Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
   
   
   
   
   
   
གཟུངས་གདོན་པའི་མན་ངག ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟུངས་གདོན་པའི་མན་ངག །next

གཟུངས་གདོན་པའི་མན་ངག །


DTG076_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷཱ་ར་ཎཱི་པ་ཋ་ཨུ་བ་དེ་ཤཿ། བོད་སྐད་དུ། གཟུངས་གདོན་པའི་མན་ངག །འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །བློ་ལྡན་སེམས་དཔའི་སྐྱིལ་ཀྲུང་གིས། །སྙིང་རྗེ་ཆེན་པོས་དམིགས་བྱ་བ། །ནང་སྔ་དགོངས་ཀྱང་སྙིང་གར་སྔགས། །ཨོཾ་ཡིག་དཀར་ལ་བསྒོམ་བྱ་བ། །རྣམ་སྣང་ཞེས་བྱ་བདག་ཉིད་དོ། །ཐམས་ཅད་དཀར་པོ་དེ་འོད་ཀྱི། །ར་བ་ཟླུམ་པོ་མཆོད་རྟེན་གྱིས། །བརྒྱན་པ་སྟེང་དུ་འབར་འོད་ཅན། །བསྲུང་ཕྱིར་མདུན་དང་རྒྱབ་དང་ནི། །གཡས་གཡོན་དེ་ནས་སྤྱི་པོར་ནི། །རིམ་བཞིན་དབྱངས་སོགས་གནས་སྐབས་སོགས། །མི་མཉམ་སོགས་དང་བསྐྱེད་སོགས་ཀྱང༌། །སྐུ་གཟུགས་ཐང་ཀ་གཤེགས་གཉེན་དང༌། པོ་ཏི་སོགས་ལ་ཅི་འབྱོར་པས། །དེ་རྗེས་སྙིང་གར་མཾ་སེར་ཏེ། །མྱ་ངན་མེད་སྟེང་མཾ་བྱུང་བར། །འཕགས་མ་འོད་ཟེར་ཅན་བསམས་ཏེ། །ཁབ་དང་སྐུད་པ་བསྣམས་པའི་སྐུ། །བཞེངས་པའི་སྟང་སྟབས་དང་ལྡན་མ། །སྣ་བུག་གཡས་ནས་དེ་མདུན་དུ། ལེགས་བར་བཞུགས་བྱ་མ་རུངས་མིག །ར་བའི་ཕྱི་རོལ་དེ་ཡིས་སོ། །ལན་ཅིག་བྱང་ཆུབ་མཆོག་བཅིངས་ལ། །གཟུངས་འདི་བཀླག་བྱ་དེ་ནས་ནི། །དང་པོར་ཨོཾ་མཾ་མཱ་རཱི་ཙྱཻ་སྭཱ་ཧཱའི། སྔགས་ནི་ཅི་ནུས་བཟླས་པར་བྱ། །དེ་ནས་སྔགས་རིག་རྣལ་འབྱོར་པས། །སྣ་བུག་གཡོན་པས་དེ་སྙིང་ལ། །ལེགས་གཞུག་མྱ་ངན་མེད་དགར་གྱུར། །འོད་བྱུང་ཕག་ནི་སེར་རྣམས་ཀྱིས། །ཕྱི་རོལ་མ་རུངས་དེས་ལེགས་གཞོམ། །མཚམས་བཅད་པར་ཡང་བྱས་


DTG076_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །བཙོ་མའི་གསེར་ལྟའི་འོད་འབར་མ། །སྣ་ཚོགས་པད་ཟླ་ལེགས་བརྟེན་ནས། །འགྱིང་བག་དག་གིས་བཞེངས་བཞུགས་པས། །གསེར་མདོག་ཕག་ལ་བཅིབས་གྱུར་ཅིང༌། །མྱ་ངན་མེད་ཤིང་ལྗོན་པ་ཡི། །ཕྱག་གཡོན་ཡལ་གའི་རྩེ་ནས་འཛིན། །མཆོག་སྦྱིན་ཕྱག་ནི་བསྣམས་གྱུར་པ། །གཡས་པའི་ཕྱག་ནི་བསྐྱོད་པར་མཛད། །རིན་ཆེན་འབར་བས་ཉེར་མཛོས་པའི། །ཅོད་པན་ལ་ནི་སངས་རྒྱས་ཐོབ། །མི་འཇིགས་རབ་སྦྱིན་འོད་ཟེར་ཅན། །ན་བཟའ་དཀར་ལ་བདག་ཕྱག་འཚལ། །འཕགས་མ་འོད་ཟེར་ཅན་གྱི་གཟུངས་འདོན་བའི་མན་ངག་གོ ། མཁས་པ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


previousགཟུངས་གདོན་པའི་མན་ངག །next