Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
འོད་ཟེར་ཅན་གྱི་སྒྲུབ་ཐབས།  
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའོད་ཟེར་ཅན་གྱི་སྒྲུབ་ཐབས། next

འོད་ཟེར་ཅན་གྱི་སྒྲུབ་ཐབས།


DTG076_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། དད་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ལ། གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སྙིང་ག་དང་སྨིན་མཚམས་དང༌། མགུལ་པ་དང༌། སྤྱི་བོ་རྣམས་སུ་ཨོཾ་ཕཊ་བྱ་བའི་སྔགས་ཀྱིས་རེག་པར་བྱ་ཞིང༌། གཡས་པ་ཁྲོ་བོའི་ཁུ་ཚུར་སྨད་པས་ནི་བགེགས་དང་བྲལ་བར་བསམ་པར་བྱ་བའོ། །དེ་ནས་གདོང་པའི་གཅད་སྦྲ་ལ་སོགས་པ་བྱ་སྟེ། སླར་ཡང་ཉེ་བར་གནས་ལ། རང་གི་སྙིང་གར་ནུབ་མོ་དང་ཉིན་མོའི་དབྱེ་བས་ཡི་གེ་ཨ་དང་ཡི་གེ་ཨཱ་ལས་ངེས་བར་གྲུབ་པའི་ཟླ་བ་དང་ཉི་མ་བལྟ་བའོ། །དེའི་སྟེང་དུ་ཡི་གེ་ཨོཾ་སེར་པོ་རྣམ་པར་བསྒོམ་པར་བྱ་བའོ། །དེའི་འོད་ཟེར་གྱིས་དེས་པར་བསྒྲུབས་པའི་བཅོམ་ལྡན་འདས་མ་མདུན་དུ་བལྟས་ལ། ཇི་ལྟར་རྙེད་པར་གྱུར་པའི་མེ་ཏོག་ལ་སོགས་པས་ལེགས་པར་མཆོད་ཅིང༌། དེའི་སྤྱན་ལམ་དུ་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱས་ཏེ། མཐའ་དག་སྟོད་པ་ཉིད་དུ་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་ནི། ཨོཾ་རང་བཞིན་གྱིས་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི། བདག་ཡིན་ནོ་ཞེས་བརྗོད་པར་བྱ་བའོ། །དེ་ནས་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་


DTG076_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྩིབས་བརྒྱད་པའོ། །དེའི་དབུས་ན་གནས་པའི་ཡེ་གེ་ཨོཾ་ཡོངས་སུ་གྱུར་བ་ལས་ཁ་དོག་སེར་པོ་རལ་པ་དང་དབུ་རྒྱན་དང་ལྡན་པ། ན་བཟའ་དམར་པོ་བསྣམས་པ། ཞི་བར་གྱུར་བ། པདྨའི་ལྟེ་བ་ལ་སེང་གེའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པའི་རྣམ་བར་སྣང་མཛད་ཀྱི་སྐུར་བདག་ཉིད་བསྒོམ་པར་བྱ་བའོ། །དེའི་སྙིང་གར་ཟླ་བ་ལ་གནས་པའི་ཡེ་གེ་མཾ་ཡོངས་སུ་གྱུར་པ་ལས་ཤིང་མྱ་ངན་མེད་ཀྱི་མེ་ཏོག་གོ །དེའི་སྟེང་དུ་ཡི་གེ་མཾ་གྱི་འོད་ཟེར་ཀུན་དུ་སྤྲོས་པས་སེམས་ཅན་རྣམས་ཀུན་གྱི་དོན་བྱས་ལ། དེ་ཉིད་ལ་བསྡུས་ཤིང་ལེགས་བར་བཞུགས་པར་བྱ་བའོ། །དེ་ནས་མདུན་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་བ་ལས་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་མཾ་ལས་བྱུང་བའི་བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་རང་བཞིན་ཅན་ཕྱག་བརྒྱད་དང་ལྡན་པ། གདམས་ངག་ལས་བསྒོམ་བར་བྱ་བའོ། །དེའི་རྗེས་ཐོགས་ལ་ཨོཾ་མཾ་ཞེས་བྱ་བའི་སྔགས་བརྗོད་བར་གྱུར་བ་ལས་བདག་ཉིད་མཆོད་རྟེན་གྱི་ནང་ན་གནས་ཤིང་ཕག་བདུན་པའི་ཤིང་རྟ་ལ་ཞོན་པའི་འོད་ཟེར་ཅན་དུ་རྣམ་པར་བསྒོམ་མོ། །ཤིང་རྟའི་འོག་ན་ནི་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧཾ་གིས་སྤྲུལ་པའི་སྒྲ་གཅན་འཛིན་ནོ། །དེ་ལ་བཅོམ་ལྡན་འདས་མ་ནི་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ཕྱག་བརྒྱད་མ། ཞལ་གསུམ་མ། སྤྱན་གསུམ་མ་སྟེ། རྩ་བའི་ཞལ་ནི་ལེགས་པར་སེར་བ། མེ་ཏོག་བནྡུ་ཀའི་དམར་བ་དང་ཆ་འདྲ་བར་འགྱུར་བ་གཡས་པ་ནི་དམར་ལ་ཟླུམ་པའོ། །གཡོན་པ་ནི་ཕག་གི་སྟེ་མཐིང་ནག་ཁྲོ་བར་གྱུར་བ། ལྗགས་འདྲིལ་བ་ཞལ་རྣམ་པར་གདངས་ཤིང་འཇིགས་པར་མཛད་བ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པའོ། །སྡིགས་མཛུབ་དང་ཞུགས་པ་དང་གཞུ་དང་ཤིང་མྱ་ངན་མེད་ལོ་མ་དང་བཅས་པ་སྐུད་པ་ནི་གཡོན་པ་རྣམས་སོ། །ཁབ་དང་ལྕགས་ཀྱུ་དང་མདའ་དང་རྡོ་རྗེ་ནི་གཡས་པ་རྣམས་ནའོ། །སྣ་ཚོགས་པའི་གདུབ་ཀོར་ལ་སོགས་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་ཤིན་ཏུ་ངོ་མཚར་བར་གྱུར་བའི་སྟོད་གཡོགས་དམར་པོ་བསྣམས་པ། གཡས་པ་བསྐུམ་བས་གནས་ཤིང་ལྷ་མོ་བཞིན་བསྐོར་བར་བསམ་པར་བྱ་བའོ། །ཤར་དུ་ནི་བཏྟཱ་ལི་སྟེ། གཡོན་བསྐུམ་


DTG076_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བས་གནས་པ། ཕྱག་བཞི་མ། ཕག་གདོང་གི་ཞལ་གཅིག་མ། སྐུ་མདོག་དམར་བ། གཡས་པ་ཁབ་དང་ལྕགས་ཀྱུ་བསྣམས་པ། གཡོན་པས་ནི་ཞགས་པ་དང་ལོ་མ་ཅན་ནོ། །ལྷོར་ནི་བ་དཱ་ལི་གཡས་བསྐུམ་པས་གནས་པ། ཕྱག་བཞི་མ། ཕག་གི་ཞལ་གཅིག་མ། མདོག་སེར་མོ། །གཡས་པས་མེ་ཏོག་དང་བཅས་པའི་མྱ་ངན་མེད་ཀྱི་ལོ་འདབ་དང་སྐུད་པ་དང་བཅས་པའི་ཁབ་བསྣམས་པ། གཡོན་པས་ཞགས་པ་དང་རྡོ་རྗེ་བསྣམས་པའོ། །ནུབ་ཏུ་ནི་པ་རཱ་ཧཱི་སྟེ་གཡོན་བསྐུམ་བས་གནས་པ། ཕྱག་བཞི་མ། ཕག་གི་ཞལ་གཅིག་མ། གཡས་ཀྱིས་ཁབ་དང་རྡོ་རྗེ་བསྣམས་པ། གཡོན་གྱིས་ཞགས་པ་དང་མྱ་ངན་མེད་འདབ་མ་དང་ལྡན་པ་བསྣམས་པའོ། །དེ་ཁོ་ན་བཞིན་དུ་བྱང་དུ་ཕག་གདོང་མ་དམར་མོ་ཉི་མ་ཤར་བའི་མདོག་དང་ལྡན་བས་ཤིན་ཏུ་འབར་བར་གྱུར་པ། གཡས་བསྐུམ་བའི་ཞབས་ཀྱིས་གནས་པ། ཕྱག་བཞི་མ་གཡས་ཀྱིས་མདའ་དང་རྡོ་རྗེ་བསྣམས་པ། གཡོན་པས་གཞུ་དང་མྱ་ངན་མེད་ལོ་མ་དང་ལྡན་པ་བསྣམས་བའོ། །དེ་དག་རྣམས་ཐམས་ཅད་ཀྱང་མཆོད་རྟེན་གྱི་གཞལ་ཡས་ཁང་ན་བཞུགས་པ་དང༌། སྣ་ཚོགས་བའི་རྒྱན་དང་ལྡན་བའི་རིན་པོ་ཆེའི་དབུ་རྒྱན་དང༌། སྟོད་ཤག་དམར་པོ་བསྣམས་བ་དང༌། སྤྱན་གསུམ་མ། སྣ་ཚོགས་པའི་རྒྱན་དང་ལྡན་པར་བསྒོམ་པར་བྱ་བའོ། །དེ་ནས་ཛཿ་ཧཱུཾ་བཾ་ཧོཿ་ས་ཡེ་ཤེས་སེམས་པ་གཞུག་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་མཉམ་པོར་བྱས་ལ་རྩེ་སྦྲེལ་བའི་སྙིམ་པ་བྱས་ཏེ། མཐེབ་མོ་གཉིས་དང་སྲིན་ལག་གཉིས་ཀྱིས་རྩེ་དབྱེ་བར་བྱ་ཞིང༌། སོར་མོ་དབུས་མ་ལ་ལེགས་པར་བརྟན་བས་གཞོན་ནུའི་རྣམ་པ་རྟགས་སུ་བྱས་པ་སྐྱིལ་ཀྲུང་གིས་ཉེ་བར་གནས་ལ། དེའི་ལྟེ་བའི་གནས་སུ་དགོད་བར་བྱ་བའོ། །དེ་ནས་བསྒོམ་པ་སྔོན་དུ་འགྲོ་བས་སྔགས་བཟླ་བར་བྱ་བའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཆད་ལྷག་གི་ཆོག་ནི་ཡི་གེ་བརྒྱ་པའི་སྔགས་ཀྱིས་དགང་བར་བྱ་བའོ། །ཨོཾ་བཛྲ་སཏྭ་བྱ་བ་ལ་སོགས་བ་ཡིན་ནོ། །གཤེགས་སུ་གསོལ་བའི་དུས་སུ་ནི་ཨོཾ་མཱ་རཱི་ཙྱཻ་མུཿ་བྱ་བ་དང་རང་གི་ཕྱག་རྒྱས་གཤེགས་སུ་གསོལ་བར་བྱ་བ་ཡིན་ནོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །མཁས་པ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་བསྒྱུར་བའོ།།


previousའོད་ཟེར་ཅན་གྱི་སྒྲུབ་ཐབས། next