Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཎྜལ་གྱི་ཆོ་ག། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་གྱི་ཆོ་ག། next

མཎྜལ་གྱི་ཆོ་ག།


DTG079_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །མཎྜལ་བི་དྷིཿ། བོད་སྐད་དུ། །མཎྜལ་གྱི་ཆོ་ག །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུས་གྱུར་པ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཇམ་དཔལ་གཞོན་ནུ་ལ། །ཕྱག་འཚལ་མཎྜལ་ཆོ་ག་བཤད། །མཎྜལ་བསྡུ་ན་རྣམ་གཉིས་ཏེ། །ཡིད་ཀྱིས་བསམ་དང་དངོས་བྱེད་པའོ། །ཡིད་ཀྱིས་དབུལ་བ་ཡིད་ཀྱིས་ཡིན། །དངོས་བྱེད་ཡན་ལག་དགུ་རྫོགས་དབུལ། །རྒྱུ་རྐྱེན་སྔོན་འགྲོ་མཚམས་དང་ཚད། །དབྱིབས་དང་ཁ་དོག་བྱིན་རླབས་རྒྱན། །ས་བཟང་བྱེ་མ་ལྕི་བ་ལ། །སྲོག་ཆགས་ལ་སོགས་བསལ་བ་ལས། །འཇིམ་པ་ལེགས་པར་བསྒྲུབ་པར་བྱ། །དེ་ནས་ཚད་མེད་སྟོང་ཉིད་བསམ། །བདུད་རྩི་འཁྱིལ་པའི་སྔགས་འདི་ཡིས། །ཐོག་མར་མཚམས་བཅད་བདག་ཉིད་བསྲུང༌། །ཨོཾ་ཨྀ་མྲ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞེང་དུ་ཁྲུ་གང་ཡན་ཆད་ཚད། །དབྱིབས་ནི་གྲུ་བཞི་ལྷམ་པ་ལ། །ནང་དུ་ཟླུམ་པོར་བསྐོར་བར་བྱ། །ཁ་དོག་ཀུན་ཀ་སྡོ་ཡང་རུང༌། །ཡང་ན་ཡིད་དང་ཅི་འཐད་བྱ། །ཡང་ན་ཚད་དང་ཁ་དོག་དབྱིབས། །ཕྲིན་ལས་རྣམ་བཞིའི་ཚུལ་དང་སྦྱར། །དེ་ནས་


DTG079_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ས་བོན་ལས། །འོད་འཕྲོས་ཡི་གེ་ཏྲཾ་ཞུ་བས། །སྟེགས་ནི་རིན་ཆེན་རྣམ་ལྔར་བསམ། །ཨོཾ་པཉྩ་རཏྣ་མཎྜལ་ཧཱུཾ། བ་ཡི་རྣམ་ལྔ་དྲི་ལྔ་ལ། །ས་བོན་འོད་འཕྲོས་ཨ་ཞུ་བས། །བདུད་རྩིའི་རང་བཞིན་གྱུར་པར་བསམ། །ཨོཾ་ཨི་མྲ་ཏེ་ཧཱུཾ་ཕཊ། དེ་ནས་ལེགས་པར་བྱུག་པར་བྱ། །ཙནྡན་ལ་སོགས་དྲི་ལྔ་ལ། །འོད་འཕྲོས་ཡི་གེ་དུ་ཞུ་བས། །བདུག་པའི་མཆོག་ཏུ་གྱུར་པར་བསམ། །ཨོཾ་བཛྲ་དྷཱུ་བྦེ་ཨཱཿ་ཧཱུཾ། །རྣལ་འབྱོར་འབྱོར་བ་ཆུང་ནའང་རུང༌། །ཙནྡན་མེད་དུ་མི་རུང་ངོ༌། །དེ་ལྟར་དྲི་ཞིམ་ལེགས་པར་བྱུགས། །དེ་ནས་མེ་ཏོག་རྒྱན་བཀྲམ་པ། །ལྔ་སོགས་ཡང་ན་ལྷ་གྲངས་བསྟུན། །དེ་སྟེང་པཾ་ལས་པདྨར་བསམ། །ཨོཾ་པདྨ་མཎྜལ་ཧཱུཾ། དེ་སྟེང་ཨ་ལས་ཟླ་དཀྱིལ་བསམ། །ཨོཾ་ཙནྡྲ་མཎྜལ་ཧཱུཾ། དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང༌། །ཤིན་ཏུ་མཛེས་པ་བསམ་པར་བྱ། །དེ་ནས་མགོན་པོ་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་དང་སྡིག་པ་བཤགས། །གཞན་གྱི་དགེ་ལ་ཡི་རང་བྱ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་གདབ། །དགེ་བ་དག་ནི་ཐམས་ཅད་ལ། །འགྲོ་བའི་དོན་དུ་བྱང་ཆུབ་བསྔོ། །དེ་ལྟར་ཕུལ་བའི་ཡོན་ཏན་ནི། །ཕ་རོལ་ཕྱིན་བཅུ་རྫོགས་ལྡན་ཞིང༌། །སྒྲིབ་པ་གཉིས་བྱང་ཚོགས་རྫོགས་ཏེ། །ཏིང་འཛིན་དཀྱིལ་འཁོར་གསལ་གྱུར་ནས། །རང་བཞིན་དཀྱིལ་འཁོར་མཐོང་བར་འགྱུར། །དེ་ལྟར་མ་བྱས་ཉེས་དམིགས་ནི། །རྫོགས་ལ་བརྟན་པ་མ་ཐོབ་བར། །མཎྜལ་འཇོག་ན་མཁའ་འགྲོས་གསོད། །དེ་བས་ནན་ཏན་གུས་པར་བྱ། །ལུང་དང་མན་ངག་བླ་མ་ལས་བརྒྱུད་པ། །མཎྜལ་ཆོ་ག་རིམ་པར་བཀོད་པ་འདི། །བློ་ཞེན་དོན་དུ་བདག་གིས་ཅུང་ཟད་བསྡུས། །འཁྲུལ་ན་བཟོད་མཛོད་མཁས་རྣམས་གཞན་དུ་རྩོམས། །དྲི་མེད་བློས་བསྡུས་དགེ་བ་འདིས། །སྲིད་གསུམ་རིས་དྲུག་འགྲོ་ཀུན་གྱིས། །མཉམ་པ་ཉིད་ཀྱི་དོན་རྟོགས་ནས། །བདེ་ཆེན་ཐང་ལ་ཕྱིན་བར་ཤོག །མཎྜལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་ཀམ་པ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ་འགྱུར་རྙིང་ལགས་སྐད་དོ།།


previousམཎྜལ་གྱི་ཆོ་ག། next