Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
བླ་མའི་བསྙེན་བཀུར་གྱི་དཀའ་འགྲེལ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་བསྙེན་བཀུར་གྱི་དཀའ་འགྲེལ།next

བླ་མའི་བསྙེན་བཀུར་གྱི་དཀའ་འགྲེལ།


DTG079_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་རྭཱ་རཱ་དྷ་ན་པཉྩི་ཀ །བོད་སྐད་དུ། བླ་མའི་བསྙེན་བཀུར་གྱི་དཀའ་འགྲེལ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་གྱི། །ཡོན་ཏན་རྣམས་ཀྱི་ཡོན་ཏན་ལྡན། །བླར་འོས་བླ་མར་ཕྱག་བྱས་ནས། །བླ་མའི་བསྙེན་བཀུར་དཀའ་འགྲེལ་བརྗོད། །དེ་ལ་འདོད་པའི་ལྷ་གཞན་དག་གིས་ནི་མངོན་པར་འདོད་པའི་འབྲས་བུ་གྲུབ་པར་མི་འགྱུར་བས། བརྗོད་པར་བྱ་བ་ལ་སོགས་པ་ཉེ་བར་བསྟན་པས་མཆོག་ཏུ་འདོད་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་འཇུག་པར་བྱ་སྟེ། མཉན་པར་བྱ་ཞེས་བྱ་བས་ཡིད་ལ་བྱ་བ་སློབ་དཔོན་གྱི་གདམས་པ་བྱིན་པ་དང་པོར་རེ་ཞིག་དེ་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ། དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིའི་རྐང་པ་དང་པོས་ནི་དགོས་པ་བསྟན་ཏོ། །གཉིས་པས་ནི་འདོད་པའི་ལྷ་ལ་མཆོད་པ་བསྟན་ཏོ། །གསུམ་པ་དང་བཞི་པ་དག་གིས་ནི་བརྗོད་པར་བྱ་བ་བསྟན་པ་ཡིན་ལ། བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་གཞུང་གི་ཁོང་ན་གནས་པ་ཉིད་ཀྱི་ཕྱིར་ལོགས་སུ་མ་གསུངས་སོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། བླ་མའི་ཞབས་ཀྱི་པདྨར་བཏུད་ནས་ཞེས་སྦྲེལ་ཏེ། བླ་མའི་ཞེས་བྱ་བ་ནི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་མན་ངག་སྦྱིན་པའི་ཕྱིར་དང༌། ཕན་པ་དང་བདེ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཕར་གྱུར་པའི་ཕྱིར་ན་མཆོད་པ་བཀུར་སྟི་ལ་སོགས་པ་རིགས་པས་ན་བླ་མ་ཡིན་ལ། དེའི་ཞབས་ཀྱང་ཡིན་ལ་པདྨ་ཡང་ཡིན་པས་ཞབས་པད་དོ། །དེ་ལ་བཏུད་ནས་ནི་ཕྱག་བྱས་ནས་སོ། །ཇི་ལྟར་ཞེ་ན། དེ་ནི་ཇི་བཞིན་ཞེས་བྱ་བས་བཤད་དེ། ཆོ་གའི་རིམ་པ་ལས་མ་འདས་པས་ཇི་ལྟར་རིགས་པ་སྟེ། ལྷག་པར་དགའ་བས་མཎྜལ་སྔོན་དུ་འགྲོ་བས་དུལ་བའི་རྣམ་འགྱུར་ལ་སོགས་པའོ། །དེ་ལ་འདིའི་བླ་མའི་ཞབས་ཀྱི་པདྨ་ཞེས་བྱ་བས་ནི་


DTG079_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་བསྟན་ལ། བཏུད་ནས་ཞེས་བྱ་བས་ནི་ཕྱག་བྱ་བ་བསྟན་ཏོ། །འདི་དག་གིས་ནི་མཆོད་པ་རྣམ་པ་གསུམ་བསྟན་ཏེ། ཕྱག་བྱ་བ་ནི་ལུས་ཀྱི་དང༌། བསྟོད་པ་ནི་ངག་གི་ཡིན་ལ། ལུས་དང་ངག་ནི་ཡིད་སྔོན་དུ་བཏང་ནས་འཇུག་པའི་ཕྱིར་ཡིད་ཀྱི་ནི་ཤུགས་ཀྱིས་བསྟན་ཏོ། །འོ་ན་སངས་རྒྱས་ལ་སོགས་པ་རྣམས་འདོད་པའི་ལྷ་ཡིན་མོད། ཇི་ལྟར་ན་བླ་མ་རང་གི་འདོད་པ་དམ་པ་ཡིན་ཞེ་ན། འདིར་བླ་མ་འདོད་པའི་ལྷ་ཡིན་ཏེ། ལྷག་པར་བྱས་པ་ཉིད་ཀྱི་ཕྱིར་རམ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འཆད་པར་འགྱུར་བ་དེ་ལྟའི་མགོན་ལ་བསམ་བཅས་པས། །ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་བླ་མ་ལ་མཆོད་པ་ཁོ་ན་གྲོལ་བའི་བྱེད་པ་པོ་ཡིན་ནོ། །དེ་ལྟར་བླ་མའི་ཞབས་ཀྱི་པདྨ་ལ་ཕྱག་བྱས་ནས་ཅི་བྱ་ཞེ་ན། དྲི་མེད་ཅེས་བྱ་བ་གསུངས་ཏེ། དྲི་མེད་ནི་རྣམ་པར་དག་ཅིང་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན། འདི་ལ་མི་དགེ་བའི་དྲི་མ་ཡོད་པ་མ་ཡིན་པ་སྟེ། དྲི་མ་ཡིན་པ་ནི་དྲི་མ་དང་བྲལ་བའི་རྒྱུའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་འདི་དག་རང་གི་ཡིད་ཀྱི་འདོད་པ་ཁོ་ནས་བརྟགས་པ་མ་ཡིན་ནམ་ཞེ་ན། དེ་མ་ཡིན་པ་ནི་རྒྱུད་མང་ལས་གསུངས་པ་ཞེས་བྱ་བས་བཤད་དེ། རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ། དེ་ཡང་རྒྱུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་སྟེ། རྒྱུ་དང་འབྲས་བུ་དང་ཐབས་ཞེས་བྱ་བའོ། །དེ་ལ་རིགས་ཀྱི་དབྱེ་བ་ནི་རྒྱུའི་རྒྱུད་དེ། རིགས་ཅན་གྱི་སེམས་ཅན་རྣམས་རབ་ཏུ་མང་བ་ཉིད་ཀྱི་ཕྱིར་རྒྱུན་ཆགས་པར་བརྗོད་དོ། །རིགས་ཀྱི་དབྱེ་བ་ལས་འབྲས་བུར་གྱུར་བའི་རྡོ་རྗེ་འཆང་ཆེན་པོའི་དབྱེ་བ་ནི་འབྲས་བུའི་རྒྱུད་དེ། མཐའ་ཡས་པའི་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ལས་འབྲས་བུ་འགྲུབ་པའི་ཆེད་དུ་སྔས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་རྐྱེན་རྣམས་ནི་ཐབས་ཀྱི་རྒྱུད་དེ། སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཐབས་ཆེན་པོ་རྣམས་ཀྱི་ཆོ་ག་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ཡང་གཙོ་བོ་ཉིད་ཀྱི་དབྱེ་བས་ཆོ་ག་མང་པོ་སྟེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་བ་དེ་དག་ཐམས་ཅད་དུ་འབྲེལ་པ་རྣམས་སོ། །རྒྱུད་མང་པོ་དེ་དག་ཏུ་གསུངས་ཤིང་བཤད་


DTG079_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྒྱུད་མང་ལས་གསུངས་པའོ། །འོ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་དང་དེ་ལས་གསུངས་པའི་ཕྱིར་འདི་བརྩམས་པ་ལ་དགོས་པ་མེད་དོ་ཞེས་བྱ་བར་དོགས་པ་ལ། མདོར་བསྡུས་ནས་བཤད་པར་གསུངས་ཏེ། རྒྱུད་མང་པོ་ལྟ་བས་འཇིགས་པའི་སྐྱེ་བོ་རྣམས་ལ་ཕན་པའི་ཕྱིར་རྒྱུད་མང་པོ་ལས། ལུས་པ་མེད་པར་ཕྱུང་ནས་གཅིག་ཏུ་བསྡུས་ཏེ་འདིར་མངོན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདི་ཞེས་པ་ནི་འདོད་པའི་བླ་མ་བསྟེན་པ་རྒྱས་པར་བཤད་པའོ། །དེ་ལྟར་འདི་ཞེས་པ་ནི་དེ་ཉན་བ་ལ་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་སྦྱར་བར་བྱ་བའི་ཕྱིར་མཉན་པར་གྱིས་ཞེས་བྱ་བ་གསུངས་ཏེ། མཉན་པར་གྱིས་ནི་རྣ་བ་སྤགས་ལའོ། །དེ་ཞེས་པ་ནི་ལྷག་མའོ། །ཇི་ལྟ་བུ་ཞེ་ན། གུས་པས་ཞེས་བྱ་བ་གསུངས་ཏེ། གུས་པ་ནི་འདིར་ཉན་པའི་ཚུལ་ཏེ། ཕྱིན་ཅི་མ་ལོག་པས་ཡི་གེ་དང་དོན་འཛིན་པ་དང་དད་པས་ཡང་དག་པར་འཛིན་པ་ཡིན་པས་ཁྱེད་ཅག་གིས་བླ་མ་ལས་མཉན་པར་གྱིས་ཤིག་ཅེས་བྱ་བར་སྦྱར་རོ། །རྣམ་པ་གཞན་དུ་ཁས་སྦུབས་པ་དང་མི་གཙང་བ་དང་རྡོལ་བའི་བུམ་པ་ལ་སོགས་པ་རྣམས་སུ་ཆར་བབ་པ་ལྟ་བུར་དོན་དང་བྲལ་བ་ཉིད་ཡིན་པས་དེའི་གཏམ་མི་བྱ་བའི་ཕྱིར་རོ། །གང་གི་ཆེད་དུ་འདི་གུས་པས་མཉན་པར་བྱ་ཞེ་ན། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། དཔལ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསོད་ནམས་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ན་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཤེས་རབ་དང་ཐབས་དང་སྨོན་ལམ་དང་ཡེ་ཤེས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉི་གར་གཏོགས་སོ། །རྡོ་རྗེ་སེམས་དཔའ་ཞེས་པ་ལ། མི་ཕྱེད་པ་ཉིད་ཀྱིས་རྡོ་རྗེ་དང་ཆོས་མཐུན་པས་རྡོ་རྗེ་ཡིན་ལ། མི་འཇིག་ཅིང་ཉམས་པར་མི་འགྱུར་བས་སེམས་དཔའོ། །རྡོ་རྗེ་ཡང་འདི་ཡིན་ལ་སེམས་དཔའ་ཡང་ཡིན་པས་རྡོ་རྗེ་སེམས་དཔའ་སྟེ། རང་བཞིན་གྱིས་འོད་གསལ་ཞིང་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་


DTG079_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་རྡོ་རྗེ་འཛིན་པའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཐམས་ཅད་ལ་ཁྱད་པར་འགྲོ་བའི་ཕྱིར་ན་རྡོ་རྗེ་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལ་རྟག་པར་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའ་དེ་ཉིད་དོ། །ངེས་པའི་ཚིག་གིས་ཡི་གེ་རྣམས་ཕྱིས་པ་དང་བསྟན་པ་ཡང་ཡིན་ནོ། །དཔལ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ནི་དཔལ་ལྡན་རྡོ་རྗེ་སེམས་དཔའ་སྟེ། བར་གྱི་ཚིག་ཕྱིས་པའི་བསྡུ་བའོ། །དེའི་གོ་འཕང་ནི་རྡོ་རྗེ་སེམས་དཔའི་གནས་ཏེ་རྡོ་རྗེ་འཆང་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཐོབ་པ་ནི་བརྙེས་པར་གྱུར་པ་སྟེ། དེའི་རྒྱུ་ནི་བྱེད་པ་དེ་ལས་སོ། །འོ་ན་དེ་མཉན་པ་ཙམ་གྱིས་འདོད་པའི་དོན་གྲུབ་པའི་རྒྱུར་འགྱུར་རམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་བརྒྱུད་པས་འགྱུར་བ་ཁོ་ན་སྟེ། འདི་ལྟར་དེ་ཐོས་ནས་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་ལ། དེ་དག་ལས་ནི་ཚོགས་སོ། །དེ་ལས་ཀྱང་འདོད་པའི་དོན་གྲུབ་པའི་རྒྱུར་འགྱུར་བ་ཡིན་ནོ། །དེའི་ཕྱིར་བླ་ན་མེད་པའི་འབྲས་བུའི་དོན་དུ་བླ་མ་བསྟེན་པ་མཉན་ནས་གུས་པ་དང་བཅས་པས་བརྩོན་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱ་སྟེ། རོལ་རྙེད་མ་འཕྲོགས་པའི་སྙན་ངག་བཞིན་ནོ། །མཆོག་ཏུ་འདོད་པའི་ལྷ་ལ་མཆོད་པ་དང་བརྗོད་པར་བྱ་བ་ལ་སོགས་པའི་དོན་གྱི་ཚིགས་སུ་བཅད་པ་ཉེ་བར་བཀོད་ནས། དབང་བསྐུར་མཆོག་ཅེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཆེ་བའི་བདག་ཉིད་བསྟན་པ་གསུངས་ཏེ། རྡོ་རྗེའི་སློབ་དཔོན་ལ་ནི་དེ་བཞིན་གཤེགས། །རྣམས་ལ་ཕྱག་འཚལ་ཞེས་སྦྲེལ་ལོ། །རྡོ་རྗེ་ནི་རྡོ་རྗེ་འཆང་གི་བརྟུལ་ཞུགས་ཡིན་ལ། དེ་ཀུན་དུ་སྤྱོད་པའི་ཕྱིར་རྡོ་རྗེའི་སློབ་དཔོན་ནོ། །ཡང་ན་གཞན་དག་འབྱེད་བར་བྱེད་ཅིང་གཞན་དག་གིས་དབྱེ་བར་བྱ་བ་མ་ཡིན་པས་རྡོ་རྗེ་དང་ཆོས་མཐུན་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོ་རྗེ་ཡིན་ལ། དེ་ལ་སློབ་མ་རྣམས་འཛུད་པར་བྱེད་ཅིང་ཀུན་དུ་སྤྱོད་པར་བྱེད་པས་ན་རྡོ་རྗེའི་སློབ་དཔོན་ནོ། །དེ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དབང་བསྐུར་ཞེས་གསུངས་ཏེ། དབང་བསྐུར་ནི་ཁྲུས་ཡིན་ལ། དེ་ཡང་ཕྱི་ལུས་ཀྱི་དྲི་མ་འཁྲུད་པར་བྱེད་པའི་ཕྱིར་དབང་བསྐུར་ཞེས་བརྗོད་པར་བྱའོ། །མཆོག་ནི་གཙོ་བོ་སྟེ་བླ་ན་མེད་པའི་འབྲས་བུ་འཐོབ་པའི་རྒྱུ་ཡིན་བ་ཉིད་ཀྱི་ཕྱིར་རོ། །དབང་བསྐུར་བ་ཡང་ཡིན་ལ། མཆོག་ཀྱང་འདི་ཡིན་པས་


DTG079_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་མཆོག་གོ །ཡང་ན་དབང་བསྐུར་བ་རྣམས་ཀྱི་མཆོག་ནི་རྩེ་མོ་སྟེ་མཐར་ཐུག་པའི་བཞི་པ་ཞེས་བྱ་བ་ནི་དབང་བསྐུར་མཆོག་གོ །དེ་དག་གིས་ཐོབ་པ་དེ་ནི་དབང་བསྐུར་མཆོག་ཐོབ་བོ། །ནི་ནི་གང་གི་ཕྱིར་གྱི་དོན་ལའོ། །ཡང་ན་ཁོ་ན་དང་རིགས་པ་ལའོ། །དེ་བཞིན་གཤེགས་པ་ནི་བགྲོད་པར་བྱ་བ་ཇི་ལྟ་བ་དེ་ལྟ་བུ་ཁོ་ནར་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། དུས་ཐམས་ཅད་དང༌། རྣམ་པ་ཐམས་ཅད་དང༌། ཤེས་བྱ་ཐམས་ཅད་ཡང་དག་པར་མཁྱེན་པའི་ཕྱིར་རོ། །ངོ་མཚར་ལ་ཁ་ཅིག་ཏུ་ལྡོག་པས་ན། ཏ་ཡིག་ད་ཡིག་སྟེ། བསམ་པ་ཇི་ལྟ་བ་དང༌། རིགས་ཇི་ལྟ་བ་དང༌། དུས་ཇི་ལྟ་བར་གདུལ་བྱའི་སྐྱེ་བོ་རྣམས་ལ་ཡང་དག་པའི་ཆོས་སྟོན་པར་མཛད་པའི་ཕྱིར་ཇི་སྐད་དུ་གསུང་བར་འོས་པ་དེ་སྐད་དུ་གསུང་བས་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སོ། །ཇི་ལྟ་བུར་གྱུར་པ་དེ་རྣམས་ཀྱིས་ཤེ་ན། ཕྱོགས་བཅུའི་ཞེས་གསུངས་ཏེ། བཅུ་ནི་ཤར་ལ་སོགས་པ་བཞི་དང༌། མེ་ལ་སོགས་པ་བཞི་དང༌། སྟེང་དང་འོག་གཉིས་ཏེ། དེ་ལྟར་ཕྱོགས་ཀྱང་ཡིན་ལ་བཅུ་ཡང་ཡིན་པས་ཕྱོགས་བཅུའོ། །འཇིག་རྟེན་ཁམས་ཞེས་བྱ་བ་ནི་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་འཕགས་པ་དང་འཕགས་པ་མ་ཡིན་པ་རྣམས་ཏེ། འཇིག་རྟེན་འཛིན་པར་བྱེད་དོ་ཞེས་བྱས་ནས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ན་བཞུགས་པ་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པ་དེ་རྣམས་ཀྱིས་སོ། །དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་པོ་རྣམས་ཏེ། སྔ་དྲོ་དང་གུང་དང་ཕྱི་དྲོའོ་དུས་རྣམས་སུ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ནས་བྱོན་ནས་ཕྱག་འཚལ་བ་ནི་མངོན་ཕྱག་འཚལ་བ་སྟེ་འདུད་པ་ཞེས་བྱ་བའི་དོན་ཏོ། །འོ་ན་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱ་བ་མ་ཡིན་ནམ། དེ་ལ་ཇི་ལྟར་ན་དེ་རྣམས་ཀྱིས་འདི་ལ་ཕྱག་མཛད་ཅེ་ན། རྡོ་རྗེ་འཆང་གི་སྐུ་ཡིན་པའི་ཕྱིར་དང༌། རྡོ་རྗེ་འཆང་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་འཆད་པར་འགྱུར་བ་ཡིན་ནོ། །དཔལ་འདུས་པ་ལས་གསུངས་པ། བྱིས་པས་གསོལ་པ། བཅོམ་


DTG079_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པར་དབང་བསྐུར་བའི་རྡོ་རྗེའི་སློབ་དབོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་ལས་རྒྱ་ཆེར་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེའི་སློབ་དཔོན་ལ་ཕྱག་མཛད་དོ་ཞེས་བྱ་བ་འདི་ལ་མཁས་པ་རྣམས་ཀྱིས་སོམ་ཉི་མི་བྱའོ། །དེ་ལྟར་སློབ་དཔོན་མཉེས་པར་བྱེད་པའི་ཆོ་ག་དེ་རབ་ཏུ་བསྡུས་ནས་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྟེན་པ་ཞེས་བྱ་བ་དང་འབྲེལ་ལོ། །དེ་ཞེས་བྱ་བ་ནི་དབང་བསྐུར་བ་མཆོག་ཐོབ་པའི་རྡོ་རྗེའི་སློབ་དཔོན་ནོ། །བསྟེན་པ་ཞེས་བྱ་བ་ནི་ཡང་དག་པར་མཉེས་པར་བྱེད་པའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། སྟོན་པ་བླ་མ་ཞེས་བྱ་བ་སྟེ། སེམས་ཅན་རྣམས་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་གྱི་མན་ངག་སྟོན་པའི་སྒོ་ནས་སྟོན་པ་པོ་ཡིན་པའི་ཕྱིར་སྟོན་པ་སྟེ་སློབ་པ་པོའོ། །ཡོན་ཏན་གཅིག་པུའི་རང་བཞིན་ཡིན་པའི་ཕྱིར་བླ་མའོ། །ཅི་ཞིག་གིས་ཤེ་ན། དཀྱིལ་འཁོར་མེ་ཏོག་ཐལ་མོས་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ནི་སྙིང་པོ་ཡིན་ལ། དེ་ལེན་ཞིང་འཛིན་པས་ན་སྙིང་པོ་ཡང་དག་པར་འཛིན་པའི་མཎྜལ་རྣམས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པའི་རང་བཞིན་ཡིན་པའི་ཕྱིར་ཆུ་དང་བཅས་པའི་བ་བྱུང་སྦྱིན་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །མཎྜལ་ནི་ཟླུམ་པོའི་རྣམ་པའམ་གྲུ་བཞིའི་རྣམ་པ་གང་ཡང་རུང་བ་ཆུ་དང་བ་བྱུང་ལ་སོགས་པ་རྣམས་བྱུགས་པའོ། །མ་ལླི་ཀ་ལ་སོགས་པའི་མེ་ཏོག་རྣམས་ནི་མེ་ཏོག་ཡིན་ལ། ཐལ་མོ་ནི་ལག་པ་ཁ་སྦྱར་བ་སྟེ། མེ་ཏོག་རྣམས་ཀྱི་ཐལ་མོ་ནི་མེ་ཏོག་ཐལ་མོའོ། །མེ་ཏོག་ཐལ་མོ་དང་དཀྱིལ་འཁོར་རྣམས་ནི་དཀྱིལ་འཁོར་མེ་ཏོག་ཐལ་མོ་སྟེ་དེ་རྣམས་སོ། །ཡང་ཅི་ཞིག་གིས་ཤེ་ན། ཞབས་ལ་སྟེ་རྐང་པ་དག་ལ་ཕྱག་འཚལ་ཞིང་མངོན་པར་འདུད་པར་བྱ་བ་དེ་རྣམས་ཀྱིས་སོ། །སྤྱི་བོ་ནི་སྤྱི་


DTG079_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་སྟེ་ཞབས་ལ་སྤྱི་བོས་སོ། །ཇི་ལྟར་ཞེ་ན། མཆོག་ཏུ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རིགས་པ་དེ་ལྟ་བུའི་གུས་པས་བསྟེན་ཞིང་བསྙེན་པ་ན་དམ་པར་ངེས་པ་དང༌། རྒྱ་ཆེན་པོ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །ཅི་ནས་གཅིག་གམ་ཆེ་ན། དུས་གསུམ་དུ་ཞེས་བྱ་བ་གསུངས་ཏེ། ཐུན་མཚམས་གསུམ་མོ། །ཇི་ལྟར་ཞེ་ན། མེ་ཏོག་དང་བཅས་པའི་སྙིམ་པ་བསྐོར་བ་ལས་ཞེས་བྱ་བ་ནི་མེ་ཏོག་དང་བཅས་པའི་ཐལ་མོ་ནི་བྱ་བའི་ཁྱད་པར་སྟེ་མེ་ཏོག་གི་སྙིམ་པ་ཞེས་བྱ་བའི་དོན་ཏོ། །འོ་ན་བསྟན་པའི་རྩ་བ་དགེ་སློང་སྟེ་ཞེས་གསུངས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགེ་སློང་རྣམས་ཚད་མ་མ་ཡིན་ནམ། དེ་ལ་ཅི་ལྟར་ན་སློབ་དཔོན་ལ་བསྙེན་པར་མངོན་པར་བརྗོད་ཅེ་ན། དེ་རྣམས་ཚད་མ་ཡིན་པ་ནི་ཐེག་པ་དམན་པ་ཁོ་ན་ལ་ཡིན་གྱི་ཐེག་པ་ཆེན་པོ་ལ་ནི་མ་ཡིན་ནོ། །དེ་བས་ན་སློབ་དཔོན་ཐམས་ཅད་དུ་མཉེས་པར་བྱས་པ་ཁོ་ནས་བསྟན་པ་ཡིན་ནོ། །ཡང་དབུང་བཟང་གི་རྒྱུད་དུ། རྒྱལ་བས་སོ་སོ་ཐར་པར་གང་གསུངས་པའི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལ། །ཁྱིམ་པའི་རྟགས་འཆང་རྣམས་ཀྱིས་རྟགས་དྲུག་གིས། །གཡོགས་པ་སྤངས་ནས་ལྷག་མ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དགེ་སློང་ཚུལ་ཁྲིམས་སྡོམ་པ་ཀུན། །འཛིན་པས་གོས་དཀར་འཆང་བ་ལ། །ཕྱག་མི་བྱའོ་ཕྱག་གི་འོས། །རྡོ་རྗེ་འཛིན་གཙོ་རང་ཉིད་དོ། །གང་ནས་བརྩམས་ཏེ་དག་པའི་ཡིད་ཀྱིས་ནི། །མ་ཉམས་བྱང་ཆུབ་སེམས་ནི་བཟུང་གྱུར་པ། །དེ་ནས་བཟུང་སྟེ་ལྷ་དང་ལྷ་མིན་བཅས། །འཇིག་རྟེན་ཀུན་གྱི་ཕྱག་བྱའི་འོས་ཡིན་ནོ། །དེ་བས་བདག་ཉིད་ལེགས་པ་ཡི། །དོན་འདོད་དམ་པ་རྣམས་ཀྱིས་ནི། །མཐའ་ཡས་འབྲས་བུ་རྩོལ་མཛད་པའི། །སློབ་དཔོན་དངོས་པོ་ཀུན་གྱིས་སོ། །རྫོགས་པའི་བྱང་ཆུབ་ངེས་བྱས་པ། །རྣམས་ཀྱིས་ཕྲག་དོག་སེར་སྣ་དང༌། །ང་རྒྱལ་དར་འཛིན་དོར་བྱ་ཞིང༌། །གཡོ་དང་སྒྱུ་ཡང་དེ་བཞིན་ནོ། །རྟག་ཏུ་ངུ་ཡིས་མི་འདར་བའི། །སེམས་ཀྱིས་སློབ་དཔོན་བསྙེན་བཀུར་བས། །འགྲོ་བའི་མགོན་པོ་བླ་མ་ཡིས། །དོན་ཀུན་གྲུབ་པ་སྩལ་བའོ། །དེ་ལྟ་བས་ན་རྡོ་རྗེའི་སློབ་དཔོན་ཞེས་བྱ་བ་ཡང་དག་པར་མཉེས་པར་བྱའོ། །ད་ནི་བླ་མ་བསྟེན་པ་ཐུན་མོང་བ་བསྟན་ནས་


DTG079_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རྣམས་ལ་ཇི་ལྟར་བྱ་བ་དེ། དེ་ལྟ་བུར་བསྟན་པར་བྱ་བའི་ཕྱིར་དམ་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟུལ་ཞུགས་འཛིན་བས་ཁྱིམ་པའམ་གསར་བུ་ལ་ཕྱག་བྱ་ཞེས་སྤྲེལ་ཏེ། བསྟན་བཅོས་སུ་རྣམ་པར་བཞག་པའི་སྡོམ་པ་ནི་བརྟུལ་ཞུགས་ཏེ་རབ་ཏུ་བྱུང་བ་ཉིད་དོ། །དེ་འཛིན་པར་བྱེད་པའི་ཕྱིར་བརྟུལ་ཞུགས་འཛིན་པ་རྣམས་ཏེ། གསོལ་བ་དང་བཞིས་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་བླངས་པ་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་འཇིག་རྟེན་གྱིས་མཆོད་པར་བྱ་བ་དུར་སྨྲིག་གི་གོས་ཅན་དགེ་སློང་རྣམས་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་བཤད་པ། གང་ཞིག་ཚུལ་ཁྲིམས་ལེགས་མཉམ་གཞག །དེ་ལ་ངུར་སྨྲིག་དང་ལྡན་ཏེ། །བདེན་དང་དུལ་བ་དང་ལྡན་པ། །དེ་ཉིད་མཆོད་འོས་ངུར་སྨྲིག་ཡིན། །ཞེས་གསུངས་སོ། །གཞན་དུ་ན་མིང་གི་དགེ་སློང་དང་ཁས་འཆེ་བའི་དགེ་སློང་དང་སློང་བའི་ངང་ཚུལ་གྱི་དགེ་སློང་རྣམས་བརྟུལ་ཞུགས་འཛིན་པའི་སྒྲས་བརྗོད་པར་མི་བྱའོ། །ཚུལ་ཁྲིམས་ལ་ནི་མཉམ་མ་བཞག །དེ་ལ་ངུར་སྨྲིག་མི་ལྡན་ཏེ། །བདེན་དང་དུལ་དང་མི་ལྡན་པ། །དེ་ནི་མཆོད་འོས་ངུར་སྨྲིག་མིན། །ཞེས་སོ། །གང་ལ་ཕྱག་བྱ་བ་ཡིན་ཞེས་ན། ཁྱིམ་པའམ་ནི་གསར་བུ་ལའང༌། །ཞེས་བྱ་བ་གསུངས་ཏེ། འདི་ལ་ཁྱིམ་ཡོད་པའི་ཕྱིར་ཁྱིམ་པ་སྟེ། ཁྱིམ་གྱི་ནང་ན་གནས་ཤིང་ཕྱག་གི་གནས་མ་ཡི་པ་འདོད་པའི་ཡོན་ཏན་ལ་ཞེན་པ་ཁྱིམ་གྱི་གནས་ཞེས་བྱ་བའི་དོན་ཏོ། །གསར་བུ་ཞེས་བྱ་བ་ནི། །རབ་ཏུ་བྱུང་བ་གསར་པ་སྟེ་དགེ་ཚུལ་ལོ། །འམ་གྱི་སྒྲ་ནི་ཕྱོགས་གཞིན་པ་གཉི་ལའོ། །འང་གི་སྒྲ་ནི་བརྗོད་པའི་དབྱེ་བ་ལའོ། །ཕྱག་བྱ་ཞེས་པ་ནི་འཇིག་རྟེན་གྱིས་མཆོད་པར་འོས་པ་རྣམས་ཀྱིས་ཏེ་བདག་ཅག་རྣམས་ནི་དགེ་སློང་གནས་བརྟན་ནོ་སྙམ་པའི་ང་རྒྱལ་སྤངས་ནས་མངོན་པར་ཕྱག་བྱའོ། །ཇི་ལར་བྱས་ནས་ཤེ་ན། དམ་ཆོས་ལ་སོགས་ཞེས་བྱ་སྟེ། སེམས་ཅན་རྣམས་ངན་འགྲོར་ཕྱོགས་པ་ལས་འཛིན་པར་བྱེད་པའི་ཕྱིར་ཆོས་སོ། །དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་སོ། །ཡང་ན་འདི་འཇིག་རྟེན་ལས་འདས་པའི་ཕྱིར་དམ་བ་ཡིན་ལ། རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཡིན་པས་དམ་པའི་ཆོས་ཏེ།


DTG079_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ལུང་དང་རྟོགས་པ་དང༌། ཆོས་ཀྱི་དབྱིབས་ཏེ་རྣམ་པ་གསུམ་མོ། །དེ་ལ་ལུང་ནི་གསུང་རབ་ཡན་ལག་དགུའོ། །རྟོགས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དག་གོ །ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་དོན་དམ་པ་ཞེས་པ་དག་རྣམ་གྲངས་སོ། །དེ་དག་སྟོན་པར་བྱེད་པས་ན་གླེགས་བམ་ལ་དེ་སྐད་ཅེས་བརྗོད་པར་བྱའོ། །དམ་ཆོས་ལ་སོགས་ཏེ་ཐང་ཀ་དང་སྐུ་གཟུགས་གང་གི་དང་པོ་ཡིན་པ་དེ་དག་ནི་དམ་ཆོས་ལ་སོགས་པའོ། །དེ་རྣམས་མདུན་བདར་ནས་ཞེས་བྱ་བ་ནི་སྡུན་དུ་བཀོད་པ་སྟེ་མདུན་དུ་བཞག་ནས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞེ་ན་བློས་ཏེ་བསམ་པའམ་ཤེས་རབ་ཀྱི་སྟོབས་ཀྱིས་སོ། །འོ་ན་དགེ་སློང་གི་ཕྱག་བྱ་བ་ནི་སངས་རྒྱས་དང་སྔར་བསྙེན་པར་རྫོགས་པ་གཉིས་ཁོ་ན་ཡིན་པར། ཕྱག་བྱ་གཉིས་ཏེ་བདེ་གཤེགས་རྒན་པོའོ། །ཞེས་དེ་སྐད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དེ་སྐད་དུ་གསུངས་པ་ནི་ཉན་ཐོས་ཀྱི་ཚུལ་ལ་ཡིན་གྱི་ཕྱི་ནས་བྱང་ཆུབ་སེམས་དཔའི་ཚུལ་ལ་ནི་མ་ཡིན་ལ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཡིན་ཞིང་བྱེ་བྲག་ཏུ་སྔགས་ཀྱི་ཚུལ་ཡིན་ཏེ་དེ་བས་ན་སྐྱོན་མེད་དོ། །ཡང་ན་སངས་རྒྱས་ཀྱི་སྒྲས་ནི་སངས་རྒྱས་འབའ་ཞིག་བསྡུས་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྡུས་ལ། རྒན་པོའི་སྒྲས་ཀྱང་བསྙེན་པར་རྫོགས་པས་རྒན་པ་འགའ་ཞིག་བསྡུས་པ་མ་ཡིན་གྱི། ཡེ་ཤེས་ཀྱིས་རྒན་པ་དང་དཀའ་ཐུབ་ཀྱིས་རྒན་པ་ཡང་བསྡུས་པ་ཡིན་ནོ། །རྣམ་པ་གཞན་དུ་ན་འཕགས་པ་བྱམས་པ་དང་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཁྱིམ་ན་བཞུགས་པའི་རྟགས་ཅན་རྣམས་ཕྱག་བྱ་བའི་འོས་མ་ཡིན་པར་འགྱུར་རོ་སྙམ་དུ་དགོངས་སོ། །དེ་བས་ན་ཚིག་འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་དང་ཡང་འགལ་བ་མེད་དོ། །དགོངས་པའི་སྐད་ནི་མི་ཤེས་པར། །སྒྲ་ཙམ་གྱིས་ནི་རྨོངས་པ་དག །རྒྱལ་དབང་རྣམས་ཀྱི་སོ་ཐར་ལ། །སྨད་པ་བྱས་ནས་ངན་འགྲོར་འགྲོ། །ཞེས་གསུངས་པ་ཡང་ཡིན་ནོ། །དེ་བས་ན་རྡོ་རྗེའི་སློབ་དཔོན་ཁྱིམ་པའམ་གསར་བུ་ལ་དགེ་སློང་གིས་ཀྱང་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་ཡིན་ནོ། །དེ་


DTG079_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་ཀྱེའི་རྡོ་རྗེའི་རྒྱུད་ལས། སློབ་མ་གང་གིས་གྲུབ་ཐོབ་ཀྱང༌། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཡང་དག་ཡེ་ཤེས་སྣང་མཛད་བའི། །བླ་མར་གྲུབ་པས་ཕྱག་བྱའོ། །ཞེས་སོ། །གལ་ཏེ་དེ་ལྟར་ཡིན་ནམ། དམ་པའི་ཆོས་ལ་སོགས་པ་མདུན་དུ་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། །འཇིག་རྟེན་གནོད་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་པ་རྣམས་ལ་གནོད་པ་ནི་འཇིག་རྟེན་གནོད་པ་སྟེ་འགྲོ་བ་སུན་འབྱིན་པར་བྱེད་པ་དེ་དག་སྤོང་ཞིང་ཉམས་པར་བྱེད་པ་དེའི་ཕྱིར་ནི་འཇིག་རྟེན་གནོད་པ་སྤང་བའི་ཕྱིར་རོ། །འོ་ན་རང་གི་བླ་མ་ལ་ཕྱག་བྱ་བ་ལ་འཇུག་པ་རྣམས་ཀྱིས་འཇིག་རྟེན་ལ་གནོད་པ་ཡོད་དམ་ཞེ་ན་ཡོད་དོ། །ཇི་ལྟར་ཡོད་ཅེ་ན། འཇིག་རྟེན་ཕལ་མོ་ཆེ་འདི་ནི་བསྟན་བཅོས་མ་ཐོས་ཤིང་མ་རིག་པའི་ཕྱིར་དོན་དམ་པའི་ཆོས་ལ་གནས་པ་ཡོངས་སུ་མི་ཤེས་སོ། །དེ་ལས་དེ་རྣམས་ཀྱིས་སློབ་དཔོན་དགེ་སློང་ཉིད་དུ་གྱུར་པ་བསྙེན་བཀུར་པའི་འོས་མ་ཡིན་པར་ཡིད་ལ་བྱེད་དོ། །དེ་བས་ན་དེ་རྣམས་ཀྱིས་ཁྱིམ་པ་ལ་ཕྱག་བྱས་པས་རབ་ཏུ་བྱུང་བ་རྣམས་སུན་འབྱིན་པར་བྱེད་ལ། སུན་ཕྱུང་བས་འཇིག་རྟེན་རྣམས་ཕྱིར་ཕྱོགས་པར་འགྱུར་རོ། །འཇིག་རྟེན་ཕྱིར་ཕྱོགས་པས་ཀྱང་འཇིག་རྟེན་ལས་རྙེད་པ་དང་བཀུར་སྟི་ཉམས་པར་བྱེད་དོ། །མ་དད་པ་ན་རྙེད་པ་དང་བཀུར་སྟི་སྡུག་བསྔལ་བས་འཚོལ། སྡུག་བསྔལ་ནི་འཇིག་རྟེན་ན་མཐར་གྱུར་པ་ཡིན་ནོ། །རྙེད་པ་དང་བཀུར་སྟི་དང་མི་ལྡན་པ་ལ་སོགས་པའི་འཇིག་རྟེན་ལ་གནོད་པས་འཇིགས་པས་ཕྱག་བྱེད་པ་ན་དམ་པའི་ཆོས་ལ་སོགས་པ་མདུན་དུ་བདར་བ་ལ་དོན་མེད་པ་མ་ཡིན་ནོ། །གལ་ཏེ་ན་ཡང་ཅི་བྱ་བ་བསྟན་པའི་ཕྱིར་སྟན་བསྟབས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟུལ་ཞུགས་ཅན་གྱིས་ཐམས་ཅད་བྱ། །ཞེས་སྦྲེལ་ལོ། །བརྟུལ་ཞུགས་ཅན་ནི་བརྟུལ་ཞུགས་འཛིན་པ་ཡིན་ལ། བྱ་བ་ནི་ཉམས་སུ་བླང་བའོ། །ཐམས་ཅད་ཅེས་བྱ་བ་དེ་དག་གང་ལ་བྱ་ཞེ་ན། སྟན་བསྟབས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ལ་འདུག་པར་བྱ་བས་ན་སྟན་ཏེ། མ་སཱུ་ར་ཀ་ལ་སོགས་པའི་གདན་ནོ། །དེ་བསྟབས་པ་ནི་དང་པོ་དབུལ་བ་ཡིན་ལ། ལྡང་བ་ནི་དེའི་དོན་དུ་ནན་ཏན་བྱེད་པའོ། །ཡང་ན་ལྡང་བ་ནི་ཡང་དག་པར་ལྡང་བ་སྟེ། འགྲེངས་


DTG079_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདུག་པ་ཞེས་བྱ་བའི་དོན་ཏོ། །སྟན་ཡང་སྟོབས་ལ་ལྡང་བ་ཡང་ཡིན་པས་སྟན་བསྟབས་པ་དང་ལྡང་བའོ། །ཡང་གསུངས་པ། མ་དང་ཕ་དང་བླ་མ་ལ། །སུ་ཞིག་ལྡང་བར་མི་བྱེད་པ། །འཇིག་རྟེན་ཀུན་གྱིས་སྨོད་འགྱུར་བས། །ཐ་ཤལ་དག་དང་མཚུངས་པར་འགྱུར། །ཞེས་སོ། །དོན་བྱ་ཞེས་བྱ་བ་ལ་དོན་ཏེ་རྫས་ཀྱི་བྱ་བ་བྱེད་པ་ནི་དོན་བྱ་ཡིན་ལ། སྐྱེད་འཕེལ་ཡང་དོན་ནོ། །དེ་ལ་སྐྱེད་ནི་གཏོང་བ་ལ་སོགས་པས་ཡིན་ལ། འཕེལ་ནི་ཚོང་ལ་སོགས་པས་སོ། །སོགས་པའི་སྒྲས་ནི་བསྲུང་བ་ལ་སོགས་པ་ཡང་ངོ༌། །ཡང་ན་དོན་ཞེས་བྱ་བ་ནི་གོས་དང་སྟན་ལ་བྱ་ལ། བྱ་ཞེས་བྱ་བ་ནི་ནན་ཏན་ནོ། །སོགས་པའི་སྒྲས་ནི་བངས་པ་དང་མཆིལ་མ་དང་སྣབས་འདོར་བ་ལ་སོགས་པ་ལ་སྒྲིབ་པའོ། །བསྙེན་བཀུར་ཞེས་པ་ནི་བླ་མ་ལ་གུས་ཤིང་དད་པས་ཞེས་བྱ་བའི་དོན་ཏེ། དོན་གྱི་བྱ་བ་སོགས་པ་གང་གི་ཡིན་པ་དེ་ནི་དོན་གྱི་བྱ་བ་སོགས་ཏེ། དེ་ནི་དོན་གྱི་བྱ་བ་སོགས་ཀྱང་ཡིན་ལ་བསྙེན་བཀུར་ཡང་ཡིན་པས་དོན་གྱི་བྱ་བ་སོགས་བསྙེན་བཀུར་རོ། །ཡང་ན་ཚིག་འདི་དག་རིམ་པ་བསྣོར་ནས་སོ། །ཡང་ན་དོན་ཡང་བྱེད་ལ། བསྙེན་ཡང་བཀུར་བས་དོན་གྱི་བྱ་བ་སོགས་བསྙེན་བཀུར་རོ། །ཐམས་ཅད་ཉིད་ནི་མ་ལུས་པར་ཏེ། ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །འདི་དག་ཐམས་ཅད་བྱས་ནས་བརྟུལ་ཞུགས་ཅན་གྱི་ང་རྒྱལ་མེད་པར་བྱའོ་ཞེས་དགོངས་སོ། །ཡང་གསུངས་པ། དེ་བས་ངེས་པ་ཁོ་ནར་ནི། །བརྟུལ་ཞུགས་བརྟེན་པས་འདི་ཀུན་བྱ། །དེ་བཞིན་ནང་དང་ཕྱི་ཡིས་ནི། །རྟག་པར་རྣལ་འབྱོར་མཆོད་ལ་དགའ།། ཕྱག་སོགས་བྱ་བ་ཐམས་ཅད་དག །དུས་རྣམས་ཀུན་དུ་བྱ་བ་ཡིན། །དེ་ལྟར་ཡོངས་སུ་བརྟགས་ནས་ནི། །བླ་མ་རྣམས་ལ་བསྙེན་བཀུར་བྱ། །འོན་ཀྱང༌། གཟུགས་དང་ལང་ཚོ་ཕུན་ཚོགས་དང༌། །ལོངས་སྤྱོད་དབང་ཕྱུག་དག་དང་སྟོབས། །སྐྱེ་དང་རིགས་རྒྱུད་མི་བསམ་སྟེ། །ང་རྒྱལ་དག་ནི་དོར་བར་བྱ། །བཟོ་ཡི་ཆ་ཤས་འདི་ཀུན་ལ། །བློ་དང་ལྡན་ཞིང་མཁས་སྙམ་དང༌། །བདག་ནི་ས་སྐྱོང་དགེ་བའོ་ཞེས། །སེམས་ལ་སྦྱར་བར་མི་བྱའོ། །ཞེས་སོ། །ཅི་བྱས་ནས་ཤེ་ན། དམ་པ་མིན་ལས་ཕྱག་སྤོང་ངོ༌། །ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་


DTG079_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་གནོད་པའི་ལས་ནི་དམ་པ་མིན་པ་ཞེས་བྱ་སྟེ། མི་མཛེས་པའི་ཕྱག་ནི་སྡིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དམ་པ་མིན་པ་ཡང་ཡིན་ལ། ལས་ཀྱང་ཡིན་པས་དམ་པ་མིན་ལས་ཏེ། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྟན་བསྟབས་པ་ལ་སོགས་པ་འདི་དག་ཐམས་ཅད་ནམ་གྱི་ཚོ་ན་བྱ་བ་ཡིན་ཞེ་ན། ཕྱག་བྱས་ནས་ཞེས་བྱ་བ་གསུངས་ཏེ། གུས་པར་སྨྲས་ནས་སོ། །དམ་མིན་ཕྱག་གི་ལས་ཞེས་བྱ་བར་འདོན་པ་དེ་ལ་ནི། ལས་ཀྱང་ཡིན་ལ་ཕྱག་ཀྱང་ཡིན་པ་སྟེ། དེ་དམ་པ་མིན་པ་ཡང་ཡིན་ལ་ཕྱག་གི་ལས་ཀྱང་ཡིན་པས་ན་དམ་མིན་ཕྱག་གི་ལས་སོ། །དམ་པ་མ་ཡིན་པ་ནི་བཤད་ཟིན་ཏེ། དམ་པ་མ་ཡིན་པའི་ཕྱག་ནི་མ་གུས་པ་སྔོན་དུ་སོང་བར་ངེས་པར་མཚོན་པའི་ཐལ་མོ་སྦྱོར་བ་ཙམ་བྱེད་པའོ། །ཡང་ན་དམ་པ་མ་ཡིན་པ་ཐ་མལ་པའི་སྐྱེ་བོ་རྣམས་ཀྱི་ཕྱག་གི་ལ་སྟེ། དེ་ནི་ལོ་མ་རྙིང་པ་ལྷགས་ཤིང་འབྲས་བུ་འབབ་པའི་ཁུར་གྱིས་དུད་པའི་རྣམ་པར་སྦྱོང་བ་ལ་སོགས་པ་དམ་པ་མ་ཡིན་པའི་ལས་ཏེ། མགོ་བོ་དུད་པ་ཙམ་ནི་དམ་མིན་ཕྱག་གོ །གཞན་དག་ནི། དམ་མིན་ལས་དང་ཕྱག་ཅེས་བྱ་སྟེ། དམ་པ་མ་ཡིན་པའི་ལས་རྐང་པ་བཀྲུ་པ་ལ་སོགས་པ་དང༌། ཡན་ལག་བརྒྱད་ཀྱིས་བཏུད་པའི་ཕྱག་སྟེ་གཉིས་པོ་འདི་དག་སྤངས་ནས་བྱ་བ་ཐམས་ཅད་བྱའོ་ཞེས་སོ། །དེ་ལྟར་བླ་མའི་རབ་ཏུ་དབྱེ་བ་བཤད་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པས། བླ་མ་དང་སློབ་མ་དག་ཡོངས་སུ་བརྟག་པར་གསུངས་ཏེ། སློབ་དཔོན་དང་སློབ་མའི་འབྲེལ་བ་བྱ་ཞེས་བྱ་བ་ལ་འབྲེལ་བའི་དང་པོར་ཏེ་སྔོན་དུའོ། །ཉེ་བའི་དབང་ལས་སློབ་མ་སྟེ་བླ་མ་ནི་སློབ་དཔོན་ཞེས་བྱ་བ་བླ་མ་དང་ནི་སློབ་མ་དག་གོ །སློབ་དཔོན་དང་སློབ་མ་དེ་དག་གི་འབྲེལ་པ་ནི་འགྲོགས་པ་སྟེ། སློབ་དཔོན་དང༌། སློབ་མའི་འབྲེལ་པ་བརྟག་པར་བྱ་ནི་དཔྱད་པར་བྱའོ། སུས་སྙམ་ན། དཔའ་བོས་ཞེས་བྱ་བ་གསུངས་ཏེ། བློ་དང་ལྡན་ཞིང་མཁས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། བླ་མས་རེ་ཞིག་ཆ་ལུགས་དང༌། བརྗོད་པ་དང༌། སྤྱོད་ལམ་ལ་སོགས་པ་རྣམས་ཀྱིས་ཅི་འདི་བསམ་


DTG079_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་པ་ཡིན་ནམ། བསམ་པ་མ་དག་པ་ཡིན་སྙམ་དུ་ཡོངས་སུ་བརྟག་པར་བྱ་ཞིང༌། ཅི་འདི་བརྩམ་པར་བྱ་བའམ་མི་བྱ་སྙམ་དུ་དང༌། དེའི་ཁྱིམ་གྱི་མཚམས་ན་གནས་པའི་སྐྱེ་བོ་རྣམས་ལ་འདིའི་བྱ་བ་ཡོངས་སུ་དྲིས་ཤིང་བརྟགས་ནས་ཅི་འདི་ལ་ཤོག་ཅིག་བྱའམ། མི་བྱ་སྙམ་དུ་དཔྱོད་པའི་ཚུལ་གྱིས་ཀྱང་ཡོངས་སུ་བརྟག་པར་བྱའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བརྟགས་ན་འཇིག་རྟེན་བའི་བསམ་པ་ཤེས་པར་འགྱུར་ཏེ། ཆ་བྱད་རྟགས་དང་སྤྱོད་ལམ་དང༌། །སྐད་ཀྱིས་ཀྱང་ནི་རྟོགས་བྱ་ཞིང༌། །མིག་དང་གདོང་གི་རྣམ་འགྱུར་གྱིས། །ནང་ན་གནས་པའི་བསམ་པ་ཤེས། །ཞེས་ཀྱང་གསུངས་སོ། །དེ་ཡོངས་སུ་བརྟགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འཇིག་རྟེན་ཕལ་མོ་ཆེ་ནི་བསམ་པ་ཡོངས་སུ་མ་དག་པས་བླ་མ་ལ་སྲི་ཞུ་བྱས་པ་མེད་པར་དེ་ཁོ་ན་ཉིད་འདོད་པས་རྒྱལ་པོ་ལྟར་ཀུན་དུ་སྤྱོད་དེ། དེ་སྐད་དུ། སྒྱུ་ཡིས་དྲི་མར་བྱས་པའི་སེམས། །ངན་པའི་བསམ་པས་འབུལ་བྱེད་ཅིང༌། །གཏན་དུ་བླ་མ་བསྙེན་བཀུར་ཡང༌། །བཀུར་སྟི་མེད་ཅིང་ཕྱག་ཀྱང་མིན། །མཉམ་པར་གཞག་པ་ཐོབ་པའི་བར། །འོ་མ་ལ་སོགས་འབུལ་བས་མཆོད། །སངས་རྒྱས་ཀུན་གྱི་ཡོན་ཏན་གཞི། །དེ་ཉིད་རིན་ཆེན་ཐོབ་པ་ན། །བཞུགས་སམ་ཞེས་ཀྱང་མི་འདྲི་ལ། །སྐྱོན་ཉིད་རྟག་ཏུ་ཚོལ་བར་བྱེད། །ཅེས་སོ། །དེ་བས་ན་དེ་ལྟར་ཡང་དག་པར་བརྟགས་ནས་བསམ་པ་ཡོངས་སུ་དག་པར་གྱུར་ན་དེའི་ཚེ་དེ་དང་འབྲེལ་པར་བྱ་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ནི་མི་བྱའོ་ཞེས་དགོངས་སོ། །དེ་བཞིན་དུ་སློབ་མས་ཀྱང་ཡོངས་སུ་བརྟགས་ནས་བླ་མ་དང་ལྷན་ཅིག་པའི་འབྲེལ་པ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཕལ་མོ་ཆེ་ནི་བསམ་པ་མ་དག་པས་ཁོ་བོ་ཅག་ནི་སློབ་དཔོན་ནོ་ཞེས་བཅོས་མའི་ཚིག་སྙན་པོ་དང་འདིའི་དོན་སྣ་ཚོགས་པ་ལ་ཆགས་པས་དམ་པ་མིན་པའི་ཆོས་སྟོན་པས་སམ། ཚུལ་འཆོས་པའི་གཏམ་གྱིས་སེམས་ཅན་རྣམས་སླུ་བར་བྱེད་དོ། །དེ་བས་ན་སློབ་མས་ཀྱང་ཅི་འདི་བསམ་པ་དག་པ་ཡིན་ནམ། བསམ་པ་མ་དག་པ་ཡིན་སྙམ་དུ་བླ་མ་ཡོངས་སུ་བརྟག་པར་བྱ་སྟེ། གལ་ཏེ་བསམ་པ་མ་དག་ན་དེའི་ཚེ་དེ་དང་ལྷན་ཅིག་


DTG079_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲེལ་པ་མི་བྱའོ། །ཡང་གསུངས་པ། བླ་མར་བྱ་བ་མིན་པར་བཤད། །ལོག་པའི་ཤེས་རབ་མངོན་པར་ཁེངས། །ཆགས་པའི་དབང་གིས་གཞན་དག་ལ། །ཚོས་སྟོན་པ་ཡང་རབ་ཏུ་འཇུག །བྱིས་པ་དེ་དག་སེམས་ཅན་གྱི། །མི་དགེའི་བཤེས་གཉེན་དེ་དག་ནི། །བདུད་ཀྱི་ཕྱོགས་དང་རིས་སུ་གནས། །རང་དང་གཞན་དག་ཉམས་བྱེད་པ། །དེ་དག་རྟག་པར་སེམས་ཅན་གྱིས། །སྤང་ཞིང་བསྙེན་བཀུར་བྱ་བ་མིན། །དེ་རྣམས་ལ་ནི་ཕྱག་མི་བྱ། །ཀུན་དུ་མྱང་བར་ཡང་མི་བྱ། །ཞེས་སོ། །དེ་བས་ན་བསམ་པ་མ་དག་པས་མིང་ཙམ་གྱི་སློབ་དཔོན་ནི་ལེགས་པ་འདོད་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྤང་བར་བྱའོ། །གལ་ཏེ་བསམ་པ་མ་དག་པའི་སློབ་མའམ་བླ་མ་ལྷན་ཅིག་པའི་འབྲེལ་པ་བྱས་པ་དེའི་ཚེ་གཉིས་ཀ་ལ་ཅིར་འགྱུར། །སྤྱོད་པ་མ་ཡིན་པ་ལས་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་པར་གྱུར་ན་དེ་ལ་ཅིར་འགྱུར་ཞེ་ན། མཚུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚུངས་པ་ནི་མཉམ་པའོ། །དམ་ཚིག་ནི་སློབ་དཔོན་གྱིས་འགོང་བར་བྱ་བ་མ་ཡིན་པའོ། །དེ་དམ་ཚིག་ཀྱང་ཡིན་ལ་མཚུངས་པ་ཡང་ཡིན་པའི་ཕྱིར་མཚུངས་པ་དམ་ཚིག་སྟེ་མཚུངས་པ་ཉིད་ནི་གཉིས་ཀ་ཡང་འདིའི་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པ་གཉིས་པོ་དེ་ཡང་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །དེ་ལ་བསྲུང་བར་བྱ་བ་ཡང་རྣམ་པ་གཉིས་ཏེ། བླང་བར་བྱ་བ་དང༌། དོར་བར་བྱ་བའོ། །དེ་ལ་བླང་བར་བྱ་བ་ནི་དགེ་བའི་རང་བཞིན་རྣམས་དང༌། དོར་བར་བྱ་བ་ནི་མི་དགེ་བའི་རང་བཞིན་རྣམས་སོ། །བླང་བར་བྱ་བ་ཡང་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱིའོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་ནི་ལུས་ཀྱིའོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ནི་ངག་གིའོ། །བརྣབ་སེམས་ལ་སོགས་པ་ནི་ཡིད་ཀྱིའོ། །བཟའ་བའི་དམ་ཚིག་ཀྱང་རྣམ་པ་གཉིས་ཏེ། རྟག་ཏུ་ཉེ་པར་སྤྱད་པ་དང༌། སྐབས་སུ་ཉེ་བར་སྤྱད་པའོ། །དེ་ལ་རྟག་ཏུ་ཉེ་བར་སྤྱད་པ་ནི་སྒྲོན་མ་ལྡ་ལ་སོགས་པའོ། །སྐབས་སུ་ཉེ་བར་སྤྱད་པ་ནི་རྡོ་རྗེ་བཟུང་བ་ལ་སོགས་པའོ། །ཡང་ན་མཚུངས་པའི་དམ་ཚིག་ཅེས་བྱ་བ་ལ་མཚུངས་པ་ནི་འདྲ་པ་སྟེ།


DTG079_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་དང་མཐུན་པ་ཞེས་བྱ་བར་གཅིག་པའི་དོན་ཏོ། །དམ་ཚིག་གི་དོན་ཚིག་རྣམ་པར་སྦྱར་བ་ནི་སྔ་མ་བཞིན་ནོ། །མཚུངས་པའི་དམ་ཚིག་དེ་ཡང་རྣམ་པ་གཉིས་ཏེ། བླ་མའི་བྱ་བ་དང༌། སློབ་མའི་བྱ་བའོ། །དེ་ལ་སློབ་མའི་བྱ་བ་ནི་ཆོ་ག་ཇི་ལྟ་བ་བཞིན་དབང་ནོད་པའོ། །དེ་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་བ་ཡིན་གྱི་གང་ངས་འདི་བྱ་དགོས་སོ། །སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་འདི་དག་ཀྱང་ཁྱོད་ཀྱིས་དབང་བསྐུར་བ་མ་ཐོབ་ཅིང་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་སྟེ། ཡ་ང་བ་མ་སྤངས་པར་དུས་ཀྱི་བྱ་བ་བྱས་ནས་དམྱལ་བ་ལ་སོགས་པར་འགྱུར་ཏ་རེ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱེད་པ་ནི་བླ་མའི་བྱ་བའོ། །བླ་མ་ལ་སོགས་པ་མཐོ་བ་རྣམས་ཀྱི་ཡང་དག་པའི་སྤྱོད་པ་གང་ཡིན་པ་དེ་སློབ་མའི་བྱ་བའོ། །མཚུངས་པའི་དམ་ཚིག་ཉམས་པ་ནི་འཁྱམས་པའོ། །མཚུངས་པའི་དམ་ཚིག་ཉམས་པ་དེ་ཡང་སྐྱོན་ཏེ། ལྟུང་བ་དང་མི་དགེ་བ་ཞེས་བྱ་བའི་དོན་ཏོ། །ཧི་ནི་གང་གི་ཕྱིར་གྱི་དོན་ལའོ། །སུའི་སྐྱོན་དུ་འགྱུར་ཞེ་ན། སློབ་དཔོན་དང་ཅེས་བྱ་བ་གསུངས་ཏེ། སློབ་དཔོན་དང་སློབ་མ་ནི་དཔོན་སློབ་སྟེ་དེ་དག་གིའོ། །དགོངས་པ་ནི་འདི་ཡིན་ཏེ། དམ་ཚིག་ཉམས་ན་སློབ་དཔོན་གྱི་དངོས་གྲུབ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་སྐྱོན་ཡིན་ལ། སློབ་མའི་ཡང་འདིར་ལུས་དང་སེམས་གཟིར་བའི་ཉེ་བར་འཚེ་བ་སྐྱེད་པར་བྱེད་པའི་ཕྱིར་དང༌། ཕྱི་མ་ལ་ཡང་ངན་འགྲོའི་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་ན་སྐྱོན་ཆེན་པོ་སྟེ། དེ་བཞིན་དུ་དམ་པ་མ་ཡིན་པའི་ཀུན་དུ་སྤྱོད་པ་ཡང་ཡིན་ནོ། །སློབ་མའི་སྐྱོན་བསྟན་པའི་ཕྱིར། བརྩེ་བ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མས་སློབ་མར་མི་བྱའོ། །ཞེས་འབྲེལ་ལོ། །བླ་མ་ནི་བཤད་ཟིན་ལ། བསླབ་པ་ལ་སློབ་པས་ན་སློབ་མ་སྟེ་སློབ་བུའོ། །དེ་ལ་མི་བྱ་བ་མི་སྒྲུབ་པའོ། །བླ་མ་ཇི་ལྟ་བུས་ཤེ་ན། བློ་ལྡན་ཞེས་བྱ་བ་ལ་བློ་ནི་བློ་གྲོས་དྲི་མ་མེད་པ་ཡིན་ལ། དེ་འདི་ལ་ཡོད་པའི་ཕྱིར་བློ་ལྡན་ནོ། །སློབ་མའི་ཁྱད་པར་ཅི་འདྲ་བ་ཞིག་ཅེ་ན། བརྩེ་བ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདོན་པར་འདོད་པའི་མཚན་ཉིད་ཀྱི་སྙིང་རྗེ་ནི་བརྩེ་བ་ཡིན་


DTG079_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལས་འདས་པ་གང་གིས་ན་བརྩེ་བ་མེད་པ་དེ་ནི་བརྩེ་བ་མེད་དོ། །ཁྲོ་བ་ནི་ཁོང་ཁྲོ་ཞིང་འཁྲུག་པ་སྟེ་མི་བཟོད་པར་གྱུར་པས་འཕྲལ་དུ་གནོད་པ་བྱེད་པ་ཞེས་བྱ་བའི་དོན་ཏེ་དེ་ནི་ཁྲོ་བའོ། །གདུག་པ་ནི་སེམས་རྩུབ་མོ་སྟེ། བརྩེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཁེངས་པ་ནི་ཅུང་ཟད་ཀྱིས་དྲེགས་པ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་ཕ་རོལ་གྱི་རྫས་འདོད་པའོ། །མ་བསྡམས་པ་ནི་གཡོ་ཞིང་མཉམ་པར་མ་བཞག་པའོ། །བཀག་པར་གྱུར་པ་ནི་བདག་ཉིད་མཆོག་ཡིན་ནོ་ཞེས་བདག་ཉིད་བསྔགས་ཤིང་གཞན་ལ་སྨོད་པ་སྟེ། ཚུལ་ཁྲིམས་འདི་ལ་བདག་མཆོག་ཏུ་གྱུར་པའོ་ཞེས་བྱ་བར་རོ། །གསུངས་པ། མཆོག་ཡིན་ཞེས་ནི་རབ་སྨྲ་བའི། །ཡོན་ཏན་རྣམས་ནི་སྦྱིན་པར་བྱེད། །ཅེས་སོ། །དང་ཡིག་ནི་ཀུན་བསྡུས་པའི་དོན་ཏོ། །དང་ཡིག་ལས་འདི་ལྟ་བུ་དག་ནི་བླ་མར་ཡང་མི་བྱའོ་ཞེས་ནི་གཞན་དག་གོ །བླ་མའི་རང་བཞིན་བསྟན་པའི་ཕྱིར། བརྟན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་དང་བློས་ཤིན་ཏུ་ཟིན་པའི་ཕྱིར་བསྟན་པ་སྟེ་བློ་དང་ལྡན་པའོ། །དུལ་བ་ནི་འདུལ་བ་བཞིན་དུའོ། །བློ་གྲོས་ནི་རྣམ་པར་དཔྱོད་པ་སྟེ་ཤེས་རབ་ཡིན་ལ་དེ་འདི་ལ་ཡོད་པའི་ཕྱིར་བློ་གྲོས་ལྡན་པ་སྟེ་རྣམ་པར་དཔྱད་པ་ཞེས་བྱ་བའི་དོན་ཏོ། །བཟོད་པ་ནི་བཟོད་པར་གྱུར་བ་སྟེ། དེ་ཡང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། གཞན་གྱི་གནོད་པ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང་རྣམ་པ་གསུམ་མོ། །དེ་ལྟ་བུའི་མཚན་ཉིད་ཀྱི་བཟོད་པ་གང་ལ་ཡོད་པ་དེ་ནི་བཟོད་ལྡན་ནོ། །དྲང་བ་ནི་འཕགས་པའི་ས་ལ་རབ་ཏུ་བཞུགས་པའི་ཕྱིར་གྱ་གྱུ་མེད་པའི་ལྟ་བ་ཅན་ཏེ། གྱ་གྱུ་ནི་སྡིག་པ་ཅན་གྱི་ལྟ་བའོ། །གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ། །ཞེས་གསུངས་པའོ། །གཡོ་སྐྱུ་མེད་པ་ནི་རང་གི་སྐྱོན་སྒྲིབ་པའི་ཐབས་ཀུན་དུ་འཛིན་པའི་སེམས་ཀྱི་གྱ་གྱུ་ཉིད་གཡོ་ཡིན་པས་དེ་ལ་ཞུགས་པ་ནི་གཡོ་སྟེ། གཡོ་དང་བྲལ་ཞིང་གཡོ་མེད་ལ་གྱ་གྱུ་མེད་པའི་སེམས་ཞེས་བྱ་བའི་དོན་ཏོ། །སྔགས་རྒྱུད་ཀྱི་ནི་རབ་སྦྱོར་ཤེས་ཏེ་སྔགས་ནི་ཤིས་པ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ཡིད་ལ་བྱས་པས་འགྲོ་བ་སྐྱོབ་པའི་ཕྱིར་ན་སྔགས་སོ། །དེ་ཡང་ཕྲེང་བའི་སྔགས་དང་


DTG079_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཏུས་པའི་སྔགས་དང་སྙིང་པོའི་སྔགས་ཞེས་བྱ་བ་རྣམ་པ་གསུམ་མོ། །རྒྱུད་ནི་ཕྱིར་བཟློག་གི་འཁོར་ལོ་ལ་སོགས་པའོ། །སྔགས་དང་རྒྱུད་ནི་སྔགས་རྒྱུད་དེ། །དེ་རྣམས་ཀྱི་རབ་སྦྱོར་ནི་ཞི་བ་ལ་སོགས་པའི་ལས་ཏེ། དེ་ཤེས་པའི་ཕྱིར་སྔགས་རྒྱུད་ཀྱི་ནི་རབ་སྦྱོར་ཤེས་པའོ། །སྙིང་རྗེར་ལྡན་པ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བ་དང་ལྡན་པའོ། །བསྟན་བཅོས་མཁས་པ་ནི་འཆོས་པའི་ཕྱིར་བསྟན་བཅོས་ཏེ། གཞུང་དུ་སྤེལ་བ་ཡིན་ལ། །དེ་ཡང་མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཏེ། ཆོས་དང༌། རྟོག་གེ་དང༌། དོན་དང༌། སྒྲ་དང༌། གར་དང། རོ་བཅུད་དང༌། ཡོངས་སུ་བརྟག་པ་དང༌། འདོད་པ་དང༌། གསོ་བ་དང༌། རྩིས་དང༌། བཟོ་དང༌། རྣམ་པར་ཤེས་པའི་བསྟན་བཅོས་དག་གོ །བསྟན་བཅོས་ལ་མཁས་པ་ནི་འཆོས་པ་ལ་མཁས་པའོ། །སླར་ཡང་སློབ་དཔོན་གྱི་ཁྱད་པར་བསྟན་པའི་ཕྱིར། དེ་ཉིད་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུ་ནི་རབ་ཏུ་གྲགས་པའི་གྲངས་ཏེ་བགྲང་བ་ལ་འཇུག་གོ །དེ་ཉིད་ནི་ཕྱིན་ཅི་མ་ལོག་པའི་རང་བཞིན་ནོ། །དེ་རྣམས་དེ་ཉིད་ཀྱང་ཡིན་ལ་བཅུ་ཡང་ཡིན་པས་ན་བཅུའི་གྲངས་སུ་འཆད་པའི་དེ་ཉིད་དག་ནི་དེ་ཉིད་བཅུའོ། །དེ་ཉིད་བཅུ་པོ་དག་ཀྱང་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། སྔགས་དང༌། སྟང་སྟབས་དང༌། འདུག་སྟངས་དང༌། བཟླས་པ་དང༌། སྤྱིན་སྲེག་དང༌། མཆོད་པའི་ལས་ལ་སྦྱོར་བ་དང༌། སླར་བསྡུ་བ་དག་གོ །དཀྱིལ་འཁོར་ཡང་རྣམ་པ་གསུམ་སྟེ། སྐུའི་དཀྱིལ་འཁོར་དང༌། གསུང་གི་དཀྱིལ་འཁོར་དང༌། ཐུགས་ཀྱི་དཀྱིལ་འཁོར་རོ། །ཏིང་ངེ་འཛིན་ནི་རྣམ་པ་གསུམ་སྟེ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་རྣམས་ངོ་བོ་ཉིད་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་དབྱེ་བས་སོ། །ཕྱག་རྒྱ་ནི་རྣམ་པ་གཉིས་ཏེ། ལག་པའི་ཕྱག་རྒྱ་དང༌། ཡིད་ཀྱི་སྐུའི་ཕྱག་རྒྱའོ། །སྔགས་ནི་བཤད་ཟིན་ཏོ། །སྟང་སྟབས་ནི་རྣམ་པ་མང་སྟེ། བུང་བའི་དྲ་བ་ལ་སོགས་པའོ། །འདུག་སྟངས་ནི་མདོར་བསྡུས་ན་རྣམ་པ་བཞི་སྟེ། པདྨའི་འདུག་སྟངས་དང་རྡོ་རྗེའི་འདུག་སྟངས་དང་སེམས་དཔའི་འདུག་སྟངས་དང་ཁྲོ་


DTG079_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་འདུག་སྟངས་སོ། །བཟླས་པ་ནི་རྣམ་པ་བཞི་སྟེ། ཁྲོ་བོའི་བཟླས་པ་དང་རྡོ་རྗེའི་བཟླས་པ་དང་སྤྲོ་བའི་བཟླས་པ་དང་འགོག་པའི་བཟླས་པའོ། །སྦྱིན་སྲེག་ནི་རྣམ་པ་བཞི་སྟེ། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དོ། །མཆོད་པའི་ལས་ལ་སྦྱོར་བ་ནི། ཕྱི་ནང་གསང་བའི་མཆོད་པའི་ནན་ཏན་ལ་རབ་ཏུ་སྦྱོར་བའོ། །སླར་བསྡུ་བ་ནི་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བ་དང་དམ་ཚིག་གི་དཀྱིལ་འཁོར་བསྡུ་བའོ། །དེ་ཉིད་བཅུ་པོ་རྣམས་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པས་ནི་དེ་ཉིད་བཅུ་ནི་ཡོངས་སུ་ཤེས་པའོ། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དཀྱིལ་འཁོར་ནི་བྲི་བྱའི་དཀྱིལ་འཁོར་ཏེ་རི་མོར་བྲི་བའི་དཀྱིལ་འཁོར་དང༌། བྲི་བ་ནི་དཀྱིལ་འཁོར་བྲི་བ་སྟེ་དེ་དག་གི་ལས་ནི་བྱ་བ་ཡིན་ལ། དེ་དག་རིག་ཅིང་ཤེས་པའི་ཕྱིར་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པའོ། །དེ་ལ་དཀྱིལ་འཁོར་གྱི་ལས་ནི་ཕྱི་དང་ནང་གི་ས་སྦྱང་བ་དང་ཡོངས་སུ་གཟུང་བ་དང༌། བགེགས་ལ་ཕུར་བུས་གདབ་པ་དང༌། ཕྱོགས་བཅིང་བ་དང༌། མཚམས་བཅིང་བ་དང༌། ལྷ་ལྷག་པར་གནས་པ་དང༌། ཐིག་དང་རྡུལ་ཚོན་གདབ་པ་དང༌། བུམ་པ་ལྷག་པར་གནས་ཤིང་དགོད་པ་དང༌། དཀྱིལ་འཁོར་སྒྲུབ་པ་ལ་སོགས་པའོ། །བྲི་བའི་ལས་ཀྱང་སྣམ་བུ་དང་དར་དཔྱད་དང་འཁོར་ལོ་ལ་སོགས་པ་བྲི་བའོ། །གསང་སྔགས་འཆད་བྱེད་ནམ་ཨོཾ་ཡིག་ལ་སོགས་པ་དེ་ཁོ་ན་ཉིད་གསུམ་རོ་གཅིག་པའི་གསང་ཆེན་གྱིས་བཤད་པར་བྱ་བའི་སྔགས་རྣམས་འཆད་པ་ལ་མཁས་ཤིང་རྟོགས་པའི་ཕྱིར་གསང་སྔགས་འཆད་བྱེད་དེ། ཡང་གསུངས་པ། སྔགས་དང་སྔགས་ཤེས་རབ་གསུངས་པ། །དེ་ཉིད་བསྐུལ་བར་གསུངས་པ་སྟེ། །སྐྱེ་བ་མེད་ཅིང་སྣང་བ་མེད། །མཚོན་བྱ་དང་ནི་མཚན་ཉིད་སྤངས། །འདི་ལ་སྔགས་ཞེས་བརྗོད་པ་ཡིན། །གསང་ཆེན་དོན་ནི་རྟོགས་པ་ཡིན། །ཞེས་སོ། །སློབ་དཔོན་ཞེས་བྱ་བ་ནི། དབང་བསྐུར་བ་ལ་སོགས་པའི་ལས་ལ་འཇུག་པའི་ཕྱིར་སློབ་དཔོན་ཏེ། ཡང་གསུངས་པ། ཆོས་ཀྱི་ཁ་ཏོན་ཀློག་པ་དང༌། །འཆད་དང་མན་ངག་སྦྱིན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་པ། །སློབ་དཔོན་ཞེས་


DTG079_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་བརྗོད་པ་ཡིན། ཞེས་སོ། །དང་བ་ཞེས་པ་ནི་སེར་སྣ་དང་བྲལ་ཞིང་སྙིང་ནས་དགའ་བའོ། །དང་ཡིག་ལས་ངོ་བཞིན་གསལ་བའོ། །དབང་པོ་ཐུལ་ཞེས་བྱ་བ་ལ་གང་གིས་མིག་ལ་སོགས་པའི་དབང་པོ་རྣམས་དབང་དུ་བྱས་ནས་ཐུལ་བ་དེ་ནི་དབང་པོ་ཐུལ་བའོ། །བའང་ཞེས་བྱ་བ་ནི་ལྷག་པར་སྡུད་པའོ། །སློབ་དཔོན་ལ་སྨོད་པའི་སྐྱོན། མགོན་དེ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ཞེས་བྱ་བ་ནི་དེ་ལྟ་བུའི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་སློབ་དཔོན་གང་ཡིན་པ་དེའོ། །མགོན་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་མགོན་དུ་གྱུར་ཅིང་མ་ཉེས་པར་བྱ་བ་ཡིན་པའི་ཕྱིར་མགོན་ཏེ་མགོན་དེའོ། །གང་གིས་ཞེས་བྱ་བ་ནི་སློབ་མར་རྨོངས་པས་སོ། །བརྙས་པ་ནི་སྨོད་པར་བྱས་པའོ། །ཅིར་གྱུར་ནས་ཤེ་ན། སློབ་གྱུར་ཕྱི་ནས་ཞེས་གསུངས་ཏེ། སློབ་མ་མ་ཡིན་པ་ལས་སློབ་མར་གྱུར་ནས་ཞེས་བྱ་བ་སློབ་གྱུར་ཕྱི་ནས་སོ། །བསམ་བཅས་པས་ནི་བསམ་པ་དང་ལྷན་ཅིག་ཏུ་འཇུག་པས་བསམ་བཅས་ཏེ་བསམ་པ་ཐག་པ་ནས་ཡིན་གྱི་སྨྱོ་བའམ་མ་ཤེས་པའམ་རྣམ་པར་གཡེངས་པའི་སེམས་ཀྱིས་ནི་མ་ཡིན་པའོ། །སངས་རྒྱས་ཐམས་ཅད་སྨོད་པས་ན་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། ཆོས་ཐམས་ཅད་ཀྱི་དོན་དམ་པ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་པའམ། འདི་དག་དྲི་མ་མེད་པའི་བློ་ཅན་ཡིན་པའི་ཕྱིར་སངས་རྒྱས་སོ། །ཡང་ན་དུས་ཐམས་ཅད་མཁྱེན་ཅིང་སྐྱོན་ཐམས་ཅད་དང་བྲལ་བས་ན་ཡང་དག་པར་རློམ་པའི་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པའི་ལྷ་རྣམས་པས་རྒྱས་ཤིང་ཐུགས་སུ་ཆུད་པའི་དགོངས་པ་དང་ལྡན་པའི་ཕྱིར་སངས་རྒྱས་རྣམས་སོ། །ཐམས་ཅད་ནི་མ་ལུས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཇི་སྲིད་པར་བཞུགས་པ་དེ་དག་ཐམས་ཅད་དོ། །དེ་དག་ནི་སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་དེ་སངས་རྒྱས་དེ་དག་ཐམས་ཅད་ལ་བརྙས་ཤིང་སྨོད་ལ་འཕྱ་བ་དེས་ནི་སངས་རྒྱས་ཐམས་ཅད་ལ་སྨོད་པ་ཡིན་ནོ། །དེ་ནི་ཞེས་པ་ནི་སུ་ཞིག་བླ་མ་ལ་བརྙས་པ་བྱེད་པ་འདི་དེའོ། །རྟག་ཏུ་ནི་རྒྱུན་དུའོ། །


DTG079_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ནི་ཉེ་བར་འཇོམས་པ་སྟེ། ད་ཡང་འདི་པ་དང་འཇིག་རྟེན་ཕ་རོལ་པ་རྣམ་པ་གཉིས་སོ། །དེ་ལ་མཐོང་བའི་ཆོས་ལ་ལུས་དང་སེམས་གཟིར་བ་ཉེ་བར་འཚེ་བ་ལ་སོགས་པ་རྣམས་ནི་འདི་པའོ། །དམྱལ་བ་ལ་སོགས་པ་རྣམས་སུ་གཅོད་པ་དང་གཤེགས་པ་དང་སྲེག་པ་དང་འཚོད་པ་ལ་སོགས་པའི་སྡུག་བསྔལ་རྣམས་ནི་འཇིག་རྟེན་ཕ་རོལ་པའོ། །འཐོབ་ཅེས་བྱ་བ་ནི་མྱང་བར་བྱ་ཞིང་ཉམས་སུ་མྱོང་དགོས་སོ་ཞེས་བྱ་བའོ། །སློབ་དཔོན་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་དེ་སྐད་དུ་བརྗོད་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་དེ་ལ་སྨོད་པ་ལས་སངས་རྒྱས་ཐམས་ཅད་སྨད་པ་ལས་སྐྱེས་པའི་སྡུག་བསྔལ་འབྱུང་བ་ཡིན་ནོ། །དེ་གང་ལས་ཤེ་ན། སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལྟ་བུར་བ་ལྟ་བར་བྱའོ་ཞེས་པའི་བཅོམ་ལྡན་འདས་ཀྱི་གསུང་ཚད་མ་ཡིན་པའི་ཕྱིར་རོ། །ཡང་གསུངས་པ། །བརྟན་གཡོའི་འཇིག་རྟེན་གསུམ་པོ་ན། །སློབ་དཔོན་ལས་མཆོག་བླ་མ་མེད། །གང་གི་དྲིན་ལས་དངོས་གྲུབ་ཀུན། །འཕྲལ་ཉིད་དུ་ནི་ཐོབ་པར་བྱེད། ཅེས་སོ། །སླར་ཡང་བླ་མ་སྨོད་པའི་ཉེས་དམིགས་བྱེ་བྲག་ཏུ་བསྟན་པའི་ཕྱིར་ཡམས་དང་ཉེར་འཚེ་ཞེས་བྱ་བ་གསུངས་ཏེ། བླ་མའི་ཞབས་ལ་སྨོད་པ་འཆི་བར་འགྱུར་རོ་ཞེས་འབྲེལ་ལོ། །བླ་མ་ནི་སློབ་དཔོན་ཡིན་ལ། དེའི་ཞབས་ནི་ཞབས་དག་སྟེ་དེ་དག་ལ་སྨོད་ཅིང་སུན་འབྱིན་པ་ནི་བླ་མའི་ཞབས་ལ་སྨོད་པའོ། །འཆི་བར་འགྱུར་བ་ནི་འཆི་བའི་འོས་ཏེ་རྣམ་པར་ཉམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་དག་གིས་ཤེ་ན། དེའི་ཕྱིར། ཡམས་དང་ཉེར་འཚེ་དགྲ་རྣམས་ཀྱིས། །ཞེས་བྱ་བ་གསུངས་ཏེ། ཡམས་ནི་རྡོ་རྗེའི་མེ་འབབ་པ་དང་ཆུ་དང་རླུང་དང་མུ་གེ་དང་གཤེད་མ་ལ་སོགས་པ་རྣམས་ཀྱིས་གཟིར་བར་བྱས་པའོ། །ཉེར་འཚེ་ནི་འབྱུང་པོ་དང་ཡི་དགས་དང་དྲེ་དང་སྲིན་པོ་དང་སྦྲུལ་དང་གཅན་གཟན་གཏུམ་པོ་ལ་སོགས་པ་ལས་བྱུང་བའི་ཉེ་བར་འཚེ་བ་རྣམས་སོ། །དགྲ་ནི་ཤ་འཁོན་ཅན་གྱི་དགྲ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །ཡམས་དང་ཉེ་བར་འཚེ་བ་དང་དགྲ་རྣམས་ཏེ་ཡམས་དང་ཉེར་འཚེ་དགྲ་རྣམས་ཀྱིས་སོ། །དང་ཡིག་ལས་གཉན་རྣམས་ཀྱིས་ཀྱང་


DTG079_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །ཡང་གང་དག་གིས་ཤེ་ན། གདོན་དང་རིམས་ཞེས་བྱ་བ་གསུངས་ཏེ། གདོན་ནི་ཉི་མ་ལ་སོགས་པའི་གཟའ་དགུ་པོ་དག་གམ་ཡང་ན་མ་མོ་ལ་དགའ་བ་ལ་སོགས་པ་བཅུ་གཉིས་པོ་དག་སྟེ། སེམས་ཅན་རྣམས་ཀྱི་མདངས་དང་སྟོབས་ལེན་པར་བྱེད་པའི་ཕྱིར་གདོན་ནོ། །རིམས་ནི་ནད་རྣམས་ཏེ་སེམས་ཅན་རྣམས་ལ་གདུང་བ་སྐྱིད་པར་བྱེད་པའི་ཕྱིར་ན་རིམས་སོ། །དེ་དག་ཀྱང་མདོར་བསྡུ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་སྟེ་རྣམ་པ་ཞིའོ། །སླར་ཡང་ཕྱེ་ན་ནི་རྣམ་པ་མང་ངོ༌། །དུག་ནི་ཤས་ཆེ་བ་སྟེ། དེ་ཡང་མདོར་བསྡུ་ན་བརྟན་པ་དང་གཡོ་བ་དང་བཅོས་མ་དང་གྱུར་པ་སྟེ་རྣམ་པ་བཞིའོ། །དེ་ལ་བརྟན་པ་ནི་ནག་པོ་བརྩེགས་པ་ལ་སོགས་པའོ། །གཡོ་བ་ནི་སྦྲུལ་ལ་སོགས་པ་རྣམས་ཀྱིའོ། །བཅོས་མ་ནི་ཀུན་དུ་སྦྱར་བདག་གོ །གྱུར་བ་ནི་རྣམ་པར་རྟོག་པ་ལས་བྱུང་བའོ། །སོགས་པའི་སྒྲས་ནི། འགྱེགས་པ་ལ་སོགས་པས་སོ། །གདོན་རྣམས་དང་རིམས་རྣམས་དང་དུག་ལ་སོགས་པས་ན། གདོན་དང་རིམས་དང་དུག་སོགས་ཀྱིས། །དེ་རྣམས་ཀྱིས་བླ་མའི་ཞབས་ལ་སྨོད་པ་འདི་འཆི་བར་འགྱུར་རོ། །དེ་ཅི་འདྲ་བ་ཞིག་ཅེ་ན་རྨོངས་ཆེན་ཏེ། དེ་རྨོངས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྨོངས་ཆེན་ཏེ་ཤིན་ཏུ་བླུན་པའོ། །དེ་ལྟར་ཤེས་ནས་ལེགས་པ་འདོད་པ་དག་གིས་སློབ་དཔོན་ལ་སྨོད་པར་མི་བྱ་བར་ཡོན་ཏན་ཁོ་ན་གཟུང་བར་བྱའོ། །ཡང་གསུངས་པ། སློབ་དཔོན་ཡོན་ཏན་གཟུང་བྱ་སྟེ། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གཟུང་བས་དངོས་གྲུབ་སྟེ། །སྐྱོན་རྣམས་ལས་ནི་གྲུབ་པ་ཉམས། །ཞེས་སོ། །སླར་ཡང་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་བླ་མ་ལ་སྨོད་པའི་རྣམ་བར་སྨིན་པ་གསུངས་ཏེ། བླ་མའི་ཞབས་ལ་སྨོད་པ་ཞེས་སྦྱར་ནས་བསད་ནས་དམྱལ་བར་འགྲོ་ཞེས་སྦྲེལ་ལོ། །བསད་ནས་ནི་ཤི་ནས་དམྱལ་བད་ན་འགྲོར་འགྲོ་ཞིང་འབོར་བར་བྱེད་དོ། །སུ་དག་གིས་བསད་ནས་ཤེ་ན། རྒྱལ་གཏུམ་ཞེས་བྱ་བ་སྟེ། རྒྱལ་པོ་ནི་ས་སྐྱོང་བ་ཡིན་ལ། གཏུམ་པོ་ནི་མཛོད་སྤུང་བ་དང༌། དུམ་བུ་སྲུང་བ་ལ་སོགས་པ་རྣམས་ཏེ། རྒྱལ་པོ་དང་གཏུམ་པོ་ནི་རྒྱལ་གཏུམ་མོ། །ཡང་ན་རྒྱལ་པོ་ནི་རྣམ་ཐོས་


DTG079_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་ལ་སོགས་པ་གསང་བ་པའི་གཙོ་བོ་རྣམས་ཏེ་འདིར་རྒྱལ་པོའི་སྒྲས་ནི་གསང་བ་རྣམས་སོ། །གཏུམ་པོ་ནི་གཤེག་པར་བྱེད་པ་དང༌། གཟིར་བར་བྱེད་པ་རྣམས་ཏེ། རྒྱལ་པོ་དང་གཏུམ་པོ་ནི་རྒྱལ་གཏུམ་གནོད་སྤྱིན་གྱི་མངག་གཞུག་པ་རྣམས་ཞེས་བྱ་བའི་དོན་ཏོ། །མེ་ནི་མེ་ཉིད་དོ། །སྦྲུལ་གདུག་ནི་ཕྱུགས་དང་བྱ་དང་སྡིག་སྦྲུལ་ལ་སོགས་པ་རྨུག་པར་བྱེད་པ་རྣམས་སོ། །རྒྱལ་གཏུམ་དང་མེ་དང་སྦྲུལ་གདུག་པ་དག་ནི། རྒྱལ་གཏུམ་མེ་དང་སྦྲུལ་གདུག་སྟེ། །དེ་རྣམས་ཀྱིས་སོ། །ཡང་སུ་དག་གིས་ཤེ་ན། མཁའ་འགྲོ་ཞེས་བྱ་བ་སྟེ། མཁའ་འགྲོ་ནི་ཁྲག་ལ་དགའ་བའི་རྣལ་འབྱོར་མའི་བྱེ་བྲག་གོ །ཆུ་ནི་ཆུ་ཉིད་དོ། །རྐུན་པོ་ནི་ཆོམ་པོ་བའོ། །མཁའ་འགྲོ་མ་དང་ཆུ་དང་རྐུན་པོ་རྣམས་ནི་མཁའ་འགྲོ་ཆུ་དང་རྐུན་པོ་སྟེ་དེ་རྣམས་ཀྱིས་སོ། །གདོན་ནི་ཚངས་པ་ལ་སོགས་པའི་ལྷའི་དཔུང་སྟེ་གདོན་དེ་རྣམས་ཀྱིས་སོ། །ཡང་གསུངས་པ། ཚངས་པ་དབང་པོ་ཟླ་ཉི་སྐྲ་འགྲེང་བས། །མཐའ་དག་པ་ཡི་གཞི་ལ་བགེགས་བྱེད་དོ། །ཞེས་སོ། །ལོག་འདྲེན་ནི་ཚོགས་ཀྱི་བདག་པོ་ལ་སོགས་པ་གཙོ་བོར་གྱུར་པའི་ལོག་འདྲེན་དེ་རྣམས་ཀྱིས་སོ། །ཀྱང་ཞེས་པ་ནི་ཀུན་སྡུད་པ་སྟེ་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཀྱང་བསད་ནས་དམྱལ་བར་འགྲོའོ། །དེ་བས་ན་བླ་མ་ལ་རྨི་ལམ་དུ་ཡང་སྨད་པར་མི་བྱ་བར་རྒྱུན་དུ་མཆོད་པར་བྱའོ། །གང་སྨོད་པར་བྱེད་པ་དེ་དག་ནི་འཇིག་རྟེན་དུ་ཡང་གཅེས་སྤྲས་བྱེད་པར་མི་འགྱུར་རོ། །ཡང་གསུངས་པ། སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་གྱིས་འཇོམས་ཤིང༌། །ཁྲོ་ཞིང་ལས་ནི་ངན་པའི་བདག །རྟག་ཏུ་ས་སྟེང་དག་ན་སྤང༌། །ཞེས་སོ། །སླར་ཡང་ནམ་ཡང་ཞེས་བྱ་བ་ལ་སོགས་པས་རྣམ་པ་གཞན་གྱིས་སློབ་དཔོན་ལ་སྨོད་པའི་འབྲས་བུ་གསུངས་ཏེ། སློབ་དཔོན་གྱི་ཐུགས་དཀྲུགས་པར་མི་བྱའོ་ཞེས་སྦྲེལ་ལོ།། ཐུགས་དཀྲུགས་པ་ནི་ཡི་གསོད་པ་སྟེ་ལུས་སམ་དག་གིས་ཡིད་མི་བདེ་བསྐྱེད་པར་བྱེད་པ་དེ་མི་བྱ་ཞིང་མི་སྒྲུབ་བོ། །སུའི་ཞེ་ན། སློབ་དཔོན་དག་གིས་ནི་ཞེས་བྱ་བ་གསུངས་ཏེ། སློབ་དཔོན་ནི་བླ་མའོ། །ནམ་ཡང་ནི་འགར་ཡང་ངོ༌། །གལ་ཏེ་སློབ་དཔོན་གྱི་ཐུགས་དཀྲུགས་པར་བྱེད་


DTG079_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེའི་ཚེ་ཅིར་འགྱུར་སྙམ་ན། གལ་ཏེ་ཤེས་འཆལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ན་འདི་ལ་བློ་ངན་དང་གདུག་པའི་ཤེས་རབ་ཡོད་པས་ཤེས་འཆལ་གྱིས་བྱས་ཤིང་བསྒྲུབས་ན་དམྱལ་བར་གཏུབ་ཅིང་འཚེད་པར་འགྱུར་ཏེ། བུམ་པར་འཚེད་པ་ལ་སོགས་པ་བཤད་པ་དག་ཏུའོ། །ངེས་པར་ནི་ཐེ་ཚོམ་མེད་པ་སྟེ་བྱ་བའི་ཁྱད་པར་རོ། །ཅི་སློབ་དཔོན་ལ་སྨོད་པ་གཅིག་པུ་ཁོ་ནས་དམྱལ་བར་ལྟུང་ངམ་ཞེ་ན། མནར་མེད་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མནར་མེད་ལ་སོགས་ཞེས་བྱ་བ་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་འདིར་མནར་མེད་གཟུང་གི །དང་པོ་ཡིན་པའི་ཕྱིར་ནི་མ་ཡིན་པས་མནར་མེད་པའི་མཐར་ཐུག་པ་ནི་མནར་མེད་པ་ལ་སོགས་སོ། །སོགས་པའི་སྒྲས་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་དུ་འབོད་དང་ངུ་འབོད་ཆེན་པོ་དང་ཚབ་དང་རབ་ཏུ་ཚ་བ་སྟེ་བདུན་པོ་རྣམས་སོ། །མནར་མེད་དང་བཅས་པས་ཚ་བའི་དམྱལ་བ་བརྒྱད་དོ། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་དང་སོ་ཐམས་ཐམས་པ་དང་ཀྱི་ཧུད་ཟེར་བ་དང་ཨ་ཆུ་ཟེར་བ་དང་ཨུཏྤ་ལ་ལྟར་གས་པ་དང་པདྨ་ལྟར་གས་པ་དང་པདྨ་ལྟར་ཆེར་གས་པ་ཞེས་བྱ་བ་དག་ནི་གྲང་བའི་དམྱལ་བ་བརྒྱད་དོ། །མེ་མ་མུར་དང་རལ་གྲི་ལོ་མའི་ཚལ་དང་སྤུ་གྲིས་གང་བའི་ལམ་དང་ཤཱལ་མ་ལིའི་སྡོང་པོ་དང་བུམ་པར་འཚེད་པ་ལ་སོགས་པ་དག་ནི་ཉེ་བའི་དམྱལ་བ་རྣམས་སོ། །ཉི་ཚེ་བའི་དམྱལ་བ་ནི་རབ་ཏུ་མང་བའོ། །དམྱལ་བར་བསྟན་པ་གང་ཡིན་པ་ནི། སེམས་ཅན་རྣམས་མི་དགེ་བའི་དབང་གིས་དེར་ཤིན་ཏུ་དམྱལ་ཞིང་གཏུབ་པ་གང་ཡིན་པའོ། །བཤད་པ་ནི་བསྒྲགས་པའོ། །དེ་རྣམས་ཅི་འདྲ་ཞེ་ན། འཇིགས་རུང་སྟེ་འཇིགས་པར་བྱེད་པ་སྲེག་པ་ལ་སོགས་པའི་སྡུག་བསྔལ་མི་བཟད་ཅིང་བོད་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེར་ནི་གནས་པར་ཡང་དག་བཤད། །དེར་ནི་དམྱལ་བ་དེ་རྣམས་སུའོ། །གནས་པ་ནི་འདུག་པ་དང་སྡོད་པ་ཞེས་པའི་དོན་ཏོ། །ཡང་དག་བཤད་ནི་བསྟན་པ་སྟེ། །བསམ་པ་མ་དག་པས་འཕངས་ནས་བསྐལ་པའི་གྲངས་ཀྱིས་བགྲང་བར་བསྟན་པ་རྣམས་སུ་ཞེས་བྱ་བའི་དོན་ཏོ། །ཡང་གསུངས་པ། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་


DTG079_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་པའོ། །གང་ལས་ཤེ་ན། སློབ་དཔོན་ལ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རང་ཀུན་དུ་སྤྱོད་ཅིང་ལེགས་པར་བསླབས་པས་སམ་ཀུན་དུ་སྤྱོད་པར་བྱེད་པའི་ཕྱིར་སློབ་དཔོན་ཏེ། ཡང་གསུངས་པ། བསྟན་ལ་ཀུན་དུ་ཡང་དག་སྤྱོད། །གཞན་དག་ལ་ཡང་སྤྱོད་བྱེད་པས། །མཁས་པ་རྣམས་ཀྱིས་བླ་མ་ལ། །སློབ་དཔོན་ཞེས་བྱར་ཡོངས་སུ་བརྗོད། །ཅེས་སོ། །སློབ་དཔོན་བླ་མ་དེ་ལའོ། །ནི་ནི་གང་གི་ཕྱིར་གྱི་དོན་ལའོ། །སྨོད་པ་ལས་ཏེ་སུན་འབྱིན་ཞིང་སྐྱོན་འདོགས་པ་ལས་ཞེས་བྱ་བའི་དོན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བ་གསུངས་ཏེ། དེ་བས་གང་གི་ཕྱིར་བླ་མ་ལ་སྨོད་པ་ལས་འདི་དང་ཕྱི་མར་ཡང་སྡུག་བསྔལ་ཆེན་པོར་འགྱུར་བའི་རྒྱུ་མཚན་དེ་ལས་སོ། །འབད་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་འབད་པ་ཐམས་ཅད་དེ་གནས་སྐབས་ཀུན་དུའོ། །རྡོ་རྗེ་སློབ་དཔོན་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རྩེ་ལྔ་པའི་རྡོ་རྗེ་དང་ལྡན་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ནོ། །འདི་ནི་ཞི་བ་པ་ལ་སོགས་པ་རྣམས་སློབ་དཔོན་ཡིན་པ་བཀག་སྟེ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཛིན་པ་ནི་དེ་རྣམས་ཀྱི་དབང་དུ་མ་བྱས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བདེ་བར་གཤེགས་པའི་ཉན་ཐོས་ཐེག་པས་མིན། །རང་རྒྱལ་རྗེས་སུ་བརྩེ་བ་ཡིས་ཀྱང་མིན། །མ་དད་སྦྱིན་དང་ཚུལ་འཆོས་སེར་སྣས་མིན། །ང་ཡི་རྡོ་རྗེ་འདི་ནི་གཟུང་མི་བྱ། །ཞེས་བཤད་དོ། །རྡོ་རྗེ་སློབ་དཔོན་དེ་ཡང་ཅི་ལྟ་བུ་ཞིག་ཡིན་སྙམ་ན། བླ་མ་ཆེ་ཞེས་བྱ་བ་གསུངས་ཏེ། བླ་མ་ནི་བཤད་ཟིན་ཏོ། །ཆེན་པོ་ཉིད་དང་ལྡན་པས་ཆེན་པོ་སྟེ། ཆེན་པོ་ཉིད་ཀྱང་རིག་པ་ཆེན་པོ་ཉིད་དང་སྤོང་བ་ཆེན་པོ་ཉིད་དང་དཀའ་ཐུབ་ཆེན་པོ་ཉིད་དང་སྤྲོ་པ་ཆེན་པོ་ཉིད་དང་བརྩོན་འགྲུས་ཆེན་པོ་ཉིད་དང་མཁས་པ་ཆེན་པོ་ཉིད་དོ། །དེ་ལ་རང་དང་གཞན་གྱི་གྲུབ་པའི་མཐའ་ལེགས་པར་ཤེས་པ་ནི་རིག་པ་ཆེན་པོ་ཉིད་དོ། །ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པ་ནི་སྤོང་བ་ཆེན་པོ་ཉིད་དོ། །ཚུལ་ཁྲིམས་ལེགས་པར་གོམས་པ་ནི་དཀའ་ཐུབ་


DTG079_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཉིད་དོ། །བླ་མ་བསྟེན་པས་དུ་པ་པ་མེད་པ་ནི་སྤྲོ་བ་ཆེན་པོ་ཉིད་དོ། །དགེ་བ་ཚོལ་བ་ན་མགོ་འམ་གོས་ལ་མེ་འབར་བ་ལྟ་བུས་གནས་པ་ནི་བརྩོན་འགྲུས་ཆེན་པོ་ཉིད་དོ། །རྨད་དུ་བྱུང་བའི་ཆོས་མངོན་སུམ་དུ་བྱེད་པ་ནི་མཁས་པ་ཆེན་པོ་ཉིད་དོ། །དེ་སྐད་དུ་ཡང། རིག་ལྡན་དཔའ་བོ་དཀའ་ཐུབ་སྤྱད། །སྤྲོ་ཆེན་དེ་ནས་བརྩོན་འགྲུས་ལྡན། །རྨད་བྱུང་དང་ནི་བྱེད་པ་པོ། །ཆེན་པོ་ཞེས་བྱར་མངོན་པར་བརྗོད། །ཅེས་གསུངས་སོ། །དེ་བླ་མ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བླ་མ་ཆེའོ། །བླ་མ་ཆེན་པོ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། བསྒྲིབས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲིབས་པ་ནི་མིའི་རྣམ་པས་གཡོགས་པའོ། །མཆོག་ནི་ཐམས་ཅད་ཀྱི་མཆོག་གོ །དགེ་བ་ནི་བཀྲ་ཤིས་པ་དང་བཟང་བ་དང་ཞི་བ་ཞེས་བྱ་བ་རྣམས་དོན་གཅིག་གོ །དེ་སྒྲིབ་པ་ཡང་ཡིན་ཏེ་མཆོག་ཀྱང་ཡིན་ལ་དགེ་བ་ཡང་ཡིན་པས་ན་བསྒྲིབས་ཤིང་མཆོག་སྟེ་དགེ་བ་ནིའོ། །སྨད་པར་མི་བྱའོ་ནི་བཤུང་པར་མི་བྱ་བ་སྟེ། པ་རསྨཻའི་ཚིག་ཏུ་བྱས་པ་ནི་ལུང་ངོ༌། །ནམ་ཡང་ནི་འགར་ཡང་སྟེ། །དུས་ནམ་གྱི་ཚེ་ཡང་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་འགར་ཡང་སྨད་པར་མི་བྱའོ་ཞེས་འདོན་ཏོ། འདུལ་བ་མངོན་པར་ཤེས་པའི་དྲན་པ་ཉམས་པ་མེད་པས་ཟུར་གྱིས་སྨོད་པའི་ཚིག་ཀྱང་ནམ་ཡང་མི་བྱའོ་ཞེས་དགོངས་སོ། །སློབ་དཔོན་ལ་སྨོད་པའི་ཉེས་པ་ཕྱིར་བཅོས་པར་བྱ་བའི་ཕྱིར། རྗེས་མཐུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་མཐུན་ནི་འབྱོར་པ་དང་བསྟུན་པ་ཇི་ལྟར་རིགས་པ་ཞེས་བྱ་བའི་དོན་ཏོ། །དང་ཡིག་ལས་ཡང་ན་ནོར་ཐམས་ཅད་དོ། །དེ་ཞེས་པའི་ཚིག་ཕྲད་ནི། དེ་ལས་ན་ཞེས་པའི་དོན་ཏོ། །དེ་ལས་ཅི་ཞིག་ཅེ་ན། བླ་མའི་ཞལ་ཟས་ཞེས་བྱ་བ་གསུངས་ཏེ། བླ་མ་སློབ་དཔོན་ལ་གཡོས་བྱས་ནས་ཞལ་ཟས་ཏེ་ཟན་ནི་བླ་མའི་ཞལ་ཟས་ཏེ། སྟོན་མོ་གྱ་ནོ་མ་ཕུལ་ཞེས་བྱ་བའི་དོན་ཏོ། །བླ་མ་རྣམས་ལས་མཉན་ནས་ཞེས་སྦྱར་རོ། །ཅི་ཞིག་གིས་ཁྱད་པར་དུ་བྱས་ནས་ཤེ་ན། ཡོན་ནི་ནོར་དང་འབྲུ་དང་བ་ལང་དང་མ་ཧེ་ལ་སོགས་པའི་ཡོན་དབུལ་བ་ན་ཅི་འབྱོར་བའི་ཡོན་དང་བཅས་པ་ནི་ཡོན་བཅས་པ་ནི་ཡོན་བཅས་ཏེ་ཡོན་དང་འབྲེལ་པར་ཞེས་བྱ་བའི་དོན་


DTG079_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དབུལ་བར་བྱ་བ་ནི་སྦྱིན་པར་བྱའོ། །སྟོན་མོ་ལ་སོགས་པ་ཕུལ་བ་ལས་ཅི་ཞིག་འབྱུང་ཞེ་ན། དེ་ལས་རིམས་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་ནི་སྟོན་མོ་ལ་སོགས་པ་ཕུལ་པ་དེ་ལས་སོ། །རིམས་ལ་སོགས་པའི་གདུང་བ་ནི་རིམས་ལ་སོགས་པའི་གནོད་པ་སྟེང་གདུང་བར་བྱེད་པ་གང་དག་གི་དང་པོ་རིམས་ཡིན་པ་དེ་ནི་རིམས་སོགས་སོ། །གདུང་བར་བྱེད་པ་དག་ནི་སྔར་བཤད་པའི་ཉེ་བར་འཚོ་བ་ལ་སོགས་པ་རྣམས་སོ། །ནི་ཞེས་པ་ནི་ངེས་པར་རོ། །ཕྱིར་ཞིང་ཕྱི་ནས་སོ། །འབྱུང་བ་ནི་སྐྱེ་བ་སྟེ་མི་ཞེས་པ་ནི་དགག་པའོ། །འདི་སྐད་གསུངས་པ་ཡིན་ཏེ། གང་གི་ཕྱིར་བླ་མ་ལ་སྨད་ན་འདི་དང་ཕྱི་མར་ཡང་སྡུག་བསྔལ་སྣ་ཚོགས་པར་འགྱུར་པ་དེ་པས་ན་དེ་ཉེ་བར་ཞིང་པར་བྱ་བའི་ཕྱིར་བླ་མ་ལ་ཡོན་དང་བཅས་པའི་སྟོན་མོ་དབུལ་པར་བྱའོ། །དེ་ལས་བླ་མ་དགྱེས་པར་འགྱུར་ལ་བླ་མ་དགྱེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ཡིན་ནོ། །དགྱེས་ནས་ཡང་འདོད་པ་ཐམས་ཅད་ཚིམ་ཞིང་རབ་ཏུ་ཞི་བར་འགྱུར་བ་ཡིན་ལ། མངོན་པར་འདོད་པའི་དངོས་གྲུབ་རྣམས་ཀྱང་འབྱུང་བར་འགྱུར་རོ་ཞེས་བྱའོ། །ཁ་སྦྱོར་ལས་བྱུང་བའི་རྒྱུད་དུ་ཡང༌། གང་ཕྱིར་ཕྱོགས་བཅུར་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བསོད་ནམས་གང་དེ་སློབ་དཔོན་གྱི། །བ་སྤུའི་བུ་ག་གཅིག་ན་སྣང༌། །དེ་ཕྱིར་སློབ་དཔོན་མཆོད་པ་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དགྱེས། །འོན་ཏང་དམ་ཚིག་རྡོ་རྗེ་དང༌། །འདོད་པའི་དངོས་གྲུབ་སྩོལ་པར་མཛད། །ཅེས་གསུངས་སོ། །སླར་ཡང་སློབ་མའི་བྱ་བ་བྱེ་བྲག་ཏུ་བསྟན་པའི་ཕྱིར། རང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་དམ་ཚིག་ཀུན་སྤྱོད་ན། །དམ་ཚིག་ནི་བཤད་ཟིན་ཏོ། །ཡང་ན་དམ་ཚིག་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྲུང་བ་སྟེ། འདིས་བྱང་ཆུབ་ཏུ་ཡང་དག་པར་འགྲོ་ཞིང་ཐོབ་པར་བྱེད་པའི་ཕྱིར་རོ། །དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་


DTG079_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དམ་པའི་ཆོས་ནི་མི་སྨད་ཅིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ནི་སྨད་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཅེ་བདེ་བར་ནི་བདེ་བར་གཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་བྱའོ། །ཞེས་རྒྱས་པར་རོ། །ཀུན་སྤྱོད་ཆེས་བྱ་བ་ནི་ཀུན་དུ་སྤྱོད་པར་བྱེད་པས་ན་ཀུན་སྤྱོད་དེ་བླ་མའི་རྗེས་སུ་འཇུག་པར་བྱེད་པའོ། །དམ་ཚིག་དང་ཀུན་སྤྱོད་ནི་དམ་ཚིག་ཀུན་སྤྱོད་དེ་རང་གི་དམ་ཚིག་དང་ཀུན་དུ་སྤྱོད་པའོ། །ཡང་ན་རང་དང་མཐུན་པའི་དམ་ཚིག་སྟེ། དེའི་ཀུན་སྤྱོད་ནི་ནན་ཏན་ཡིན་པས་རང་གི་དམ་ཚིག་ཀུན་སྤྱོད་དེའོ། །སྲོག་གིས་ཞེས་པ་ནི་ནུས་པ་སྟེ། ཡང་ན་འཚོ་བ་རྣམས་ཀྱིས་སོ། །ཀྱང་གི་སྒྲ་ནི་ཀུན་སྡུད་པ་ལའོ། །སུའི་སྲོག་གིས་ཤེ་ན་རང་སྟེ་བདག་ཉིད་ཀྱིའོ། །བསྟེན་པ་ནི་བསྙེན་པའོ། །རང་གི་སྲོག་འབའ་ཞིག་གིས་བསྟེན་པ་ཉིད་དམ་ཞེ་ན། མ་ཡིན་ནོ་ཞེས་གསུངས་པ། སྦྱིན་མིན་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་མིན་ནི་གཏོང་མི་ཕོད་པའོ། །བུ་དང་ཆུང་མ་ནི་སྲས་དང་བཙུན་མོའོ། །སོགས་པའི་སྒྲས་ནི་གཉེན་པ་ཤེས་དང་འཁོར་ཡང་གཟུང་ངོ༌། །འབྱོར་པ་སྨོས་ཅི་དགོས་ནི་རྫས་དེ་རྣམས་ཐམས་ཅད་ནི་སྨོས་ཅི་དགོས་པའོ། །ཇི་ལྟར་ཞེ་ན། གཡོ་བ་ཞེས་ཏེ་གཡོ་བ་ནི་མི་རྟག་པའོ། །འདི་དག་གིས་ནི་འདི་བསྟན་པ་ཡིན་ཏེ། གལ་ཏེ་བུ་ལ་སོགས་པ་གཏོང་བ་ལས་གཞན་གྱིས་རང་གི་དམ་ཚིག་ཀུན་དུ་དཔྱད་པར་མ་ནུས་ན་དེའི་ཐེ་ཚོམ་མེད་པར་དེ་དག་ཡོངས་སུ་བཏང་ནས་ཀྱང་བསྟན་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཡང་གསུངས་པ། ཕ་མ་རང་གི་སྐྱེ་བོ་བུ་དང་གཉེན་གྱི་མཚམས། །གོས་དང་བཟའ་བཏུང་ནོར་འབྲུ་ཁྱིམ་ལ་སོགས་པའི་ས། །རང་གི་ཡན་ལག་ཆུ་ཤིང་འདབ་མ་རླུང་བསྐྱོད་ལྟར། །རྣམ་པར་བལྟས་ནས་མཁས་པ་དམ་པའི་ཆོས་སྒྲུབ་བོ། །ཞེས་སོ། །བླ་མ་ལྷག་པར་བསྙེན་བཀུར་བའི་རྒྱུ་མཚན་གསུངས་པ། གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་ཕྱིར་ནི་རྒྱུ་མཚན་གང་ལས་སོ། །རྙེད་པར་དཀའ་བ་ནི་སྡུག་བསྔལ་བས་རྙེད་པའི་ཕྱིར་རྙེད་དཀའ་བ་སྟེ་རྙེད་པར་དཀའ་བའོ། །འཇིག་རྟེན་ནི་འགྲོ་བའོ། །དུས་


DTG079_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་གྱིས་ཤེ་ན། བསྐལ་པ་བྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་ནས་གོང་དུ་བཅུར་བསྒྱུར་བའི་གནས་བརྒྱད་པ་ལ་གནས་པའི་གྲངས་ནི་བྱེ་བ་ཡིན་ལ། དེ་རྣམས་བགྲང་བ་ལ་ཞུགས་པ་ན་གྲངས་མེད་དེ་བགྲང་བར་མི་ནུས་པའོ། །གྲངས་མེད་ཀྱང་དེ་ཡིན་ལ་བྱེ་བ་ཡང་ཡིན་པའི་ཕྱིར་གྲངས་མེད་བྱེ་བའོ། །བསྐལ་པ་གྲངས་མེད་པ་བྱེ་བ་ནི་བསྐལ་པ་གྲངས་མེད་བྱ་བ་སྟེ་བསྐལ་པ་གྲངས་མེད་བྱེ་བ་དེ་རྣམས་ཀྱིས་སོ། །བསྐལ་པ་བརྒྱ་ནི་འདིར་བར་གྱི་བསྐལ་པར་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བར་གྲགས་ལ། བར་གྱི་བསྐལ་པ་གང་ཡིན་པ་དེ་ནི་བསྐལ་པ་ཆེན་པོའི་བྱེ་བྲག་སྟེ། འདི་ལྟར་དང་པོར་མར་འགྲིབ་པའི་བར་གྱི་བསྐལ་པ་གཅིག་གོ །མར་འགྲིབ་པ་དང་ཡར་འཕེལ་པའི་བར་དུ་པར་གྱི་བསྐལ་པ་བཅོ་བརྒྱད་དོ། །མཐར་ཡར་འཕེལ་པའི་བར་གྱི་བསྐལ་པ་གཞན་ཏེ། དེ་ལྟར་ན་བར་གྱི་བསྐལ་པ་ཉི་ཤུའོ། །བར་གྱི་བསྐལ་པ་ཉི་ཤུར་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་སོ། །བར་གྱི་བསྐལ་པ་ཉི་ཤུར་འཇིག་གོ །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་གྱི་ཁམས་ཞིག་ནས་གནས་སོ། །དེ་ལྟར་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་དོ། །འདིའི་དོན་འདི་ཡིན་ཏེ། གོང་ནས་གོང་དུ་བཅུར་བསྒྱུར་བའི་དྲུག་ཅུའི་གནས་པའི་གྲངས་ནི་གྲངས་མེད་པ་སྟེ། གྲངས་མེད་པ་ཞེས་བྱ་བ་གྲངས་སུ་བགྲངས་པའི་གྲངས་མེད་པའོ། །བསྐལ་པ་ཆེན་པོ་ཁོ་ན་བགྲངས་པའི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པོའི་གྲངས་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བསྐལ་པ་གྲངས་མེད་པ་བྱེ་བ་རྣམས་ཀྱིས་རྙེད་པར་དཀའ་བ་དེ་ཅི་ཞིག་ཅེ་ན། སངས་རྒྱས་ཉིད་ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཉིད་ནི་བྱང་ཆུབ་ཡིན་ལ། དེ་ཡང་ཆོས་ཀྱི་སྐུ་བརྙེས་པར་གྱུར་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པར་གྱུར་པ་དང༌། སྤྲུལ་པའི་སྐུ་བརྙེས་པ་སྟེ་རྣམ་པ་གསུམ་མོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་ཟག་པ་དང་


DTG079_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཡོངས་སུ་ཟད་ཅིང་གནས་ཡོངས་སུ་གྱུར་པའི་མཚན་ཉིད་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ས་བོན་གྱི་རྟེན་སྤྲོས་པ་མེད་ཅིང་སྣང་བ་མེད་པ་རབ་ཏུ་གསལ་བ་ཙམ། ཞིང་ཡང་དག་པར་འགྲོ་བའི་དོན་གྱི་བྱ་བ་ཞེས་པ་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་རྟག་པའི་སྐུ་བརྙེས་པ་ནི་ཆོས་ཀྱི་སྐུ་བརྙེས་པར་གྱུར་པའོ། །ཤིན་ཏུ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་དཔེ་མེད་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་རྣམ་པར་མཛེས་ཤིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་རྣམས་དང་ཐབས་ཅིག་ཏུ་དམ་པའི་ཆོས་ཀྱི་ལོངས་སྤྱོད་ཆེན་པོའི་དགའ་བས་ཚིམ་ཞིང་བདེ་བ་ཀུན་ནས་རྫོགས་ལ། རྒྱུན་མི་འཆད་པས་རྟག་པ་ཉིད་ཀྱིས་རྟག་པ་དག་པ་འཇིག་རྟེན་པའི་སྐུ་བརྙེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པར་གྱུར་པའོ། །འགྲོ་བ་མཐའ་དག་གི་དོན་སྒྲུབ་པའི་ཆེད་དུ་འགའ་ཞིག་ཏུ་བལྟམས་པ་དང༌། འགའ་ཞིག་ཏུ་བྱང་ཆུབ་ཀྱི་སྤྱོད་པ་དང༌། འགའ་ཞིག་ཏུ་བྱང་ཆུབ་པ་དང༌། འགའ་ཞིག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འགའ་ཞིག་ཏུ་མྱ་ངན་ལས་འདས་པར་སྟོན་པ་སངས་རྒྱས་ལ་སོགས་པའི་གཟུགས་ཀྱིས་གདུལ་བྱ་དང་མཐུན་པར་བཞུགས་པ་རྒྱུན་གྱི་རྟག་པ་ཉིད་ཀྱིས་རྟག་པའི་གཟུགས་ཀྱི་སྐུ་བརྙེས་པར་ནི་སྤྲུལ་པའི་སྐུ་བརྙེས་པར་གྱུར་པའོ། །གཟུགས་ཀྱི་སྐུ་གཉིས་བརྙེས་པ་ཡང་བསོད་ནམས་ཀྱི་ཚོགས་ཀྱི་དབང་གིས་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་སངས་རྒྱས་ཉིད་དོ། །བརྩོན་ལྡན་ཞེས་བྱ་བ་ལ་བརྩོན་པ་ནི་གུས་པ་དང་བཅས་ཤིང་རྒྱུན་མི་འཆད་པར་ཡུན་རིང་དུ་གོམས་པ་སྟེ། དེ་འདི་ལ་ཡོད་པའི་ཕྱིར་བརྩོན་ནོ། །བརྩོན་ལྡན་དེ་ལ་ཚེ་འདི་ཉིད་དེ་མཐོང་བའི་ཆོས་ལ་སྟེར་བར་བྱེད་ཅིང་རབ་ཏུ་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་གསུངས་པ། ཕར་ཕྱིན་ཚུལ་ལ་ཉོན་མོངས་རྣམས་ཀྱི་ཡུན་རིང་འབྲས་བུར་འགྱུར།། སྔགས་ཀྱི་ཚུལ་ལ་ཉོན་མོངས་མེད་པ་ཁོ་ནར་མྱུར་དུ་གྲུབ། །རིང་དང་ཐུང་བའི་སྟོབས་ལྡན་དང་པོ་འདི་ལ་ཡིད་ཆེས་པའི། །དད་པ་འཕེལ་བྱས་བློ་ལྡན་རྣམས་ཀྱི་ལམ་ནི་གཞན་ཡིན་ནོ། །ཞེས་སོ། །རྟག་པར་ཡང་ནི་ཞེས་བྱ་བ་ལ་སོགས་པས་སློབ་མས་རྟག་ཏུ་བྱ་བ་གསུངས་ཏེ། རྟག་པར་ཡང་


DTG079_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམ་ཚིག་བསྟེན། རྟག་པར་ནི་རྒྱུན་དུ་སྟེ། ཡང་གི་སྒྲ་ནི་ངེས་པར་གཟུང་བ་ལའོ། །དམ་ཚིག་ནི་བཤད་ཟིན་ཏོ། །བསྟེན་ནི་གནས་པར་བྱ་བའོ། །དེ་བཞིན་ཉིད་དུ་གཤེགས་ནས་དེ་ནས་བྱོན་པས་དེ་བཞིན་གཤེགས་པ་ཡིན་པའམ། ཡང་ན་སེམས་ཅན་གྱི་དོན་གྱི་རྒྱུར་གཤེགས་པ་དེ་བཞིན་དུ་སེམས་ཅན་གྱི་དོན་མཛད་ནས་བྱོན་པའི་ཕྱིར་དེ་བཞིན་གཤེགས་པ་སྟེ་སངས་རྒྱས་རྣམས་སོ། །རྟག་ཏུ་སྟེ་ཉི་མ་སོ་སོར་མཆོད་ནི་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །རྟག་ཏུ་ནི་དུས་ཐམས་ཅད་དུའོ། །བླ་མ་སྟེ་སློབ་དཔོན་ལ་དབུལ་བ་ནི་སྟོབས་ཤིང་སྦྱིན་པར་བྱའོ། ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡོད་བཞིན་དུ་ཅི་ལྟར་བླ་མ་ལ་དབུལ་ལོ་ཞེས་བྱ་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་འདིར་གསུངས་པ་ཡིན་ཏེ། འདི་ཞེས་བྱ་བ་ནི་བླ་མར་བཤད་པའོ། །ནི་ནི་གང་གི་ཕྱིར་གྱི་དོན་ཏོ། །སངས་རྒྱས་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། འདྲ་བ་ནི་མཚུངས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་ཤིང་ཤེས་བྱ་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་ཡིན་ལ། གཞན་ནི་དམན་པའི་སྒྲིབ་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་རིག་པ་ཡིན་ན་ཇི་ལྟར་ན་དེ་དག་དང་འདི་ལ་མཚུངས་པ་ཉིད་ཡོད་ཅེ་ན། ཆོས་ཉིད་ཀྱི་ལུས་ཀྱིས་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། ཆོས་ཉིད་ནི་གཉིས་ཀྱིས་སྟོང་པ་ཉིད་དེ་རྟག་ཏུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར་དེ་བཞིན་ཉིད་དོ། །ཡང་གསུངས་པ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་ཆོས་གནས་པ་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་སོ། །འཕགས་པའི་དེ་བཞིན་ཉིད་དང་སློབ་དཔོན་གྱི་དེ་བཞིན་ཉིད་དག་ལ་དབྱེ་བ་མེད་དེ། དེ་བས་ན་བླ་མ་དང་སངས་རྒྱས་ཐམས་ཅད་འདྲ་བ་ཡིན་ནོ། །ཡང་གསུངས་པ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་སོ་སོ་སྐྱེ་བོའི་དེ་བཞིན་ཉིད་གང་ཡིན་པ་འདི་ནི་གཅིག་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་སོ། །གལ་ཏེ་དེ་ལྟ་ན་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པའི་ལྷ་རྣམས་དང་སོ་སོའི་སྐྱེ་པོ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱང་མཚུངས་པར་


DTG079_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །བདེན་མོད་ཀྱི་དེ་ལྟ་ན་ཡང་དེ་རྣམས་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཉིད་ཡིན་པས་འདི་ལྟ་བུ་རྣམས་ལ་ཕྱག་དང་མཆོད་པ་བྱ་བར་མ་བཤད་དེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་གསུངས་པ། གང་ཞིག་བྱང་ཆུབ་སེམས་བསྐྱེད་གཏི་མུག་གིས། །བདེ་གཤེགས་མིན་ལ་ཕྱག་བྱེད་དགེ་འདུན་ལྷ། །དེ་རྣམས་དེ་ལ་བྱམས་མིན་སེམས་སྐྱེ་སྟེ། །སྔགས་སུ་གྱུར་པ་བཅོམ་ནས་གྲུབ་པ་མིན། །དྲག་དབང་བརྒྱ་བྱིན་རླུང་སྒྲ་སོགས་ཀྱང་རུང༌། །འཇིགས་སྟེར་ལྷ་དེ་དག་ནི་ཕྱག་འོས་མིན། །དེ་ཆོས་བསྟེན་མིན་དེ་ནི་གྱ་ནོམ་མིན། །དེ་དག་རྟགས་འཆང་རྣམས་ཀྱང་མཆོད་བྱ་མིན། །སྡང་བའི་ཆོས་ཀྱིས་བརྟུལ་ཞུགས་མི་སྤྱད་ཅིང༌། །དེ་ཡི་དེ་ལྟའི་སྤྱོད་ལ་དགའ་མི་བྱ། །དེ་དག་བསྟོད་པ་མི་འདོན་སྔགས་མི་བཟླས། །ང་རྒྱལ་སྤངས་ནས་སྙིང་རྗེའི་སྦྱིན་པ་སྦྱིན། །ཞེས་སོ། །ཡང་ན་དེ་རྣམས་ལ་སངས་རྒྱས་ཀྱི་རིགས་མེད་པའི་ཕྱིར། དེ་དག་ལ་སངས་རྒྱས་ལྟ་བུར་བལྟ་བར་མི་བྱ་བ་ཡིན་ནོ། །དེ་རྣམས་ལ་རིགས་མེད་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། རྟགས་མ་མཐོང་བ་ལས་སོ། །སངས་རྒྱས་ཀྱི་རིགས་ཀྱི་རྟགས་ནི་མདོར་ན་རྣམ་པ་བཞི་སྟེ། སྦྱོར་བའི་སྔོན་ཉིད་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བ་དང༌། ཐེག་པ་ཆེན་པོ་ལ་མོས་པ་དང༌། དཀའ་བ་སྤྱད་པ་ལ་ཇི་མི་སྙམ་པའི་དོན་གྱི་བཟོད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དགེ་བ་ཡང་དག་པར་སྤྱོད་པ་རྣམས་སོ། །དེ་སྐད་དུ་ཡང༌། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པ་ཡིན་ནོ། །ཡང་ན་དེ་རྣམས་ཀྱིས་བླ་ན་མེད་པའི་དབང་བསྐུར་བ་མ་ཐོབ་པ་ཉིད་ཀྱི་ཕྱིར་ཏེ། སངས་རྒྱས་ཀྱི་རིགས་ཅན་གང་བླ་ན་མེད་པའི་དབང་བསྐུར་བ་ཐོབ་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་གྱིས་མགྲིན་གཅིག་ཏུ་སངས་རྒྱས་ཉིད་དུ་ལུང་བསྟན་པས་ན་སངས་རྒྱས་ལྟ་བུར་བལྟ་བར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་རིགས་ཅན་བྱང་ཆུབ་ཏུ་ཐུགས་བསྐྱེད་ལ་བླ་ན་མེད་པའི་དབང་བསྐུར་བ་ཐོབ་པ་ཉིད་ཀྱི་ཕྱིར་བླ་མ་ཁོ་ན་ལ་སངས་རྒྱས་ལྟ་བུར་མཆོད་ཅིང་ཕྱག་བྱའོ། །གང་


DTG079_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེས་བྱ་བ་ལ་སོགས་པས་དབུལ་བར་སྤྲོ་བ་གསུངས་ཏེ། གང་གང་ཐུགས་བབ་ཅུང་ཟད་དང༌། །གང་གང་ཞེས་གཉིས་ཉིད་ནི་ཟློས་པ་སྟེ། དངོས་པོ་དང༌། ནོར་དང་འབྲུ་ལ་སོགས་པ་གང་དང་གང་ལ་ཉེ་བར་སྦྱར་ཞིང་བརྗོད་དོ། །ཐུགས་བབ་ནི་ལྷག་པར་དགྱེས་པ་སྟེ། བླ་མ་བདག་ཉིད་ཀུན་ནས་མངོན་པར་བཞེད་པ་ཞེས་བྱ་བའི་དོན་ཏོ། །ཅུང་ཟད་ནི་མ་བསྟན་པའོ། །ཤིན་ཏུ་ཁྱད་པར་འཕགས་པ་ཉིད་ནི་ཤིན་ཏུ་གཙོ་བོའོ། །དེ་དང་དེ་ནི་དངོས་པོ་དེ་དང་དེ་ཉིད་དོ། །ཉིད་ནི་ཁོ་ནའི་སྒྲའི་དོན་ལའོ། །བླ་མར་ཞེས་བྱ་བ་ནི་སློབ་དཔོན་ལ་དབུལ་བར་རྟོགས་པར་བྱའོ། །ཅི་ཞིག་འདོད་པས་ཤེ་ན། དེ་ཉིད་མི་ཟད་འདོད་པ་ཡིས། །ཞེས་བྱ་བ་གསུངས་ཏེ། དེ་ཉིད་ཅེས་པ་ནི་གང་ཐུགས་ལ་བབ་པའམ། ཤིན་ཏུ་ཁྱད་པར་འཕགས་པའོ། །དེ་ཇི་འདྲ་བར་སྙམ་པ་ལ། མི་ཟད་ཅེས་བྱ་བ་གསུངས་ཏེ། མི་ཟད་པ་ནི་དཔག་ཏུ་མེད་པའོ། །འདོད་པ་ཡིས་ནི་མངོན་པར་ཚོལ་བས་ཏེ། སློབ་མས་ཞེས་པ་ལྷག་མའོ། །དངོས་པོ་གད་དང་གང་བླ་མ་ལ་ཕུལ་བ་དེ་དང་དེ་ནི་འདི་དང་ཕྱི་མར་ཡང་ཟད་པར་མི་འགྱུར་རོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་བྱིན་ཞེས་བྱ་བ་ལ་སོགས་པས་མི་ཟད་པའི་རྒྱུ་མཚན་གསུངས་ཏེ། སྦྱིན་པ་ནི་བཤད་མ་ཐག་པ་སྟེ། དེ་ནི་བླ་མེད་དག་ལའོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་མ་ལུས་པ་ལ་སྦྱིན་པར་འགྱུར་བར་བསྟན་ཏོ། །རྟག་ཏུ་ནི་གཏན་དུའོ། །འོ་ན་བླ་མ་ཡང་གཞན་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱང་གཞན་ཡིན་ན། དེ་ལ་ཇི་ལྟར་ན་བླ་མ་ལ་སྦྱིན་པས་སངས་རྒྱས་ཐམས་ཅད་ལ་བྱིན་པར་འགྱུར་ཞེ་ན། བླ་མ་དང་སངས་རྒྱས་དག་དབྱེར་མེད་པའི་ཕྱིར་ཏེ། དབྱེར་མེད་པ་ཉིད་ཡིན་ཀྱང་རྣམ་པ་ཐ་དད་དུ་བཤད་པས་ན་ཁོ་བོས་འདིར་ཡང་བརྗོད་པར་མི་བྱའོ། །བྱིན་པའི་དགོས་པ་ཅི་ཡིན་ཞེ་ན། དེ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བྱིན་ནི་བླ་མ་དེ་ལ་བྱིན་པ་ལས་སམ། ཡང་ན་དེའི་ཐུགས་ལ་བབ་པ་དང་ཤིན་ཏུ་ཁྱད་པར་འཕགས་པའི་སྦྱིན་པ་དེ་སྦྱིན་པའོ། །དེ་ལས་བསོད་ནམས་ཚོགས་ཞེས་བྱ་བ་གསོ་ཞིང་དག་པར་བྱེད་ལ་ཡང་དང་ཡང་དུ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པའི་ཕྱིར་བསོད་ནམས་ཏེ་དགེ་བ་རྣམས་སོ། །བསྡུས་ནས་སངས་རྒྱས་པས་ན་ཚོགས་ཏེ་བསོད་


DTG079_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཚོགས་སོ། །འགྱུར་རོ་ཞེས་ལྷག་པར་བརྗོད་དོ། །ཚོགས་ལས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་སོ། །དངོས་གྲུབ་ཅེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཐོབ་པ་སྟེ། དངོས་གྲུབ་དེ་ཡང་དམན་པ་དང་མཆོག་རྣམ་པ་གཉིས་ཏེ། འདིར་བྱེ་བྲག་ཏུ་བྱ་བའི་ཕྱིར་མཆོག་ཅེས་གསུངས་ཏེ། མཆོག་ནི་ཐམས་ཅད་ཀྱི་གཙོ་བོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །སླར་ཡང་དེ་བས་ཞེས་བྱ་བ་ལ་སོགས་པས་བླ་མའི་ཆེ་བའི་བདག་ཉིད་གསུངས་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བླ་མ་ལ་བྱིན་པ་ལས་མཆོག་གི་དངོས་གྲུབ་ཏུ་འགྱུར་བ་དེ་བས་ནའོ། །སློབ་མ་ནི་ཉན་པའི་སྐྱེ་བོའམ་སློབ་པར་བྱེད་པའོ། །དེ་ཅི་ལྟ་བུར་གྱུར་པ་ཞེ་ན། སྙིང་རྗེ་གཏོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་ནི་བརྩེ་བ་སྟེ། དེ་ཡང་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་རྣམ་པ་གསུམ་མོ། །གཏོང་བ་ནི་སྦྱིན་པ་སྟེ། དེ་ཡང་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་དང་བྱམས་པའི་སྦྱིན་པ་རྣམ་པ་གསུམ་མོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་འཆལ་བ་དང་བྲལ་བ་སྟེ། དེ་ཡང་སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་རྣམ་པ་གསུམ་མོ། །བཟོད་པ་ནི་ཞི་བ་སྟེ། དེ་ཡང་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། གཞན་གྱིས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་རྣམ་པ་གསུམ་མོ། །སྙིང་རྗེ་དང་གཏོང་བ་དང་ཚུལ་ཁྲིམས་དང་བཟོད་པ་ནི་སྙིང་རྗེ་གཏོང༌། ཚུལ་ཁྲིམས་བཟོད་པའོ། །དེ་རྣམས་ཉིད་ཡོན་ཏན་ཏེ། སྤེལ་བར་བྱ་ཞིང་གོམས་པར་བྱ་བས་ན་ཞེས་བྱས་ནས་སོ། །དེ་རྣམས་འབྱོར་བ་ནི་ལྡན་པ་སྟེ། སྙིང་རྗེ་གཏོང༌། ཚུལ་ཁྲིམས་བཟོད་པའི་ཡོན་ཏན་ལྡན་པའོ། །ཐ་དད་ཉིད་ནི་གཅིག་མ་ཡིན་པར་རོ། །མི་ཞེས་པ་དགག་པ་ལ་སྟེ། ཁོ་ནའི་སྒྲ་ནི་ངེས་པར་གཟུང་བ་ལའོ། །བྱའོ་ནི་སྒྲུབ་པའོ། །བླ་མ་ཞེས་བྱ་བ་ནི་སློབ་དཔོན་ཏེ། རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའོ། །དང་གི་སྒྲ་ནི་ཀུན་བསྡུ་བ་ལའོ། །འདི་སྐད་དུ་བསྟན་པར་གྱུར་པ་ཡིན་ཏེ། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་


DTG079_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པ་དངོས་གྲུབ་འདོད་པའི་སློབ་མས། བླ་མ་ཡང་གཞན་ལ་རྡོ་རྗེ་འཛིན་པ་ཡང་གཞན་ནོ་སྙམ་དུ་རྨི་ལམ་དུ་ཡང་རྣམ་པ་ཐམས་ཅད་དུ་བསམ་པར་མི་བྱ་སྟེ། དེས་ཇི་ལྟར་བསམ་པར་བྱ་ན། གང་ཁོ་ན་བླ་མ་ཡིན་པ་དེ་ཁོ་ན་རྡོ་རྗེ་འཛིན་པ་ཡིན་ནོ་སྙམ་དུ་བསམ་པར་བྱ་བ་ཡིན་ནོ། །ཡང་གསུངས་པ། དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །དོན་ཆེན་སྦྱིན་པའི་ཡིད་བཞིན་ནོར། །ཞེས་སོ། །ད་ནི་མཆོད་རྟེན་ཞེས་བྱ་བ་ལ་སོགས་པས་བླ་མའི་ཆེ་བའི་བདག་ཉིད་བཤད་པས་སློབ་མ་འདུལ་བར་བྱེད་པ་གསུངས་པ་སྟེ། མཆོད་རྟེན་ནི་མཆོད་རྟེན་ནོ། །དེ་བཤིག་པ་ནི་རྣམ་པར་བཅོམ་ཞིང་དྲུངས་ཕྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་སྡིག་པར་འགྱུར་ལ་དེ་ལས་འཇིགས་ཤིང་སྡུག་བསྔལ་དང་བཅས་པར་འགྱུར་ཏེ། དེས་ན་མཆོད་རྟེན་བཤིག་འདྲའི་སྡིག་འཇིགས་པས་སོ། །གྲིབ་མ་ཡང་ནི་གཟུགས་བརྙན་ཡང་ངོ༌། །འགོང་བར་མི་བྱ་བ་ནི་འདའ་བར་མི་བྱ་བའོ། །ལྷམ་སྟན་ཞེས་པ་ལྷམ་ནི་མཆིལ་ལྷམ་མོ། །སྟན་ནི་གདན་ནོ། །བཞོན་པ་ནི་ཁྱོག་ལ་སོགས་པ་སྟེ། འདིས་འགྲོ་བར་བྱེད་དོ་ཞེས་བྱས་ནས་སོ། །སོགས་པའི་སྒྲས་ནི་གོས་དང་རྒྱ་ན་ལ་སོགས་པ་རྣམས་ཀྱང་སྟེ། ལྷམ་དང་སྟན་དང་བཞོན་པ་ལ་སོགས་པ་རྣམས་ནི་ལྷམ་སྟན་བཞོན་པ་ལ་སོགས་པ་རྣམས་སོ། །དེ་དག་འགོང་བ་ནི་ལྷམ་དང་སྟན་དང་བཞོན་པ་ལ་སོགས་པ་དེ་དག་འགོང་བའོ། །ནིའི་སྒྲ་ནི་བྱེ་བྲག་ལའོ། །སྨོས་ཅི་དགོས་ནི་གཏམ་དེས་ཅི་བྱ་སྟེ་བརྗོད་མི་དགོས་སོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་དེ་ཉིད་བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་གྲོས་ནི་བློ་ཡིན་ལ་ཆེ་བ་ནི་རྒྱ་ཆེ་བ་སྟེ་གང་གི་བློ་གྲོས་ཆེ་བ་དེ་ཡིས་ཏེ་ཐོགས་པ་མེད་པའི་བློ་ཞེས་བྱ་བའི་དོན་ཏོ། །དགའ་སེམས་ཀྱིས་ཉིད་རབ་ཏུ་དགའ་བས་སོ། །བླ་མ་སྟེ་སློབ་དཔོན་གྱི་བཀའ་ནི་རྗེས་སུ་བསྟན་པ་དང་གསུངས་པ་ཞེས་བྱ་བའི་དོན་ཏོ། །འབད་དེ་ནི་བསོད་ནམས་འདོད་པས་སོ། །བྱ་ནི་བསྒྲུབ་པར་བྱ་བའོ། །མི་ནུས་པ་ནི་རྒྱུ་དང་འབྲས་བུ་མི་ནུས་ཤིང་མི་བཟོད་པའོ། །ཚིག་གིས་སྦྱང་ནི་ཞུ་བར་བྱ་བའོ། །དེ་ལ་ཞེས་བ་ནི་བླ་མར་བསྟན་པའི་བླ་མ་དེ་ལའོ། །སྒྲུབ་


DTG079_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་དཔེ་དང་འབྱོར་པས་ནི་རིགས་པ་ཡིས་སོ། །ནིའི་སྒྲ་ནི་ཁྱད་པར་ལའོ། །མི་ནུས་པ་ཉིད་ནི་མི་བཟོད་པ་ཉིད་དོ། །དགོངས་པ་ནི་འདི་ཡིན་ཏེ། གང་བླ་མ་གསུངས་པ་དེ་ཉིད་བཟོད་ན་དེ་ཉིད་སློབ་མས་འབད་ནས་བསྒྲུབ་པར་བྱའི། གལ་ཏེ་ཡང་ནུས་པ་མེད་ཅིང་མི་ལྕོགས་ལ་རྒྱུ་གཞན་གྱིས་ཀྱང་བྱ་བར་མི་བཟོད་པར་གྱུར་པ་དེའི་ཚེ་མི་དགེ་བ་ལ་འཇིགས་པས་དེའི་རྒྱུ་མཚན་གོ་བར་བྱ་སྟེ་བདག་ལ་འདིའི་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བླ་མ་ལ་བརྗོད་པར་བྱ་བ་ཡིན་ནོ། །བླ་མས་ཞེས་བྱ་བ་ལ་སོགས་པས་མཉེས་པར་བྱས་པའི་ཕན་ཡོན་གསུངས་ཏེ། བླ་མས་ནི་སློབ་དཔོན་ལས་སོ། །དངོས་གྲུབ་ནི་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བ་སྟེ། དེ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སོ། །དེ་ལ་རལ་གྲི་དང་མིག་སྨན་དང་རྐང་པ་བྱུག་པ་ལ་སོགས་པ་ནི་འཇིག་རྟེན་པའོ། །བྱང་ཆུབ་གསུམ་ཐོབ་པ་ནི་འཇིགས་རྟེན་ལས་འདས་པའོ། །དངོས་གྲུབ་དེ་རྣམས་ཐོབ་པར་འགྱུར་ཞིང་ཡང་དག་པར་རྙེད་པར་འགྱུར་ཏེ། བླ་མ་ནི་སངས་རྒྱས་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །བླ་མ་ཡིས་མཐོ་རིས་ནི་བླ་མར་བཤད་པ་ལས་ཏེ། མཐོ་རིས་ནི་ལྷའི་འཇིག་རྟེན་ནོ། །དེ་ཡང་འདོད་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཏེ་རྣམ་པ་གསུམ་མོ། །དེ་ལ་འདོད་པའི་ཁམས་ནི་རྣམ་པ་དྲུག་སྟེ། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་རྣམས་སོ། །གཟུགས་ཀྱི་ཁམས་ཀྱང་རྣམ་པ་བཞི་སྟེ། བསམ་གཏན་དང་པོ་དང༌། བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པ་རྣམས་སོ། །དེ་ལ་བསམ་གཏན་དང་པོ་ལ་གནས་གསུམ་སྟེ། ཚངས་རིས་དང༌། ཚངས་པ་འདུན་ན་འདོན་དང༌། ཚངས་ཆེན་རྣམས་སོ། །བསམ་གཏན་གཉིས་པ་ལ་གནས་གསུམ་སྟེ། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་རྣམས་སོ། །བསམ་གཏན་གསུམ་པ་ལ་གནས་གསུམ་སྟེ། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་རྣམས་སོ། །བསམ་གཏན་བཞི་པ་ལ་གནས་བརྒྱད་དེ། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་དང༌། ཤིན་


DTG079_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཐོང་དང༌། འོག་མིན་རྣམས་ཏེ། དེ་ལ་གསུམ་ནི་སོ་སོ་སྐྱེ་བོའི་གནས་ཡིན་ལ། ལྔ་ནི་གནས་གཙང་མ་རྣམས་སོ། །གཟུགས་མེད་པའི་ཁམས་ཀྱང་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་སོ། །མཐོ་རིས་ཀྱི་འཇིག་རྟེན་དེ་དག་ཐོབ་པར་འགྱུར་ཏེ་བླ་མ་ནི་ཆོས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །བླ་མས་བདེ་བ་སྟེ། བླ་མ་ནི་བཤད་ཟིན་ལ། བདེ་བ་ནི་འདྲ་བ་སྟེ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སོ། །དེ་ལ་རྒྱལ་སྲིད་ཀྱི་བདེ་བ་དང་ལྷའི་བདེ་བ་ནི་འཇིག་རྟེན་པའོ། །ཐར་པའི་བདེ་བ་ནི་འཇིག་རྟེན་ལས་འདས་པའོ། །བདེ་བ་དེ་དག་ཡང་དག་པར་འཐོབ་སྟེ། བླ་མ་ནི་དགེ་འདུན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་ན་བླ་མ་ནི་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་ཁོ་ནའོ། །དེ་བས་ན་མངོན་པར་འདོད་པ་གང་དང་གང་ཡིན་པ་དེ་དང་དེ་ལས་སློབ་མས་ཐོབ་པར་འགྱུར་རོ། །སྣང་བ་རྡོ་རྗེར་འཆར་བ་ལས་ཀྱང་གསུངས་པ། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་འདུན་བླ་མ་ཕ། །བླ་མ་སྦྱིན་བདག་གཙོ་བོ་སྟེ། །བླ་མེད་ཡིད་བཞིན་ནོར་བུ་ཡིན། །ཞེས་སོ། །དེ་བས་ཞེས་བྱ་བ་ནི་རྒྱུ་མཚན་གང་གི་ཕྱིར་བཤད་ཟིན་པའི་བླ་མ་ལས་དངོས་གྲུབ་ལ་སོགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དེ་བས་ན་འབད་པ་ཐམས་ཅད་ཀྱིས་ཏེ། གནས་སྐབས་ཐམས་ཅད་དུ་ཡང་དག་པའི་བསོད་ནམས་དོན་དུ་གཉེར་བས་ཞེས་བྱ་བའི་དོན་ཏོ། །བླ་མ་སྟེ་སློབ་དཔོན་གྱི་བཀའ་རྗེས་སུ་བསྟན་པ་ལས་འགོང་བར་མི་བྱ་ཞིང་འདའ་བར་མི་བྱའོ། །བླ་མའི་ཞེས་བྱ་བ་ལ་སོགས་པས་ཚུལ་ཁྲིམས་བསྲུངས་ཏེ། བླ་མ་བཤད་ཟིན་པའི་རྫས་ནི་ནོར་ཏེ། དེ་ཡང་ནང་གི་ནོར་དང༌། ཕྱིའི་ནོར་རྣམ་པ་གཉིས་སོ། །དེ་ལ་གསེར་དང་དངུལ་ལ་སོགས་པ་ནི་ནང་གི་ནོར་རོ། །ཞིང་དང་ཁྱིམ་ལ་སོགས་པ་ནི་ཕྱིའི་ནོར་རོ། །སྲོག་ནི་སྲོག་གི་དབང་པོ་ཡིན་ལ། ཇི་བཞིན་གྱི་སྒྲ་ནི་འདྲ་བ་ཉིད་དོ། །སྲོག་ཇི་བཞིན་ནི་སྲོག་གི་དབང་པོ་དང་འདྲའོ། །དེ་ཡི་སྡུག་པའང་བླ་མ་བཞིན། །ཞེས་བྱ་བ་ལ་བླ་མ་བཞིན་ནི་བླ་མ་ལྟ་བུར་རོ། །འང་ཡིག་ནི་ཀུན་བསྡུ་བ་ལའོ། །བླ་མ་དེའི་སྡུག་མ་ནི་དགྱེས་པའི་


DTG079_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་སྟེ། དེ་ནི་དེའི་སྡུག་མའོ། །དེའི་འཇིག་རྟེན་ཡང་གཉེན་བཞིན་དུ། །ཞེས་བྱ་བ་ལ་བླ་མ་དེའི་འཇིག་རྟེན་ནི་ཉེ་འཁོར་རོ། །ཡང་ཡིག་ནི་ཀུན་བསྡུ་བ་ལ་སྟེ་ཡང་ན་ཚིག་རྫོགས་པ་ལའོ། །མཉམ་པར་གཞག་པ་སྟེ་རྣམ་པར་གཡེང་བ་མེད་པས་རྟག་ཏུ་སྟེ་རྒྱུན་དུ་བལྟ་ཞིང་བརྟག་པར་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སློབ་མ་མཉམ་པར་བཞག་པས་ཇི་ལྟར་རང་གི་སྲོག་བསྲུང་བ་དེ་བཞིན་དུ་བླ་མའི་རྫས་ཀྱང་བསྲུང་བར་བྱ་ལ། ཇི་ལྟར་བླ་མ་ལ་བཀུར་སྟི་བྱེད་པ་དེ་བཞིན་དུ་བླ་མའི་བཙུན་མོ་ལ་ཡང་དེ་བྱ་ཞིང་ཇི་ལྟར་རང་གི་གཉེན་རྣམས་མགུ་བར་བྱེད་པ་དེ་བཞིན་དུ་བླ་མའི་འཁོར་རྣམས་ཀྱང་མགུ་བར་བྱ་བ་དག་རྟག་པར་རོ། །མལ་ཞེས་བྱ་བ་ལ་སོགས་པས་ལུས་ཀྱི་སྡོམ་པ་གསུངས་ཏེ། མལ་ནི་སྟན་ཡིན་ལ། དེ་ལ་འདུག་པ་ནི་སྟེང་དུ་གནས་པ་སྟེ་མལ་ལ་འདུག་པ་དེ་ནི་མལ་འདུག་གོ །སྔོན་ཏེ་མདུན་ལ་འགྲོ་བ་ནི་སྔོན་དུ་འགྲོའོ། །གཙུག་ཏོར་ནི་མགོ་དཀྲིས་སོ། །དབྱངས་བ་ནི་བླ་གོས་ཀྱི་རྣམ་པས་སམ། དཔལ་གྱི་དར་དབྱངས་བཅིངས་ཏེ་སྟན་ལ་འདུག་པའོ། །མི་བྱ་བ་ནི་མི་སྒྲུབ་པ་སྟེ། སྔ་མ་དང་ཕྱི་མར་སྦྲེལ་ལོ། །སྟན་ལ་རྐང་པ་ཇི་གདན་ལ་རྐང་པའོ། །རྐེད་པར་ལག་ཅེས་པ་ནི་རྐེད་པ་སྟེ་ཚང་ར་ལ་ལག་པ་ནི་རྐེད་ལག་གོ །ཡང་ན་རྩིབ་ལོགས་སུ་དཔུང་པ་དང་ལག་བ་དག་བཀོད་པ་ལ་རྐེད་ལག་ཏུ་བརྗོད་དོ། །ཡང་ན་རྒྱབ་ལས་འོག་གི་རྐེད་པ་དེར་ལག་པ་ཞེས་བྱ་བའི་དོན་ཏེ་དེ་ནི་རྐེད་ལག་གོ །དང་ནི་ཀུན་བསྡུ་བ་པའོ། །སྙེ་བ་ནི་སྔས་ལ་སྟེ་བླ་མའི་དྲུང་དུའོ་ཞེས་བྱ་བའི་དོན་ཏོ། །ཡང་དེ་ཉིད་གཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིད་ལོག་པ་ནི་ལམ་དུའོ། །འམ་གྱི་སྒྲ་ནི་ཕྱོགས་གཞན་པ་ལའོ། །འདུག་པ་མིན་ནི་སྡོད་པར་མི་བྱ་བ་སྟེ་མིན་ནི་དགག་པ་ལའོ། །གནས་པར་བྱ་བ་ནི་འདུག་པར་བྱ་བའོ། །བླ་མ་ནི་སྟོན་པ་སྟེ་བཞེངས་པ་ནི་གྱེན་དུ་སོན་ཞིང་འགྲེང་བའོ། །མཁས་པ་ནི་ངེས་པའོ། །རྟག་ཏུ་ནི་དུས་ཐམས་ཅད་དུ་དེའི་བྱ་བ་སྟེ་བླ་མའི་བྱ་བ་རྣམས་ལ་སྤྲོ་ཞིང་ནུས་པ་དང་བསྟུན་ནས་ལྡང་བ་ཕུན་སུམ་ཚོགས་པར་བྱ་བར་འགྱུར་ཏེ། སློབ་མས་ཞེས་པ་ལྷག་མའོ། །མཆིལ་མ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ངག་གི་སྡོམ་པ་དང་སྦྱར་ནས་གསུངས་ཏེ། མཆིལ་མ་ལ་སོགས་པ་ནི་ལུད་པ་ལ་སོགས་ཏེ་སོགས་པའི་སྒྲས་ནི་ངར་སྣབས་དང་སོ་དང་ལྕེའི་


DTG079_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་རྣམས་ཀྱང་ངོ༌། །འདོར་བ་ནི་ཕྱིར་འབྱིན་པའོ། །སྟན་ཏེ་གདན་ལ་རྐང་པ་རྐྱོང་བ་ནི་རྐང་པ་རྣམ་པར་འབྱེད་པའོ། །ཅུང་ཟད་འཆག་པ་ནི་ཞེས་པ་ལ་ཅུང་ཟད་ཀྱི་སྒྲས་འགྲོ་བ་དང་འོང་པའོ། །རྩོད་པར་སྨྲ་བ་ནི་མི་མཐུན་པའི་ཚིག་གི་ཅ་ཅོའོ། །དང་ཡིག་ནི་ཀུན་བསྡུ་བའི་དོན་ཏོ། །སྟོན་པའི་སྤྱན་སྔ་ནི་མདུན་ཏེ་མངོན་པར་རོ། །མི་བྱ་བའོ་ནི་མི་སྒྲུབ་པའོ། །ཕན་ཚུན་ཕྲད་པའི་ཞེས་བྱ་བ་ལ་སོགས་པས་ལུས་དང་ངག་གི་སྡོམ་པ་གསུངས་ཏེ། ཕན་ཚུན་ནི་གཅིག་གཅིག་དང་ངོ༌། །ཕྲད་པའི་གཏམ་ནི་ཇི་སྐད་ཐོས་པ་ལྷན་ཅིག་ཏུ་སྨྲ་བའོ། །གླུ་ནི་དབྱངས་སུ་ལེན་པ་ཡིན་ལ་རོལ་མོ་ནི་པི་ཝང་དང་རྫ་རྔ་བརྡུང་བ་ལ་སོགས་པ་དང་གར་ནི་སྒེག་ཆོས་ཏེ་མི་བྱ་ནི་མི་བྱ་བ་ཁོ་ནའོ། །གཏམ་གྱི་བརྗོད་པ་ནི་སྡེ་རིས་ཀྱི་གཏམ་མོ། །མི་བྱའོ་ནི་དགག་པ་སྟེ་མི་སྒྲུབ་པའོ། །ཐོས་པའི་ཉེ་འཁོར་ནི་གསན་པའི་ཡུལ་དུ་སྟེ་བླ་མས་ཞེས་བྱ་བ་ནི་ལྷག་མའོ། །བཏུད་དེ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཚུལ་ཁྲིམས་གསུངས་ཏེ། བཏུད་དེ་ནི་ཕྱག་བྱས་ནས་སོ། །སྟན་ཏེ་གདན་ལས་ལྡང་ཞིང་ལངས་པ་དང་འབྱུང་ཞིང་ཕྱིར་འགྲོ་བ་ན་གུས་ཤིང་རི་མོང་བྱ་བ་སྟེ། བཞིན་ཕྱོགས་པ་ལ་སོགས་པས་ཞེས་བྱ་བའི་དོན་ཏོ། །མཚན་མོ་ནི་ནམ་ལའོ། །ཆུ་ནི་ཆུ་བོའོ། །འཇིགས་བཅས་སམ་ནི་འཇིགས་པ་དང་ལྡན་པའི་ཤུལ་ལོ། །ཞུས་ཤིང་གསོལ་བ་བཏབ་ནས་བསྒོ་བ་སྟེ་བཀའ་ཡིས་སོ། །མདུན་ནི་སྡུ་ན་ལ་འགྲོ་བར་བྱའོ། །སློབ་དཔོན་ཞེས་བྱ་བ་ལ་སོགས་པས་ལྡོག་པའི་ཚུལ་ཁྲིམས་གསུངས་ཏེ། བློ་དང་ལྡན་པས་ནི་བློ་གྲོས་དང་ལྡན་པས་སོ། །ལུས་གཅུ་བ་ནི་ཁོག་པ་གཡོ་བ་སྟེ། མིན་ནི་བརྟན་པོར་བྱའོ་ཞེས་བྱ་བའི་དོན་ཏོ། །ཀ་བ་ལ་ནི་བརྟེན་པ་མིན་ནི་ཀ་བ་ལ་མི་བརྟེན་ཞིང་མི་སྙེ་བའོ། །ཀ་བ་ནི་མཚོན་པ་སྟེ་རྩིག་པ་དང་མི་ལ་སོགས་པ་རྣམས་ལ་ཡང་བརྟེན་པར་མི་བྱའོ། །སོར་ནི་ལག་པའི་སོར་མོ་སྟེ། བཀས་པ་ལྟར་འབྱེད་ཅིང་རྣམ་པར་རྒྱས་པར་མི་བྱའོ། །སློབ་དཔོན་ནི་སྟོན་པའོ། །གཟིགས་པ་ནི་སྤྱན་ལམ་དུའོ། །མདུན་ནི་སྤྱན་སྔར་རོ། །རྐང་པ་བཀྲུ་དང་ཞེས་བྱ་བ་འདི་ནས་བརྩམས་ཏེ། སློབ་མས་བླ་མ་ལ་ཇི་ལྟར་རིགས་པར་བྱ་བ་དེ་གསུངས་པ་ཡིན་ཏེ། རྐང་པ་བཀྲུ་བ་ནི་ཆུས་ཞབས་ཀྱི་དྲི་མ་མེད་པར་བྱེད་


DTG079_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལུས་བསྐུ་བ་ནི་ཏིལ་མར་གྱིས་བྱུགས་པའོ། །དེ་ནི་རྐང་པ་བཀྲུ་བ་ཡང་ཡིན་ལ་ལུས་བསྐུ་བ་ཡང་ཡིན་པས་རྐང་པ་བཀྲུ་དང་ལུས་བསྐུ་དང་ངོ༌། །དྲིལ་བ་ནི་དྲི་ལ་སོགས་པའི་ཚིགས་མས་དྲིལ་བའོ། །མཉེ་བ་ནི་དྲི་མ་སེལ་བའོ། །སོགས་པའི་སྒྲས་ནི་དལ་བུས་འཚིར་བ་དང་རེག་པ་ཡང་ངོ༌། །དྲིལ་བ་དག་དང་མཉེ་བ་དག་ལ་སོགས་པ་ནི་དྲིལ་དང་མཉེ་བ་ལ་སོགས་པའོ། །རང་གི་དོན་ལ་ཨི་ཀ་བྱས་ནས་དྲིལ་དང་མཉེ་བ་ལ་སོགས་ཉིད་དོ། །དེ་ལ་བྱ་བ་བྱའོ། །ཇི་ལྟ་བུར་གྱུར་པས་ཤེ་ན། ཕྱག་ནི་སྔོན་དུ་འགྲོ་བས་ཞེས་བྱ་བ་གསུངས་ཏེ། འདི་ལ་ཕྱག་གི་མངོན་པར་བརྗོད་པ་སྔོན་ནས་ཡིན་པ་དེ་ནི་ཕྱག་སྔོན་དུ་འགྲོ་བ་ཡིན་པའམ། ཡང་ན་ཕྱག་སྔོན་དུ་འགྲོ་བ་ནི་བྱ་བའི་ཁྱད་པར་རོ། །དེ་བཞིན་མཐར་ཞེས་བྱ་བ་ནི། ཇི་ལྟར་སྔོན་དུ་ཕྱག་བྱས་པ་དེ་བཞིན་དུ་མཐར་ཏེ་རྐང་པ་བཀྲུ་བ་ལ་སོགས་པའི་མཐར་ཕྱག་བྱ་བའོ་ཞེས་བྱ་བར་དགོངས་སོ། །བྱ་བ་ཅི་ཞེ་ན། ཅི་བདེར་ཞེས་བྱ་བ་གསུངས་ཏེ། བདེ་བ་ལས་མ་འདས་པས་ཇི་ལྟར་རིགས་པར་རོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་བླ་མ་ལ་འཇིམ་པའམ་རྣམ་པ་གཞན་གྱིས་བདེ་བར་འགྱུར་ན། དེའི་ཚེ་དེ་ལྟ་བུས་ཞབས་བཀྲུ་བ་ལ་སོགས་པ་བྱ་སྟེ། འབྲས་ལ་མི་གནོད་པར་འགྱུར་བ་དེའི་དེ་ལྟ་བུ་ཉིད་དོ། །དེ་མཚན་ཞེས་བྱ་བ་ལ་སོགས་པ་ལ། མཚན་དེ་བཟུང་ནས་མི་བརྗོད་ཀྱི། །ཞེས་བྱ་བ་གཟུང་བ་ནི་ལེན་པའོ། །མི་ནི་དགག་པ་ལའོ། །བརྗོད་པ་ནི་རིམ་པར་འདོན་པའོ། །དེ་མཚན་ཞེས་བྱ་བ་ནི་བླ་མ་དེའི་མཚན་དུ་བཏགས་པ་དེ་ནི་མཚན་ནོ། །དེ་ཇི་ལྟ་བུས་གཟུང་ཞེ་ན། མཚན་མཐར་ཞལ་སྔ་སྦྱར་བ་སྟེ། །ཞེས་བྱ་བ་གསུངས་ཏེ། མཚན་གྱི་མཐའ་སྟེ་ཐ་མ་ནི་མཚན་མཐའོ། །མཚན་མཐའ་དེ་དང་ཞལ་སྔའི་སྒྲ་མཉམ་པར་སོན་པའོ། །འདི་ལྟ་སྟེ། དཔལ་རིན་ཆེན་འབྱུང་གནས་ཞི་བ་ཞེས་པ་འདི་ལ་ཞི་བའི་ཞལ་སྔ་ནས་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་བུས་གོ་བར་མ་གྱུར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གཞན་གྱིས་གོ་བར་བྱ་བའི་ཕྱིར། ཁྱད་པར་གྱི་ནི་ཚིག་བརྗོད་དོ། །ཞེས་བྱ་བ་གསུངས་ཏེ། འདིས་ཁྱད་པར་དུ་བྱེད་པའི་ཕྱིར་ཁྱད་པར་ནི་བྱེ་བྲག་གོ །དེ་ཅི་ཞེ་ན། ཚིག་སྟེ་ཚིག་གོ །གཞན་ཏེ་ཕ་རོལ་པོ་དག་གིས་གོ་བར་བྱ་ཞིང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་


DTG079_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །དགོངས་པ་ནི་འདི་ཡིན་ཏེ། གནས་ཆེ་གེ་མོ་དང་ཁྱིམ་གྱི་གནས་ཆེ་གེ་མོ་དང་འདུག་ས་ཆེ་གེ་མོ་དང་སྤྱོད་ལམ་ཆེ་གེ་མོ་དང་ཉེ་འཁོར་ཆེ་གེ་མོ་དང༌། དཀར་བའམ་གནག་པ་དང༌། རིང་བ་དང་ཐུང་བ་དག་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་སྨྲ་བར་བྱ་སྟེ་ཁྱད་པར་ཁོ་ནས་སོ་ཞེས་བྱའོ། །བླ་མ་ལ་ཞེས་བྱ་བ་ལ་སོགས་པ་ལ་བླ་མ་ནི་སྟོན་པའོ། །བཀའ་ནི་རྗེས་སུ་བསྟན་པའོ། །སྩོལ་ནི་གསུངས་ཤིག་པ་སྟེ། བཀའ་ཅི་ལགས་ཞེས་བྱ་བ་དང༌། ཞལ་ཏ་ཅི་ལགས་ཞེས་བྱ་བའོ། །ཞུ་བ་ནི་མྱུར་བ་སྟེ་བྱ་བའི་ཁྱད་པར་རོ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །ཞེས་བྱ་བ་ལ། མཛེས་པའི་ཐལ་མོ་སྦྱར་ཏེ་ཐལ་མོ་སྦྱར་བ་དང་བཅས་ཤིང་འདབ་མ་བཅིངས་པ་ཞེས་བྱ་བའི་དོན་ཏོ། །གྱུར་ནས་ཞེས་བྱ་བ་ནི་གནས་སུ་བཀོད་ནས་སོ། །བཀའ་ནི་ལེགས་པར་གསུངས་པའོ། །བགྱིད་པ་ནི་དང་དུ་ལེན་པའོ། །བླ་མ་ནི་སློབ་དཔོན་གྱིའོ། །ལག་པ་ནི་ཐལ་མོས་སོ། །ཁ་ནི་ཁ་སྒོ་སྟེ། དགབ་པ་ནི་འགེབས་པའོ། །ཁ་ཅི་འདྲ་བ་ཞེ་ན། དགོད་ལུད་སྐྱིགས་བུ་ལ་སོགས་ཉིད། །ཅེས་བྱ་བ་སྟེ་དགོད་པ་ནི་གད་མོའོ། །ལུད་པ་ནི་ལུད་པ་འཐོན་པ་སྟེ། དབུགས་ཡད་དང་ཡང་དུ་དྲག་པ་ལ་སོགས་པའོ། །སྐྱིགས་བུ་ནི་ཨིག་བུའོ། །སོགས་པའི་སྒྲས་རྙིལ་དང་སོ་དང་ལྕེའི་དྲི་མ་རྣམས་ཀྱང་ངོ༌། །སོགས་པ་ཁོ་ན་སོགས་པ་ཉིད་དོ། །དགོད་པ་དང་ལུད་པ་དང་སྐྱིགས་བུ་ལ་སོགས་པ་ཉིད་ནི་དགོད་ལུད་སྐྱིགས་བུ་ལ་སོགས་ཉིད་དེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁ་ཅིག་ནི་དགོད་ལུད་སྐྱིགས་བུ་ལ་སོགས་པས་ཞེས་འདོན་ཏེ། འདི་ནི་ས་བྷ་མི་ཡོད་པའོ། །སྙན་པའི་ཚིག་ནི་ཞེས་པ་ལ་ཚིག་ནི་ངག་ཡིན་ལ། སྙན་པ་ནི་ཡིད་འཕྲོག་པ་སྟེ་དེ་བྱ་བས་ན་བྱ་ཞེས་སོ། །བདེ་བའམ་ནི་རྨེད་པའོ། །དང་ཡིག་ལས་གཞན་ཡང་ངོ༌། །ཞུ་བ་ནི་ཡོངས་སུ་དྲི་བའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྔ་དྲོའི་ཚེ་ནམ་ལ་བདེའམ་ཞེས་དང༌། གུང་གི་ཚེ་བཟའ་བས་བདེའམ་ཞེས་པ་དང༌། ཕྱི་དྲོའི་ཚེ་གདུགས་ལ་བདེའམ་ཞེས་པའོ། །བཞུགས་པ་ནི་གནས་པའོ། །གཟིམས་མལ་བདེའམ་ཞེས་ཀྱང་གུས་པ་དང་བཅས་པས་སྙན་པའི་ཚིག་ཉེ་བར་ཕྱུང་


DTG079_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མ་ལ་དྲི་བར་བྱའོ། །མདུན་དུ་ཞེས་བྱ་བ་ལ་སོགས་པ་ལ་མདུན་ནི་མངོན་སུམ་དུའོ། །དུལ་བ་ནི་མཉམ་པར་གཞག་པའོ། །འདུག་པ་ནི་ཉེ་བར་འཁོད་པའོ། །གོས་དང་སྤྱི་བོ་སྐྱེས་རྣམས་བསྡམས། །ཞེས་པ་ནི་གོས་མནབས་པ་རྣམས་དང་སྤྱི་བོ་སྐྱེས་ནི་སྐྲ་རྣམས་སོ། །གོས་རྣམས་དང་སྤྱི་བོ་སྐྱེས་རྣམས་བསྡམས་པ་ནི་སྡོམ་པ་སྟེ། གང་གིས་གོས་དང་སྤྱི་བོ་སྐྱེས་རྣམས་བསྡམས་པའོ། །ཉན་སོགས་འདོད་ལ་ཞེས་བྱ་བ་ལ་སོགས་པ་ལ། ཉན་སོགས་འདོད་པ་ནི་ཐོས་པ་ཡང་དག་པར་འཛིན་འདོད་པའོ། །པུས་མོ་ནི་བརླའི་རྟེན་ནོ། །བཙུགས་པ་ནི་ས་ལ་བཞག་པ་སྟེ་དེར་པུས་མོ་བཙུགས་པའམ་དེ་ནས་སོ། །གང་གིས་མཛེས་པའི་ཐལ་མོ་སྦྱར་བ་བྱས་པ་དེ་ནི་པུས་བཙུགས་ཐལ་མོ་སྦྱར་བ་ཡིས་སོ། །གསོལ་གསུམ་བྱ་ནི་གསོལ་བ་ལན་གསུམ་དུ་གདབ་པར་བྱ་བའོ། །འདིས་ནི་འདི་སྐད་དུ་བསྟན་པར་གྱུར་པ་ཡིན་ཏེ། དམ་པའི་ཆོས་ཉན་པར་འདོད་པའི་སློབ་མས་བླ་མའི་ཞབས་ལ་ཕྱག་བྱས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་ལན་གསུམ་དུ་གདབ་པར་བྱའོ། །འདི་སྐད་དུ་ཡང་བརྗོད་པར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། ཇི་སྲིད་སེམས་ཅན་དུ་བསྡུ་བས་བསྡུས་པའི་སེམས་ཅན་དེ་རྣམས་ཀྱི་དོན་གྱི་ཕྱིར་དང་ཕན་པར་བྱ་བའི་ཕྱིར་དང་བདེ་བར་བྱ་བའི་ཕྱིར་དང༌། ཇི་སྲིད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རབ་ཏུ་འགོད་པའི་ཕྱིར། བདག་ལ་ཆོས་ཀྱི་རྣམ་གྲངས་ཆེ་གེ་མོ་ཞེས་བྱ་བ་གསལ་ཞིང་རབ་ཏུ་གསལ་བར་བསྟན་དུ་གསོལ་ཞེས་སོ། །བསྙེན་བཀུར་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ། ཡིད་ནི་ང་རྒྱལ་མེད་པར་བྱ། །ཞེས་པ་ནི་བསྙེན་བཀུར་ནི་གཞན་གྱི་རྗེས་སུ་འཇུག་པའོ། །དེ་རྣམས་ཀྱི་སྤྱོད་པ་ནི་རབ་ཏུ་འཇུག་པའོ། །བསྙེན་བཀུར་ཡང་ཡིན་སྤྱོད་པ་ཡང་ཡིན་ཐམས་ཅད་ཀྱང་ཡིན་པས་བསྙེན་བཀུར་སྤྱོད་པ་ཐམས་ཅད་དོ། །ང་རྒྱལ་མེད་པའི་ཡིད་གང་ཡིན་པ་དེ་ནི་ང་རྒྱལ་མེད་པ་སྟེ། ཀུན་ནས་མཐོ་བའི་སེམས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་བྱ་ནི་བསྒྲུབ་པར་བྱ་བའོ། །བུ་མོ་གཞོན་ནུའི་ཚུལ་ཞེས་བྱ་བ་ལ་སོགས་པ་ལ། བུ་མོ་གཞོན་


DTG079_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ནི་བག་མ་སར་པ་སྟེ། དེའི་ཚུལ་ནི་ལུས་དང་ངག་དང་ཡིད་མཉམ་པར་བཞག་པས་རབ་ཏུ་སྤྱོད་པའི་ཀུན་དུ་སྤྱོད་པའོ། །བུ་མོ་གཞོན་ནུ་དེའི་ཚུལ་དུ་གནས་པར་བྱའོ་ཞེས་སྦྱར་ཏེ། གནས་པ་ནི་འདུག་པར་བྱའོ། །སྤྱོད་ལམ་དང་སྤྱོད་ལམ་ཞེས་པ་ལྷག་མའོ། །སྤྱོད་ལམ་ཇི་ལྟ་བུར་གྱུར་པ་ཞེ་ན། ངོ་ཚ་ལྡན་དང་འཇིགས་པས་ཞེས་བྱ་བ་གསུངས་ཏེ། ངོ་ཚའི་སྤྱོད་ལམ་ནི་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་ངོ་ཚ་བ་སྟེ་དེ་ལ་ཞུགས་པའོ། །འདི་ལ་དེ་ཤེས་པ་ཡོད་པའི་ཕྱིར་ན་ངོ་ཚ་ལྡན་ནོ། །འཇིགས་པ་ནི་འཇིགས་པར་གྱུར་པ་སྟེ་དེ་ནི་མདོར་བསྡུ་ན་ཆད་པས་འཇིགས་པ་དང་གཞན་གྱི་སྐུར་པས་འཇིགས་པ་དང༌། ངན་སོང་གིས་འཇིགས་པ་དང༌། ཆོས་ཉན་པ་མ་ཐོབ་པའི་འཇིགས་པ་དང་རྣམ་པ་བཞིའོ། །སྔ་མ་བཞིན་དུ་སྤྱོད་ལམ་ལས་འཇིགས་པའོ། །བསྡམས་ནི་སྡོམ་པ་སྟེ་མི་འདའ་བའི་ཕྱིར་རོ། །ཡང་ན་སེམས་ཀྱི་སྡོམ་པས་ནི་ངོ་ཚ་ལྡན་ནོ། །ངག་གི་སྡོམ་པས་ནི་འཇིགས་པའོ། །ལུས་ཀྱི་སྡོམ་པས་ནི་བསྡམས་པའོ། །སྒེག་པ་ལ་སོགས་ཞེས་པ་ལ་སྒེག་པ་ལ་སོགས་པའི་ཡུལ་ལ་ཆགས་པ་ལ་སོགས་པའི་བྱ་བ་སྟེ་རབ་ཏུ་འཇུག་པ་ནི་སྒེག་པ་ལ་སོགས་བྱ་བའོ། །ཡང་ན་སྒེག་པ་ལ་སོགས་བྱ་བ་ཞེས་པ་སྒེག་པ་དང་དཔའ་བ་དང་མི་སྡུག་པ་དང་དྲག་ཤུལ་དང་འཇིགས་པ་རྣམས་དུས་མ་ཡིན་ཞིང་དོན་མེད་པའི་ཉམས་ཀྱི་བྱ་བ་གནོད་པའི་གཏམ་རྣམས་སོ། །སྒེག་སོགས་ཉིད་ཀྱི་རྣམ་པ་ཞེས་གཞན་དག་འདོན་ཏོ། །ཀུན་ནི་མ་ལུས་པའོ། །སྤང་བར་བྱ་ནི་དོར་བར་བྱ་བའོ། །སྟོན་པའི་མདུན་ནི་བླ་མའི་སྤྱན་སྔར་རོ། །གཞན་ཡང་དེ་འདྲའི་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་ནི་གཞན་དག་ཀྱང་ངོ༌། །དེ་འདྲའི་ནི་སྒེག་པ་སོགས་དང་འབྲེལ་བའི་བྱ་བ་འདི་ལྟ་བུའོ། །བྱ་བ་ནི་བྱ་བར་གྱུར་པ་སྟེ། རང་གིས་བརྟགས་ནས་ནི་བདག་ཉིད་ཀྱིས་ཡོངས་སུ་ཕྱེ་ནས་འདི་ལྟ་བུ་ནི་བྱ་བའི་ཆ་མ་ཡིན་ནོ་སྙམ་དུ་དོར་བར་བྱ་ཞིང་ཡོངས་སུ་སྤང་བར་བྱའོ། །རབ་གནས་ཞེས་བྱ་བ་ལ་སོགས་པ་ལ། རབ་གནས་ནི་མཆོད་རྟེན་དང་སྐུ་གཟུགས་དང་ཐང་ཀ་དང་གླེགས་བམ་དང་ཁང་བཟངས་ལ་སོགས་པ་རྣམས་ལ་ལྷ་གཞུག་


DTG079_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དཀྱིལ་འཁོར་ནི་རི་མོའི་དཀྱིལ་འཁོར་རོ། །སྦྱིན་སྲེག་ནི་མེའི་མཆོད་པའོ། །འཆད་པ་ནི་ཆོས་སྟོན་པའོ། །སློབ་མ་བཟུང་བ་ནི་སློབ་མ་དབང་བསྐུར་བའོ། །རྗེས་མ་གནང་བར་ཞེས་བྱ་བ་ནི་རྗེས་སུ་མ་གནང་བ་སྟེ་གཞན་དུ་གསུང་པའོ། །མི་བྱ་བ་ནི་བསྒྲུབ་པར་མི་བྱ་བ་སྟེ། གྲོང་གང་དུ་སློབ་མ་གནས་པ་གཏན་དུ་བའི་གྲོང་དེར་རོ། །གྲོང་དེར་བླ་མ་སྟོན་པ་བཞུགས་པ་ན་སྟེ། བྱས་པ་གཟོ་ཞིང་བྱས་པ་ཤེས་པའི་སློབ་དཔོན་གྱི་སྡོམ་པ་དང་ལྡན་པའི་སློབ་མས་ཞེས་བྱ་བའི་དོན་ཏོ། །རྗེས་སུ་གནང་ན་གྲོང་དེར་དང་རྗེས་སུ་གནང་བ་ལས་གཞན་གྱིས་གཞན་དུ་རབ་ཏུ་གནས་པ་དང་དཀྱིལ་འཁོར་ལ་སོགས་བྱ་བར་རིགས་སོ་ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །རབ་ཏུ་གནས་པ་ལ་སོགས་པ་ལས་གང་བྱུང་བའི་རྫས་དེ་ཇི་ལྟར་བྱ་ཞེ་ན། རབ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་གནས་དང་དཀྱིལ་འཁོར་དང་སྦྱིན་སྲེག་དང་འཆད་པ་དང་སློབ་མ་འཛིན་པ་ན་ཇི་ལྟར་རྣམ་པ་གང་གིས་རྙེད་པ་བྱུང་བའོ། །ཇི་ལྟར་རྙེད་ཅེས་ཁ་ཅིག་གོ །དེ་ལ་གང་ཞེས་ནི་རྙེད་པར་བསྟན་པའོ། །དེ་ལྟ་བུ་དེ་ནི་དབུལ་བར་བྱ་སྟེ་གོ་བར་བྱའོ། །ཀུན་ནི་ཐམས་ཅད་དོ། །དེ་ཡིས་དེ་ལས་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དེས་རྙེད་པའི་ནོར་གྱི་ནང་དེ་ནས་བཞེད་ཅིང་མངོན་པར་འདོད་པ་བླངས་ནས་གཞན་ཏེ་བླངས་བའི་ལྷག་མ་གཞན་རྣམས་ནི་ཅི་བདེར་ཏེ་རྣམ་པ་གང་གིས་སློབ་མ་བདེ་བ་དེ་ལྟ་བུར་བྱའོ། །བླ་མའི་ཞེས་བྱ་བ་ལ་སོགས་པ་ནི། བླ་མའི་སློབ་མ་ནི་བླ་མའི་སློབ་མ་རྣམས་ཏེ། བླ་མའི་སློབ་མ་དེ་དག་གོ །དང་ཡིག་ནི་ཚིག་སྦྱོར་བའོ། །སློབ་མ་ནི་རང་དང་ཉེ་བར་གནས་པ་སྟེ་སློབ་མ་དང་ཉེ་བར་གནས་པའོ། །བླ་མའི་མདུན་དུ་མི་བྱ་ནི་མི་སྒྲུབ་པའོ། །བསྙེན་བཀུར་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་བཀུར་ནི་རིམ་གྲོའོ། །དེ་ཅི་ཞེ་ན། ཁྲུས་སོགས་ཞེས་པ་སྟེ། ཁྲུས་ཏེ་མངོན་པར་འཐོར་བ་གང་གི་དང་པོ་ཡིན་པ་དེ་ནི་ཁྲུས་སོགས་ཏེ། སོགས་པའི་སྒྲས་ནི་ལུས་དྲིལ་བ་དང་མཉེ་བ་དང་རྐང་པ་བཀྲུ་བ་ལ་སོགས་པ་ཡང་ངོ༌། །བསྙེན་བཀུར་གྱི་ཁྱད་པར་ཅི་ཞེ་ན། ཕྱག་སོགས་ཉིད་ཅེས་བྱ་


DTG079_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུངས་ཏེ། གང་གི་དང་པོ་ཕྱག་ཡིན་པ་དེ་ནི་ཕྱག་སོགས་ཉིད་དེ་རང་གི་དོན་ལ་དཀའོ། །ཁྲུས་ལ་སོགས་པ་དང་ཕྱག་ལ་སོགས་པའི་བསྙེན་བཀུར་སློབ་མས་སམ་གཞན་གྱིས་ཀྱང་རུང་སྟེ། བླ་མ་སྟོན་པའི་སྤྱན་སྔ་སྟེ་མདུན་དུ་བཟློག་པར་བྱ་ཞིང་དགག་པར་བྱའོ། །གང་ཞིག་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ལ། གང་ཞིག་ནི་དབུལ་བར་བཤད་པའོ། །ཅུང་ཟད་ནི་མ་བཤད་པའོ། །བླ་མའི་ཕྱིར་ནི་སྟོན་པའི་ཆེད་དུའོ། །དབུལ་བ་ནི་སྦྱིན་པར་བྱའོ། །བླང་བར་བྱ་བ་ནི་གཟུང་བར་བྱ་བའོ། །འང་གི་སྒྲ་ནི་ཀུན་བསྡུ་བ་ལའོ། །གང་ཞེས་པ་ནི་བླང་བར་བཤད་པའོ། །བླ་མས་ནི་སྟོན་པས་ཏེ་མངོན་སུམ་དུའོ། །བཏུད་ནས་དེ་ནི་ལག་གཉིས་ཀྱིས། །ཞེས་པ་ནི་བཏུད་ནས་ཏེ་ཕྱག་བྱས་ནས་སོ། །ལག་གཉིས་ཀྱིས་ནི་ལག་པ་ཟུང་གིས་སོ། །དེ་ནི་ཞེས་པ་ནི་དབུལ་བར་བྱ་བ་དང་བླང་བར་བྱ་བའོ། །དབུལ་བར་བྱ་བ་ནི་སྦྱིན་པར་བྱ་བ་ཡིན་ལ། བླང་བར་བྱ་བ་ནི་གཟུང་བར་བྱ་བའོ། །དང་ཡིག་ནི་ཀུན་བསྡུ་བའི་དོན་ཏོ། །བློ་དང་ལྡན་པས་ནི་བློ་གྲོས་ལྡན་ཞེས་མཁས་པས་ཞེས་བྱ་བའི་དོན་ཏོ། །དྲན་པ་བརྗེད་མེད་ཅེས་བྱ་བ་ལ་སོགས་པ་ལ། བརྗེད་མེད་ནི་དྲན་པ་མ་ཉམས་པ་སྟེ། སྔོན་ཉམས་སུ་མྱོང་བའི་དངོས་པོ་ལ་གནས་ནས་མ་བརྗེད་པ་གང་ཡིན་པ་དེ་ནི་དྲན་པ་བརྗེད་མེད་དོ། །གྱུར་པ་ཡིས་ནི་གྱུར་ཅིང་བཞག་ནས་སོ། །རང་སྟེ་བདག་ཉིད་ཀྱི་ཀུན་སྤྱོད་དེ་འདུལ་བ་ལ་བརྩོན་ཞིང་འབད་པ་ནི་རང་གི་ཀུན་སྤྱོད་ལ་བརྩོན་པའོ། །སྤུན་ནི་རྡོ་རྗེའི་སྤུན་ཏེ་བླ་མ་མཚུངས་པར་གྱུར་པ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ནི་ཀུན་བསྡུ་བ་ལའོ། །ཀུན་སྤྱོད་ལས་འདས་པ་ནི་འདུལ་བ་ལས་འགོངས་པའོ། །ཕན་ཚུན་ནི་གཅིག་ལ་གཅིག་གིས་ཏེ་བཟློག་པར་བྱ་ནི་དགག་པར་བྱ་བའོ། །དགའ་ཞིང་མཉེན་པས་དང་སྨད་པས་ཀྱང་ངོ༌། །འདུལ་བ་མངོན་པར་ཤེས་པས་འདི་དག་ནི་འདི་ལས་བཀག་པ་ཡིན་ན། ཁྱེད་ཀྱིས་འདི་ལྟ་བུ་འདི་དག་བྱ་བ་མ་ཡིན་ནོ་ཞེས་འཇམ་པོའི་ཚིག་གིས་བྱ་བ་མ་ཡིན་པ་བྱེད་པའི་བླ་མའི་བྱ་བའི་རྒྱུ་ལས་སོ། །རྗེས་སུ་གནང་བ་ནི་བླ་


DTG079_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མས་བསྒོ་བ་ལས་སོ། །འང་གི་སྒྲ་ནི་ཕྱོགས་གཞན་ལའོ། །བཀག་པར་གྱུར་ཀྱང་ནི་བཟློག་པར་གྱུར་ཀྱང་ངོ༌། །སྤྱད་པ་ནི་བསྒྲུབས་པའོ། །ཅི་བྱས་ནས་ཤེ་ན། བཏུད་ནས་ཞེས་གསུངས་ཏེ། བཏུད་ནས་ནི་ཕྱག་བྱས་ནས་སོ། །འདིས་ནི་འདི་དག་བསྟན་པར་གྱུར་པ་ཡིན་ཏེ། བླ་མ་གང་མངོན་སུམ་ན་བཞུགས་ཀྱང་རུང་སྟེ། དེའི་བྱ་བ་དང་བྱ་བ་མ་ཡིན་པ་དག་ལ་རེ་ཞིག་ན་བ་ལ་ཉེས་པ་མེད་དོ། །རང་ཉིད་དེའི་བྱ་བ་ལ་དད་དམ། དེས་བསྒོ་བས་ཀྱང་རུང་སྟེ་ཉེས་པ་མེད་དོ། །ཇི་ལྟར་ན་ཉེས་པར་མི་འགྱུར་ཞེ་ན། དགེ་སེམས་ལ་ནི་ལྟུང་བ་མེད། །ཅེས་བྱ་བ་གསུངས་ཏེ། དགེ་བ་ནི་མ་མཐོང་བའི་དགེ་བ་ལ་སེམས་པའི་སེམས་སམ་བསམ་པ་གང་ཡིན་པ་དེ་ནི་དགེ་བའི་སེམས་ཏེ། དེ་ལ་དགེ་སེམས་ཞེས་བྱའོ། །དགེ་བར་གྱུར་པའི་སེམས་ལ་ལྟུང་བ་མེད་དེ། ལྟུང་བ་མེད་པ་ནི་ཉེས་པ་མེད་པའོ། །འདི་ནི་བསམ་པ་རིང་བ་ཉིད་ཀྱིས་བཀག་པ་ལ་སྤྱོད་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། མི་ལྕོགས་པ་ཉིད་ལས་སོ། །གཞན་པ་དག་ཀྱང་བླ་མའི་བྱ་བ་ཡིན་པས་སམ། བླ་མས་བསྒོས་པས་བཀག་པ་ལ་སྤྱོད་པ་བྱེད་པ་སྟེ། དེ་དག་ཀྱང་སེམས་རིང་བ་ཉིད་ཀྱིས་མ་ཡིན་གྱི་བསམ་པ་དགེ་བ་ཁོ་ནས་ཡིན་ནོ། །དེ་ལྟ་བས་ན་བཀག་པ་ལ་སྤྱད་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་བྱའོ། །འདིར་ཞེས་བྱ་བ་ལ་སོགས་པས་བསྡུ་བ་གསུངས་ཏེ། འདིར་ཏ་བླ་མ་བསྙེན་བཀུར་བ་ལས་སོ། །མང་དུ་ནི་ཡང་དང་ཡང་དུའོ། །སྨྲས་པས་ནི་བཤད་པས་སོ། །ཅི་ཞེས་བྱ་བ་ནི་སྤོང་བ་སྟེ་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ་།བླ་མ་སྟོན་པ་ཅི་འདྲ་བས་དགྱེས་བྱེད་དེ་ཚིམ་པར་བྱེད་པ་བྱ་བར་བཤད་པ་གང་ཡིན་པའི་བྱ་བ་དེ་ཁོ་ན་བྱ་བར་བཤད་པ་ཡིན་ནོ། །འབད་པས་ནི་བསོད་ནམས་ལའོ། །ཐམས་ཅད་ནི་སྣ་ཚོགས་པའོ། །ཀུན་སྤྱོད་ནི་ནན་ཏན་ནོ། །ཅི་ཞིག་བྱས་ནས་ཤེ་ན། ཉེས་པར་བྱེད་པ་ཀུན་སྤངས་ནས། །ཞེས་བྱ་བ་གསུངས་ཏེ། ཉེས་པར་བྱེད་པ་ནི་མི་དགྱེས་པར་བྱེད་པ་ཀུན་ཏེ་མཐའ་དག་སྤངས་ཤིང་དོར་ནས་གང་གིས་


DTG079_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགྱེས་པར་འགྱུར་བ་དེ་བསྒྲུབ་པར་བྱའི། གང་གིས་མི་དགྱེས་པར་འགྱུར་བ་དེ་ནི་བསྒྲུབ་པར་ནི་མི་བྱའོ་ཞེས་དགོངས་པ་ཡིན་ནོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་དེའི་སྔོན་དུ་འགྲོ་བའི་གཏན་ཚིག་གསུངས་ཏེ། དངོས་གྲུབ་ནི་བཤད་ཟིན་ལ། སློབ་དཔོན་ནི་བླ་མའོ། །རྗེས་འབྲང་ནི་རྗེས་སུ་ལྷུང་བས་ན་སློབ་དཔོན་རྗེས་སུ་འབྲང་བའོ། །རྡོ་རྗེ་འཛིན་པ་ཞེས་པ་ལ་རྡོ་རྗེ་ནི་སྟོང་པ་ཉིད་དེ་དེ་བཞིན་ཉིད་དོ། །དེ་དེའི་བདག་ཉིད་ཀྱིས་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་དེས་སོ། །ཇི་ལྟར་ན་རྡོ་རྗེའི་སྒྲས་སྟོང་པ་ཉིད་ཅེ་ན། རྡོ་རྗེ་དང་མི་ཕྱེད་པར་ཆོས་མཐུན་པའི་ཕྱིར་ཏེ། ཡང་གསུངས་པ། བརྟན་ཞིང་སྙིང་པོ་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་དེ། །བསྲེག་ཏུ་མེད་ཅིང་འཇིག་པ་མེད། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་སོ།། ཉིད་ནི་བ་དག་ཉིད་ཀྱིས་སོ། །ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་ནས་ནི་འདི་དག་གམ་འདི་ལྟ་བུ་རྟོགས་ནས་སོ། །དངོས་པོ་ཐམས་ཅད་ཀྱིས་ནི་རྣམ་པ་ཐམས་ཅད་ཀྱིས་སམ་ལུས་དང་ངག་ཡིད་གཅིག་པ་ཉིད་ཀྱིས་སོ། །བླ་མ་ནི་སྟོན་པའོ། །ཀུན་ནས་ཡོངས་སུ་མཉེས་པར་བྱ་སྟེ། ཀུན་ནས་ཐམས་ཅད་དུ་དགྱེས་པར་བྱའོ། །གང་གི་ཕྱིར་དངོས་གྲུབ་རྣམས་སློབ་དཔོན་གྱི་རྗེས་སུ་འབྲང་བ་དེའི་ཕྱིར་དངོས་གྲུབ་འདོད་པའི་སློབ་མས་རྣམ་པ་ཇི་ལྟ་བུས་བླ་མ་དགྱེས་པར་འགྱུར་བའི་རྣམ་པ་དེ་བྱའོ། །དེ་ཡོངས་སུ་དགྱེས་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་བོ། །བླ་མ་བསྙེན་བཀུར་བ་མངོན་པར་བརྗོད་ནས། ད་ནི་དེ་ཡང་དག་པར་གཏད་པའི་གནས་བསྟན་པའི་ཕྱིར། བསམ་པ་དག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་དག་པའི་སློབ་མ་ནི། །གསུམ་ལ་སྐྱབས་སུ་སོང་བ་ལ། །ཞེས་པ་ལ་དག་པ་ནི་དྲི་མ་མེད་པའོ། །བསམ་པ་སྟེ་སེམས་འདིའི་ཡིན་པ་དེ་ནི་བསམ་པ་དག་པ་སྟེ་དེའི་ཆེད་དུའོ། །བསམ་པ་དག་པའི་སློབ་མ་ནི་ཉེ་བར་གནས་པའོ། །གསུམ་ལ་སྐྱབས་ཞེས་བྱ་བ་ནི་འདི་དག་སྐྱོབ་པར་བྱེད་པར་ཁས་བླངས་ན་ཉོན་མོངས་པ་


DTG079_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ངན་སོང་ཐམས་ཅད་སྐྱོབ་པའོ། །གསུམ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །གསུམ་པོ་དེ་དག་ནི་གསུམ་ལ་སྐྱབས་སོ། །སོང་བ་ནི་མཆིས་སོ། །གསུམ་པོ་དེ་ལ་སྐྱབས་སུ་སོང་བ་ནི་རྫོགས་པའི་སངས་རྒྱས་དང་ཆོས་དང་དག་འདུན་ལ་སྐྱབས་ཉིད་དུ་ཁས་བླངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཅི་ཞིག་བྱ་ཞེ་ན། བླ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མའི་རྗེས་སུ་འཇུག་པ་འདི་སྟེ། བླ་མ་བསྙེན་བཀུར་བར་གྱུར་བ་འདི་དག་གོ །མགྲིན་བར་སོན་པ་ནི་མགྲིན་སོན་ཏེ་མགྲིན་པར་གནས་པའི་གཞུང་དང་དོན་ཏོ། །རྟོགས་པའི་ཕྱིར་དུ་ཡིན་པས་བྱ་ཕྱིར་རོ། །དེ་གཞན་ལ་མཚོན་པར་མི་བྱའི་ཉེ་བར་གནས་པ་ལ་སྦྱིན་པར་བྱ་ཞིང་སྩལ་བར་བྱའོ་ཞེས་དགོངས་སོ། །བྱ་བ་གཞན་ཡང་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་བླ་མ་བསྙེན་བཀུར་པ་བཤད་པའི་དེ་མ་ཐག་ཏུའོ། །སྔགས་སོགས་བྱིན་པ་ཡིས་ཏེ། དབང་བསྐུར་བ་སྦྱིན་པས་སམ། སྔགས་དང་ཕྱག་རྒྱ་དང་བཟླས་པ་དང་བསྒོམ་པ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་བཤད་པས་སོ། །དམ་ཆོས་སྣོད་དུ་བྱས་ནས་ནི། །ཞེས་པ་ལ། དམ་ཆོས་ནི་སྔགས་ཀྱི་ཐེག་པ་ཆེན་པོ་སྟེ། དེའི་འམ་དེ་ལ་སྣོད་དེ་སྣོད་སྤྱད་དུ་བྱའོ་ཞེས་བྱ་བའི་དོན་ཏེ། བྱས་ནས་ནི་བསྒྲུབས་ནས་སོ། །སློབ་མ་ཞེས་པ་ལྷག་མའོ། །རྩ་བའི་ལྟུང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རྩ་བ་ཡང་ཡིན་ལ་མི་དགེ་བ་ཉིད་ཀྱི་ཕྱིར་ལྟུང་བ་ཡང་ཡིན་པས་རྩ་བའི་ལྟུང་བ་རྣམས་ཏེ། འདི་རྣམས་ཀྱིས་ལྟུང་བར་བྱེད་དོ་ཞེས་བྱས་ནས་རྩ་བའི་ལྟུང་བའོ། །བཅུ་བཞི་ནི་བདུན་ཉིས་འགྱུར་གྱི་ཆའོ། །འདི་ལྟ་སྟེ། སློབ་དཔོན་ལ་སྨོད་པ་དང༌། དེ་བཞིན་གཤེགས་པའི་བཀའ་ལས་འདའ་བ་དང༌། རྡོ་རྗེའི་སྤུན་གྱི་ཉེས་པ་བརྗོད་པ་དང༌། སེམས་ཅན་ཡོངས་སུ་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོངས་སུ་གཏོང་བ་དང༌། ཆོས་སྤོང་བ་དང༌། སྣོད་མ་ཡིན་པའི་སེམས་ཅན་ལ་གསང་བའི་ཆོས་སྟོན་པ་དང༌། ཕུང་པོ་ལ་བརྙས་པ་དང༌། རང་བཞིན་གྱིས་ཡོངས་སུ་


DTG079_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཆོས་ལ་ཐེ་ཚོམ་ཟ་བ་དང༌། གདུག་པ་ལ་བྱམས་པ་དང༌། རྟག་པ་དང་ཆད་པའི་ལྟ་བ་དང༌། དད་པ་ཅན་གྱི་སེམས་ཅན་སུན་འབྱིན་པ་དང༌། དམ་ཚིག་མི་སྤྱོད་པ་དང༌། རང་བཞིན་གྱིས་དག་པའི་བུད་མེད་ཞིག་ཏུ་སྨོད་པ་རྣམས་སོ། །རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་གསལ་བར་བྱེད་པའི་ཕྱིར། གཞུང་ལ་ཡང་རྩ་བའི་ལྟུང་བ་བཅུ་བཞི་ཞེས་བྱ་བ་བཀླག་ཅིང་གཟུང་བར་བྱ་ཞེས་པའི་དོན་ཏོ། །བཀླག་དང་གཟུང་བ་ཉིད་དུ་བྱ། །ཞེས་པ་ནི་གཞུང་བཀླག་པ་སྟེ། ཁ་ཏོན་དུ་བྱ་བ་ལ། དོན་གཟུང་བ་སྟེ། སེམས་ཀྱིས་ངེས་པར་རྟོགས་པར་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསོད་ནམས་བསྔོ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་དུ་བཤད་པའི་རིམ་པས་བྱ་བ་བྱས་ནས་སོ། །བླ་མའི་རྗེས་སུ་འཇུག་པ་ནི་བླ་མ་བསྙེན་བཀུར་བར་གྱུར་པའོ། །ཅི་ལྟ་བུར་གྱུར་པ་ཞེ་ན། མ་ལུས་སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལུས་པ་ཡང་ཡིན་ལ་སློབ་མ་ཡང་ཡིན་པས་མ་ལུས་སློབ་མ་སྟེ། དེ་རྣམས་ལ་ཕན་པ་ནི་ལེགས་པ་ཡིན་ལ་བསྐྱེད་པ་ནི་སྤེལ་བའོ། །འདི་ལ་སྡིག་པའི་ཟུག་རྔུ་ཞི་བར་བྱེད་པའི་ཚུལ་ཁྲིམས་ཡོད་པའི་ཕྱིར། མ་ལུས་པའི་སློབ་མ་ལ་ཕན་པ་བསྐྱེད་པ་སྐྱོན་མེད་པའོ། །དེང་དུ་དགེ་བ་བདག་གིས་གང་བགྱིས་པ། །དེས་ནི་འགྲོ་བ་མྱུར་དུ་རྒྱལ་གྱུར་ཅིག །ཅེས་པ་ལ་གང་ཞེས་པ་ནི་དགེ་བ་ལ་བཤད་པ་ལ། དེང་དུ་ནི་ད་ལྟར་རོ། །དགེ་བ་བགྱིས་པ་ནི་ལེགས་བྱས་བརྩམས་པའོ། །བདག་གིས་ནི་བདག་ཅག་གིས་ཞེས་བྱའོ། །དེས་ནི་དགེ་བ་དེས་སོ། །འགྲོ་བ་ནི་འཇིག་རྟེན་ནོ། །མྱུར་དུ་ནི་མགྱོགས་པར་རོ། །རྒྱལ་བ་ཞེས་པ་ནི་སྡིག་པ་ལས་རྒྱལ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཏེ། སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེར་འགྲོ་ང་རྒྱལ་བ། །ཞེས་གསུངས་པའི་ཕྱིར་རོ། །གྱུར་ཅིག་ནི་ཤོག་ཤིག་པའོ། །བླ་མའི་བསྙེན་བཀུར་རྣམ་པར་འགྲེལ་པ་ནི། །བྱས་ལས་བདག་ལ་བསོད་ནམས་གང་སྐྱེས་པ། །དེས་ནི་འགྲོ་བས་བླ་མའི་ཞབས་བསྟེན་ཅིང༌། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར་


DTG079_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །བླ་མ་ལྔ་བཅུ་པའི་དཀའ་འགྲེལ་འདི་ནི་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་སྐད་ཀྱི་ཆ་ཤས་རིག་པ་གཞོན་ནུ་དཔལ་གྱིས་དཔལ་ལྡན་བླ་མ་དམ་པའི་དབེན་གནས་ལྷ་ཁང་སྟེང་དུ་བསྒྱུར་བའོ།།


previousབླ་མའི་བསྙེན་བཀུར་གྱི་དཀའ་འགྲེལ།next