Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཇམྦྷལའི་བསྟོད་པ།  ཉི་མ་རྣམ་པར་གནོན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཇམྦྷལའི་བསྟོད་པ། ཉི་མ་རྣམ་པར་གནོན་པ།next

ཇམྦྷལའི་བསྟོད་པ།
ཉི་མ་རྣམ་པར་གནོན་པ།


DTG079_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༄༅༅། རྒྱ་གར་སྐད་དུ། ཛམྦྷ་ལ་སྟོ་ཏྲ།


DTG079_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། ཛམྦྷ་ལའི་བསྟོད་པ། ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་དྲི་ཟ་མིའམ་ཅི་རྣམས་ཀྱི། །ཅོད་པན་འོད་ཀྱིས་ཞབས་ཀྱི་ཁྲི་ནི་གསལ་མཛད་པ། །བྱང་ཆུབ་མཆོག་ཏུ་ངེས་མཛད་གནོད་སྦྱིན་དབང་ཕྱུག་ལ། །སེམས་ཅན་རྣམས་ལ་སྨན་པའི་བསམ་པས་བདག་གིས་གསོལ། །གང་ཞིག་བརྩེ་བའི་བདག་ཉིད་བྱང་ཆུབ་སྦྱིན་མཛད་ཁྱོད། །སྙིང་རྗེའི་རྩ་བ་སེམས་ཅན་དོན་དུ་རབ་ཏུ་གྲགས། །མགོན་ཁྱོད་སེམས་ཅན་རྣམས་ལ་བརྩེ་བར་མི་མཛད་ན། །ཁྱོད་ཀྱིས་སངས་རྒྱས་དྲན་པར་གང་གི་འགྱུར་ཏེ་འཚལ། །ཤིན་ཏུ་མི་བཟང་དབུལ་བའི་སྡུག་བསྔལ་ནང་དུ་ནི། །འགྲོ་རྣམས་ལྷུང་བ་ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །རིན་ཆེན་གཏེར་ཆེན་རྣམས་ཀྱི་མཚན་ནས་བཟུང་བྱས་ནས། །ཁྱོད་ཀྱིས་ཆུ་བོ་ཡང་ནི་རྫིང་གིས་བཅིང་བར་མཛོད། །ཤིན་ཏུ་དབུལ་པའི་བྱིན་ཟ་མི་བཟད་དྲག་པོ་ཡིས། །འགྲོ་བ་གང་ཞིག་ཉིན་དང་མཚན་དུ་སྲེག་པར་བྱེད། །བརྩེ་བ་ཉིད་ཀྱིས་སེར་སྣ་རྣམ་པར་སྤོང་མཛོད་ལ། །རིན་ཆེན་བདུད་རྩིའི་ཆར་གྱི་ཆར་རྒྱུན་དྲག་ཏུ་ཕོབ། །ཁྱོད་ནི་རྒོད་པས་བརྒྱ་བྱིན་གྱིས་ནི་རྒྱལ་སྲིད་དང༌། །སྤྱན་ཟུར་ཙམ་གྱིས་ཁྱབ་འཇུག་གིས་ནི་དཔལ་མོ་དང༌། །མཉེས་པས་དབང་ཕྱུག་གིས་ནི་གངས་རིའི་གནས་ཀྱང་ཐོབ། །མགོན་པོ་སྡུག་ཕོངས་འགྲོན་བུ་ཙམ་ཡང་མི་སྟེར་རམ། །འགྲོ་བའི་དབང་ཕྱུག་རྣམས་ལ་དཔག་མེད་བདེ་བ་རྣམས། །རྟག་ཏུ་ཁྱོད་སྟེར་སྡུག་བསྔལ་ཅན་ལ་དེ་ལྟ་མིན། །ཁྱོད་ཀྱིས་སྔོན་མ་མཐོང་བ་སྙིང་རྗེའི་ཡུལ་གྱུར་པའི། །དབུལ་བའི་སྡུག་བསྔལ་ཅན་ལ་ཇི་ལྟར་ཁྱོད་འཇིགས་སམ། །ནོར་གྱིས་ནོར་སློང་གུས་ལྡན་རྣམས་ལ་ཁྱོད་འགེངས་ཀྱི། །ཡང་དག་སྐལ་མེད་སྡིག་བྱས་རྣམས་ལ་ཁྱོད་མིན་ཞིང༌། །ནོར་གཏོང་ནོར་གྱིས་ནོར་ལྡན་པར་ནི་འཛིན་གྱུར་ཏེ། །མགོན་པོ་སློད་བའི་ཚོགས་རྣམས་ངེས་པར་སྤོང་བྱེད་དམ། །གལ་ཏེ་ཁྱོད་ཀྱིས་ནོར་གཏོང་རྣམས་ལ་ཁྱོད་ཀྱིས་སྟེར། །སྐྱེ་བོ་ཚེག་ངན་རྣམས་ལ་ཇི་ལྟར་ཁྱོད་འཇིགས་སམ། །རབ་ཏུ་འབད་པས་ངེས་པར་སྨྲ་བ་དེ་ཡིས་མཆོག །གནོད་སྦྱིན་རྒྱལ་པོ་བདག་གིས་གསོལ་བ་གསན་དུ་གསོལ། །རབ་ཏུ་འབད་བྱས་དེ་འདྲའི་ནོར་དང་ལྡན་གྱུར་ནས། །ཇི་ལྟར་


DTG079_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་པོའི་སྒྲ་ནི་ཐོས་པར་མ་གྱུར་ཅིག །དབུལ་པོའི་མེ་ནི་རབ་ཏུ་འབར་བས་འགྲོ་བ་རྣམས། །སྲེག་པར་ངེས་མཐོང་ཡིད་ཀྱིས་ངོ་མཚར་ཉིད་དུ་གྱུར། །གང་ཞིག་བདག་གིས་སྨྲས་བའི་ཚིག་རྩུབ་ཚིག་རྣམས་ནི། །ཆུ་ཡི་དབང་པོས་བརྩེ་ཕྱིར་འདི་རྣམས་བཟོད་པར་མཛོད། །གང་ཞིག་བསྟོད་པ་འདི་ཡིས་ནི། །རྟག་ཏུ་འབད་པས་ཛཾ་ལ་བསྟོད། །དེས་ནི་དབུལ་པོར་མི་འགྱུར་ཞིང༌། །ཤིན་ཏུ་མི་གཡོའི་དཔལ་ཐོབ་ཤོག །མིའི་དབང་པོ་ཉི་མ་རྣམ་པར་གནོན་པས་ཛམྦྷ་ལ་ལ་བསྟོད་པ་མཛད་པ་རྫོགས་སོ།། །།ཀལྱཱ་ཎ་མི་ཏྲ་གཞོན་ནུ་ཤེས་རབ་བཀྱིས་བསྐུལ་ནས། རྒྱ་གར་གྱི་མཁན་པོ་དྷརྨྨ་དྷཱ་ར་དང་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།།


previousཇམྦྷལའི་བསྟོད་པ། ཉི་མ་རྣམ་པར་གནོན་པ།next