Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རལ་པ་གཅིག་མའི་སྒྲུབ་ཐབས།  
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརལ་པ་གཅིག་མའི་སྒྲུབ་ཐབས། next

རལ་པ་གཅིག་མའི་སྒྲུབ་ཐབས།


DTG077_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མའི་སྒྲུབ་ཐབས། རལ་པ་གཅིག་མ་ལ་ཕྱག་འཚལ་ལོ། །དེ་ནས་གཞན་ཡང་རབ་བཤད་བྱ། །རྟོག་པའི་མན་ངག་ཇི་བཞིན་དུ། །སྒྲོལ་མ་རལ་གཅིག་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཨོཾ་ཧཱུཾ་བཛྲཱཾ་གཻ་མ་མ་རཀྵ་རཀྵ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདིས་བདག་ཉིད་བྱིན་གྱིས་བརླབ་པར་བྱས་ནས་དང་པོར་རེ་


DTG077_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྣལ་འབྱོར་པས་ཁ་བསང་པ་ལ་སོགས་པ་བྱས་ནས་སྐྱེ་བོས་དབེན་པའི་དུར་ཁྲོད་སྟུག་པོ་དང་བཞི་མདོ་ལ་སོགས་པ་འགྲོ་བ་ཐམས་ཅད་མངོན་པར་སྤྲོ་ཞིང་མཉེས་གཤིན་པས་མཆོག་ཏུ་བདེ་བའི་སྟན་ལ་འདུག་ནས། རང་གི་སྙིང་གར་པདྨ་དམར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ནག་པོ་འོད་ཟེར་དང་བཅས་པ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་ནམ་མཁར་བླ་མ་དང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས་མཆོད་པར་བྱའོ། །སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས་བདག་ཉིད་ངེས་པར་དབུལ་བ་དང༌། ལམ་ལ་བརྟེན་པ་དང༌། ལྷག་པའི་བསམ་པ་རྣམ་པར་དག་པས་ང་རྒྱལ་དང་བདག་གིར་བྱེད་པ་ཡོངས་སུ་སྤངས་ཏེ་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་རྣམ་པར་བསྒོམ་པར་བྱའོ། །དེ་ནས་སེམས་ཙམ་ལ་གནས་པར་བྱའོ། །བྱང་ཆུབ་ཀྱི་ཚོགས་བསྒོམས་པས་སོ་སོར་སྣང་བ་ཙམ་གྱི་ཡེ་ཤེས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རང་དང་གཞན་སྟོང་པ་རྣམ་པར་བསྒོམས་ནས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པར་བྱའོ། །རཾ་ཡིག་ལས་མདུན་དུ་ཉི་མ་རྣམ་པར་བསྒོམས་ནས། ཉི་མ་དེ་ལས་ཧཱུཾ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །སྣ་ཚོགས་རྡོ་རྗེའི་ནང་དུ་ཉི་མའི་དཀྱིལ་འཁོར་རོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་རིན་པོ་ཆེ་སྒྲོན་མ་འཕྲོ་བ་ལྟ་བུའི་ཧཱུཾ་ཡིག་མི་གཡོ་བར་བསམ་པར་བྱའོ། །དེ་ནས་དེ་ལས་བྱུང་བའི་འོད་ཟེར་ཁ་དོག་སྣ་ཚོགས་པ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང་ལྗང་གུའི་ཚོགས་བ་སྤུའི་ཁུང་ནས་རྣམ་པར་འཐོན་ནས་པཾ་ཡིག་དམར་པོ་ལས་སྐྱེས་པའི་པདྨ་དམར་པོ་ལ་སྐུ་མདོག་དམར་པོའི་རྣམ་པར་སྣང་མཛད་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱིས་ཤར་ལ་སོགས་པའི་ཕྱོགས་རྣམ་སུ་རིམ་པས་གཤིན་རྗེ་མཐར་བྱེད་ལ་སོགས། པ་རྣམས་དེ་ལ་བཞུགས་ནས་དོ་ཉིད་ཀྱི་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་ནས་ཡང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསམ་པར་བྱའོ། །དེ་རྣམས་དེ་བཞིན་དུ་རབ་ཏུ་གཞུག་པར་བྱའོ་ཞེས་པ་ནི་སངས་རྒྱས་ཉེ་བར་སྤུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་སྙིང་རྗེའི་རླན་གྱིས་སྙིང་


DTG077_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གར་རིམ་པ་ཇི་ལྟ་བ་བཞིན་དུ་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དང་མི་དང་ལྷ་མ་ཡིན་དང༌། ལྷ་རྣམས་བལྟས་ནས་དེ་ནས་དེ་ལས་བྱུང་བའི་འོད་ཟེར་སྣ་ཚོགས་པས་ཡང་དག་པར་རེག་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་སྐུར་བསྐྱེད་ཅིང་དེ་ལ་དེ་བཞིན་དུ་རབ་ཏུ་གཞུག་པར་བྱའོ་ཞེས་པའི་དོན་ནི་དམ་ཚིག་སེམས་དཔའ་ཉེ་བར་སྒྲུབ་པ་ཞེས་པའི་ཏིང་ངེ་འཛིན་ཏོ། །དེ་ནས་ནམ་མཁའི་ཕྱོགས་སུ་པཾ་ཡིག་དམར་པོ་ལས་སྐྱེས་པའི་ཆུ་སྐྱེས་དམར་པོ་སྣ་ཚོགས་པའི་འདབ་མ་དང་གེ་སར་གྱིས་བརྒྱན་པ་ལ་དེའི་དབུས་སུ་རཾ་ཡིག་དམར་པོ་ཡོངས་སུ་གྱུར་བ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་ཧཱུཾ་ཡིག་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྒྱས་པ་ནས་ཀྱི་ཚད་ཙམ་རྡོ་རྗེའི་རང་བཞིན་འོད་ཟེར་རྣམས་བརྐྱང་བས་བདུད་ཀྱི་དཔུང་ཐམས་ཅད་འཇོམས་པ་དང་ལྡན་པར་རྣམ་པར་བསམ་པར་བྱའོ། །དེ་ནས་དེའི་སྟེང་དུ་སོང་སྟེ་དེས་རྡོ་རྗེའི་གུར་དང༌། ལོགས་སུ་སོང་སྟེ་དེས་རྡོ་རྗེའི་རབ་དང༌། རྡོ་རྗེའི་བླ་བྲེའོ། །འོག་ཏུ་སོང་སྟེ་དེས་རྡོ་རྗེའི་རང་བཞིན་གྱིས་གཞི་རུ་བྱའོ། །དེ་ནས་དེའི་དབུས་སུ་སྟོན་ཀའི་ཟླ་བ་དཀར་པོའི་བུ་གའི་ནད་དུ་སྤྱི་བོར་གནས་པ་ཟུར་གསུམ་པ་ཨེ་ཡིག་ལས་སྐྱེས་པའི་ཆོས་འབྱུང་བསྒོམ་པར་བྱའོ། །དེ་ལ་ནམ་མཁའི་མཐིལ་དུ་སོན་པའི་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་ལྟ་བུ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་ར་ཡིག་ལས་སྐྱེས་པའི་ཟུར་གསུམ་སེར་པོ་ར་ཡིག་གིས་མཚན་པའི་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བཾ་ཡིག་ཡོངས་སུ་གྱུར་པའི་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་འཁོར་ལོའི་རྣམ་པ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་ཁ་དོག་ལྗང་གུ་གྲུ་བཞི་སྣ་ཚོགས་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་སུཾ་ཡིག་ཡོངས་སུ་གྱུར་པ་ལས་རིའི་རྒྱལ་པོ་རི་རབ་ཆེན་པོ་རིན་པོ་ཆེ་བཞིའི་རང་བཞིན་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་སྐད་ཅིག་གིས་ཆུ་སྐྱེས་དམར་པོ་འདབ་མ་སྣ་ཚོགས་པ་ཇི་སྲིད་འདོད་པའི་རྒྱ་ལ། དེའི་ཟེའུ་འབྲུ་ལ་ཉི་མ་དང་ཟླ་བ་ཡང་དག་པར་སྦྱོར་བའི་དབུས་སུ་ཧཱུཾ་ཡིག་གོ །ཧཱུཾ་ལས་བདག་ཉིད་བསྒོམ་པར་བྱའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཧཱུཾ་ཡིག་ནག་པོའོ། །ཡང་ཧཱུཾ་ཡིག་ནག་པོ་


DTG077_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་བ་ལས་སྐྱེས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་ཉི་མ་དང་ཟླ་བ་ཡང་དག་པར་སྦྱོར་བའི་དབུས་སུ་ཆོས་འབྱུང་ནམ་མཁའི་ནང་དུ་སོང་བའི་ཧཱུཾ་ཡིག་ནག་པོ་བསམ་པར་བྱའོ། །དེ་ལ་ཨཱཿཡིག་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པ་ཆེན་པོ་སྐུ་མདོག་དཀར་པོ་བསམ་པར་བྱ་སྟེ། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། བསམ་གཏན་ལ་གནས་པའི་བདག་ཉིད་དོ། །དེའི་ཐུགས་ཀར་ཧཱུཾ་ཡིག་ནག་པོ་འོད་ཟེར་སྣ་ཚོགས་འཕྲོ་བས་ཕྱོགས་བཅུའི་མཐར་ཐུག་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་རྣམས་དང༌། ཁྲོ་བོ་ལ་སོགས་པ་རྣམས་ཡང་དག་པར་བསྐུལ་ནས་སླར་འོང་སྟེ། དེ་ལ་དེ་བཞིན་དུ་ཉི་མ་ལ་རབ་ཏུ་ཞུགས་པར་བསམ་པར་བྱའོ། །དེ་ལ་དེ་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོ་གང་ལ་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་དང་རོ་གཅིག་ཏུ་གྱུར་ནས་ཉི་མ་ལ་རབ་ཏུ་ཞུགས་པར་བལྟ་བར་བྱའོ། །འོད་ཟེར་འབར་བས་དཔག་ཚད་སྟོང་དུ་ཁྱབ་པའོ། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་འོད་ཟེར་སྣ་ཚོགས་དང་ཡང་དག་པར་ལྡན་པའོ། །དེ་ནས་ཧཱུཾ་ཡིག་ལས་འོད་ཟེར་འཕྲོ་བར་བལྟ་ཞིང་སླར་ཡང་དེ་ལ་དེ་བཞིན་དུ་ཞུགས་ཏེ། དེ་བཞིན་དུ་ཡི་གེའི་རྣམ་པར་གྱུར་པ་ལས་རྡོ་རྗེ་ནག་པོ་ཆེན་པོ་ཐོང་བ་དཀར་པོ་ལ་གནས་པ་འོད་ཟེར་སྣ་ཚོགས་འཕྲོ་བར་བསམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང༌། རིག་པའི་ལྷ་མོ་རྣམས་ཀྱིས་ནམ་མཁའི་མཐིལ་ཏིལ་གྱི་གང་བུ་བཞིན་དུ་ཉི་མ་ལ་བཞུགས་པར་བལྟ་བར་བྱའོ། །སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་ནས་སླར་འོངས་ཏེ་རྡོ་རྗེའི་གཟུགས་ལ་རབ་ཏུ་ཞུགས་པར་བལྟ་བར་བྱའོ། །རྡོ་རྗེའི་གཟུགས་དེ་ལ་དེ་བཞིན་དུ་ཞལ་བཅུ་གཉིས་པ། སྐུ་མདོག་ནག་མོ་ཕྱག་ཉི་ཤུ་རྩ་བཞི་པ། བདུད་བཞི་མནན་པ། ཐོད་པ་དཀར་པོའི་སྟེང་ན་ཞབས་གཡོན་བརྐྱང་གིས་བཞུགས་པ། བསྐལ་པ་ཆེན་པོའི་མེ་དང་མཚུངས་པ། བཞིན་


DTG077_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་པ་ཞལ་གདངས་ཤིང་ལྗགས་བརྐྱང་པ། ཁྲོ་ཞིང་མི་སྡུག་པ་ཤིན་ཏུ་འཇིགས་པ། ཁྲོ་གཉེར་བསྡུས་པ། མིག་ཟླུམ་ཞིང་གཡོ་བ། འཇིགས་ཤིང་འཇིགས་པར་བྱེད་པ། ཐོད་པའི་ཕྲེང་བས་དབུ་བརྒྱན་པ་སྦྲུལ་གྱིས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། ཞལ་དང་པོ་ནི་ནག་པོ་ཆེན་པོའོ། །དེ་བཞིན་དུ་གཡས་ཀྱི་ལྔ་ནི་དཀར་པོ་དང༌། སེར་པོ་དང༌། ལྗང་གུ་དང༌། དམར་པོ་དང༌། དུ་བའི་མདོག་ལྟ་བུའོ། །གཡོན་གྱི་ཞལ་ནི་དམར་པོ་དང༌། དཀར་པོ་དང༌། སེར་པོ་དང༌། ལྗང་གུ་དང༌། དཀར་དམར་རྣམས་སོ། །སྟེང་གི་ཞལ་ནི་དུ་བ་ཆེན་པོའི་མདོག་ལྟ་བུ་མི་སྡུག་པ། ཞལ་ཐམས་ཅད་ཁྲོ་ཞིང་མཆེ་བ་གཙིགས་པ། ཞལ་རྣམས་ནི་སྤྱན་གསུམ་པའོ། །སྐྲ་དམར་སེར་གྱེན་དུ་བརྫེས་པ། ཁྲོ་བ་དང་བཅས་ཤིང་ཐུང་ལ་ལྟོ་བ་འཕྱང་བ། ནུ་མ་རྒྱས་ཤིང་སྟེང་དུ་མཐོ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡས་ཀྱི་ཕྱག་བཅུ་གཉིས་རྣམས་ན་རལ་གྲི་དང༌། རྡོ་རྗེ་དང༌། འཁོར་ལོ་དང༌། རིན་པོ་ཆེའི་འཁྲི་ཤིང་དང༌། ལྕགས་ཀྱུ་དང༌། མདའ་དང༌། མདུང་དང༌། ཐོ་བ་དང༌། གཏུན་ཤིང་དང༌། གྲི་གུག་དང༌། ཌ་མ་རུ་དང༌། བགྲང་ཕྲེང་རྣམས་བསྣམས་པའོ། །གཡོན་གྱི་ཕྱག་བཅུ་གཉིས་རྣམས་ན། གཞུ་དང་ཞགས་པ་དང༌། སྡིགས་མཛུབ་དང༌། བ་དན་དང་དབྱུག་པ་དང༌། རྩེ་གསུམ་དང། ཆང་སྣོད་དང༌། ཨུཏྤ་ལ་དང༌། དྲིལ་བུ་དང༌། སྟ་གྲི་དང༌། ཚངས་པའི་མགོ་བོ་དང༌། ཐོད་པ་བསྣམས་པའོ། །ཤིན་ཏུ་དགྱེས་ཤིང་རོའི་གདན་ལ་བཞུགས་པ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། ལང་ཚོ་གཞོན་ཞིང་ཕུན་སུམ་ཚོགས་པ། ཧཱ་ཧཱ་ཊཱའི་གད་རྒྱངས་སྒྲོགས་པ། རལ་པ་གཅིག་མའི་སྐྲ་ཁམ་པ་གྱེན་དུ་བརྫེས་པ་བསམ་པར་བྱའོ། །སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པའོ། །ཨོཾ་ཨཱཿཧཱུཾ་ཞེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཧྲཱིཿཏྲུཾ་ཧཱུཾ་རླུང་དང་ཆུ་དང༌། དབང་ཆེན་དང༌། མེའི་དཀྱིལ་འཁོར་རྣམས་ལ་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་དེ་ལྟ་བུར་གྱུར་པ་ལ་སྔགས་པས་སླར་ཡང་ནམ་མཁའི་མཐིལ་དུ་ཡེ་ཤེས་ཀྱི་འཁོར་ལོ་གདན་དྲངས་ཤིང་མདུན་དུ་སྤྲོས་ནས་ཕྲེང་བ་བཞིན་དུ་རང་གི་དམ་ཚིག་སེམས་དཔའི་འཁོར་ལོ་ལ་རབ་ཏུ་གཞུག་པར་བྱའོ། །བཅུག་ནས་གཅིག་ཏུ་བྱས་ཏེ་ལྷ་རྣམས་ཀྱི་ང་རྒྱལ་བསྐྱེད་ནས་རང་གི་ཡུལ་ལ་འོད་ཟེར་གྱི་ཚོགས་བྱུང་སྟེ། དེ་བཞིན་


DTG077_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་རྣམས་དང༌། ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་ཞིང༌། སྣ་ཚོགས་པའི་མཆོད་པ་ཁྱད་པར་ཅན་རྣམས་ཀྱིས་ཡང་དག་པར་མཆོད་པ་བྱེད་པར་བདག་ཉིད་བསྒོམ་པར་བྱའོ། །གཙུག་ཏོར་དུ་ཧཱུཾ། དཔྲལ་བར་ཨོཾ་མགྲིན་པར་ཨཱཿསྙིང་གར་ཧྲཱིཿལྟེ་བར་ཏྲཱཾ་ལྟེ་བའི་འོག་ཏུ་ཧཱུཾ། གསང་བར་ཏྲཱཾ། རྐང་པ་དག་ལ་ཨོཾ་ཨཱཿཕཊ་སྭཱཧཱ། ཞེས་པ་རྣམས་ཡན་ལག་རྣམས་ལ་དགོད་པར་བྱའོ། །དེ་ལྟ་བུར་གྱུར་པའི་དམ་ཚིག་གི་ཆོ་ག་འདིས་སྔགས་ཀྱི་ཡི་གེ་རྣམས་ཀྱང་ཉེ་བར་བརྗོད་ཅིང་དེ་རྣམས་ལྷ་མོ་རྣམས་ཀྱི་ཞལ་ལས་བྱུང་བའི་འོད་ཟེར་རྣམས་རང་གི་སྙིང་གར་རབ་ཏུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་འཐོན་ཏེ་ལྷ་མོའི་པདྨའི་ནང་དུ་རབ་ཏུ་ཞུགས་ནས། སླར་ཡང་ལྷ་མོའི་ཞལ་ནས་རང་གི་ཁར་ཞུགས་ཤིང་རིམ་པ་འདིས་རྒྱུན་མཆད་པར་སྔགས་རྣམས་འཁོར་བར་བྱའོ། །དེ་བཞིན་དུ་ཇི་སྲིད་མི་ངལ་གྱི་བར་དུ་བཟླས་པར་བྱའོ། །དེ་ནས་རང་གི་སྙིང་གའི་འོད་ཟེར་གྱི་ཚོགས་ཀྱི་རྣམ་པའི་རིམ་པས་ཇི་སྲིད་མར་མེའི་རྩེ་མོ་བཞིན་དུ་དམིགས་པ་མེད་པར་བྱའོ། །ཇི་ལྟར་གསུངས་པའི་ཨུཏྤ་ལའི་ཕྱག་རྒྱ་བཅིངས་ནས་སྤྱི་བོ་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བའི་འོག་དང། གསང་བ་དང༌། རྐང་པ་གཉིས་རྣམས་ལ་རྣམ་པར་བཀོད་པའི་སྔགས་མཚན་མ་མེད་པའི་སྦྱོར་བས་བཟླས་པར་བྱའོ། །དེ་ལ་སྔགས་འདིའོ། །ཧྲཱིཾ་ཏྲཱིཾ་ཧཱུཾ་ཕཊ། རྩ་བའི་སྔགས་སོ། །ཨོཾ་ཧྲཱིཾ་ཏྲཱིཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཧྲཱིཾ་ཏྲཱིཾ་ཧཱུཾ་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་སོ། །དེ་བཞིན་དུ་རྣམ་པར་བསམས་ནས་བརྟན་པར་བྱས་ཏེ་བདག་ཉིད་བསྒོམ་པར་བྱའོ། །ཡང་ན་རི་མོ་བཀྲམ་ནས་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། །སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ནས་བཅུ་ཆའི་སྦྱིན་སྲེག་བྱའོ། །དཔལ་གྱི་འབྲས་བུ་དང༌། ལོ་མའམ། ཨརྐ་དཀར་པོའི་མེ་ཏོག་དང་ཀ་ར་བཱི་ར་དཀར་པོའི་མེ་ཏོག་ཀྱང་རུང་སྟེ་བའི་མར་དང་སྦྱིན་སྲེག་བྱའོ། །ཇི་ལྟར་རས་རིས་ཀྱི་ཆོ་གས་རི་མོ་བྲིས་ནས་མཆོད་པ་དང༌། བསམ་གཏན་དང༌། བཟླས་པ་བྱའོ། །མཚམས་མེད་པ་ལྔ་བྱེད་པས་ཀྱང་བྱེ་བ་བཟླས་པས་འགྲུབ་པར་འགྱུར་རོ། །དངོས་པོ་ཐམས་ཅད་རང་བཞིན་མེད་པར་བྱས་ནས་སྐད་ཅིག་གིས་སྙིང་གར་ཆུ་སྐྱེས་ཀྱི་སྟེང་དུ་ཉི་མ་དང་ཟླ་བའི་


DTG077_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཧཱུཾ་ཡིག་དམར་པོ་ཤིན་ཏུ་ཕྲ་བའི་གཟུགས་ཅན་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་ཐིག་ལེའི་གཟུགས་ཅན་ཧཱུཾ་ཡིག་གིས་བརྒྱན་པ། རྡོ་རྗེ་དང་མིའི་སྣ་ལ་བསམ་པར་བྱའོ། །ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་བ་རོལ་ཞིང་ཁྲོ་བ། ཕྱག་རྒྱ་དྲུག་དང་ལྡན་པ་ཆོས་འབྱུང་གི་ནང་དུ་སོན་པ་དང༌། རོ་ལ་གནས་པ། ཞབས་སྟེང་དང་འོག་ཏུ་གནས་པ། གྲི་གུག་དང༌། ཐོད་པ་བསྣམས་པ། ཁྲོ་བ་དང་བཅས་པ་ཉིན་དང་མཚན་དུ་བསྒོམ་པར་བྱའོ། །འོད་ཟེར་འབར་ཞིང་མཆེ་བ་གཙིགས་པ་རལ་པ་གཅིག་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།།


previousརལ་པ་གཅིག་མའི་སྒྲུབ་ཐབས། next