Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་ལྔ་པ།


   
   
   
   
   
   
   
   
རྡོ་རྗེ་གདན་གྱི་སྒྲུབ་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གདན་གྱི་སྒྲུབ་ཐབས།next

རྡོ་རྗེ་གདན་གྱི་སྒྲུབ་ཐབས།


DTG075_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གདན་གྱི་སྒྲུབ་ཐབས། །སྔོན་དུ་བརྗོད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་མཐིང་ནག་ཨ་ལ་སོགས་པའི་དབྱངས་ཡིག་དཀར་པོ་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་ནས་ཡི་གེ་ཀ་ལ་སོགས་པ་གསལ་བྱེད་དཀར་པོ་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་ཀུན་ནས་བསྐོར་བའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡང་ས་བོན་དེ་ཉིད་དོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོའོ། དེའི་ལྟེ་བ་ལ་ས་བོན་སེར་པོའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་ནས་རྗེ་བཙུན་སངས་རྒྱས་དཔལ་རྡོ་རྗེ་གདན་དུ་བདག་ཉིད་སྐད་ཅིག་གིས་རྫོགས་པར་བྱ་སྟེ། སེར་པོ་ཞལ་གཅིག་ཕྱག་གཉིས་པ་བདུད་བཞི་ལེགས་པར་དཀྲིས་པའི་སེང་གེའི་ཁྲི་ཆེན་པོ་མཆོག་ཏུ་གྱུར་པ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་ལེགས་པར་བཞུགས་ཤིང༌། ཕྱག་གཡོན་པ་མཉམ་པར་བཞག་པར་ཕྱག་


DTG075_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ། སྐུ་ལ་མེ་ཏོག་བན་དྷུ་དམར་པོའི་འོད་དང་ལྡན་པའི་ན་བཟའ་བསྣམས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་བལྟ་བས་ཆོག་མི་ཤེས་པའི་སྐུར་བསམ་པར་བྱས་ལ། ཨོཾ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་བདག་ཉིད་ནི་ང་ཡིན་ནོ། །ཞེས་གཉིས་སུ་མེད་པའི་ང་རྒྱལ་བྱ་བའོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་གསེར་མདོག་ཏུ་སེར་བ་ཕྱག་གཉིས་པ་རལ་བའི་ཅོད་པན་དང་ལྡན་པ་ཕྱག་གཡས་པས་རྔ་ཡབ་བསྣམས་པ་ཕྱག་གཞན་གཡོན་པ་ན་འདབ་མ་དང་ལྡན་པའི་ཀླུ་ཤིང་བསྣམས་སོ། དེ་བཞིན་དུ་གཡོན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར་པོ་རལ་བའི་ཅོད་པན་དང་ལྡན་པ་རྔ་ཡབ་ཕྱག་གཡས་བ་ན་བསྣམས་པ་ཕྱག་གཡོན་པདྨ་བསྣམས་པའོ། །དེ་དག་གཉིས་ཀ་ཡང་བཅོམ་ལྡན་འདས་ཀྱི་ཞལ་མངོན་དུ་རྣམ་པར་བལྟ་བར་བལྟ་བའོ། །དེ་ནས་གོ་ཆ་དྲུག་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཀཥིཾ་དཀར་པོའོ། །རྣ་བ་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཛྲཱིམ་མཐིང་ནག་གོ །སྣ་བུག་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཁཾ་སེར་པོའོ། །ལྕེ་ལ་ཟླ་བ་ལ་གནས་པའི་ཡི་གེ་གཾ་དམར་པོའོ། །དཔྲལ་བར་ཟླ་བ་ལ་གནས་པའི་ཡི་གེ་ཀཾ་ལྗང་གུའོ། །ནུ་མའི་བར་དུ་ཟླ་བ་ལ་གནས་པའི་ཡི་གེ་སཾ་དཀར་པོའོ། །དེ་ནས་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེའོ། །ཡང་དེའི་ལྟེ་བར་ཟླ་བ་དང་བཅས་པའི་ཡི་གེ་ཧཱུཾ་ངོ༌། །མགྲིན་པར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨཱཿ་དམར་པོ་ལས་སྐྱེས་པའི་པདྨ་དང་ཟླ་བ་ལ་གནས་པའི་ཡི་གེ་ག་ཨཱཿ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་དག་པ་བསྒོམ་པའོ། །མགོ་བོར་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་དང་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་མོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་དག་པ་རྣམ་པར་བསྒོམ་པའོ། །ལྟེ་བའི་གོང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་བཅས་པའི་ཡི་གེ་ཧཱུཾ་ངོ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་དག་པ་བསྒོམ་པ་ཡིན་ནོ། །དེ་ནས་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་
དཔའ་ཡང་དག་པར་སྤྱན་དྲངས་ལ། མཆོད་ཡོན་དང་ཞབས་བསིལ་དང༌། རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་ལེགས་པར་ཚིམ་པར་བྱ་བ་དང་བསྟོད་པ་དད་ཕྱག་འཚལ་བ་སྔོན་དུ་བཏང་བས་དམ་ཚིག་སེམས་དཔས་ལྷན་ཅིག་ཏུ་བྱས་ལ། ཨོཾ་དམ་ཚིག་ཁྱོད་དམ་ཚིག་ཁྱོད་དམ་ཚིག་ཁྱོད་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་སྔགས་འདིས་གཉིས་སུ་མེད་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱ་སྟེ། ཨོཾ་ཨཱཿ་བཛྲ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་འདི་ནི་རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཏེ་རྫོགས་སོ། །


previousརྡོ་རྗེ་གདན་གྱི་སྒྲུབ་ཐབས།next