Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་རྨུགས་འཛིན་ལ་བསྟོད་པ།  ཟླ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་རྨུགས་འཛིན་ལ་བསྟོད་པ། ཟླ་བ།next

འཕགས་པ་རྨུགས་འཛིན་ལ་བསྟོད་པ།
ཟླ་བ།


DTG079_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཛམྦྷ་ལ་སྟོ་ཏྲ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ལ་བསྟོད་པ། བཅོམ་ལྡན་འདས་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་བརྒྱ་པ་མེ་ལྷ་གདོང་བཞི་དང༌། །སེང་གེ་འཕྲོག་བྱེད་ཉིན་མོར་བྱེད་རྣམས་ཀྱིས། །ཞབས་གཉིས་ལ་བཏུད་བཅོམ་ལྡན་སྡུག་བསྔལ་པ། །བདག་ལ་པད་ལྟར་ཡངས་པའི་སྤྱན་རས་གཟིགས། །བཅོམ་ལྡན་ཆབ་ཁྱོར་གང་གིས་མཉེས་འགྱུར་ན། །ཐུགས་རྗེ་མངའ་བ་གཞན་གང་ལགས་པ་གསུངས། །དེ་ཕྱིར་མཆོད་པ་བཤམས་ལ་མི་རྩི་ཞིང༌། །ཁྱོད་དང་འདྲ་བ་ཕལ་ཆེར་རྙེད་པར་དཀའ། །བརྩེ་བས་འབད་པའི་སྒོ་ནས་བཙལ་བཙལ་ནས། །ཕོངས་པར་གྱུར་པ་བདག་ལ་བདེ་མཛད་ན། །ཁོ་བོ་མཆི་མ་དག་གིས་གདོང་སྤགས་པ། །སྤྱན་སྔར་མཆིས་ཀྱང་ཅི་སྟེ་གཟིགས་མ་ལགས། །ཨེ་མའོ་རབ་ཏུ་རྒྱས་པ་ཐུགས་རྗེ་ཡི། །གཞུ་མོ་མངའ་བ་ཁྱོད་ལྟ་བཞུགས་གྱུར་ཀྱང༌། །སྐྱེ་ཚོགས་བཟློག་དཀའ་སྡུག་བསྔལ་ཆོམ་རྐུན་གྱི། །སྟེ་ཡིས་རྣམ་པར་འཇོམས་པར་ཇི་ལྟར་ལགས། །སེམས་ཅན་སྨན་སླད་ནོར་ཕུ་རིན་པོ་ཆེ། །རྣམ་པ་སྣ་ཚོགས་དགུང་ཆར་འབེབས་དྲག་ན། །ཁོ་བོ་ཁྱོད་ཉིད་གཅིག་པུའི་མཐར་ཐུག་པ། །ཅི་སྟེ་ཐིགས་པ་ཡང་ནི་འབེབས་མ་ལགས། །ཁྱོད་བཞུགས་བཞིན་དུ་མེ་ཡིས་འབར་བ་ལྟར། །ཁོ་བོ་ཕོངས་པས་ཤིན་ཏུ་ཆེར་བསྲེག་ན། །ཁྱོད་ཀྱིས་ལྟ་ཞིག་ཐུགས་རྗེ་འཇོ་བའི་བ། །ས་གསུམ་ཁུར་དུ་ཁུར་བ་གང་དུ་ཐལ། །བུམ་པ་དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ནོར་བུ་སེམས་དཔའ་དང་ལྡན་མ་ལགས་པ། །དེ་དག་གིས་ཀྱང་སེམས་ཅན་ཕན་བགྱིད་ན། །ཐུགས་རྗེའི་བདག་


DTG079_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བཅོམ་ལྡན་སྨོས་ཅི་འཚལ། །གང་ཞིག་རྨུགས་འཛིན་ཆུ་ཡི་དབང་པོ་ཞེས། །སྐད་ཅིག་ཀྱང་ནི་ཁྱོད་ཀྱི་མཚན་སྨོས་པ། །དེ་ལ་པདྨའི་འབྱུང་གནས་ལེགས་བཞིན་དུ། །པད་རྒྱས་དཔལ་ནི་འཇུག་པར་བགྱིད་པ་ལགས། །དེ་ལྟར་བཅོམ་ལྡན་སྲིད་འཇོམས་ཁྱོད་སྤྱན་སྔར། །ཆོ་ངེས་བཏབ་པའི་བསོད་ནམས་འབྱམ་ཀླས་པ། །གང་ཡིན་དེ་ཡིས་སྐྱེ་བོ་ཁྱོད་བཞིན་དུ། །མངོན་པར་འདོད་པའི་འབྲས་བུ་འབྱིན་པར་ཤོག །བཅོམ་ལྡན་འདས་རྨུགས་འཛིན་ལ་བསྟོད་པ་སློབ་དཔོན་ཆེན་པོ་བཙུན་བ་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་ཚབ་ཉི་མ་གྲགས་ཀྱིས་ལེགས་པར་བསྒྱུར་བའོ།།


previousའཕགས་པ་རྨུགས་འཛིན་ལ་བསྟོད་པ། ཟླ་བ།next