Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད།next

གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད།


DTG079_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་ཨ་པ་ར་ཛེ་རྟ་སཱ་བྷ་ནཾ་ཏནྟྲ། བོད་སྐད་དུ། གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད། དཔལ་ཕྱག་ན་དོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་བདག་གི་སྒྲུབ་ཐབས་འདི་གསུངས་སོ། །ནོར་རྒྱས་པར་འདོད་པ་གང་དག་གིས་གནས་དབེན་ཞིང་ཉམས་དགའ་བའི་སར་མཎྜལ་ལེགས་པར་བྱས་ཏེ། དེར་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། བྱུག་པ་དང༌། བཤོས་དང༌། སིལ་སྙན་བཀོད་པའི་དབུས་སུ་བུམ་པ་མཛེས་པ་འོ་མ་དང༌། སྨན་དང༌། འབྲུ་དང༌། རིན་པོ་ཆེ་དང༌། སྤོས་དང༌། སྙིང་པོ་དང༌། ཆུས་བཀང་སྟེ་ལྡུམ་ལྕུག་དང་བཅས་པ་སྣམ་བུ་གཙང་མས་


DTG079_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲིས་ཏེ། སྲད་བུ་སྔོན་པོ་བཏགས་ལ་ཕྱག་ན་རྡོ་རྗེ་བསྙེན་པར་བྱ་སྟེ། ཡིད་བཞིན་ནོར་བུ་འབུམ་དུ་བཟླས་ལ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། དེ་ནས་ནོར་ལྷ་ཉིད་བསྒྲུབ་པ་ནི་ཁང་བུ་ཤིན་ཏུ་དབེན་པར་དཀྱིལ་འཁོར་གྲུ་བཞི་ལ་བའི་རྣམ་ལྔས་བྱུགས་ཏེ། དེ་ལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་བྲི། ལྟེ་བ་དཀར་པོ་འདབ་མ་བརྒྱད་སེར་པོར་བྱའོ། །དེ་ལ་རིན་པོ་ཆེའི་མེ་ཏོག་དགྲམ། དབུས་སུ་བུམ་པ་དགོད་།སྟེང་དུ་སྐུ་གཞག །མདུན་དུ་ཟན་དཀར་པོའི་གཏོར་མ་དཀར་གསུམ་དང༌། མངར་གསུམ་ཚོད་མ་སྣ་ཚོགས་དང་དྲི་དང་རྩི་སྨན་གྱིས་བརྒྱན་ཏེ་གཞག་གོ །མཆོད་པའི་རྫས་དག་ཀྱང་དགོད་ལ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དཔལ་ཕྱག་ན་རྡོ་རྗེ་བསྐྱེད་རིམ་ཇི་ལྟ་བ་བཞིན་བསྒོམས་པའི་མདུན་དུ་པཾ་ལས་རིན་པོ་ཆེའི་པདྨའི་ལྟེ་བ་ལ་ཧྲཱིཿ་དཀར་དམར་ལས་སྐྱེས་པའི་ནོར་ལྷ་ཞལ་གཅིག་ཕྱག་གཉིས་པ། དཀར་ཞིང་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་པས་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་གྱིས་རིན་ཆེན་བཻ་ཌཱུཪྻའོ། །རིན་པོ་ཆེའི་གདན་ལ་འབབ་བཞུགས་ཀྱིས་སྐྱིལ་ཀྲུང་དུ་བཞུགས་པ། གསུས་པོ་ཆེ་བྱིས་པའི་གཟུགས་ལྟ་བུ་ཅན། བཞིན་མཛེས་པ་སྤྱན་འབུར་ལ་ཆེ་བ། རིན་པོ་ཆེའི་རྒྱན་གྱིས་ཀུན་དུ་བཀླུབས་པའི་དམ་ཚིག་གི་གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པ་བསམས་ལ། བདག་དང་གཡོག་པོའི་དཔྲལ་བར་ཨོཾ། མགྲིན་པར་ཧྲིཾ། སྙིང་གར་ཕྲིཾ། ལྟེ་བར་ཧཱུཾ། གསང་བར་ཕཊ་ཀྱིས་བསྲུངས་ཏེ་ཡེ་ཤེས་དགུག་གཞུག་བྱའོ། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཀུན་གྱི་རྒྱལ། །གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པ། །གནས་འདིར་མཆོད་པ་འབུལ་གྱིས་མྱུར་དུ་སྦྱོན། །བདག་ལ་ཟས་ནོར་སྩོལ་ཞིང་བཞུགས་སུ་སྦྱོན། །ཨེ་ཧྱེ་ཧི་ཡཀྵ་ཨ་པ་རཱ་ཛི་ཏ་ས་པ་རི་ཝཱ་ར་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུཾ་ཛ། དེས་ནི་མདུན་དུ་བྱོན་པར་བལྟས་ཏེ། བདུད་བསལ་བའི་ཕྱིར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱའམ་ཡུངས་ཀར་འཕང་ཞིང་ཨོཾ་ཨཱཿཔི་གྷྣཱན་ཏ་ཀྲྀཏ་ཧཱུཾ་ཕཊ་ཅེས་པས་རྣམ་པར་ཕྱེ་ནས་མཆོད་ཡོན་ཕུལ་ཏེ། དམ་ཚིག་ལ་མངོན་པར་བཅུག་ལ་མཆོད་པ་ཕུལ་ནས་བསྟོད་པ་བྱས་ཏེ། ཨོཾ་གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པ། །ཞལ་གཅིག་ཕྱག་གཉིས་བྱིས་པའི་གཟུགས་འདྲ་ཅན། །ཕྱག་གཡོན་ཡིད་བཞིན་རིན་ཆེན་


DTG079_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུཪྻ། །ཐུགས་ཀར་འཛིན་མཛད་མི་ཟད་ནོར་གྱི་བདག །ཕྱག་གཡས་ལྕགས་ཀྱུ་འཛིན་ཞིང་རྒྱལ་པ་དང༌། །བཙུན་མོ་ལ་སོགས་དགུག་དང་དབང་དུ་མཛད། །དུང་མདོག་འོད་འཕྲོ་རིན་ཆེན་རྒྱན་མཛེས་ལྡན། །རིན་ཆེན་གདན་ལ་རྒྱལ་སྲས་སྐྱིལ་ཀྲུང་བཞུགས། །འཇིག་རྟེན་ཟས་ནོར་ཀུན་གྱི་བདག་པོ་སྟེ། །གང་གིས་ཁྱོད་བསྒྲུབ་ཕོངས་པའི་འཇིགས་སེལ་མཛོད། །ནོར་ལྷའི་རྒྱལ་པོ་བཀྲ་ཤིས་འབྱུང་བའི་གནས། །འཇམ་པའི་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ། །དེའི་རྗེས་ལ་རྒྱལ་བ་སྲས་བཅས་མཆོད་ལ། དེ་དག་གིས་ལྷ་མོ་མངོན་པར་སྦྲུལ་ཏེ་བུམ་པ་ལྷའི་བདུད་རྩིས་བཀང་བས་མངོན་པར་བཀྲུས་པར་བསམ་མོ། །སྤྱི་བོར་དཔལ་ཕྱག་ན་རྡོ་རྗེས་རྒྱས་གདབ་བོ། །དེ་ནས་སྙིང་པོའི་སྔགས་འདི། སྐད་ཆེ་བར་མ་ཡིན་ཆུང་བར་མ་ཡིན་མྱུར་བར་མ་ཡིན་བུལ་བར་མ་ཡིན་པར་སྨྲ་བ་བཅད་ཅིང་རྣམ་པར་གཡེང་པ་ལ་སོགས་པ་སྤངས་ཏེ་བཟླས་སོ། །ཨོཾ་ཧྲིཾ་ཕྲིཾ་ཨ་པ་ར་ཛི་ཏ་ཛ་ཛ་ཧཱུཾ་ཕཊ། བཟླས་པ་གཏོང་བའི་དུས་སུ་མཆོད་པ་ཕུལ་ལ་གཏོར་མ་ཡང་སྦྱིན་ཏེ། གཏོར་སྣོད་བྷྲཱུཾ་ལས་རིན་པོ་ཆེར་བསམ། གཏོར་མ་ཨོཾ་གྱིས་སྦྱངས། ཨཱཿཡིས་སྦར། ཧཱུཾ་གིས་བདུད་རྩིར་བསྒྱུར་ཏེ་ཕྱག་ན་རྡོ་རྗེ་ལ་རང་སྔགས་ཀྱིས་དབུལ། གནོད་སྦྱིན་ནོར་ལྷ་ལ་སྔགས་ཨོཾ་ཧྲི་ཛ་ཡཀྵ་ཨ་པ་ར་ཛི་ཏ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་དཾ་བ་ལིཾ་བྷཀྵ་ཡཾ། མ་མ་བ་སུ་པུཥྚིཾ་ཀུ་རུ་སརྦ་ཛ་ག་བ་ཤིངྐུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་དང༌། ཚིགས་སུ་བཅད་པས་ཀྱང་བསྔོས་ལ། བསྟོད་པ་བྱ་ཆོས་བཤད་དེ་ཕྲིན་ལས་བཅོལ། ཨོཾ་བྷཱུ་ཏ་ཧྲི་ཡ་པ་ར་ཛི་ཏ་རཏྣ་ན་མ་སརྦ་ཏྲི་སམྤ་ཏི་སྭཱ་ཧཱ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་ཏེ་བསྐུལ་ལོ། །དེ་ནས་དགེ་བ་བསྔོས་ལ་ཨ་པ་ར་ཛི་ཏ་བཛྲ་མུཿ། ཞེས་པས་གཤེགས་སུ་གསོལ་ལོ། །ཐུན་གཉིས་པ་ལ་སོགས་པ་ལ་དམ་ཚིག་ཆིག་རྫོགས་སུ་བསྐྱེད་ལ། ཡེ་ཤེས་དགུག་པ་ལ་སོགས་པ་སྔར་བཞིན་དུ་བྱའོ། །ཚེས་གཅིག་ནས་བཅོ་ལྔའི་བར་དུ་བསྒྲུབ་བོ། །བཅོ་ལྔའི་ཞག་གི་དང་པོ་ནས་ཐོ་རངས་ཀྱི་བར་དུ་སྔགས་རྒྱུན་མ་ཆད་པར་བཟླས། ལྕེ་པོག་དཀར་པོའི་བདུག་པ་དབུལ། ཐོ་རངས་གྲུབ་པའི་རྟགས་སྣང་བ་ནི་རབ་གཟུགས་མངོན་སུམ་དུ་སྟོན་ཏེ་བདག་གིས་ཇི་ལྟར་བྱ་ཟེར་ཏེ་སྒྲུབ་པ་པོས་བདག་གི་བཀའ་ཉོན་


DTG079_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱའོ། །མནའ་བསྒག་དམ་ཆུ་བླུད་ཅི་འདོད་པ་བཅོལ། རྒྱལ་མཚན་གྱི་ཕྱག་རྒྱ་བསྟན་ཏེ་ཕན་ཆད་བཀའ་ཉན་ཏེ་དེ་ལ་ཞོན་ནས་ཚངས་པའི་འཇིག་རྟེན་མཐོང་ངོ༌། །ལྷའི་གནས་སུ་བསྐྱལ་ནས་ལྷའི་དབང་པོས་དབང་སྐུར་བར་བྱེད་དོ། །འབྲིང་སྒྲ་དང་དུཾ་ག་ཆེན་འོང༌། གཟུགས་སྒྲ་གང་བྱུང་ཡང་སྐྲག་པར་མི་བྱའོ། །དེ་ལྟ་བུའི་མཚན་མ་མ་བྱུང་ན་ནམ་ལངས་པའི་དུས་སུ་རྨི་ལམ་བརྟག །དེས་མ་གྲུབ་ན་ཕྱི་མའི་ཟླ་བ་ལ་དེ་བཞིན་དུ་བསྒྲུབ། དེས་ཀྱང་མ་གྲུབ་ན་ཡང་ཕྱི་མའི་ཟླ་བ་ལ་བསྒྲུབ་བོ། །དེ་ནས་དངོས་གྲུབ་ནི་རབ་རིག་པའི་རྒྱལ་པོའི་དབང་ཐོབ་བོ། །འདོད་པའི་དོན་ཐམས་ཅད་འགྲུབ་བོ། །ལྷ་དང། མི་དང༌། གདོན་ཐམས་ཅད་དབང་དུ་འགྱུར། དགྲ་དང་ནད་ཐམས་ཅད་ཞི་བར་བྱེད་དོ། །ཚེ་རིང་བ་བསྐལ་པ་བདུན་ཐུབ་པར་འགྱུར། ནོར་མང་བ་ཟད་པ་མེད་ཅིང་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བར་འབྱོར་རོ། །གལ་ཏེ་གནོད་པར་བྱེད་པ་བྱུང་ན་ཡང་ཁྲོས་པ་ཙམ་གྱིས་དེ་མ་ཐག་ཏུ་འཆི་བར་བྱེད་དོ། །འབྲིང་ནི་ལྟ་སྒོམ་གྱི་ཉམས་མྱོང་སྐྱེ། བུད་མེད་ཐམས་ཅད་དབང་དུ་འགྱུར་ཞིང་ནོར་གྱིས་ཕྱུག་པར་འགྱུར། བཀྲ་ཤིས་པར་བྱེད་པ་དང་དགྲ་འཆི་བར་ཡང་བྱེད་དོ། །ཐ་མ་ཡང་ནོར་འཕེལ་པར་བྱེད་ཅིང་དགྲ་འཆི་བར་འགྱུར་རོ། །གྲུབ་ནས་རྟག་ཏུ་བསྟེན་པ་ནི་ཟླ་བ་ཉ་གང་བ་ཐམས་ཅད་ལ་གཏོར་མ་གཏང་བར་བྱའོ། །དངོས་གྲུབ་གང་བྱུང་བ་དེ་ཆ་དྲུག་ཏུ་བགོས་ཏེ་བླ་མ་དང་དཀོན་མཆོག་གསུམ་སྤྱི་དང༌། སེམས་ཅན་དག་ལ་ཆ་རེ་རེ་སྦྱིན། ཕྱེད་ཀྱིས་སྒྲུབ་པ་པོའི་འཚོ་བ་བྱའོ། །སྒྲུབ་པའི་དུས་སུ་ཟས་དཀར་གསུམ་བཟའ་ཞིང་གཙང་སྦྲ་དང་ལྡན་པར་བྱའོ། །རྟག་ཏུ་ཁྲུས་ལ་བརྩོན་པར་བྱའོ། །འདི་གྲུབ་ན་ཡོན་ཏན་དཔག་ཏུ་མེད་དོ། །འདི་ལ་གདེང་བཞི་དང་ལྡན་པས་འགྲུབ་སྟེ། མགོ་གནོན་ཡེ་ཤེས་བསྙེན་པའི་གདེང༌། ཡང་དག་ལྟ་བའི་གདེང༌། མི་ཉམས་པ་དམ་ཚིག་གི་གདེང༌། ཐེ་ཚོམ་མེད་པ་ངེས་པའི་གདེང་ངོ༌། །དེ་ལ་ལྟ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །དམ་ཚིག་ནི་བླ་མ་མཉེས་པར་བྱ་ཞིང་གསང་ལ་སྒྲུབ་སྟེ། གཞན་ལ་ཐབས་འདི་བསྟན་པར་མི་བྱའོ། །གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་བླ་མ་ཛཱ་མཱ་རིས་བསྒྱུར་བའོ།།


previousགནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད།next