ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས།
རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སྭཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། སྔར་བཤད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་དམར་པོའི་ཟླ་བ་ལ་གནས་པའི་ཡི་གེ་དྷཱིཿ་སེར་པོ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་སྟེ། རལ་པ་དང་དབུ་རྒྱན་གྱི་མཐའ་ན་མི་བསྐྱོད་པ་བཞུགས་པ། ཆོས་བཤད་པའི་ཕྱག་རྒྱ་མཛད་པ། པོ་ཏི་དང་ལྡན་པའི་ཨུཏྤལ་སྔོན་པོ་གཡོན་པའི་ཟུར་ན་བསྣམས་པ། སྟོད་གཡོགས་དང་སྟོད་ཤག་བསྣམས་པ། ལྷ་རྫས་ཀྱི་ན་བཟའ་དང་རྒྱན་མངའ་བ་ཞེས་བྱ་བ་དེ་ལྟ་བུར་བསྒོམས་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱ་བའོ། །མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོ། །མཱ་ལ་བ་ཞེས་བྱ་བ་དྷ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པྲཛྙཱ་པ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་ནས་གང་ཞིག་བསྒོམས་ཙམ་གྱིས། རྒོལ་བ་ཐམས་ཅད་ཚར་གཅོད་པར། །ཤེས་རབ་ཕ་རོལ་ཕྱིན་འབྱུང་བ། །དེ་ཕྱིར་བདག་གིས་རབ་བཤད་བྱ། །ཞལ་གཅིག་ཕྱག་ནི་གཉིས་མ་སྟེ། །ཁ་དོག་དཀར་མོ་ཡིད་འོང་མ། །དབུ་སྐྲ་ཕྱེད་ཕྱེད་འཁྱིལ་བ་དང༌། །པད་དཀར་ལ་ནི་ལེགས་བཞུགས་པའང༌། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །པདྨ་གཡས་པའི་ཕྱག་ན་དང༌། །ཤེས་རབ་ཕ་རོལ་ཕྱིན་མའི་གཡོན། །ཁ་དོག་དམར་མོ་རྣམ་པར་བསྒོམ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ནས། །ལྟེ་བའི་དཀྱིལ་འཁོར་དུ་བསྒོམ་བྱ། །ཨཾ་ཡིག་ཡེ་ཤེས་ལས་ལེགས་བྱང༌། །མཆོག་ཏུ་མཐའ་ཡས་དགའ་བྱེད་མའོ། །དམ་ཚིག་སེམས་དཔའ་རྫོགས་བྱས་ལ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཟླ་དྲུག་སྦྱོར་བ་གོམས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་མར་འགྱུར། །ཞག་བདུན་ན་ནི་རབ་སྦྱོར་བས། །བསྟན་བཅོས་ཀུན་ལ་འཇིགས་མེད་འགྱུར། །འབུམ་ཕྲག་བཟླས་པའི་སྦྱོར་བ་ཡིས། །ཉིན་རེ་ཚིགས་བཅད་བརྒྱད་བརྒྱ་བྱེད། །རབ་ཏུ་བརྩོན་པ་དག་གིས་ཀྱང༌། །གཞུང་ནི་བརྒྱ་ཡང་འཛིན་པར་བྱེད། །འདི་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་རྣམས་ནི། ཨོཾ་པི་ཙུ་པི་ཅུ་པྲ་ཛྙཱ་བརྡྷ་ནི་ཛྭ་ལ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུདྷི་བརྡྷ་ནི་སྭཱ་ཧཱ་སྔགས་འདིས་མ་སྩལ་བའི་སྦྲང་རྩི་ལ་
ལན་བདུན་མངོན་པར་བསྔགས་ནས་ཇི་སྲིད་ཟླ་བ་དྲུག་གི་བར་དུ་སྦུ་གུས་འཐུངས་པས་ཤེས་རབ་ཆེན་པོར་འགྱུར་རོ། །ཨོཾ་པི་སྭཱ་ཧཱ་སྔགས་འདི་ལ་ཡང་མི་བསྐྱོད་པས་རྒྱས་གདབ་པར་བྱ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་མ་ལ་བ་ཞེས་བྱ་བ་དྷ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །