Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབྱངས་ཅན་མའི་སྒྲུབ་ཐབས། 


 
previousདབྱངས་ཅན་མའི་སྒྲུབ་ཐབས།no next

དབྱངས་ཅན་མའི་སྒྲུབ་ཐབས།


DTG075_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ར་སྭ་ཏྭི་སྭ་དྷ་ནཾ། བོད་སྐད་དུ། དབྱངས་ཅན་མའི་སྒྲུབ་ཐབས། རྫོགས་སངས་རྒྱས་རྣམས་གསུང་མངའི་འོད་ཟེར་སྤྲོ་མཛད་ངག་ནི་མཚར་བའི་རོ་དབྱངས་དང་ལྡན་པས། །མྱང་བ་རྣམས་ལ་ཕན་མཛད་རྒལ་དཀའ་མི་ཟད་གཏི་མུག་མུན་པ་ཉེ་བར་འཇོམས་མཛད་མ། །ཡོན་ཏན་རང་བཞིན་རྡོ་རྗེ་དབྱངས་ཅན་མ་ཁྱོད་ལ་འདུད་འདིར་དེའི་ཡན་ལག་མཉེས་བྱེད་པ། །བློ་གྲོས་རྟོགས་དཀའི་དབང་དུ་བྱས་ནས་འགོར་ལ་ཕན་ཕྱིར་བདེ་བར་གཤེགས་སུ་ལུགས་བཤད་པར་བྱ། །དང་པོ་ཉིད་དུ་གདོང་སོགས་དག་པར་བྱས་ལ་རབ་ཏུ་སྔ་བར་བརྩེ་ལྡན་བཟོད་པ་ཅན། །བྱམས་པ་མགུ་བས་རངས་པའི་དགའ་བ་དང་ལྡན་གང་ཡིན་སྔགས་པས་གཙང་མའི་གོས་དང་ནི། །གནས་ཀྱང་ཡིད་འཕྲོག་པར་ནི་ཉིན་ཡང་རུང་སྟེ་རང་གི་སྙིང་གར་པདྨ་བལྟ་བར་བྱ། །དེར་ནི་དྲི་མེད་ཨ་ལས་ངེས་པར་བྱུང་བའི་ཟླ་བ་ལེགས་པར་བསྒོམ་བྱ་དེ་ལ་ཡང༌། །དོཿ་ཡིག་འོད་ཟེར་གྱིས་ནི་དགང་བར་བྱ་དང་ཕྱོགས་མཐའ་ཀུན་དུ་ཁྱབ་བྱ་དེ་ལས་ནི། །མདུན་དུ་སངས་རྒྱས་ཚོགས་རྣམས་བལྟ་བྱ་མེ་ཏོག་ལ་སོགས་མཆོད་ལ་འདི་དག་བསྒོམ་པར་བྱ། །དེ་ནས་ཕྱག་འཚལ་ཡང་ནི་འདི་ཡིས་སྡིག་པ་སོ་སོར་བཤགས་བྱ་དེ་བཞིན་བསོད་ནམས་ལ། །རྗེས་སུ་ཡི་རང་གསུམ་ལ་སྐྱབས་འགྲོ་ཡང་དག་པར་ནི་བརྗོད་པར་བྱ་བའོ་སྔགས་རིག་པས། །ཞེས་སོགས་བསྔོ་བྱས་པར་ནི་ལེགས་བྱས་ཡང་དག་བདག་ཉིད་ཀྱང་སྟེ་རྟོག་པའི་དྲ་པ་ནི། །ཐམས་ཅད་དེ་ཡིས་སྟོང་པར་དམིགས་བྱ་དེ་ནས་སྣ་ཚོགས་འདི་དག་མ་ལུས་བསྒོམ་བྱ་བ། །གཅིག་དང་དུ་བྲལ་དང་ལྡན་ཚིག་ནི་བརྗོད་བྱ་དག་པ་དམ་པའི་ཡེ་ཤེས་ཀྱིས་རིག་བྱ། །ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །སྟོད་ཉིད་ལས་ནི་ངེས་བྱུང་པདྨ་ཟླ་བ་དག་ལ་ཉེར་གནས་དོཿ་ཡིག་དམར་པོའོ། །ཡང་ནི་སྣ་ཚོགས་འོད་ཟེར་ཚོགས་ཀྱིས་ཤིན་ཏུ་མཛེས་གྱུར་དེ་ལས་པདྨ་འདབ་བརྒྱད་པ། །དེ་ལས་དམར་མོ་འོད་ཟེར་ཆེར་འབར་བཅོམ་ལྡན་འདས་མ་དམ་པའི་རྒྱན་རྣམས་ཀྱིས་བརྒྱན་མ། །གཡས་བསྐུམ་པ་ཡི་ཞབས་ཀྱིས་གནས་ཤིང་ཞལ་གསུམ་མ་སྟེ་ཕྱག་དྲུག་དག་གིས་བརྒྱན་པ་མོ། །ཞལ་གཡས་མཐིང་ནག་དང་ནི་པདྨ་རལ་གྲི་གྲི་གུག་རྣམས་ནི་བསྣམས་པས་ཕྱག་རྒྱས་ཤིང༌། །གཡོན་ཞལ་དཀར་པོ་དང་ནི་དེ་བཞི་ཐོད་བཅས་རིན་ཆེན་དམ་པ་དང་ནི་འཁོར་ལོ་བསྣམས། །སྙིང་གི་པདྨ་ལ་གནས་ཟླ་བའི་དབུས་སུ་


DTG075_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གནས་དེར་ཡང་དོཿ་ནི་འབར་གྱུར་པས། །སྣ་ཚོགས་པ་ཡི་གཏི་མུག་ཉེ་བར་བཅོམ་པས་བྱས་ཤིང་སྤྲོས་པ་ཡིས་ནི་འཇིག་རྟེན་དག་བྱས་ཏེ། །ཉེ་བར་བསྡུས་ལ་རང་སྙིང་ཟླ་བ་ས་བོན་ལ་ནི་བཞག་པར་བལྟ་བྱ་ཡང་ནི་སྤྲོ། །དེ་ཉིད་འདིར་ནི་ཡུད་ཙམ་ཡུད་ཙམ་ཉི་མ་རེ་རེར་བསྒོམ་བྱ་རྟག་ཏུ་དེ་ལྟ་བའི། །བསྒོམས་བྱས་སྐྱོན་འདི་ཡིས་འདིར་ནི་ས་བོན་ཚོགས་པ་ལེགས་པར་བཏང་ལ་འདི་ཡི་སྔགས། །ཕྲེང་བ་བརྒྱུད་པ་མར་མེའི་རྣམ་པའི་རིམ་པས་སྙིང་པོར་གྱུར་པའི་སྔགས་འདི་འདྲ་བ་བཟླས། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ཟླ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུདྷི་བརྡྷ་ནི་སྭཱ་ཧཱ། ལྷ་མོའི་སྐུ་ནི་ཡིད་ལ་བརྟག་བྱ་རབ་ཏུ་དགའ་བས་ཐུན་ཚོད་རྣམས་ནི་ཐམས་ཅད་ལ། །སྔགས་ནི་ལེགས་བཟླ་བདེ་གཤེགས་ལུགས་ཀྱིས་སེམས་ཅན་དོན་ཕྱིར་འདི་དག་ཡོངས་སུ་བསྔོ་བ་དང༌། །དགོས་པ་སྒྲུབ་པའི་དབང་གིས་བསམ་གཏན་ལ་ནི་རྩེ་གཅིག་གནས་པར་བྱ་བའོ་ཇི་སྲིད་དུ། །འབུམ་ཕྲག་དག་ན་མ་རྫོགས་པས་ཏེ་རྫོགས་པར་གྱུར་པ་དང་ནི་ལས་ཀྱི་རིམ་པ་ཡིན། །མི་མཐུན་ཕྱོགས་ཀྱི་རྣམ་པ་ཐམས་ཅད་ཉེ་བར་བཅོམ་པའི་བསམ་གཏན་བྱས་པ་ཉིད་ན་དེ། །དཀར་པོའི་ཚེས་གཅིག་ནས་ནི་ཇི་སྲིད་ཟླ་ཚེས་གནས་པར་གྱུར་པར་རང་གི་ཡིད་དང་ནི། །དེ་སྲིད་ནུབ་རེ་བཞིན་དུ་ལེགས་པར་སྦྱར་བ་ཉིད་བྱ་ཇི་སྲིད་ཟླ་བ་ཉ་ཡི་བར། །མཚན་མོ་དེ་ཉིད་ལ་ཡང་འདི་ནི་གྲུབ་ཐོབ་རྒྱལ་བར་དཀའ་དང་སྙན་དང་གས་པ་ཉིད་འགྱུར། །བཅོམ་ལྡན་འདས་མ་དཔལ་ལྡན་རྡོ་རྗེ་དབྱངས་ཅན་མ་དེ་ཡང་དག་མཉེས་བྱེད་གང་ཡིན་པ། །དཔལ་ལྡན་ནག་པོའི་རྒྱལ་པོས་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྒྱུད་ནས་ཉེ་བར་བཏོན་བྱས་ནས། །སེམས་ཅན་རྣམས་ནི་དོན་ཕྱིར་མཛེས་བཀོད་ལས་བྱུང་བསོད་ནམས་བདག་གིས་ཐོག་མར་ཐོག་གྱུར་པ། །དེས་ནི་འགྲོ་རྣམས་ནག་པོ་དང་ནི་ཆ་འདྲ་བ་བཟློག་པར་དཀའ་བའི་གྲུབ་ཐོབ་སྙན་དང་གས་ཤོག །དཔལ་འཛིན་གྱིས་བྱས་སྒྲུབ་ཐབས་འདི། །གལ་ཏེ་སངས་རྒྱས་རྣལ་འབྱོར། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་གྱི། །འཇོ་བྱེད་ནང་གི་ཁྱད་པར་ཡིན། །འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སོ།། །།པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་དང་ཨ་མ་ར་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །


previousདབྱངས་ཅན་མའི་སྒྲུབ་ཐབས།no next