Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏུམ་པོ་ཆེན་ཁྲོས་པའི་སྒྲུབ་ཐབས།  འོད་ཟེར་འབྱུང་གནས་གྲགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏུམ་པོ་ཆེན་ཁྲོས་པའི་སྒྲུབ་ཐབས། འོད་ཟེར་འབྱུང་གནས་གྲགས་པ།next

གཏུམ་པོ་ཆེན་ཁྲོས་པའི་སྒྲུབ་ཐབས།
འོད་ཟེར་འབྱུང་གནས་གྲགས་པ།


DTG076_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེར་ཁྲོས་པའི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །སྐུ་ཤ་མཐུག་ཅིང་ཚགས་དམ་གདུག་པ་འོད་སྤྲོ་གཏུམ་པའི་སྤྱན་ལྡན་ཞིང༌། །པུས་མོ་སྨད་ནས་འཛུགས་མཛད་རལ་གྲི་གཅིག་ནི་གཡས་པའི་ཕྱག་ན་སྟེ། །དེ་ལས་གཞན་པའི་ཕྱག་ནི་ཁུ་ཚུར་བཅངས་ཤིང་སྡིགས་མཛུབ་ཞགས་པར་ལྡན། །བགེགས་འཇོམས་པ་ཡི་མི་གཡོ་འདིས་ནི་སྲིད་པའི་བགེགས་རྣམས་ཞི་བྱེད་ཤོག །སངས་རྒྱས་དང་ནི་བྱང་ཆུབ་སེམས། །འདྲེན་པ་ཕྱོགས་བཅུར་བཞུགས་དེ་དག །མེ་ཏོག་ལ་སོགས་རྣམ་སྣ་ཚོགས།།


DTG076_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་བློ་ཡིས་མཆོད་བྱས་ལ། །ཀུན་སྐྲག་སྡུག་བསྔལ་ཅན་བལྟས་ལ། །བདག་ཉིད་སྐུར་ཡང་གསོལ་བ་གདབ། །སྔགས་པས་དགེ་བ་སྤེལ་དོན་དུ། །སྡིག་པ་རྣམས་ནི་བཤགས་པར་བྱ། །དེ་ནས་རྫོགས་སངས་རྒྱས་དང་ནི། །བྱང་ཆུབ་སེམས་དཔའི་ཚོགས་དང་ཡང༌། །སློབ་མི་སློབ་སོགས་འགྲོ་ཀུན་གྱི། །བསོད་ནམས་དངོས་ལ་རྗེས་ཡི་རང༌། །དཀོན་མཆོག་གསུམ་སྐྱབས་བརྩོན་པ་ཡི། །རྫོགས་པའི་བྱང་ཆུབ་ངེས་བརྟན་བྱ། །རིམ་པ་བཞིན་དུ་ཚངས་པ་ཡི། །གནས་བཞི་པོ་ནི་བསྒོམ་པར་བྱ། །དེ་ཡི་མཚན་ཉིད་བྲལ་ཕྱིར་སྟོང༌། །རྒྱུ་མེད་པས་ན་མཚན་མ་མེད། །སྨོན་པ་དང་ནི་རྣམ་བྲལ་ཏེ། །བསྒོམ་པ་དངོས་བྲལ་རྣམ་པར་བསྒོམ། །སྣ་ཚོགས་བད་ཉིའི་དབུས་གནས་པར། །ཧཱུཾ་ཡིག་ལས་བྱུང་བསྒོམ་བྱ་སྟེ། །དཔའ་བོ་སྤྱན་གཉིས་རབ་དམར་བ། །རིན་ཆེན་དབུ་རྒྱན་ཕྱག་གཉིས་པ། །འཕྲལ་དུ་སྡིག་པ་འཇོམས་མཛད་མགོན། །བསམ་པ་ཇི་བཞིན་རྫོགས་མཛད་པ། །མེ་ཏོག་ཨ་ཏ་སི་མཚུངས་ཤིང༌། །དྲི་མེད་སངས་རྒྱས་འོད་ཟེར་སྤྲོ། །མཆེ་བམ་མ་ཆུ་གནོན་མཛད་ཅིང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །གཡོན་གྱིས་སྡིགས་མཛུབ་ཞགས་པ་བསྣམས། །པུས་མོས་ལ་འཛུགས་མཛད་ཅིང༌། །དྲག་པོ་ཕྱག་ན་རལ་བསྣམས་པའི། །དཔལ་ལྡན་ཁྲོ་ཆེན་གཏུམ་པོ་ནི། །སྤྱན་གཡོན་འཇིགས་པ་ཆེར་གྱུར་པའི། །འཇིགས་པ་ལས་ཀྱང་འཇིགས་མཛད་པའོ། །དམ་ཚིག་སེམས་དཔའ་ལྟ་བུ་ཡི། །ཡེ་ཤེས་སེམས་དཔའ་ཆེར་འབར་བསྒོམ། །སྔགས་པས་དེ་ཉིད་ཐུགས་ཀར་ནི། །མཚན་མ་ས་བོན་ལེགས་ལྡན་བྱ། །བསྒོམ་པས་དུབ་ན་གསང་སྔགས་ནི། །ལྷ་སྐུའི་སྦྱོར་དང་ལྡན་པས་བཟླས། །དེ་ལས་ཆད་འགྱུར་དངོས་གྲུབ་ནི། །འཐོབ་པ་ཉིད་ལ་ཐེ་ཚོམ་མེད། །དེ་ལ་གསང་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་གཏན་ནས་སྲེག་པར་འགྱུར་རོ། །ཐམས་ཅད་ལ་ཡང་སྲུང་བར་ཡང་འགྱུར་རོ། །མོན་སྲན་སྡེའུ་ལ་སོགས་པས་བརྡེགས་པར་གྱུར་ན་འབྱུང་པོ་ལ་སོགས་པའི་འཇིགས་པ་ལས་ཐར་པར་


DTG076_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཁམ་ཕོར་ལ་ཐོད་ལོ་ཀོར་གྱིས་མངོན་པར་བྲིས་ཏེ། སྒོར་དཔྱངས་པས་ནི་གསར་དུ་མངོན་པར་སྐྱེས་པ་ལས་གྱུར་པའི་བུ་ཆུང་རྣམས་ཀྱི་སྲུང་བར་འགྱུར་རོ། །སོར་བཞི་ཙམ་གྱི་ཚད་དུ་པྲ་ཚིལ་ལ་གཟུགས་བརྙན་བྱས་ཏེ། བསྒྲུབ་བྱའི་མིད་དང་བཅས་པའི་སྔགས་གྲོ་ག་ལ་མངོན་པར་བྲིས་ལ་དེའི་སྙིང་གར་གཞུག་པར་བྱ་བའོ། །ཚེར་མས་ཀྱང་དེའི་ཁལ་གཟུགས་པར་བྱ་སྟེ། ཕྱིར་རྒོལ་བའི་ཁ་བཏུལ་བར་འགྱུར་རོ། །སྙིང་ལ་བཙུགས་པས་ནི་ཁྲོ་བ་རེངས་པར་འགྱུར་རོ། །རྐང་པ་ལ་གཙུགས་པས་ནི་འགྲོས་རེངས་པར་འགྱུར་རོ། །མིའི་རྗེ་ངར་གྱི་རུས་པའི་ཕུར་པ་འམ་ལྕགས་ཀྱི་ཕུར་པས་མིང་བཟུང་ནས་གང་གི་ལུས་ལ་བཏབ་པར་གྱུར་པ་དེ་དེས་བརླག་པར་འགྱུར་རོ། །དགྲ་བོའི་སྒོར་བརྐོས་པས་ནི་ཕུང་བར་འགྱུར་རོ། །མངོན་པར་བསྔགས་པའི་དུར་ཁྲོད་ཀྱི་ཐལ་བསྒོ་འཕར་ལ་བཏབ་པས་ནི་ངེས་པར་སྐྲོད་པར་འགྱུར་རོ། །རལ་གྲི་ལ་མངོན་པར་བསྔགས་ནས་གཡུལ་དུ་ཞུགས་པར་གྱུར་པས་རྒྱལ་བསྒྲུབ་པར་བྱེད་དོ། །གང་གི་ཚེ་དགོས་པ་ཉེ་བར་གནས་པ་ན་གཏོར་མ་བཏང་བས་ནི་དེ་འགྲུབ་པར་འགྱུར་རོ། །དགེ་པའམ་མི་དགེ་བའི་ལས་ཀྱང་རུང་སྟེ་སྔགས་བ་གང་འདོད་པ་དེ་དང་དེ་དག་ཐམས་ཅད་བཟླས་པ་ཙམ་གྱིས་བྱེད་པར་འགྱུར་རོ། །བདག་གིས་བྲིས་ལས་གང་ཐོབ་པའི། །དགེ་བ་སེམས་ཅན་དོན་གྲུབ་པ། །ངེས་ནི་འཇིག་རྟེན་མ་ལུས་འདི། །རྫོགས་པའི་བྱང་ཆུབ་སྣོད་གྱུར་ཅིག །གཏུམ་པོ་ཆེར་ཁྲོས་པ་ཡན་ལག་དང་བཅས་པའི་སྒྲུབ་ཐབས་ལེགས་པར་རྫོགས་སོ།། །།འདི་ནི་འོད་ཟེར་འབྱུང་གནས་གྲགས་པས་མཛད་པའོ། །པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ། །


previousགཏུམ་པོ་ཆེན་ཁྲོས་པའི་སྒྲུབ་ཐབས། འོད་ཟེར་འབྱུང་གནས་གྲགས་པ།next