Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ།  ནོར་འཛིན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ། ནོར་འཛིན་པ།next

འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ།
ནོར་འཛིན་པ།


DTG079_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཛམྦྷ་ལ་ཛ་ལེནྡྲ་ཡེ་བི་ཤེ་ཥ་སྟོད་ཏྲ་ན་མ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ། འཇིག་རྟེན་དབང་ཕྱག་ལ་ཕྱག་འཚལ་ལོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །ལྕགས་ཀྱུས་ལྕག་བཏབ་འདོད་དགུ་སྦྱིན་པར་བྱེད། །ཉི་ཤུ་དྲུག་ལྡན་གསང་སྔགས་ཡི་གེ་ཡིས། །ལྷ་མིན་ལྷ་དང་མིའམ་ཅིས་འདུད་རྒྱལ། །ཉི་ཤུ་ལྔ་ཡི་སྨན་མཆོག་གིས་གང་བའི། །ཚངས་སྐྱོགས་ལས་གྲུབ་དངོས་གྲུབ་བདུད་རྩིའི་རྒྱུན། །རབ་འབབ་བཅུད་ཀྱི་རིལ་བུ་སྦྱིན་མཛད་གང༌། །ནོར་རྒྱུན་ལྷ་མོས་ལེགས་བསྟན་ཁྱེད་ལ་འདུད། །ཐབས་ཆེན་ཤེས་རབ་ཟབ་སྦྱངས་རིན་ཆེན་གྱི། །སྙིང་པོ་ཉིཟླའི་སྤྱོར་བ་ལས་བྱུང་བ། །དགའ་ཆེན་ཡེ་ཤེས་བཞི་ཡི་སམ་བུ་ཏི། །མཆོག་བརྙེས་རྨུགས་འཛིན་ཁྱེད་ཞབས་རྟག་ཏུ་འདུད། །ཇི་ཡིག་ལས་སྐྱེས་ལྷ་ཆེན་ཡི་གེ་བཞིས། །ལེགས་དྲངས་རྡོ་རྗེའི་ཐུགས་གསུང་སྐུར་ལྡན་པ། །སུམ་ཅུ་རྩ་གཉིས་མཚན་བརྒྱ་རབ་ལྡན་པ། །ཉམས་དགུའི་གར་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །ཥྚོཾ་པ་ཎི་རོ་དྷའི་རྣ་བ་མནན། །ཕུ་བརྒྱད་ཁ་ཡིས་དགྲ་པོའི་མདངས་འཕྲོག་བྱེད། །ལུགས་བཟློག་ལུགས་འབྱུང་བཞི་གཉིས་ཡི་གེ་ཡིས། །བྱིས་པའི་སྲོག་དང་གཟུགས་འཇིག་མཛད་ལ་འདུད། །ཀླུ་བརྒྱད་རྒྱན་གྱིས་ནོར་བུའི་གདོན་འགྲོལ་ཞིང༌། །ཆུ་འཛིན་སྤྲིན་འདྲའི་ལུས་ལ་ཆར་ཆེན་འབབས། །ཁྱོད་ནི་ནོར་བདག་གཟིར་བས་ས་གསུམ་གྱི། །ནོར་འཕྲོག་ཞལ་བཞིས་བགེགས་འཇོམས་མཛད་ལ་བསྟོད། །སྟོབས་བཅུ་མངའ་བ་ཁྱོད་ཀྱི་ཡི་གེ་བཅུས། །རིག་འཛིན་དགུག་དང་གཏེར་འབྱེད་འཇིགས་ལས་སྐྱོབ། །རྐུན་པོ་སྲུང་དང་བུ་སྟེར་ཚེ་བསྲིང་དང༌། །ཕྱུགས་སྐྱོང་སྐྱེད་ཤིང་དབང་བསྐུར་ཤིས་མཛད་འདུད། །གང་ཕྱིར་ས་གསུམ་སྐྱེ་བོ་རྨུགས་


DTG079_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི། །ནོར་འཛིན་ས་བརྒྱད་དབང་ཕྱུག་ཡུད་ཙམ་ཞིག །མཐོང་ནས་གུས་འཕེལ་ཉི་ཤུས་བསྟོད་བགྱིས་པས། །སྒྲུབ་རྣམས་ཕྲིན་ལས་ཉི་ཤུས་རྒྱལ་གྱུར་ཅིག །འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ནོར་འཛིན་དཔལ་གྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མང་ཡུལ་གྱི་གྲོང་དུ་འཕགས་པ་ཝ་ཏེའི་བྲང་དུ་བསྒྱུར་བའོ།།


previousའཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ། ནོར་འཛིན་པ།next