Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས།next

འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས།


DTG075_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་དྱོ་ཨ་ནུ་བྷ་བ་ཨ་ར་པ་ཙན་སཱ་དྷ་ནཾ། བོད་སྐད་དུ། འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས། ཤེས་རབ་རྨོངས་དུག་གཞོམ་པའི་ཕྱིར། །ཤེས་དོན་གཉེར་སོགས་སྐྱེ་བོ་ལ། །འཇམ་དཔལ་འཕྲལ་དུ་ཉམས་མྱོང་བའི། །སྒྲུབ་ཐབས་ལེགས་པ་ཉིད་དུ་བཤད། །དང་པོར་རེ་ཞིག་རྣལ་འབྱོར་པས་ཡིད་དུ་འོང་བར་འགྱུར་བའི་ཕྱོགས་འགའ་ཞིག་ཏུ། དབྱངས་ཀྱི་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ས་བོན་གྱི་ཡི་གེ་དྷའིཿ་ལས་རྣམ་པར་བྱུང་བའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུས་སྤྱན་དྲངས་པའི་ཨ་ར་པ་ཙན་ལ་སོགས་པ་རྣམས་ལ་མཆོད་པ་ལ་སོགས་པ་ཆོ་ག་ལྟར་བྱས་ལ། སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་སེམས་ཀྱི་སྣང་བ་ཡོངས་སུ་གྱུར་པ་ལས་ཀུ་མུ་དའི་ཟེ་བ་ལ་གནས་པའི་ཡི་གེ་དྷའིཿ་སྟེ་མངོན་པར་གྱུར་ནས་རལ་གྲི་ལངས་པ་ཅིག་བལྟ་བར་བྱའོ། །དེའི་རྩེ་མོ་ལ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པས་ཟླ་བའི་སྟེང་དུ་ས་བོན་ནོ། །དེ་དག་ཐམས་


DTG075_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡོངས་སུ་གྱུར་པ་ལས་རལ་གྲི་དང་པོ་ཏི་བསྣམས་པ་ཟུར་ཕུད་ལྔ་ལེགས་པར་འགྲིལ་བ་ན་བཟའ་དམར་པོ་ཟུང་ཅིག་བསྣམས་ཤིང་སྒེག་པའི་ཆ་བྱད་དང་ལྡན་པ་ཞལ་འཛུམ་པས་རྣམ་པར་རྒྱས་པ་ཟླ་བའི་འཚེར་བག་དང་མཚུངས་པར་མཛེས་པས་འདབ་མ་སྣ་ཚོགས་པའི་པདྨ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་འཕྲལ་དུ་ཉམས་སུ་མྱོང་པའི་ཨ་ར་པ་ཙ་ནའི་གཟུགས་སུ་བདག་ཉིད་ལེགས་པར་བལྟ་བར་བྱ་བའོ། །དེ་ནས་རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་སྟེ་མ་རེག་པར་རོ། །དེའི་སྟེང་དུ་ནས་ཀྱི་རྩེ་མོ་ཙམ་གྱིས་མ་རེག་པར་དབྱངས་ཡིག་དང་པོ་ལ་སོགས་པ་ལས་ཡང་དག་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཟླ་བའི་ས་བོན་གྱིས་བསྐྱེད་པའི་རལ་གྲིའོ། །དེ་ནས་འཁོར་ལོ་དང་རལ་གྲི་དང་སྔར་བཤད་པའི་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཀྱང་དེ་ཁོ་ན་བཞིན་དུ་འཇམ་པའི་དབྱངས་རྣམ་པར་བསྒོམ་པར་བྱས་ལ། དེའི་མདུན་དུ་ཡང་ཡི་གེ་ར་ལས་བྱུང་བའི་རལ་གྲི་དབྱངས་ཡིག་དང་པོ་ལས་བསྐྱེད་པའི་ཟླ་བ་ལ་གནས་པར་བསྒོམ་པར་བྱའོ། །རལ་གྲི་ལ་སོགས་པ་ཡོངས་སུ་སྨིན་པ་ལས་གཞོན་ནུ་དྲ་བ་བཅོམ་ལྡན་འདས་ཀྱི་གཟུགས་སུ་བལྟ་བར་བྱའོ། །དེ་བཞིན་དུ་རྒྱབ་ཏུ་ལྔ་པའི་ཡི་གེ་དང་པོ་ལས་དེ་ཁོ་ན་ལས་ལྟར་ཟླ་བའི་འོད་དོ། །དེ་ཁོ་ན་བཞིན་དུ་ཡི་གེ་ཙ་ལས་སྐྲ་ཅན་མ་ནུ་མ་རྒྱས་པས་རྣམ་པར་མཛེས་པ་ནི་མགོན་པོའི་གཟུགས་སུ་སྟེ་གཡས་སུའོ། །གྱོན་དུ་ཡང་ཉེ་པར་སྐྲ་ཅན་མ་སྟེ། ཡི་གེ་ན་ལས་དེ་ཁོ་ན་བཞིན་དུའོ། །ཐམས་ཅད་ཀྱང་རང་གི་སྙིང་གའི་ཟླ་བ་ལ་རང་རང་གི་ས་བོན་ལ་གནས་པར་རྣམ་པར་བསམ་པར་བྱའོ། །དེ་ནས་གཙོ་བོའི་སྙིང་གའི་ས་བོན་ལས་རྣམ་པར་གྱུར་པས་ཀྱང་སྤྱན་དྲངས་པ་དང་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱ་བ་དང༌། འཁོར་ལོ་མྱུར་དུ་འཁོར་བ་དང་ཟླ་བ་ལ་གནས་པའི་ལྷ་བཞི་དང་བཅས་པ་ཉིད་ཀྱང་བརྟན་པ་དང་དག་གོ །རང་བཞིན་ལྷག་མ་མ་ལུས་པ་སྤྲེ་བ་དང་བསྡུ་བ་ཡང་བསྒོམ་པར་བྱ་བའོ། །བསམ་གཏན་གྱིས་དུབ་པར་གྱུར་ན་ནི་སྔགས་བཟླས་པར་བྱ་བའོ། །དེ་ལ་གསང་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨ་ར་པ་ཙ་ན་དྷའིཿ་ཞེས་བྱ་བའོ། །འཇམ་
དཔལ་འཕྲལ་དུ་ཉམས་མྱོང་བའི། །སྒྲུབ་ཐབས་གང་བྱས་བསོད་ནམས་ནི། །བདག་ལ་བྱུང་དེས་འཇིག་རྟེན་ཡང༌། །རྟག་ཏུ་འཇམ་དབྱངས་མཚུངས་པར་ཤོག །འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


previousའཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས།next