་དང༌། ཡིད་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཏདྱ་ཐཱ། སིདྡྷི་སིདྡྷི། སུ་སིདྡྷི། མོ་ཙ་ནི་མོ་ཀྵ་ཎི། མུཀྟེ་།བི་མུཀྟེ། །ཨ་མ་ལེ། བི་མ་ལེ། མཾ་ག་ལྱེ། ཧི་ར་ཎྱ། གརྦྦེ། རཏྣ་གརྦྦེ། སརྦཱ་རྠ། སཱ་དྷ་ནི། པ་ར་མཱརྠ། སཱདྷ་ནི། མཱ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུཏྟེ། ཨ་ཏྱད་བྷུཏྟེ། བྷཱི་ཏ་བྷ་ཡེ། སུ་བརྞེ། བྲཧྨ་གྷོ་ཥེ། བྲཧྨ་དྱཱ་ཥི་ཏེ། སརྦ་ཏྲ་ཨརྠེ་ཥུ། སརྦ་ཨཱ་བ་ར་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་ཙ་ཏུཿཥཥྚི་བྷཱུ་ཏ་ཀོ་ཊི། བྷཱ་ཥི་ཏེ། ན་མཿཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། སེམས་ཅན་འདོད་ཆགས་དང༌།


DTG074_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་དང༌། གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། འཆི་བ་དང༌། དགྲ་དང་དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་ལ་གཟིགས་ནས། དེ་དག་གི་དན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱི་རླབས་ཀྱིས། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཅིང༌། ཐུགས་མཉེས་པར་བྱེད་ཅིང༌། སྐད་ཅིག་སྐད་ཅིག་ལ་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་གུས་པས་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང༌། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང༌། སྡུག་བསྔལ་བ་


DTG074_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡིད་མི་བདེ་བ་དང༌། འཁྲུག་པ་མང་བ་དང༌། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་མྱ་ངན་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་མང་བ་དེ་དག་རབ་ཏུ་ཞི་བར་གྱུར་ཅིག །སུ་ཡང་སྡུག་བ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ། སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིང་མཐོང་བ་གྱུར་ཏེ། དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ། གཞན་གྱི་རྫས་ཕྲོགས་ནས་དབུལ་པོར་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང༌། བཟའ་བ་དང༌། བཏུང་བ་དང༌། མལ་ཆ་དང༌། རྒྱན་མི་བདོག་པ་གྲང་བ་དང༌། ཚ་བའི་སྡུག་བསྔལ་མྱོང་བ་དང༌། བཀྲེས་པ་དང༌། སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང༌། བཟའ་བ་དང༌། བཏུང་བ་དང༌། མལ་ཆ་ཐམས་ཅད་ལ་ཡང་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ། ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང༌། སྲིན་པོ་དང༌། ཤ་ཟ་རྣམས་ཀྱིས་མདངས་ཕྲོགས་པ་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་


DTG074_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག །སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང༌། ཆོས་ཀྱི་སྒྲ་མི་གྲག་པ་དང༌། དགེ་འདུན་གྱི་སྒྲ་མི་གྲག་པ། ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ། མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་དགེ་བའི་ཆོས་རྣམས་ལ་ཉམས་པར་གྱུར་པ་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཅིང་ཆོས་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ།


DTG074_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གོས་དང༌། རྒྱན་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་གོས་དང༌། རྒྱན་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང༌། ལོངས་སྤྱོད་རྣམས་བསམས་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་འཐབ་པ་དང༌། རྩོད་པ་དང་འགྱེད་པར་གྱུར་ཅིང་གཅིག་ལ་གཅིག་གནོད་པར་བྱ་བ་དང༌། གསད་པར་བྱ་བའི་ཕྱིར་བཏུང་བ་དང༌། མཚོན་དང༌། མདའ་དང༌། དབྱིག་པ་དག་གིས་བསྣུན་ཏེ། སྡུག་བསྔལ་བར་གྱུར་པ་དེ་དག་ལ་མངའ་དང༌། མཚོན་དང༌། དབྱིག་པ་ལ་སོགས་པ་ལས་སླར་ལོག་པར་གྱུར་ཅིག །ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང༌། ལོངས་སྤྱོད་དང༌། དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་


DTG074_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང༌། ས་བོན་འདེབས་པ་དང༌། ཚོང་བྱེད་པ་དང༌། འཐབ་མོ་དང༌། རྩོད་པ་ལ་སོགས་པའི་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་ཀྱིས་བདག་གི་མིང་ཐོས་ནས་བདག་གི་མཐུས་བསམས་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་པར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་ཆོས་སྤྱོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་དག་དམྱལ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ། ཆད་པས་བཅད་པ་དང༌། བརྡེག་པ་དང༌། གོ་རར་གཞུག་པ་དང༌། བསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་བརྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་འགྱུར་བའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ། འཆི་བར་འགྱུར་བ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ། ཚེ་ཐུང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས། ནམ་ཡང་འགའ་ཡང་འཆི་བར་མི་གྱུར་ཅིག །འཆི་ཀར་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་


DTG074_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྣ་ལམ་དུ་གྲག་ཅིང་རྗེས་སུ་དྲན་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་འགྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ། ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་ལེགས་པར་བརྒྱན་པར་གྱུར་ཏེ། བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལང་པ་ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང༌། དྲི་མ་མེད་ལ་འོད་གསལ་བ་དང༌། ཁོ་ལག་ཡངས་ཤིང་གསལ་བ་དང༌། དཔལ་དང་གཟི་བརྗིད་འབར་བ་དང༌།


DTG074_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་གནས་པ་དང༌། ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ། སེམས་ཅན་གང་དག་འཇིག་རྟེན་གྱི་བར་དུ་སྐྱེས་པ་དག་དང༌། གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན། ཕྱོགས་ཐ་དད་པར་འགྲོ་བ་དེ་དག་གི་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས། བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག །ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་བསྡམས་པ་དང༌། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང༌། དབང་པོ་མ་ཚང་བ་དང༌། མདོག་མི་སྡུག་པ་དང༌། བེམས་པོ་དང༌། ཡན་ལག་སྐྱོན་ཅན་དང༌། སྒུར་པོ་དང༌། ཤ་བཀྲ་ཅན་དང༌། ཞར་བ་དང༌། ལོང་བ་དང༌། འོན་པ་དང༌། སྨྱོན་པ་དང༌། ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས། ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིང་བ། སྐྱབས་མེད་པ། མགོན་མེད་པ། འཚོག་ཆས་དང༌། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ་སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང༌། ཡོ་བྱད་ཕུན་སུམ་ཚོགས་པར་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ་བུད་


DTG074_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དངོས་པོ་ལ་མི་དགའ་བ་བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་ཟང་ཟིང་པས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང༌། གང་དག་བཅིང་བ་དང༌། བརྡེག་པ་དང༌། གོ་རར་གཞུག་པ་དང༌། བསད་པར་འོས་པ་རྒྱུ་དུ་མས་ཀུན་དུ་གཙེས་པ། ང་རྒྱལ་དང་བྲལ་བ། ལུས་དང༌། ངག་དང༌། སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང༌། སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་ཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་གི་ཁ་དོག་དང༌། དྲི་དང༌། རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ་སྡུག་བསྔལ་བ་གྲང་བ་དང༌། ཚ་བ་དང༌། སྦྲང་བུ་དང༌། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་གིས་གོས་ཡོངས་སུ་སྤྱད་པར་འོས་པ་ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དང༌། རིན་པོ་ཆེའི་རྒྱན་དང༌། སྤུད་པ་དང༌། ཕྲེང་བ་དང༌། བྱུག་པ་དང༌། རོལ་མོའི་སྒྲ་དང༌། སིལ་སྙན་དང༌། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་གདུང་བས་མི་བརྗི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་


DTG074_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པ་ཐམས་ཅད་རྗེས་སུ་གཟུང་ཞིང༌། ལྷ་དང་མིའི་དོན་དང༌། སྨན་པ་དང་བདེ་བའི་སླད་དུ། དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བྱིན་གྱིས་བརླབས་ཤིང༌། དཔལ་གྱི་མགུར་ནས་འདི་སྐད་དུ་འཇམ་དཔལ་དེ་ལྟ་བས་ན། ཡོན་ཏན་ཐམས་ཅད་དོན་དུ་གཉེར་བ་རྣམས་ཀྱི་ཉོན་མོངས་པ་དང་མ་འདྲེས་པར་དེ་བཞིན་གཤེགས་བ་བདུན་གྱི་མཚན་གཟུང་བར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡིད་ལ་བྱ། གུས་པས་དད་པར་བྱ། སྐུ་གཟུགས་ཀྱང་བྱ། མེ་ཏོག་དང༌། བདུག་པ་དང༌། མར་མེད་དང༌། བྱུག་པ་དང༌། ཞལ་ཟས་དང༌། རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་བྱ། ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཉིན་བདུན་གཙང་མར་བྱས་ཏེ། ས་ཕྱོགས་གཙང་མར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་པར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེའི་སེམས་སུ་བྱ་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང༌། ཏདྱ་ཐཱ། གྷུ་མེ་གྷུ་མེ།


DTG074_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་མི་ནེ། མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ། ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པཾ་ཤོ་དྷ་ནི། སརྦྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ་བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦྦ་ཨ་ཀཱ་ལ་མྲྀ་ཏྡྱུ་། ནཱི་བཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷིཥྛི་ཏེ་ན། རཀྵནྟུ་མེ། སརྦ་དེ་བཱཿ། ས་མེ་ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ། བོ་དྷི་ས་ཏྭཱ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨཱི་ཏྱུ་ད་པ་དྲ་བ་བྱཱ་དྷཱ་ཡཿཔཱུ་ར་ཎི་པཱུ་ར་ཎི་པཱུ་ར་ཡ་མེ། སརྦྦ་ཨཱ་ཤ་ཡཱ་བཻ་ཌཱུཪྻ་པྲ་ཏི་བྷཱ་སེ། སརྦྦ་པཱ་པཾ་ཀྵ་ཡཾ་ཀཱ་རི་སྭཱ་ཧཱ། བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་གཟུངས་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འདི་འཆང་ངམ། ཀློག་གམ། མཆོད་དམ། ལན་སྟོང་རྩ་བརྒྱད་དུ་བཏོན་ན། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། རྡོ་རྗེ་འཛིན་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང༌། ཚངས་པ་དང༌། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དག་གིས་ཡོངས་སུ་སྐྱོང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནས་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་འགྲོ་བར་མི་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དེ་དག་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་དོན་དུ་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་དེ་བཞིན་གཤེགས་པ་བདུན་དང༌། སྟོན་པ་བདེ་བར་གཤེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་ཅིང་སྨོན་ལམ་གསོལ་བ་དང། གཟུངས་སྔགས་བཟླས་པས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ་བྱིན་གྱིས་བརླབ་ཅིང་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་སྩལ་བར་ཅི་གནང༌། དེ་བཞིན་གཤེགས་པའི་བཀའ་


DTG074_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཚད་མར་གྱུར་པ། འགྱུར་བ་མི་མངའ་བ་དེ་བདག་ཅག་ལ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནང༌། མ་རིག་མུན་སེལ་སྒྲོན་མ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆིའོ། །ཞེས་ལན་བདུན་བཟླས། བར་འདིར་ཆོས་ལ་བསྟོད་པ་དང༌། མཆོད་པ་བྱ། དམ་པའི་ཆོས་དཀོན་མཆོག་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། བདག་ཅག་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་འཛིན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ། ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། སྐུ་ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པ། ཞབས་རྟེན་གྱི་པདྨ་ལ་ལྷ་དང་མི་དང་ལྷ་མ་ཡིན་དང༌། ཀླུ་དང་རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང༌། ཅོད་པན་གྱིས་གཏུགས་པ། ངན་སོང་གི་འགྲོ་བ་སྣ་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ལྟ་བ་ངན་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ལམ་དང་ས་དམན་པར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། གང་ཐོས་པ་ཙམ་གྱིས་ཅི་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང༌། སྡིག་པ་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་དག་པར་འགྱུར་བ་དང༌། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བ་དང༌། གནོད་པ་དང་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང༌། འདོད་དགུའི་རེ་བ་ཐམས་ཅད་དང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་བདུན་གྱི་མཚན་དང༌། སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ་སྡེ་སྟོན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་ཅིང༌། གདན་འཛོམ་པའི་དབུས་སུ་འདི་སྐད་ཅེས་བཅོམ་ལྡན་འདས་སླད་མའི་ཚེ་


DTG074_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སླད་མའི་དུས་ན། གང་དག་མདོ་སྡེ་འདི་འཆང་བ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌། ཡི་གེར་འདྲི་བ་དང༌། འདྲིར་སྩོལ་བ་དང༌། གླེགས་བམ་ལ་བྲིས་ཏེ། མེ་ཏོག་དང༌། བདུག་པ་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདུགས་དང༌། རྒྱལ་མཚན་རྣམས་ཀྱིས་བཀུར་སྟིར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་བདག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲགས་པར་བྱའོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲུབ་པར་བགྱིའོ། །ཚོན་སྣ་ལྔ་པའི་རས་ཀྱིས་དཀྲིས་ཏེ། ཕྱོགས་གཙང་མར་བཞག་ན་གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང༌། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆི་བར་འགྱུར་རོ། །མདོ་སྡེ་འཛིན་པ་དེ་དག་དུས་མ་ལགས་པར་འཆི་བར་མི་འགྱུར་རོ། །སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ་ཕྲོགས་ན་ཡང་སླར་འཕྲོག་པར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང༌། འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ། མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང༌། མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེའི་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་པར་ཅི་གནང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། བཅོམ་ལྡན་འདས་འཕགས་པ་སྐྱབས་གྲོལ། དུས་ངན་པའི་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། སྟོན་པ་བཅོམ་ལྡན་འདས་གདན་འཛོམ་པའི་སྤྱན་སྔར། འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་བྲོ་ནས་ནད་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། ཡུན་རིང་པོར་བྲོ་ནད་ཀྱིས་ལུས་


DTG074_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤ་བས་ཤིང་བཀྲེས་པ་དང་སྐོམ་པས་གྲེ་བ་དང་མཆུ་ནི་བསྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བ་ཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང༌། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་འཁྲིད་ཅིང༌། མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང༌། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིས་ན་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང༌། རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱང་འཚལ་བའི་གནས་མ་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང༌། དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་གི་མངོན་སུམ་དུ་གྱུར་ཏེ། སྲོག་གི་ལན་དུ་ཡང་སྡིག་པའི་ལས་མི་བགྱིད་དོ། །མཆོད་པའི་སྦྱོར་བ་ནི་བཙུན་པ་ཀུན་དགའ་བོ་གང་དག་ནད་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ་ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྔོམ་པ་བླང་བར་བྱ། དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོ་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻཱི་འོད་དེའི་མཚན་ཡིད་ལ་བྱ། མདོ་སྡེ་འདི་ཡང་ལན་བཞི་བཅུ་རྩ་དགུར་གདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་གཞག །མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ། ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་


DTG074_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱི་གནོད་པ་དང༌། རང་ངམ་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ། རྒྱུ་སྐར་རམ། གཟའ་ཟླ་བའམ། གཟའ་ཉི་མའི་གནོད་པའམ། དུས་མ་ཡིན་པའི་རླུང་ངམ། ཆར་རམ་ཐན་པའི་གནོད་པའང་རུང༌། གནོད་པ་དང་འོག་བའམ་འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་གཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེ་ལ་དེ་ལྟ་དུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང༌། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང༌། ལོ་ལེགས་པ་དང༌། ཆར་ཆུ་དུས་སུ་ལྡན་ཞིང་ལོ་ཏོག་འགྲུབ་པར་འགྱུར་བ་དང༌། ནད་མེད་པ་དང༌། བདེ་བ་དང༌། མཆོག་ཏུ་དགའ་བ་མང་བར་འགྱུར་རོ། །ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ཡུལ་དེར་གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ་གཙེ་བར་མི་འགྱུར་རོ། །ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར་རོ། །རྒྱལ་པོ་དེའི་ཚེ་དང་མདོག་དང་སྟོབས་དང༌། དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་བཀའ་སྩལ་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ། མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ། བསྐུལ་བ་དང༌། མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་


DTG074_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དང། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། ཀུ་བཻ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ་ཞེས་ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་བ་དབུལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང༌། ཚངས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། ཀུ་བཻ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཆེན་པོ་རྣམས་ཀྱིས་ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར། ལྷའི་ཚིག་བདེན་པར་མདོངས་གསོལ་དུ་གསུང་གཅིག་ཁོ་ནར་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་ཡང་ཐོས། དེ་བཞིན་གཤེགས་པ་རྣམས་ཀྱང་མངོན་སུམ་དུ་བགྱིས་ཏེ་མཆོད་པ་བགྱིས་སོ། །ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང༌། གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོག་དང་བཅས་ཏེ་མཆི་བར་བགྱིའོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང༌། ཀློག་པ་དང༌། མཆོད་པར་བགྱིད་པ་དང༌། ཡི་གེར་འདྲིར་སྩལ་བ་དེར་བདག་ཅག་མཐུན་པར་ལྷན་ཅིག་མཆིས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། རྒྱལ་པོའམ་རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང༌། འདྲི་བ་དེ་ལ་དེ་བཞིན་གཤེགས་པས་བྱིན་གྱི་རླབས་ཀྱིས་བསྲུང་བར་བགྱིའོ། །གྲོང་དང༌། གྲོང་ཁྱེར་དང༌། ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ། །འཆི་བ་དང༌། དགྲ་དང༌། དགོན་པ་དང༌། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །བདག་ཅག་ནི་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་བྱས་པ་གཟོ་བ་ལགས་ཏེ། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱིའོ།། འཐབ་པ་དང༌། འཐབ་མོ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཇི་ལྟར་བསམས་པ་ཡིད་བཞིན་དུ་འགྲུབ་པ་དང༌། སེམས་དང་ལུས་བདེ་ཞིང་ལོངས་སྤྱོད་དང༌། དབང་ཕྱུག་དང༌། ནོར་དང་འབྲུ་རྣམས་འཕེལ་བར་བགྱིའོ། །ཐམས་ཅད་དུ་བསྲུང་བར་


DTG074_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །བཅོམ་ལྡན་འདས་བདག་རང་གི་བྲོ་བོར་བ་དང༌། དམ་བཅས་པ་འདི་དག་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་གྷུ་མ་གྷུ། ཏ་ར་གྷུ། མ་མ་གྷུ་གྷུ་རེ། ཧཱ་ཧཱུ་ཏེ། མྲ་མྲ་མྲ་མྲ། ཛུ་ཛུ་ཛུ་རེ་སྭཱ་ཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང༌། གཟུངས་ཀྱི་ཚིག་འདི་དག་འཆང་བ་དང༌། ཀློག་པ་དང༌། ཡི་གེར་འདྲི་བ་དང༌། ཡི་གེར་འདྲིར་སྩོལ་བ་དང༌། རབ་ཏུ་གུས་པར་མཆོད་པ་བགྱིད་པ་དེ་དག་ངན་སོང་གསུམ་དུ་མཆི་བར་རིག་པར་བགྱིའོ། །དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་སླར་མི་ལྡོག་པར་འགྱུར་རོ། །ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་ཐོབ་པར་འགྱུར་རོ་ཞེས་གསུངས་ཤིང་ཞལ་གྱིས་བཞེས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གང་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གིས་གཟུངས་ཀྱི་གསང་སྔགས་སྩལ་བར་བགྱི། དགོངས་སུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲ་བཛྲེ་མ་ཧཱ་བཛྲེ་བཛྲ་པཱ་ཤ་དྷ་ར་ཎི། ས་མ་ས་མ། ས་མནྟ་ཨ་པྲ་ཏི་ཧ་ཏེ། ཧ་ཧ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ་མེ་སརྦྦ་བྱཱ་དྷཱ་ཡཿཀུ་རུ་ཀུ་རུ། སརྦྦ་ཀ་ཎི་ས་མ་ཡ་མ་ནུ་སྨ་ར་བྷ་ག་ཝཱན། བཛྲ་པཱ་ཎི། སརྦྦ་ཨཱ་ཤཱཾ་མེ་པ་རི་པཱུ་ར་ཡ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང༌། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང༌། ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང༌། ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱིའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བགྱིའོ། །གལ་ཏེ་དེས་བདག་མཐོང་བར་འཚལ་ན། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིར་སྩལ་བར་བགྱིའོ། །དེ་བཞིན་གཤེགས་པ་འདི་དག་གི་སྐུ་གཟུངས་བདུན་ཡང་བགྱི། རྡོ་རྗེ་འཛིན་ཡང་སྐུ་གདུང་དང་བཅས་པ་བགྱི། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་སྐད་གོང་དུ་སྨོས་པ་བཞིན་དུ། སྤོས་དང༌། བདུག་པ་དང༌། མར་མེ་དང༌། ཕྲེང་བ་དང༌།


DTG074_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང༌། རོལ་མོའི་སྒྲ་དང༌། སིལ་སྙན་དང༌། ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱི། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ། ལན་གསུམ་ཁྲུས་བགྱི་ཞིང༌། ཚེས་བརྒྱད་ནས་བརྩམས་ཏེ། ཟླ་བ་ཕྱི་མའི་བཅོ་ལྔའི་ཉའི་བར་དུ་ཉིན་གཅིག་བཞིན་དུ་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན། དེ་ལ་བདག་གིས་རྨི་ལམ་མཐོང་བ་སྩལ་བར་བགྱི། འབེལ་བའི་བཀའ་མཆིད་ཀྱང་བགྱི། རེ་བ་ཐམས་ཅད་ཀྱང་ཡོངས་སུ་བསྐང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་འཕགས་པའི་བཀའ་མི་འགྱུར་བ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ། མཆོད་པ་བཞེས་ཏེ་གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང༌། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པའི་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང༌། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང༌། བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་དང༌། ཡུལ་ཕྱོགས་སུ་མི་ནད་དང༌། ཕྱུགས་ནད་གཏོང་བ་དང༌། ཐན་པ་དང༌། སད་དང་སེར་བ་ལ་སོགས་པས་ལོ་ཏོག་མ་རུངས་པར་བགྱིད་པ་དང༌། གནོད་པ་དང༌། མཚན་མ་ངན་པ་དང༌། བཀྲ་མི་ཤིས་པ་མང་པོ་སྟོན་ཅིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་ཡུལ་ཕྱོགས་འདི་ན་རྒྱུ་ཞིང་གནས་པ་ཅི་མཆིས་པ་ཐམས་ཅད་དང༌། ཆེ་གེ་མོ་ལ་སྔོན་གྱི་ལས་ཀྱིས་འདས་པ་དང༌། འཕྲལ་གྱི་རྐྱེན་ལས་བྱུང་བའམ། ཡུལ་ཕྱོགས་དང༌། ཕ་ཚན་དང༌། རིགས་རྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། ཆེ་གེ་མོའི་ལུས་དང༌། སྲོག་དང༌། ཆུས་སྲིད་དང༌། དབང་ཕྱུག་དང༌། འཁོར་དང༌། ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་


DTG074_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འཚམ་པའི་ཐབས་ཀྱིས་འདུལ་ཞིང་ཁོ་ན་དང༌། གནོད་པའི་བསམ་པ་འདོར་དུ་སྩལ་ཏེ། ཞི་བ་དང༌། དགེ་བ་དང༌། བྱམས་པའི་བསམ་པ་ཅན་དུ་འགྱུར་ཞིང༌། སྔན་ཆད་བཀྲ་མི་ཤིས་པ་དང༌། གནོད་པའི་སྦྱོར་བ་ངན་བ་བགྱིས་པ་རྣམས་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱིས་བྲོ་དམ་པོས་བསྒག་ཅིང༌། གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་པར་ཅི་གནང༌། མཐུ་དཔལ་དང་ལྡན་པའི་དགེ་བསྙེན་བཅུ་གཉིས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྐབས་འདིར་མཆོད་པ་དབུལ། མཐུ་དཔལ་དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་གཡོག་གནོད་སྦྱིན་བདུན་འབུམ་དང་བཅས་པ་རྣམས་དགོངས་སུ་གསོལ། ཇི་ལྟར་སྔོན་གདན་འཛོམ་


DTG074_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་སྔར། ལྷའི་ངག་བདེན་པས་གསུང་གཅིག་ཏུ། འདི་སྐད་དུ་སངས་རྒྱས་ཀྱི་མཐུས་བདག་ཅག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང༌། སྨན་པ་དང༌། བདེ་བའི་སླད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང༌། གང་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེའི་མཚན་འཆང་བ་དང༌། མཆོད་པ་དང་རིམ་གྲོ་བྱེད་པའི་སེམས་ཅན་དེ་དག་ལ། བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གདོན་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ་ཐུགས་དམ་དུ་བཞེས་ཤིང༌། བཅོམ་ལྡན་འདས་ཀྱིས་ཀྱང་གང་གི་ཕྱིར། ཁྱེད་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེ་ལ་བྱས་པ་གཟོ་ཞིང་རྫས་སུ་དྲན་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ་ཞེས་རྗེས་སུ་གནང་བ་སྟོན་པ་དེ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དུལ་ཞིང་ཞི་བའི་འཁོར་དང་ལྡན་པར་བྱམས་པ་དང་ཐུགས་བརྩེ་བས་མཆོད་པ་བཞེས་ཤིང་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་སྟེ། ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང༌། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང༌། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང༌། བདུད་ཀྱི་ཕྱོགས་ཐམས་ཅད་དང༌། ཡུལ་ཕྱོགས་སུ་མི་ནད་དང༌། ཕྱུགས་ནད་གཏོར་བ་དང༌། ཐན་པ་དང༌། སད་དང་སེར་བ་ལ་སོགས་པས་ལོ་ཐོག་མ་


DTG074_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

རུངས་པར་བགྱིད་པ་དང༌། གནོད་པ་དང༌། མཚན་མ་ངན་པ་དང༌། བཀྲ་མི་ཤིས་པ་མང་པོ་སྟོན་ཅིང༌། སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཁམས་དང་ཡུལ་ཕྱོགས་འདིར་རྒྱུ་བ་མཆིས་སོ་འཚལ་དང༌། ཆེ་གེ་མོ་ལ་སྔོན་གྱི་ལས་ཀྱིས་འདས་པའམ། འཕྲལ་གྱི་རྐྱེན་ལས་གྱུར་པའམ། ཡུལ་ཕྱོགས་དང་ཕ་ཚན་དང༌། རིགས་རྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། ཆེ་གེ་མོའི་ལུས་དང་སྲོག་དང༌། ཆུས་སྲིད་དང༌། དབང་ཕྱུག་དང༌། འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་ཅི་མཆིས་པ་ཐམས་ཅད་གང་ལ་ཡང་གདུལ་པའི་ཐབས་ཀྱིས་འདུལ་ཞིང༌། ཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ། ཞི་བ་དང་དགེ་བ་དང༌། བྱམས་པའི་བསམ་པ་ཅན་དུ་བགྱི་ཞིང༌། སྔན་ཆད་བཀྲ་མི་ཤིས་པ་དང༌། གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་པར་ཅི་གནང༌། རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་གདབ་པ་རྫོགས་པའི་སྐབས་འདིར། གཟུངས་སྔགས་བཟླས་ལ་ཁྲུས་བྱ། འཕགས་པ་གདན་འཛོམ་པའི་སྤྱན་སྔར་མཆོད་པ་ཅི་འབྱོར་པ་འབུལ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བ་བཞིན་དུ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་དང༌། སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ། ཕྱག་འཚལ་བ་དང་མཆོད་ཅིང་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཏབ་པ་དང༌། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང༌། དེ་དག་གི་མཐུ་དཔལ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ཆེ་གེ་མོ་ལ་སོགས་པའི་ཞལ་སྔ་ནས། ཐོག་མ་མ་མཆིས་པའི་འཁོར་བ་ནས་


DTG074_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སྡིག་པ་དང་སྒྲིབ་པ་མངའ་བ་ཐམས་ཅད་བྱང་བར་གྱུར་ཅིག །སྐུ་ལ་བསྙུན་མི་མངའ་ཞིང་སྐུ་ཚེ་རིང་བ་དང༌། དབུ་རྨོག་བཙན་པ་དང༌། ཆབ་སྲིད་འབྱམ་དར་ཆེ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་ནས་གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཆབས་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང༌། ཕྱུགས་ནད་དང༌། ལོ་ཉེས་པ་དང༌། དགྲའི་གདོན་པ་དང༌། བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བ་དང༌། ཆར་ཆུ་དུས་སུ་བབ་སྟེ། ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང༌། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཞལ་མཐོང་སྟེ་གདམས་ངག་ཐོབ་ནས་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག །དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་འཁོར་དང་བཅས་པ་དང༌། སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང༌། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང༌། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང༌། གཙང་སྦྲས་མ་ཕྱེད་པ་དང༌། མདོ་ལས་འབྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་


DTG074_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པ་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང༌། དེ་ནས་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས། བདག་ཅག་དང་སེམས་ཅན་གྱི་དོན་མཛད་པ་ལགས་ཀྱིས། སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ། རྫོགས་སོ།། །།ས་གཞི་བྱིན་གྱིས་བརླབས་པ་དང༌། འདི་ལྟར་བརྗོད་དེ། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུཪྻའི། །རང་བཞིན་བཟང་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚད་མེད། །ཆོས་སྒྲོགས་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང༌། །རིན་ཆེན་བདུན་ལས་གྲུབ་པ་ཡི། །ཚད་མར་འོད་ཟེར་བགྱིད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་དག །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་ཕུལ་བའི་མཆོད་ཡོན་འདི། །བཞེས་ནས་བདག་ལ་མཉེས་པར་མཛོད། །ཁྱེད་ནི་རང་བཞིན་ཡོངས་དག་པར། །སྲིད་སོགས་ཉེས་པ་མི་མངའ་ཡང༌། །ཡོན་བདག་སྒྲིབ་པ་སྦྱང་སླད་དུ། །གཙང་མའི་ཆུ་ཡིས་སྐུ་ཁྲུས་གསོལ། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །དཔལ་ལྡན་དག་པའི་གནས་བཤམས་པར། །ཏིང་འཛིན་མི་གཡོ་མཉམ་གཞག་པས། །དགེ་བར་དགོངས་པས་གདན་ལ་བཞུགས། །གཙང་དང་ས་གདན་ཁྲི་ཡངས་པ་ལ། །ཐོགས་དང་དོག་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་འདིར་བཞུགས་ཤིང༌། །བདེ་བར་སྦྱར་བ་བཞེས་སུ་གསོལ། །ཞེས་དེ་ལྟར་


DTG074_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཆབ་དང་སྐུ་ཁྲུས་གསོལ། གདན་དབུལ། དེའི་འོག་ཏུ་སྟོན་པ་བདུན་པོ་འཁོར་དང་བཅས་པ་ལ་སྤྱིའི་ཕྱག་བྱས་ཏེ། འདི་ལྟར། འགྲོ་བ་ཉོན་མོངས་དུག་གིས་གཟིར་བ་ལ། །ཐུགས་རྗེ་དུག་སེལ་སྨན་མཆོག་བདུད་རྩི་ནི། །སྨོན་ལམ་ཆེན་པོས་གྲུབ་པར་གྱུར་པ་ཡི། །བདེ་གཤེགས་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ལས་དང་ཉོན་མོངས་དབང་གིས་སྡུག་བསྔལ་སྣ་ཚོགས་ཀྱིས། །གཟིར་བའི་འགྲོ་བ་གཟིགས་ནས་སྤྱོད་ཚེ་ཐུགས་རྗེ་ཡིས། །སྡུག་བསྔལ་ཞི་བྱེད་སྨོན་ལམ་སྣ་ཚོགས་སྒྲུབ་མཛད་པའི། །བདེ་གཤེགས་བདུན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །དེ་ནས་སྤྱིར་མཆོད་པ་རྣམ་པ་ལྔ་འབུལ། སྨོན་ལམ་གདབ། རྒྱུན་བཤགས་བྱའོ། །དེའི་འོག་ཏུ་རེ་རེ་ནས་མཆོད་པ་ནི། །མཚན་གྱི་མེ་ཏོག་རྒྱས་པས་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཞིང༌། །ཤེས་བྱ་ཀུན་ལ་ཆགས་པའི་ཐུགས་མངའ་ལ། །རྒྱ་མཚོ་ལྟ་བུར་ཟབ་པའི་སྐུ་མངའ་བ། །སྒྲ་དབྱངས་རྒྱལ་པོ་ཁྱད་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟངས་དྲི་མེད་དེ་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་པ། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་པོ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་དངས་པའི་སྐུ་མངའ་ཞིང༌། །འགྲོ་བའི་དུག་གསུམ་མ་ལུས་སེལ་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་དེ། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག །བཻ་ཌཱུཪྻ་ལྟར་དངས་པའི་སྐུ་མངལ་ཞིང༌། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་


DTG074_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །སྨན་གྱི་རྣམ་པ་འདི་དག་ནི། །ནད་རྣམས་མ་ལུས་བསལ་བྱའི་ཕྱིར། །བདེ་གཤེགས་སྨན་གྱི་བླ་མ་འབུལ། །ཡོན་བདག་དོན་དུ་བཞེས་སུ་གསོལ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །མ་རིག་མུན་སེལ་སྒྲོན་མའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་སྒྲོན་མ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་སྐུ་ཡི་ངོ་བོ་ཉིད། །ངག་གི་དབང་ཕྱུག་གཟུགས་མཛེས་ལྡན། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་དྲུག་འཇིགས་པ་བརྒྱད་ལས་སྐྱོབ་མཛད་ཅིང༌། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །མྱ་ངན་འདས་པར་ཕྱིན་པའི་དེད་དཔོན་མཆོག །སེམས་དཔའ་སྐྱབས་འགྲོལ་མཛད་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་འཛིན་པ། །མ་རུངས་འདུལ་ཞིང་རིག་སྔགས་འཆང༌། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །སེམས་དཔའ་ཉི་མ་སྣང་བྱེད་ནི། །སྐུ་མདོག་དཀར་སེར་གངས་རིའི་གདན། །ཕྱག་གཉིས་བདུད་རྩིའི་ས་གནོན་ཚུལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །སེམས་དཔལ་ཟླ་ལྟར་སྣང་བྱེད་ནི། །སྐུ་མདོག་དཀར་པོ་པདྨའི་གདན། །ཕྱག་གཉིས་ཆོས་འཆད་བགྲང་ཕྲེང་འཛིན། །ཕྱག་འཚལ་མཆོད་པ་དམ་པ་འབུལ། །འདོད་ཁམས་འདམ་ལས་རབ་ཏུ་ཚངས། །གཟུགས་ཁམས་ཚངས་པའི་གནས་ན་བཞུགས། །ཚངས་ཆེན་རྒྱལ་པོ་མི་མཇེད་གཙོ། །ཚངས་ཆེན་འཁོར་དང་བཅས་ལ་འབུལ། །དབུ་གསུམ་ཕྱག་དྲུག་ལྷ་མིན་འདུལ། །ཀུན་ལ་ཁྱབ་ཅིང་སྙོམས་པར་འཇུག །ལྷ་ཡི་གནས་གསལ་སྟོབས་པོ་ཆེ། །ལྷ་ཆེན་ཁྱབ་འཇུག་མཆོད་པ་འབུལ། །མཐོ་རིས་ལྷ་ཡི་གནས་མཆོག་ན། །མི་ཕམ་མགོན་གྱི་ཞལ་མཐོང་བ། །དགའ་ལྡན་ལྷ་ཡི་སྲས་རྣམས་ལ། །ཡོན་བདག་གུས་པས་མཆོད་པ་འབུལ། །ལྷ་མི་གཉེན་པོ་ལྷ་ཡི་རྗེ། །སྤྱན་གསུམ་མངའ་བས་


DTG074_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི། །སངས་རྒྱས་བསྟན་པའི་འཁོར་གཟིགས་པ། །ལྷ་དབང་བརྒྱ་བྱིན་མཆོད་པ་འབུལ། །ལྷུན་པོའི་རྩེར་གནས་ལྷ་དབང་དང༌། །ཐབས་དང་ཚུལ་བཞིན་སྤྱོད་མཛད་པ། །ལྷ་རྣམས་འཁོར་དང་བཅས་པ་ཡང༌། །མཆོད་བཞེས་ཡོན་བདག་རེ་སྐོང་མཛོད། །ཤེས་པའི་དད་པ་ཚན་པོ་ཆེ། །ང་རྒྱལ་བསྙེམས་པའི་བྲག་བསྙིལ་ཏེ། །སྟོན་པའི་ཞབས་འབྲིང་བཀའ་སྡོང་པ། །སྡེ་བརྒྱད་འཁོར་དང་བཅས་ལ་མཆོད། །ཤར་ཕྱོགས་དཔལ་ལྡན་རྒྱལ་ཆེན་ཡུལ་འཁོར་སྲུང༌། །སྐུ་མདོག་དཀར་པོ་ཕྱག་ན་པི་ཝང་འཛིན། །དྲི་ཟའི་འཁོར་ཚོགས་སྨིན་པའི་ཐུགས་དམ་ཅན། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ལྷོ་ཕྱོགས་དཔལ་ལྡན་རྒྱལ་ཆེན་འཕགས་སྐྱེས་པོ། །སྐུ་མདོག་སྔོན་པོ་ཕྱག་ན་རལ་གྲི་བསྣམས། །གྲུལ་བུམ་གདོན་ཚོགས་སྨིན་ཕྱིར་ཐུགས་དམ་ཅན། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ནུབ་ཕྱོགས་དཔལ་ལྡན་རྒྱལ་པོ་མིག་མི་བཟང༌། །སྐུ་མདོག་དམར་པོ་ཕྱག་ན་ཞགས་པ་བསྣམས། །ཀླུ་ཡི་གདོན་ཚོགས་སྨིན་ཕྱིར་ཐུགས་དམ་ཅན། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བྱང་ཕྱོགས་དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་ལྗང་གུ་ཕྱག་ན་ནེའུ་ལེ་བསྣམས། །གནོད་སྦྱིན་གདོན་ཚོགས་སྨིན་ཕྱིར་ཐུགས་དམ་ཅན། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བདེ་གཤེགས་བསྟན་པ་བསྲུང་བའི་དགེ་བསྙེན་མཆོག །འཇིགས་པའི་གཟུགས་ཅན་རྔོམ་པའི་ཆ་ལུགས་ཅན། །གནོད་སྦྱིན་སྡེ་དཔོན་ཇི་འཇིགས་ལ་སོགས་པ། །གནོད་སྦྱིན་སྡེ་དཔོན་རྣམས་ལ་མཆོད་པ་འབུལ། །དེ་ནས་གཏོར་མ་གཏང༌། གཟུངས་རྣམས་མང་དུ་བཟླ། སྤྱིར་མཆོད་པ་ལྔ་འབུལ། འདོད་པའི་དོན་ལ་གསོལ་བར་བྱ་ཞིང་ཁྲུས་བྱའོ། །བཟོད་པ་གསོལ། གཤེགས་སུ་གསོལ། རྫོགས་སོ།། །།


previousདེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ།next