Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ནག་པོའི་སྒྲུབ་ཐབས།  
   


 
previousམགོན་པོ་ནག་པོའི་སྒྲུབ་ཐབས། next

མགོན་པོ་ནག་པོའི་སྒྲུབ་ཐབས།


DTG076_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། མགོན་པོ་ནག་པོའི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྔར་བཤད་པའི་རིམ་པས། སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་ཡི་གེ་ཧཱུཾ་གི་དེ་ཁོ་ན་ཉིད་ཁ་དོག་ནག་པོ་ཡོངས་སུ་རྫོགས་པ་ལས། དཔལ་དང་ལྡན་པའི་རྗེ་བཙུན་མགོན་པོ་ནག་པོ་སྟེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ། སྤྱན་


DTG076_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། འབར་བ་ཆེན་པོ་གྲི་གུག་དང་ཐོད་པ་ཕྱག་གཡས་པ་དང་གཡོན་པས་འཛིན་པ། མགོ་བོའི་ཕྲེང་བས་རྒྱན་དུ་བྱས་པ། སྐྲ་ཁམ་པ་གྱེན་ལ་འཕྱུར་བ། སྐུ་ལ་དོ་ཤལ་དང་ལྡན་པ། མཆེ་བ་འཇིགས་པ་དང༌། ཡན་ལག་ཐམས་ཅད་ལ་འཇིགས་པ་ཆེན་པོ་དང་ལྡན་པའི་ལྟོ་འཕྱེས་བརྒྱན་པ། སྐུ་བོང་ཐུང་བ། ཞལ་ནས་ཁྲག་འཛག་པར་གྱུར་པར་བདག་ཉིད་སྐད་ཅིག་གིས་རྣམ་པར་རྫོགས་པར་བྱས་ལ། སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤཱི་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དུག་དང་ཁྲད་དང༌། ར་སོན་ཡུངས་ཀར་གྱིས་མགོན་པོ་ནག་པོ་ལ་བདུག་པ་ཕུལ་ལ། ཛ་ཕུ་ལི་ཤ་དང༌། ཆང་དང༌། མེ་ཏོག་དང༌། བྱུགས་པ་དང༌། ལྕགས་ཀྱུ་ལྔ་དང༌། བདུད་རྩི་རྣམས་ཀྱིས་མགོན་པོ་ནག་པོ་ལ་གཏོར་མ་དབུལ་བར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཤཱི་མ་ཀཱ་ལཱ་ཡ་ཤཱ་ས་ནཱ་ཨུ་པ་ཧཱ་རི་ཎེ་ཨེ་ཥ་ཨ་པ་ཤྩི་མ་ཀཱ་ཀོ་ཨ་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏི་ཛྙ་སྨར་སི་ཏ་དཱ་ཨི་དཾ། དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར་གྲྀཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། འདི་ལ་མངོན་སྤྱོད་ནི་འདི་ཡིན་ཏེ། ཚྭ་བ་གསུམ་གྱིས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། ལུས་ཚེས་མས་གང་བར་བྱས་ཏེ། དུག་དང་སྐྱེ་ཚེས་ཆོ་ག་བཞིན་དུ་བྲིས་ལ། མེ་ལ་གང་གི་མིང་ནས་བསྲོས་པ་དེ་ནི་དེའི་སྐད་ཅིག་ལ་མི་མཐོང་བར་འགྱུར་རོ། །སློབ་དཔོན་ལ་ནི་རྟག་ཏུ་ཞེ་སྡང་གང༌། །དཀོན་མཆོག་གསུམ་ནི་སྤོང་བར་བྱེད་གང་དང༌། །སེམས་ཅན་དུ་མ་གཙོ་བར་བྱེད་པ་རྣམས། །མགོན་པོ་ནག་པོས་ཟ་བར་བྱེད་པ་ཡིན། །དེ་ལུས་ཤ་ནི་གཅོད་པར་བྱེད་པ་དང༌། །ཁྲག་ཀྱང་འཐུང་བར་བྱེད་དང་དེ་བཞིན་དུ། །མགོ་པོ་ལ་ནི་རྣམ་པར་གནས་བྱས་ནས། །ཏིལ་ཙམ་དུ་ནི་གཅོད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གོ་བར་བྱ་བ་ཡིན་ནོ། །དཔལ་དང་ལྡན་པའི་མགོན་པོ་ནག་པོའི་སྒྲུབ་ཐབས་ཡོངས་སུ་རྫོགས་སོ།། །།བཎྜ་ཏ་ཨ་བྷ་ཡ་ལ་སོགས་བ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།སྙིང་པོ་རྟོག་མཁས་དག་གིས་འགལ་མེད་ཆོས་ཀྱང་འགལ་བར་རྟོགས་པའི་འགྲོ་དོན་བསྟན་འཇུག་རིམ་པར་བཅའ་བ་མཛད་མོད་ཀྱི། །བག་


DTG076_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་འགྱུར་དང་ཐེག་མཆོག་དུས་འདིར་རྒྱུད་བཞིའི་སྙིང་ཁུ་མཆོག་དང་མཆོག་མིན་དངོས་གྲུབ་རྣམས་ནི་སྒྲུབ་བྱེད་སྒྲུབ་པའི་ཐབས། །པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་དགེ་བ་སྐྱོན་བྲལ་དེས་ནི་སྐྱེ་དགུ་ཆོས་མཆོག་སྣོད་དང་བརྩོན་ལྡན་འབྲས་ཐོབ་ཤོག །དང་པོར་བདག་སོགས་སྒྲིབ་ཟད་སྔགས་པའི་ཆོས་ལྡན་སྐད་ཐབས་གང་གིས་འདུལ་བས་རྟག་ཏུ་ཆོས་ནི་སྟོན་གྱུར་ཅི་།མོས་པའི་ཁྱད་པར་གྱིས་རྒྱ་གར་ན་སྒྲུབ་ཐབས་བསྡུས་པ་འགའ་ཞིག་སྲིད་ན་ཡང་གཞུང་སྙན་དངགས་དང་ལྡན་པས་སཾ་སྐྲྀ་ཏ་མཆོག་ཏུ་གྱུར་ཅིང་དོན་བཟང་ལ་གདམས་ངག་ཆེ་བ་རྣམས་བསྡེབས་པ། ཨ་བྷ་ཡཱ་ཀཱ་རའི་ཕྱག་དཔེ་ལས་པཎྜི་ཏ་ཆེན་བོ་དེ་དག་དང༌། བ་ཚབ་ཀྱི་རིགས་སུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྔོན་གྱི་ཁྲིམས་ལས་མ་འདས་པར་བསྒྱུར་བའི་ཚད་དུ་བསྒྱུར་བའོ། །


previousམགོན་པོ་ནག་པོའི་སྒྲུབ་ཐབས། next