Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག། 
   
   
   
   
   
   
   


 
previousབདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག། next

བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག།


DTG079_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏོ་དཱ་ཡ་བི་དྷི་བ་ལིཾ་ཏ་ནཱ་མ། བོད་སྐད་དུ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོག །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲི་མ་ཀུན་བཅོམ་ཡུལ་ཅན་དཔལ་ལྡན་བསོད་ནམས་ཉག་གཅིག་སྤྱོད་ཡུལ་དང༌། དེ་ཡི་དབང་ལས་བྱུང་ཞིང་དང་པོའི་འཁོར་རྣམས་རྒྱ་ཆེན་ཡོངས་དག་མི་གཡོ་ལ་སོགས་རབ་གནས་སྤྱོད་ཡུལ་དང༌། །མཉམ་ཉིད་ཀློང་ལས་རྨི་ལམ་ཐུགས་རྗེ་སྨོན་ལམ་དབང་གིས་ཆུ་ཡི་ཟླ་བ་ལྟ་བུར་སྐལ་ལྡན་རྣམས་ལ་སྟོན་པ་ཡི། །མཐུ་བརྙེས་རབ་ཏུ་འབད་དེ་དེ་ལ་བདག་གིས་དོན་མཐོང་བདུད་རྩི་འབྱུང་བའི་ཆོ་ག་གསལ་བར་བཤད་པར་བྱ། དེ་ལ་རེ་ཞིག་སྒྲུབ་བ་བོ་རྣམ་པ་གཉིས་ཏེ། ཟབ་པ་ལ་མོས་པ་དང་རྒྱ་ཆེ་བ་ལ་མོས་པའོ། །དེ་ཡང༌། སྤྱོད་པ་གཉིས་ལ་གནས་པ་ནི། ཐེག་པ་མཆོག་ལ་ཞུགས་པ་ཡིན། །ཞེས་གསུངས་སོ། །ཟབ་མོ་ལ་མོས་པ་རྣམས་ནི་ཇི་ལྟ་བུ་ཞེ་ན། བདག་ཉིད་ཟབ་བ་འབའ་ཞིག་ལ་མོས་པ་སྤྱོད་པས་འབྲས་བུ་སྒྲུབ་པར་བྱེད་དོ། །སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་བསྒྲུབ་པར་བྱའོ་ཞེས་སོ། །རྒྱ་ཆེ་བ་ལ་མོས་པ་གཉིས་ཏེ། བསམ་


DTG079_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་ཆེ་བ་ལ་མོས་པ་དང་སྤྱོད་པ་རྒྱ་ཆེ་བ་ལ་མོས་པའོ། །བསམ་པ་རྒྱ་ཆེ་བ་ལ་མོས་པ་ཇི་ལྟ་བུ་ཞེ་ན། སྔོན་དུ་འགྲོ་བའི་སེམས་ཀྱིས་ཁམས་གསུམ་མ་ལུས་པའི་སེམས་ཅན་ཉོན་མོངས་པའི་ཆུ་བོ་ལས་བསྒྲལ་བར་བྱའོ་སྙམ་པ་ནི་དངོས་སུ་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་རྒྱ་ཆེ་བ་ལ་མོས་པ་ཇི་ལྟ་བུ་ཞེ་ན། དེའི་དོན་དུ་སྤྱོད་པ་དྲི་མ་མེད་པའི་སྤྱོད་པ་སྣ་ཚོགས་ལ་འཇུག་པ་སྟེ། དངོས་སུ་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང༌། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྨོན་པའི་བྱང་ཆུབ་སེམས་དང་ནི། །འཇུག་པའི་བྱང་ཆུབ་སེམས་ཡིན་ནོ། །ཞེས་པ་དང༌། དང་པོར་སེམས་བསྐྱེད་པ་མི་བསྒུལ་བར་གནས་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་སེམས་ཡིན་ནོ། །ཞེས་གསུངས་སོ། །དེའི་འོག་ཏུ་དེ་བསྟན་ཞིང་རླན་པར་བྱེད་པ་སྟེ་སྙིང་རྗེ་ལ་གནས་པར་བྱའོ། །དེ་ཡང་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །དེའི་འོག་ཏུ་ཟིལ་གྱིས་གནོན་པའི་ལམ་ལ་གནས་པར་བྱ་སྟེ། དེ་ཡང་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ཞེས་གསུངས་སོ། །ཟིལ་གྱིས་གནོན་པའི་ལམ་ནི་མང་བ་ཉིད་ཐེག་པ་ཆེན་པོའི་སྤྱོད་པ་མཐའ་ཡས་པའི་ཕྱིར་རོ། །འོན་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ཏེ། དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ལམ་མཐའ་ཡས་པ་ཡིན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་གསུངས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི་རྣམ་པ་གསུམ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་གསུམ་མོ། །ཡེ་ཤེས་ཀྱི་ཚོགས་ནི་རྣམ་པ་གཉིས་ཡིན་ཏེ། བསམ་གཏན་དང་ཤེས་རབ་གཉིས་སོ། །བརྩོན་འགྲུས་ནི་གཉིས་ཀའི་གྲོགས་ཡིན་ནོ། །དེ་ཡང་ཇི་སྐད་དུ། བསོད་ནམས་རྒྱུ་ནི་རྣམ་པ་གསུམ་ཡིན་ཏེ། ཚིམ་བྱེད་དང་ནི་སྤོང་ཤེས་དང༌། །རྩེ་གཅིག་བློ་ནི་ཡེ་ཤེས་རྒྱུ། །སྨྲ་བའི་སེང་གེ་འདི་སྐད་གསུངས། །ཞེས་པའོ། །དེ་ལ་འདི་ནི་རྒྱུའི་ཕྱོགས་གཅིག་སྟེ་སྦྱིན་པའི་ཕྱོགས་གཅིག་གི་ཡན་ལག་གོ །བློས་རྣམ་པར་དཔྱད་ན་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་དགོངས་པ་དང་བཅས་པ་ཁོ་ནའོ། །འོ་ན་དེ་ལྟ་བུའི་སྦྱིན་པ་ལ་སོགས་པ་ཉམས་


DTG079_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལེན་པའི་སྦྱོང་བས་ཅི་ཞིག་བྱ་སྟེ་དོན་ཡོད་པ་མ་ཡིན་ནོ་ཞེས་ཇི་སྐད་དུ། རིགས་ཀྱི་བུ་གང་ལ་གནས་ན་སེམས་ཅན་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་བ་དང༌། འོད་འདོམ་གང་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལས་དོན་ཡོད་པ་ཁོ་ན་ཡིན་པས་ངེས་པར་སོམ་ཉི་ཟ་བ་བཟློག་བར་བྱའོ་ཞེས་པའི་དོན་ཏོ། །གཞན་དུ་ན་ཤིང་ཏཱ་ལ་མགོ་བོ་བཅད་པ་དང་འདྲའོ་ཞེས་བྱ་བ་ནི། སྒྲུབ་པ་ལ་གདམས་པ་སྟེ་ཚོགས་ལ་འབད་པར་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་སྤྱི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྣལ་འབྱོར་པ་སྐལ་པ་ཅན་གང་ཞིག་ཉེ་བར་སྤྱོད་པར་འདོད་པ་དེ་ལ་ཕན་གདགས་པར་བྱ་བའི་ཕྱིར་མཆོད་སྦྱིན་གྱི་གཏོར་མ་ནར་མ་ཞེས་པ་ནས་ཞལ་ནས་གསུངས་པ་ཡང་གདོན་ནོ་ཞེས་པ་ལ་སོགས་པ་སྨྲས་པ་ཡིན་ཏེ། རྣལ་འབྱོར་པས་ཉམས་སུ་བླང་བར་བྱ་བ་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་ལ་མཆོད་སྦྱིན་གྱི་གཏོར་མ་ནར་མ་བྱེད་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་ཁྱད་པར་ཅན་བསྟན་ཏེ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བར་སྙེགས་སོ། །མཆོད་སྦྱིན་ཞེས་པ་ནི་མཆོད་པ་ནི་འཕགས་བ་ལ་གུས་པས་དབུལ་བར་བྱ་སྟེ་དེ་ཡང་མངོན་སུམ་དུ་དམིགས་ལ་མཆོད་པར་བྱའོ་ཞེས་པའི་ཐ་ཚིག་གོ །སྦྱིན་པ་ཞེས་པ་ནི་སེམས་ཅན་ལ་དམིགས་ཏེ་གཏང་བའོ། །དེ་ཡང་འཁོར་གསུམ་ཡོངས་སུ་དག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང༌། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་ཀྱང་བགྱི། །ཞེས་གསུངས་སོ། །དེ་སྐད་སྟོན་པ་ཡིན་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་ཡིན་ལ། གསང་སྔགས་ཀྱི་སྒོའི་སྤྱོད་པ་ལ་སྤྱད་པ་རྣམས་ཀྱི་དམ་ཚིག་ཡིན་ཏེ་དེའི་ཕྱིར་དགོངས་པའོ། །གཏོར་མ་ཞེས་པ་ནི་ཐབས་ཤེས་རབ་ཏུ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ཡང་མ་ཚང་བ་མེད་པས་ཐབས་ཡིན་ཏེ། འཁོར་གསུམ་ཡོངས་སུ་དག་པས་ཤེས་རབ་བོ། །ཞེས་གསུངས་སོ། །དེས་ན་རྒྱུ་བསྟན་པ་དང་བྱིན་གྱིས་བརླབ་པ་དང༌། བདེན་པའི་སྟོབས་བརྗོད་པ་རྣམས་ནི་ཐབས་ཡིན་ལ། འཁོར་གསུམ་ཡོངས་སུ་དག་པ་ནི་ཤེས་རབ་ཡིན་ཞེས་སྟོན་པར་འགྱུར་གྱི་ཞེས་པ་ནི་ཐ་དད་པ་མ་ཡིན་པར་སྦྱོར་བའོ། །ནར་མ་བྱེད་པར་འདོད་པས་ཞེས་པ་ནི་འབད་རྩོལ་དང་


DTG079_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་རྒྱུན་དུ་བྱའོ་ཞེས་པའི་ཐ་ཚིག་གོ །དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་རྒྱ་ཆེ་བ་ལ་དམིགས་པ་སྟེ་གོང་དུ་བཤད་པ་ཡིན་ནོ། །དེ་ཡང༌། རྒྱུན་དུ་སྦྱོར་བྱེད་རྣལ་འབྱོར་ཡིན། །ཞེས་པའོ། །དེ་ནས་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་ཞིང་བསྲུང་བར་བྱ་བའི་ཕྱིར། དང་པོར་བདག་ཉིད་ལྷའི་རྣལ་འབྱོར་དུ་འཇུག་པའམ་ཞེས་བྱ་སྟེ། དང་པོ་ཞེས་པ་ནི་ཉེ་བར་སྦྱོར་བའི་དུས་གང་ཡང་རུང་སྟེ་ཐོག་མའོ། །བདག་ཉིད་ཅེས་པ་ནི་གཞན་མ་ཡིན་པ་སྟེ་མདུན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ལྷའི་རྣལ་འབྱོར་དུ་ཞེས་པ་ནི་དེ་ཡང་མི་གཉིས་སྙོམས་པར་འཇུག་བའོ། །འཇུག་པའམ་ཞེས་པ་ནི་འཇུག་པ་སྟེ་སྒོ་ཡིན་ནོ། །དེ་ཡང་གང་ཞེ་ན་དང་པོ་བདག་ཉིད་མངོན་དུ་བྱས་ལ་བསྲུང་བར་བྱའོ། །ཇི་སྐད་དུ། རང་དག་པར་ནི་ཤེས་པ་ལ། །འཚེ་བ་མེད་ཀྱིས་མ་འཇིགས་ཤིག །མཆོད་སྡོང་ལས་བྱུང་དགེ་བ་བཞིན། །འཚེ་བ་རང་གི་སེམས་ལས་བྱུང༌། །ཞེས་པའོ། །གཞན་ཡང༌། བདག་ཉིད་སྲུང་བ་བྱས་པ་ཡིས། །ལྷ་ཡི་རྣལ་འབྱོར་རབ་ཏུ་འགྲུབ། །ཅེས་གསུངས་སོ། །དེའི་འོག་ཏུ་ཡུད་ཙམ་གྱིས་འཕགས་པ་རྣམས་མངོན་སུམ་དུ་བྱ་སྟེ་སྡིག་པ་བཤགས་པ་ལ་སོགས་པ་བདུན་པོ་བྱ་སྟེ། དེ་ཡང་བདུན་པོ་འདི་དག་ནི་ཚོགས་ཀྱི་ཡན་ལག་ཡིན་ནོ་ཞེས་གསུངས་སོ། །དེའི་འོག་ཏུ་ཡང་དག་པའི་སྙིང་པོ་མངོན་དུ་བྱས་ཏེ་སྟོང་པ་ཉིང་དུ་བསམ་མོ། །དེ་ནས་ཇི་ལྟར་གཟུང་བའི་ལྷའི་རྣལ་འབྱོར་བྱས་ཏེ་རིམ་པ་ཇི་ལྟ་བར་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་དམ་ཚིག་ཐེབ་པར་གྱུར་པ་རྣམས་ཀྱི་དབང་དུ་བྱས་ཏེ་ཆོས་བདག་མེད་པར་བསྒོམས་ཏེ་ཞེས་པ་སྟེ། ཆོས་ཞེས་པ་ཕུང་པོ་ལ་སོགས་པ་རྣམས་ལ་མཚན་ཉིད་འཛིན་པ་རྣམས་སུ་འདོད་དེ། བདག་ཅེས་པ་ནི་གང་ཟག་དང་ཆོས་ལ་རང་བཞིན་མེད་པར་ཤེས་པ་ནི་ཕུང་པོ་ལ་སོགས་པ་དུ་མའི་རང་བཞིན་དང༌། སྐད་ཅིག་མའི་རང་བཞིན་ཡིན་ལ་དེ་ལ་རྟག་པ་དང་གཅིག་བུར་འཛིན་པ་ནི་ཕྱི་རོལ་གྱི་ལམ་ལ་གནས་མ་རྣམས་སོ། །དེ་ལ་སོགས་པ་ལས་བཟློག་པ་ནི་གང་ཟག་ལ་བདག་མེད་པར་ཤེས་པར་བྱའོ། །ཆོས་ལ་བདག་མེད་པར་ཡང་དེ་ཉིད་ལ་གཉིས་སུ་ཞེན་པ་དང་བྲལ་བ་སྟེ་དངོས་པོའི་མཐའ་ཡིད་ལ་མི་བྱེད་པའོ། །བསྒོམས་ཏེ་ཞེས་པ་ནི་དེ་ལ་རྩེ་གཅིག་ཏུ་བྱེད་


DTG079_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་སྦྱར་རོ། །འདི་ཡང་བསྲུང་ཞིང་བདག་བྱིན་གྱིས་བརླབ་པ་ཡིན་ཏེ། དེ་ཡང་ཇི་སྐད་དུ་སྟོང་བ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་ཅེས་པ་ལ་སོགས་པ་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་མེད་པ་སྔོན་དུ་བྱས་ནས་མཆོད་སྦྱིན་ལ་སྦྱར་བར་བྱས་ན་ཁྱད་པར་དུ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ནས་ཡང་དེའི་རྒྱུ་ཉེ་བར་བསྟན་པའི་ཕྱིར་ཆུ་གཏོར་གྱི་སྣོད་ཆེ་ཆུང་ཅི་འབྱོར་བའི་ནང་དུ་ཕྱེ་སྩལ་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཆུ་ཞེས་པ་ནི་རླན་པར་བྱེད་པའི་ཕྱིར་རོ། །དངོས་སུ་ནི་བྱམས་པའམ་སྙིང་རྗེའི་བདག་ཉིད་དེ་སྒྲུབ་པ་པོ་དེ་དང་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །གཏོར་ཞེས་པ་ནི་གོང་དུ་བཤད་པའི་དོན་ཏོ། །སྣོད་ཆེ་ཞེས་པ་ནི་ཡངས་པའོ། །ཆུང་བ་ནི་དེའི་དོན་ལས་བཟློག་པ་སྟེ་རིན་པོ་ཆེའི་སྣོད་དོ། །ཅི་འབྱོར་ཞེས་པ་ནི་ངེས་པར་གཟུང་དུ་ཡོད་བ་མ་ཡིན་ཏེ་ཚད་མ་བཟུང་བའི་ཕྱིར་རོ། །ནང་དུ་ཞེས་པ་ནི་བརྡ་ཕྲད་པར་ཟད་དོ། །ཕྱེ་སྩལ་ཏེ་ཞེས་པ་ནི་ཉམས་པ་མ་ཡིན་པ་དང༌། ཡོངས་སུ་བརྟགས་པའི་ཕྱེ་བླུགས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། ཤིན་ཏུ་མཛེས་པའི་གཏོར་སྣོད་དུ། །དྲི་མེད་ཆུ་གཙང་ལ་སོགས་པ། །གསང་སྔགས་རྣམས་ཀྱིས་རབ་སྦྱངས་ཏེ། །ཡོངས་སུ་བསྔོ་བྱ་དོན་ཆེན་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་བསྟན་ཏེ། རྒྱུ་རྐྱེན་གང་ལ་བརྟེན་ནས་དོན་གཉིས་ལ་འཇུག་པར་བྱེད་པ་ནི་ཐབས་དམ་པ་སྟེ་དེ་ལ་འཇུག་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཡང་ཡོངས་སུ་སྦྱོང་བའི་ཐབས་བསྟན་པའི་ཕྱིར་གཏོར་མའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རཾ་དཀར་པོ་བསམས་ཏེ་ཞེས་པ་ལ་སོགས་པ་སྨོས་སོ། །གཏོར་མའི་ནང་ཞེས་པ་ནི་དེ་ཉིད་ཀྱི་ནང་གི་ནམ་མཁའ་ལའོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་ཨ་ལས་གྱུར་པ་སྟེ་བྱང་ཆུབ་ཀྱི་སེམས་མཚོན་པར་བྱེད་པའོ། །དེ་ཡང་ཇི་སྐད་དུ། ཟླ་བའི་དཀྱིལ་འཁོར་གཉིས་པ་ནི། །བྱང་ཆུབ་སེམས་ནི་རབ་རྫོགས་པ། །ཞེས་གསུངས་སོ། །སྟེང་དུ་ཟླ་བ་གོ་སླའོ། །ཡི་གེ་རཾ་ཞེས་པ་ནི་བདུན་པའི་གཉིས་པ་ལ་སྟོང་པའི་ལྷས་མནན་པའོ། །དཀར་པོ་ཞེས་པ་ནི་དྲི་མ་དང་བྲལ་བའོ། །བསམས་ཏེ་ཞེས་པ་ནི་ཡི་གེ་དེ་ལ་དམིགས་


DTG079_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ཉིད་ཀྱིས་ཅིར་འགྱུར་ཞེ་ན། སྐྱོན་རྣམས་སྤོང་བ་སྟེ་འོག་ནས་སྟོན་པ་ལ་འཇུག་པའོ། །དེ་ཡང་ཇི་སྐད་དུ། ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ་ཞེས་གསུངས་སོ། །འདི་སྐད་སྟོན་ཏེ་དེས་གཏོར་མའི་དྲི་རབ་ལ་སོགས་པ་སྟོང་སྟེ་དེ་ལ་རྩེ་གཅིག་ཏུ་བྱའོ་ཞེས་པའི་དོན་ཏོ། །དེ་ནས་སྦྱོང་བའི་ཐབས་ཉིད་བསྟན་པའི་ཕྱིར་ཡི་གེ་དེ་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། ཡི་གེ་དེ་ལས་ཞེས་པ་ནི་རཾ་ལས་སོ། །ཆོས་ཐམས་ཅད་ཅེས་པ་ནི་ཆོས་ནི་གོང་དུ་བཤད་ཟིན་ཏོ། །ཐམས་ཅད་ཅེས་པ་ནི་ཆོས་ཀྱི་ཁམས་དུ་མས་འདུས་པ་ལ་སོགས་པ་སྟེ། རྡུལ་དང་བྲལ་ལོ་ཞེས་པ་ནི་གཟུང་འཛིན་ལ་སོགས་པ་དེ་ཉིད་དེ་དང་བྲལ་བའོ་ཞེས་པའི་སྒྲ་འབྱུང་བས་ཞེས་པ་ནི་དོན་དེ་ཉིད་སྟོང་བ་སྟེ་བདག་མེད་པར་བསྒོམ་པའོ། །གཏོར་མའི་དྲི་མ་ཞེས་པ་ནི་མི་གཙང་བའི་སྒྲའོ། །ལྷག་མར་གྱུར་པ་ནི་མ་གནང་བའི་ཡོ་བྱད་དེ་རྣམས་སོ། །དེ་ཉིད་ནི་སྐྱོན་རྣམས་ཡིན་ནོ། །དེས་ཞེས་པ་དེ་ནི་ཡི་གེ་རཾ་བསྒོམས་པའི་སྟོབས་སོ། །དག་པར་བྱ་ཞེས་པ་ནི་མཆོད་སྦྱིན་ནོ། །དེ་ལ་ཇི་སྐད་དུ། མི་གཉིས་པའི་ཡེ་ཤེས་མེ་ལྟ་བུ་དེའི་ས་བོན་ལས་བསྐྱེད་པའི་མེའི་ས་བོན་དུ་གསུངས་པ་སྟེ་འདི་སྐད་དུ་སྟོན་པ་ཡིན་ཏེ། གོང་གི་ཡོངས་སུ་སྦྱོང་བའི་ཡི་གེའི་སྦྱོར་བའི་རྗེས་ཐོགས་ལ་འོག་ནས་འབྱུང་བའི་ཕྱག་རྒྱ་དང་སྔགས་ཀྱིས་བཏབ་ལ་དེ་ཉིད་ཡོངས་སུ་དག་པར་བསམ་མོ་ཞེས་ལན་སྟོན་ཏོ། །དེའི་འོག་ཏུ་དེ་རྙེད་པ་ལ་ཡང་བདུད་རྩིར་འགྱུར་རོ། །དེའི་ཐབས་སྟོན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ནས་ཞེས་པ་ནི་ཡོངས་སུ་སྦྱང་བའི་རྗེས་ཐོགས་སོ། །ཟླ་བའི་དཀྱིལ་འཁོར་དེ་ལ་ཞེས་པ་ནི་སྔ་མའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལའོ། །ཡི་གེ་ཨ་ཞེས་པ་ནི་མ་སྐྱེས་པར་སྟོན་པའི་ཡི་གེ་སྟེ་དེ་ཡང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་ནས། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་བདུད་རྩིའོ། །དཀར་པོ་ཞེས་བྱ་བ་ནི་དྲི་མ་དང་བྲལ་བའོ། །བསམས་ཏེ་ཞེས་པ་ནི་རྣལ་འབྱོར་བ་སྟེ་གོང་དུ་སྨོས་པ་བཞིན་ནོ། །གཏོར་མ་ཞེས་པ་ནི་ཡོངས་སུ་སྦྱང་བ་བྱས་པའི་གཏོར་མ་དེའོ། །ལྷའི་བདུད་རྩི་སྣ་ཚོགས་པ་དང་ཞེས་པ་


DTG079_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྷ་ལ་ཡོད་པ་སྟེ་དེ་དང་རྗེས་སུ་མཐུན་པར་སྤྲོ་བ་བྱའོ་ཞེས་བྱ་བ་དང་སྦྱར་རོ། ལོངས་སྤྱོད་ཅེས་པ་ནི་ཉེ་བར་སྤྱོད་པའོ། །རྣམ་པ་སྣ་ཚོགས་པ་ཡང་བསམ། །ཞེས་པ་ནི་ཟས་དང་སྐོམ་ལ་སོགས་པའོ། །ཡང་ཞེས་པ་ནི་བདུད་རྩི་ལ་ལྟོས་པའོ། །ཡི་གེ་དེ་ལས་ཞེས་པ་ནི་ཨ་ལས་སོ། །ཕྱོགས་བཅུ་ཞེས་པ་ནི་ཤར་ལ་སོགས་པའོ། །སེམས་ཅན་གྱི་ཁམས་ཞེས་པ་ནི་འགྲོ་བ་ལྔས་བསྡུས་པ་རྣམས་ལ་ཁྱབ་པར་གྱུར་ཞེས་པ་ནི་ཐམས་ཅད་ལའོ། །གང་གིས་ཁྱབ་ཅེ་ན། བདུད་རྩིའི་རྒྱུན་ལ་སོགས་པ་སྟེ་དེས་ཁྱབ་པའོ། །བསམ་ཞེས་པ་ནི་འོད་ཟེར་སྤྲོ་བའོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་སྐད་དུ་སྟོན་ཞེ་ན། ཨ་ལས་སྒྲོས་པའི་འོད་ཟེར་གྱི་རྣམ་པ་དེ་བདུད་རྩིར་བསམ་པ་ནི་འོག་ནས་འབྱུང་བའི་སྔགས་བརྗོད་དེ་ཨ་དེ་ཉིད་ལས་སྤྲོ་བར་བྱའོ་ཞེས་པའི་དོན་ཏོ། །དེའི་འོག་ཏུ་བདུད་རྩི་ཉིད་ནམ་མཁའ་དང་མཉམ་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ཞེས་པ་ནི་བདུད་རྩིར་གྱུར་པའི་རྗེས་ཐོགས་ལའོ། །ཟླ་བའི་དཀྱིལ་འཁོར་དེ་ལ་ཞེས་པ་སྔ་མ་དང་སྦྱར་རོ། །ཡི་གེ་ཨོཾ་སེར་པོ་ཞེས་པ་ནི་ཨོཾ་ནི་སྙིང་པོའི་དོན་ཏེ་སེར་པོ་ནི་རྒྱས་པའི་དོན་སྟོན་པའོ། །བསམ་ཞེས་པ་ནི་ཡིད་ཀྱིས་ཏེ་འོག་གི་སྔགས་བརྗོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་ཨོཾ་ནི་སྙིང་པོ་སྟེ་ཐམས་ཅད་ཀྱི་འབྱུང་གནས་སུ་ངས་དགོངས་ཞེས་གསུངས་སོ། །དེས་ཅིར་འགྱུར་ཞེ་ན་འཕགས་པ་དང་ཞེས་སྨོས་སོ། །འཕགས་པ་ཞེས་པ་ནི་འདུས་མ་བྱས་ཀྱི་ཁམས་ལ་གནས་པ་སྟེ། དེ་ཡང་འདུས་མ་བྱས་ལ་གནས་པ་ནི་འཕགས་པའི་གང་ཟག་གོ་ཞེས་གསུངས་སོ། །དེ་ཡང་རྣམ་པ་གཉིས་ཏེ་སློབ་པའི་རྣམ་པ་དང་མི་སློབ་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །སློབ་པའི་ལམ་ལ་གནས་པ་ལ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །མི་སློབ་བའི་ལམ་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་ནི་མཆོད་པའི་གནས་ཡིན་པ་དང་སྦྱར་རོ། །དེ་དག་ཀྱང་གང་ལས་ཤེ་ན་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །སེམས་ཅན་ཞེས་པ་ནི་འགྲོ་བ་ལྔ་ལ་གནས་པ་སྟེ་དེ་ཡང་གཟུགས་ཅན་དང་དེ་ལས་བཟློག་པའོ། །དེ་ཡང་སེམས་ཅན་གྱི་ཁམས་ནི་མཐའ་ཡས་པ་ཉིད་དེ་མདོར་


DTG079_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན་རྣམ་པ་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ་ཞེས་གསུངས་སོ། །དེ་ལ་ཞེས་པ་ནི་གནས་ཀྱི་དོན་ནོ། །ཕུལ་ཞེས་པ་ནི་འཕགས་པའོ། །བསྡོས་ཤིང་ཞེས་པ་ནི་སེམས་ཅན་ལའོ། །བཞིན་དུ་ཞེས་པ་ནི་ད་དང་མཐུན་པའོ། །སོ་སོར་ཞེས་པ་ནི་གོ་སླའོ། །རྣམ་པར་རིག་པ་ཞེས་པ་ནས། མངོན་སུམ་ལས་སྐྱེ་སེམས་ཀྱི་སྤྱོད་ཡུལ་གནས། །ཞེས་པ་ནི་བཞུགས་པའི་གནས་ཏེ་འཕགས་པ་རྣམས་ཀྱིའོ། །སྣང་ཞིང་འབྱུང་བར་བསམ་ཞེས་པ་ནི་དེ་དག་གི་དབང་པོའི་སྤྱོད་ཡུལ་ཏེ་དེ་བསྒོམ་པའོ། །དེ་ཡང་ཇི་སྐད་དུ། མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱི་གཏིབས་པར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་འདི་སྐད་དུ་སྟོན་ཏེ། རྣལ་འབྱོར་པས་ཨོཾ་སེར་པོ་བསམ་སྟེ་འོག་ནས་འབྱུང་བའི་སྔགས་བརྗོད་དེ་སྤྲོ་བར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཡོངས་སུ་སྦྱངས་བ་ལ་སོགས་པའི་ཕྱག་རྒྱ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་སྦྱོར་པའི་རྗེས་ཐོགས་ལ་ལག་པ་གཡས་པའི་ཞེས་པ་རྣལ་འབྱོར་པ་སྟེ་ཐབས་ཀྱི་རང་བཞིན་ཡིན་པའི་ཕྱིར། མཐེའུ་ཆུང་མཐེ་བོས་མནན་ཏོ་ཞེས་པ་ནི་བླ་འོག་ཏུ་བྱས་པའོ། །སོར་མོ་གསུམ་ཞེས་པ་ནི་གུང་མོ་དང་སྲིན་ལག་དང་མཛུབ་མོ་རྣམས་སོ། །ཕྲལ་ནས་ཞེས་པ་ནི་ཕན་ཚུན་མ་རེག་པས་ཕྲལ་ཏེ་ཡངས་པའོ། །རྡོ་རྗེ་ལྟར་བྱས་པ་ནི་རྡོ་རྗེ་རྩེ་གསུམ་པ་ལྟར་བྱས་པ་སྟེ་ཁས་ཕུབ་ལ་ཞེས་པ་ནི་གོ་སླའོ། །གཏོར་མའི་སྣོད་ལ་ཞེས་པ་ནི་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་དངོས་ཀྱི་བྱང་ཆུབ་ཀྱི་སེམས་སོ། །རེག་པར་བྱས་ནས་ཞེས་པ་ནི་དེ་ཉིད་ལ་རེག་པར་བྱ་བ་སྟེ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱའོ། །དེ་ཡང༌། རྡོ་རྗེ་ཕྱག་རྒྱ་རབ་སྦྱར་ལ། །ཡོངས་སུ་སྦྱར་བ་ལ་སོགས་བྱ། །ཞེས་གསུངས་སོ། །འདི་སྐད་ཀྱང་སྟོན་ཏེ། སྣོད་ནི་རྟེན་བྱེད་པའི་ཕྱིར་བྱང་སེམས་དེ་ཐབས་ཡིན་ལ། རྡོ་རྗེའི་ཕྱག་རྒྱ་ནི་ཤེས་རབ་ཡིན་པས་ན་ཐབས་དང་ཤེས་རབ་འབྲེལ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཡོངས་སུ་སྦྱང་བ་ལ་སོགས་པའི་སྔགས་བསྟན་པའི་ཕྱིར་སྔགས་འདི་ཞེས་པ་ལ་སོགས་པ་སྨོས་སོ། །དེ་རྣམས་ལས་ཀྱང་


DTG079_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྦྱང་བའི་སྔགས་ཐོག་མར་བསྟན་པའི་ཕྱིར་སྔགས་འདི་ཞེས་པ་ནི་གྲུབ་པར་བྱེད་པའི་ཕྱིར་རོ། །ལན་གསུམ་ཞེས་པ་ནི་ཤེས་པའི་ཕྱིར་རོ། །བརྗོད་པས་ཞེས་པ་ནི་རྡོ་རྗེའི་ཚུལ་དུའོ། །རྣམ་པར་དག་པར་བསམ་ཞེས་པ་ནི་གཏོར་མ་སྟེ་ལྷག་པར་གྱུར་པའི་སྐྱོན་དེ་ཉིད་གང་ཞེ་ན། ཨོཾ་སརྦ་དྷརྨ་བཛྲ་སི་ཏི་ཧཱུཾ་ཞེས་པ་སྟེ་ཆོས་རྣམས་རང་བཞིན་གྱིས་རྣམ་པར་བདག་པར་སྟོན་པའོ། །དེ་ནས་བདུད་རྩིར་བསྒྱུར་བའི་སྔགས་བསྟན་པའི་ཕྱིར་དེ་ལ་སྔགས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་ནི་འདི་ཞེས་པ་གོང་མ་བཞིན་ནོ། །བཏབ་སྟེ་ཞེས་པ་ནི་བརྗོད་པའོ། །འདུད་རྩིར་གྱུར་པར་བསམ་ཞེས་པ་ནི་བདུད་རྩིས་ཉེ་བར་མཚོན་པ་སྟེ་དེ་ལྟར་བསམ་པའོ། །དེ་ཉིད་གང་ཞེ་ན། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པ་སྟེ་བདུད་རྩི་འབྱུང་བའོ། །དེ་ནས་ཞེས་པ་ནི་སྤྲོ་བའི་སྔགས་ཡིན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་པ་བདུད་རྩིར་འབྱུང་བའི་རྗེས་ཐོགས་ལའོ། །སྔགས་འདི་བཏབ་སྟེ་ཞེས་པ་ནི་སྤེལ་བའི་སྔགས་ཀྱིས་ཏེ་གོང་མ་བཞིན་ནོ། །སྤེལ་བར་བསམ་ཞེས་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུའོ། །དེ་གང་གིས་སྤྲོ་ཞིང་སྤེལ་ཞེ་ན། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ་སརྦ་ཏད་ཨུདྒ་ཏེ་སྥ་ར་ཎ་ཏི་མཾ་ག་གན་ཁཾ་སྭཱ་ཧཱ་ཞེས་པ་སྟེ་སྤྲོས་པ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བས་ཁྱབ་པར་བྱེད་པའི་སྔགས་བསྟན་པའི་ཕྱིར་སྔགས་འདི་བཏབ་སྟེ་ཞེས་པ་ནི་ཁྱབ་པར་བྱེད་པའི་སྔགས་སོ། །དེ་ཉིད་ཀྱང་གང་ཡིན་ཞེ་ན། ཨོཾ་ན་མཿསརྦ་ཏཱ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སམྦྷ་ར་སམྦྷ་ར་སམྦྷ་ར་ཧཱུཾ་ཞེས་པའོ། །དེ་ནས་ཞི་བར་བྱེད་པའི་སྔགས་བསྟན་པའི་ཕྱིར་སྔགས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ནོར་བར་གྲུབ་པར་བྱེད་པའི་ཕྱིར་ན་བཏབ་སྟེ་ཞེས་པ་ནི་ཞི་བར་བྱེད་པའི་སྔགས་སོ། །མཉམ་པར་ཐོབ་པར་བྱེད་ཅེས་པ་ནི་མཉམ་པར་ཐོབ་པར་བྱེད་པ་སྟེ་སེམས་ཅན་གྱིས་སོ། །དེ་ཉིད་གང་ཞེ་ན། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་པའོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་ཀྱིས་གཉམ་པར་ཐོབ་ཅིང་མི་མཐུན་པ་མེད་ཅིང་ཐོབ་པ་སྟེ་དེ་ཉིད་ཀྱི་ཕྱིར་དོན་ཐམས་ཅད་གྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། །གསང་སྔགས་རྣམས་ནི་བརྗོད་པ་དང༌། །རྡོ་རྗེའི་ཕྱག་རྒྱར་རབ་ལྡན་


DTG079_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དངོས་པོ་གང་ལ་བཏབ་པ་ནི། །དག་པ་ལ་སོགས་རིམ་བཞིན་འགྲུབ། །ཅེས་གསུངས་སོ། །དེ་ནས་བྱིན་གྱིས་བརླབས་པའི་གཏོར་མ་དེ་ཡང་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར་ན་སྔགས་འདི་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔགས་འདི་རྣམས་ཞེས་བྱ་བ་ནི་གོང་དུ་གསུངས་པ་རྣམས་སོ། །ལན་གསུམ་ཞེས་པ་ནི་ཐམས་ཅད་ལ་སྦྱར་བར་བྱའོ་ཞེས་སོ། །དེའི་འོག་ཏུ་འདི་སྐད་བརྗོད་དོ་ཞེས་བྱ་བ་དང་སྦྱར་རོ། །ཇི་སྐད་བརྗོད་ཅེས་ན། སངས་རྒྱས་དང་ཞེས་པ་ལ་སོགས་པ་སྨོས་སོ། །སངས་རྒྱས་ཞེས་པ་ནི་གང་གི་རྒྱུད་ལ་སྤངས་པ་དང་སྦྱངས་པ་དང་བྱ་བ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཡོད་པའོ། །དེ་སྐད་དུ་ཡང༌། མ་རིག་གཉིད་ལས་སངས་པ་དང༌། །ཤེས་བྱ་རྣམས་ལ་ཡེ་ཤེས་རྒྱས། །ཞེས་གསུངས་སོ། །བྱང་ཆུབ་ཅེས་བྱ་བ་ནི་གང་ནམ་མཁའ་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད་པར་འདོད་ཅིང་སྤྱོད་པ་ནི་སྦྱིན་པ་ལ་སོགས་པའི་ལམ་ལ་ཡོངས་སུ་ཞུགས་པའོ། །ཇི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤང༌། །གང་ཞིག་དེ་ཐོབ་འདོད་པ་ནི། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་སོ། །ཐམས་ཅད་ཅེས་པ་མ་ལུས་པ་སྟེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་མི་སློབ་པའི་ས་ལ་གནས་པ་ཐམས་ཅད་དོ། །མཐུན་ཞེས་པ་ནི་ལྷག་པའི་སྟོབས་ཏེ་དེ་རྣམས་ཀྱིའོ། །དེ་ནི་ཐུགས་རྗེ་ཕྱི་ནང་གི་དབང་གིས་སོ། །ཆོས་ཀྱིས་དབྱིངས་ཀྱི་ཞེས་པ་ནི་དོན་དམ་པའི་ཆོས་ཏེ་བསྟན་པ་ཐ་དད་པ་རྣམས་རེངས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱིན་གྱིས་བརླབས་དང་ཞེས་པ་ནི་སྟོང་པ་ཉིད་ཀྱིས་གཟུང་བ་སྟེ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་སོ། །དེ་སྐད་དུ་བྱིན་གྱི་བརླབས་མེད་པའི་ཚུལ་ཁྲིམས་དེ་བྱིན་གྱིས་བརླབས་སོ་ཞེས་གསུངས་སོ། །དེ་ཉིད་ནི་མཐུ་ཡང་ཡིན་ནོ། །བདག་གི་བསམ་པ་ཞེས་པ་ནི་བདག་གི་བསམ་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ལ་ཞུགས་པའོ། །དེ་ཉིད་ནི་རྣམ་པར་དག་པ་སྟེ་བྱང་ཆུབ་ཆེན་པོ་ལ་ཡོངས་སུ་གཞོལ་བར་གྱུར་པའི་སྟོབས་ཀྱིས་སོ། །དེ་རྣམས་ཀྱིས་ཇི་ལྟར་གྱུར་པར་བསམ་ཞེ་ན་འཕགས་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །འཕགས་པ་ཞེས་པ་ནི་སྔ་མ་བཞིན་དུ་


DTG079_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། ཐམས་ཅད་ཅེས་པ་ནི་སྔོན་དུ་ཞུགས་པ་ལ་སོགས་པ་ཡང་བསྡུའོ། །ཕོ་བྲང་ཞེས་པ་ནི་བཞུགས་པའི་གནས་ཏེ་འོག་མིན་ཆེན་པོ་གནས་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ནི་སྔ་མ་དང་འདྲའོ། །གནས་དང་ཞེས་པ་ནི་ལྕགས་ཁང་ལ་སོགས་པའོ། །སེམས་ཀྱི་རྒྱུད་ཅེས་པ་ནི་ནང་འདུ་བྱེད་ཀྱི་ཕུང་པོ་སྟེ་ཟག་པ་དང་བཅས་པ་རྣམས་སོ། །ལ་ནི་གནས་ཀྱི་དོན་ཏོ། དེ་རྣམ་པ་དུ་འབྱུང་ཞེ་ན་ཆོས་དང་ཞེས་པ་ལ་སོགས་པ་སྨོས་སོ། །ཆོས་དང་ཞེས་པ་ནི་ཆོས་ཀྱི་སྦྱིན་པ་སྟེ་དེ་ཡང་རྣམ་པར་གཉིས་སོ། །དེ་ཡང་གང་ཞེ་ན་འཇིག་རྟེན་པ་དང་འདས་པའི་ཆོས་ཀྱི་སྦྱིན་པའོ། །འཇིག་རྟེན་པའི་ཆོས་ནི་བསམ་གཏན་དང་ཚད་མེད་པ་དང་སྙོམས་པར་འཇུག་པ་དང་དགེ་བཅུ་ལ་སོགས་པ་སྟེ། དེ་གང་ལ་སྟོན་པ་ནི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པའོ། །འཇིག་རྟེན་ལས་འདས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མ་འདྲེས་པའི་ཆོས་ལ་སོགས་པ་སྟེ་དེ་གང་ལ་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་སྟེ་ཟས་དང་སྐོམ་དང་གསེར་དང་མུ་ཏིག་ལ་སོགས་པའོ། །དེ་ཡང་ཇི་སྐད་དུ་སྦྱིན་པ་ནི་རྣམ་པར་གཉིས་ཏེ་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པའོ། །ཆོས་ཀྱི་སྦྱིན་པ་གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའོ་ཞེས་རྒྱས་པར་གསུངས་སོ། །ལོངས་སྤྱོད་ཅེས་བྱ་བ་ནི་གོང་མ་ཉིད་རྣམས་ཏེ་སེམས་ཀྱི་རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །དཔག་ཏུ་མེད་པ་ཞེས་བྱ་བ་དང་བསམ་གྱིས་མི་ཁྱབ་ཅེས་བྱ་བ་དང༌། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་དང༌། གོ་རིམས་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་ཞིང་རྒྱས་པར་འགྱུར་ཅིག་ཅེས་བྱ་བ་ནི་འཕགས་པ་ལ་ནི་ཆོས་ཀྱི་ལོངས་སྤྱོད་མཐའ་ཡས་པ་འབྱུང་བ་དང༌། སེམས་ཅན་རྣམས་ལ་ནི་ཟང་ཟིང་གི་སྦྱིན་པའི་ལོངས་སྤྱོད་མཐའ་ཡས་པར་གྱུར་ཅིག་ཅེས་པའོ། །དེ་སྐད་དུ་འཕགས་པ་རྣམས་ཆོས་ལ་ལོངས་སྤྱོད་པའོ། །སེམས་ཅན་རྣམས་ཟང་ཟིང་ལ་ཉེ་བར་ལོངས་སྤྱོད་པའོ་ཞེས་གསུངས་སོ། འདི་སྐད་སྟོན་ཏེ། བསྔོ་བའི་གནས་ནི་གཉིས་ཡིན་པའི་ཕྱིར་ཚིག་དེ་སྐད་ཅེས་བརྗོད་དེ། བསྔོ་བའི་འབྲས་བུ་རྣམ་པ་ཡོངས་སུ་གཟུང་ཞིང་ཐབས་དམ་པ་ལ་འཇུག་གོ་ཞེས་པའི་དོན་ཏོ། །


DTG079_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་སྤེལ་བའི་སྔགས་ལན་གསུམ་བརྗོད་པ་ནི་ནམ་མཁའ་མཛོད་ཀྱི་སྔགས་གྲུབ་པར་བྱེད་པའི་ཡན་ལག་གོ །དེ་ནས་ཡོངས་སུ་བསྔོ་བ་བྱས་པའི་རྗེས་ཐོགས་ལ་བདེན་པའི་སྟོབས་བརྗོད་པའི་ཕྱིར། དེ་ནས་བདེན་པར་བདར་ཏེ་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ནས་ཞེས་པ་ནི་ཡོངས་སུ་བསྔོ་བ་བྱས་པའི་རྗེས་ཐོགས་ལ་བདེན་པ་བདར་ཏེ་ཞེས་པ་ནི་འོག་ནས་འབྱུང་བ་རྣམས་སོ། །དེ་ཡང་གང་ཞེ་ན། སངས་རྒྱས་ཀྱི་བདེན་པ་དང་ཞེས་སྨོས་ཏེ། སངས་རྒྱས་ཞེས་པ་ནི་གང་ལས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཡོད་པ་སྟེ་གོང་དུ་བཤད་པ་བཞིན་ནོ། །དེ་ཡང་སྐུ་རྣམས་གཉིས་ཀྱི་བདག་ཉིད་ཡིན་ཏེ་དེ་ཉིད་གང་ཞེ་ན། ཆོས་ཀྱི་སྐུ་དང༌། གཟུགས་ཀྱི་སྐུ་ཡིན་ཏེ། དེ་སྐད་དུ། བདག་དང་གཞན་དོན་གྲུབ་པའི་ཕྱིར། །རྣམ་པ་གཉིས་སུ་སྐུ་བསྟན་ཏོ། །ཞེས་གསུངས་སོ། །ཆོས་ཞེས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱིས་བསྡུས་པའོ། །དེ་ཡང་རྣམ་པ་གསུམ་སྟེ་བསྟན་པ་དང༌། སྒྲུབ་པ་དང༌། དོན་དམ་པའོ། །དེ་སྐད་དུ། བསྟན་པ་ལ་སོགས་རྣམ་གསུམ་སྟེ། འབྲེལ་མེད་ཕྱིར་ན་འཆོས་པས་ཆོས། །ཞེས་གསུངས་སོ། །དགེ་འདུན་ཞེས་པ་ནི་དགེ་བ་ལ་སྲིད་པའི་ཐ་ཚིག་གོ །མཐོང་བའི་ལམ་དང་སྒོམ་པའི་ལམ་ལ་གནས་པ་རྣམས་སོ། །དེ་ཡང་རྒྱུན་དུ་ཞུགས་པ་རྒྱུ་ལ་ཞུགས་པ་དང་འབྲས་བུ་ལ་ཞུགས་པར་རྣམས་དང་གནས་པའི་བྱེ་བྲག་གིས་བརྒྱད་དོ། །དེ་སྐད་དུ། ཟག་པ་མེད་པ་ལས་རིམ་བཞིན་དུ་བསྐྱེད་པའི་ཕྱིར་ན་བཞིར་བཤད་དོ། །འཇུག་པ་དང་གནས་པའི་བྱེ་བྲག་གོ །གང་ཟག་བརྒྱད་དུ་རྣམ་པར་གྲགས། །ཞེས་གསུངས་སོ། །བདེན་པ་ཞེས་པ་ནི་དེ་རྣམས་ཀྱི་ཆེ་བའི་ཡོན་ཏན་རྣམས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དེ། དེའི་བྱིན་གྱིས་རླབས་ཀྱིས་ཞེས་པ་དང་སྦྱར་རོ། །གསང་སྔགས་དང་ཞེས་པ་ལ་གསང་བ་ནི་མི་འདྲ་བ་སྟེ་ཐབས་སོ། །སྔགས་ནི་དེའི་རྒྱུ་སྟེ་ཡང་ཡང་དུ་བཟླས་ཤིང་འདའ་བར་མི་བྱའོ། །ཅིར་འགྱུར་ཞེ་ན། ཡིད་སྐྱོབ་པའི་ཕྱིར་ན་སྔགས་ཡིན་ཏེ་ཐུན་མོངས་མིན་ཕྱིར་གསང་བ་ཞེས་གསུངས་སོ། །རིག་སྔགས་ཞེས་པ་ནི་ཡེ་ཤེས། །སྔགས་ནི་དེ་གྲུབ་པར་བྱེད་པའི་རྒྱུ་སྟེ་གོང་དུ་བཤད་པ་བཞིན་ནོ། །ཕྱག་རྒྱ་ཞེས་པ་ནི་རྒྱས་འདེབས་པའི་དོན་གྱིས་ཕྱག་རྒྱ་སྟེ་ཐབས་དང་ཤེས་རབ་


DTG079_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྦྱོར་ཞིང་མི་ཤིགས་པ་སྟེ། །ཉན་ཐོས་ལ་སོགས་མི་ལྡན་པས། །རྡོ་རྗེ་ལ་སོགས་མཚོན་པའོ། །དེ་སྐད་དུ། ཐབས་ཤེས་རབ་འབྱོར་པས་རྒྱས་འདེབས་པའི་ཕྱིར་ན་ཕྱག་རྒྱའོ་ཞེས་གསུངས་སོ། །ཏིང་ངེ་འཛིན་ཞེས་པ་ནི་ཡུལ་ལ་སེམས་རྩེ་གཅིག་ཏུ་གནས་པ་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ལ་ཞེན་ཐབས་དང་ཤེས་རབ་ལ་ཐ་མི་དད་པར་རྒྱས་བཏབ་པ་དེ་ལའོ། །དེ་སྐད་དུ། གསང་སྔགས་ཐབས་སུ་ཤེས་པར་བྱ། །རིང་སྔགས་ལ་ནི་ཡེ་ཤེས་བརྗོད། །དེ་སྦྱོར་རྒྱས་འདེབས་ཕྱག་རྒྱ་སྟེ། །དེ་ལ་རྩེ་གཅིག་ཏིང་འཛིན་འདོད། །ཅེས་གསུངས་སོ། འདི་སྐད་སྟོན་ཏེ་ཐབས་དང་ཤེས་རབ་འབྲེལ་པས་རྒྱས་བཏབ་ལ་དེ་ལ་རྣལ་འབྱོར་པས་སེམས་རྩེ་གཅིག་ཏུ་བྱའོ་ཞེས་བའི་དོན་ཏོ། བྱིན་གྱིས་བརླབས་པ་ནི་དེ་ལས་བྱུང་བའི་ནུས་མཐུའོ། །བདེན་པ་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ་གྱུར་ཅིག་ཅེས་པ་དང་སྦྱར་རོ། །དམ་ཚིག་ཅན་གྱི་མཐུ་དང་དང་ཞེས་པ་ནི་མི་འདའ་བའི་དམ་ཚིག་ཐོབ་པ་སྟེ་དཔལ་ཚངས་པ་ལ་སོགས་པའོ། །དེ་རྣམས་ཀྱི་སྟོབས་ཀྱི་མཐུའོ། །བདེན་པ་ཉིད་དུ་ཐོབ་པ་ནི་བདེན་པའོ། །བྱིན་གྱི་རླབས་ཀྱིས་ཞེས་པ་ནི་དེ་བཞིན་འབྱུང་བ་ནི་བྱིན་གྱིས་རླབས་སོ། །དེ་ཅི་ཞིག་འབྱུང་ཞེ་ན། ཆོས་དང་ཟང་ཟིང་ཞེས་པ་ལ་སོགས་པ་སྨོས་ཏེ་ཆོས་ཀྱི་ལོངས་སྤྱོད་ནི་འོག་ནས་འབྱུང་བ་རྣམས་སོ། །ཟང་ཟིང་གི་ལོངས་སྤྱོད་ནི་འདོད་པའི་ཡོན་ཏན་ལྔའོ། །འདི་ཞེས་བྱ་བ་ནི་སྙིང་ག་འདི་སྟེ་གཏོར་མ་ཡིན་ནོ་ཞེས་པའོ། །སྣོད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞེས་པ་ནི་གསེར་དང་པདྨ་རཱ་ག་ལས་མཛེས་པར་བྱས་པའོ། །བཅུད་ལྷ་དང་མིའི་ལོངས་སྤྱོད་ཅེས་པ་ནི་ལྷ་རྣམས་དང་མི་རྣམས་ལ་ཡོད་པ་སྟེ་བཟའ་བ་དང་བགོ་བ་ལ་སོགས་པ་སྟེ་ལོངས་སྤྱོད་ཅེས་པ་ནི་ཚངས་པ་རིག་པ་གཞན་དུ་མེད་པའོ། །བཟའ་ཡིས་མི་ཟད་ཅེས་པ་ནི་ཟས་རྣམས་སོ། །བགོ་ཡིས་མི་དེངས་ཞེས་པ་ནི་གོས་རྣམས་སོ། །གཞན་ཡང་དབང་པོ་ལྔ་ཚིམ་པར་བྱེད་པ་སྨོས་པ་རྣམས་གཟུངས་ངོ༌། །དེ་དག་རྒྱུ་ཅི་ལས་ཤེ་ན་ཕྱེ་དང་སྨན་ལ་སོགས་པ་རྣམས་ལས་སོ། །སྨན་ལ་སོགས་པ་ཇི་ལྟར་ཅིའི་ཕྱིར་འགྱུར་ཞེ་ན་སངས་རྒྱས་ལ་སོགས་པའི་བདེན་པའི་བྱིན་གྱི་རླབས་ཀྱིས་ཏེ། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སོ། །གང་ལས་འབྱུང་ཞེ་ན། སེམས་ཅན་དང་འཕགས་པ་རྣམས་ལའོ། །དེས་ཅིར་འགྱུར་


DTG079_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུས་དང་སེམས་ཚིམ་པར་བྱེད་པ་ལ་སོགས་པ་སྨོས་ཏེ། ལུས་ཚིམ་པ་ནི་འབྱུང་བ་རྒྱས་པ་སྟེ་རེག་བྱའི་ཁྱད་པར་རྙེད་པའོ། །སེམས་ཚིམ་པར་བྱེད་པ་ནི་ཉོན་མོངས་པའི་དབང་དུ་མི་འགྱུར་བ་སྟེ་ཚོར་བ་བདེ་བ་དང་ལྡན་པའོ། །རྒྱུ་དང་ཞེས་པ་ནི་གོང་དུ་གཞི་མེད་པར་ཚིམ་པར་གྲུབ་པའོ། །རྐྱེན་ཞེས་པ་ནི་སྟོབས་ཉམས་པ་ལ་ལྷག་པའི་སྟོབས་རྙེད་པའོ། །གྱུར་ཅིག་ཅེས་པ་ལ་སོགས་པ་ནི་སངས་རྒྱས་ལ་སོགས་པའི་བདེན་པ་དང་མཐུན་པ་ཡིན་ཞེས་བྱ་བར་སྙེག་གོ །དེ་ནི་འདི་སྐད་སྟོན། རྒྱུ་རྐྱེན་གང་ལ་བརྟེན་ནས་འཕགས་པ་རྣམས་དང་སེམས་ཅན་རྣམས་ལ་ཏིང་ངེ་འཛིན་ལ་སོགས་པའི་ཡན་ལག་རྣམས་ཀྱིས་ཆོས་དང་ཟང་ཟིང་ཡོངས་སུ་འབྱུང་བར་གྱུར་ཅིག་པའོ། །ཟང་ཟིང་ནི་གོང་དུ་སྨོས་པ་རྣམས་ཡིན་ནོ། །ད་ནི་ཆོས་ཀྱི་ལོངས་སྤྱོད་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཞེས་བྱ་བ་ནི་ཟང་ཟིང་ལས་གཞན་པའོ། །དེ་གང་ཡིན་ཞེ་ན། ཆོས་ཀྱི་ལོངས་སྤྱོད་ཅེས་བྱ་སྟེ་ཆོས་ནི་རྣམ་པར་དཀར་པའི་ཕྱིར་རོ། །ལོངས་སྤྱོད་ཅེས་པ་ནི་འཕགས་པའི་ནོར་བདུན་དང་ལྡན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་ཞེས་པ་སྟེ་བྱང་ཆུབ་ནི་སྟོང་པ་ཉིད་དོ། །ཕྱོགས་ནི་དེ་དང་རྗེས་སུ་མཐུན་པའི་རྒྱུ་རྣམས་ཏེ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ་དེ་སྐད་དུ་ཡང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལམ་བཞི་དག་གིས་བསྡུས་པ་ཡིན་ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་སྟེ་སྦྱིན་པ་ལ་སོགས་པ་བཅུ་ཡིན་ནོ། །དེ་སྐད་དུ། སྦྱིན་པ་ནས་བརྩམས་ཡེ་ཤེས་ལ། །ལམ་བཞི་དག་གིས་བསྡུས་པ་ཡིན། །ཞེས་པས་སོ། །ལ་སོགས་པའི་སྒྲ་ནི་བསྡུ་བའི་དངོས་པོ་རྣམས་དང་ཚད་མེད་པ་ལ་སོགས་པ་རྣམས་པར་དག་པ་སྟེ། ལམ་དྲི་མ་མེད་པ་ལ་སྨོས་སོ་པ་རྣམས་བསྡུས་པའོ། །དེ་དག་གིས་ཅི་ཞིག་འགྲུབ་ཅེ་ན། སེམས་རྒྱུད་རྣམ་པར་སྦྱོང་ཞིང་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་རྒྱུད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆོད་དག་གིས་བསྡུས་པ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་སྦྱོང་བའི་རྒྱུ་དང་རྟེན་དུ་གྱུར་པའི་རྒྱུད་དོ། །རྣམ་པར་སྦྱོང་ཞེས་པ་ནི་ཉོན་མོངས་པ་ལ་སོགས་པ་སྒྲིབ་པར་རྣམས་སོ། །གང་གིས་སྦྱང་ཞེ་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་


DTG079_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སོ། །ཚུལ་ཇི་ལྟར་སྦྱང་ཞེ་ན། དེ་རྣམས་ལ་གོམས་པར་བྱས་ཤིང་གོང་ནས་གོང་དུ་རྣམ་པར་ཐར་པས་སོ། །སྦྱང་བར་བྱ་བ་དེ་ཉིད་བསྡུས་ནས་བསྟན་པའི་ཕྱིར་མདོར་ན་ཞེས་པའོ། །དེ་གང་ལ་རྣམ་པར་བསྟན་པ་ནི། འཕགས་པ་དང་སེམས་ཅན་གྱི་རྒྱུད་ཅེས་སྨོས་ཏེ། །འཕགས་པ་ཞེས་པ་ནི་ཁམས་གསུམ་ལས་རིང་དུ་འཕགས་པར་སོང་བ་སྟེ་མཐོང་བ་དང་སྒོམ་པའི་ལམ་ལ་གནས་པའི་ཕྱིར་རོ། །རྒྱུད་ནི་གོང་དུ་སྨོས་ཤིང་བཤད་པ་བཞིན་ནོ། །ལ་ཞེས་པ་ནི་བདུན་པའི་དོན་ཏོ། །སྦྱང་པའི་དངོས་པོ་དེ་ཉིད་བསྟན་པ་ནི་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཅེས་པ་སྨོས་ཏེ། ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་རྣམས་སོ། །སྒྲིབ་པ་ཞེས་པ་ནི་ཐར་པ་ལ་བར་དུ་གཅོད་པའོ། །ཤེས་བྱའི་སྒྲིབ་པ་ནི་སྤྱིའི་མཚན་ཉིད་དེ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །སྒྲིབ་པ་ཐམས་ཅད་མཁྱེན་པ་ཉིད་ལའོ། །དེ་སྐད་དུ་འདོད་ཆགས་ལ་སོགས་པ་མངོན་དུ་གྱུར་པ་དང་བག་ལ་ཉལ་གྱི་ཉོན་མོངས་པ་ཅན་མེད། གཉིས་སུ་སྣང་བ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པ་གོ་རིམས་བཞིན་ནོ་ཞེས་གསུངས་སོ། །རྣམ་པར་བྱང་ཞིང་དག་པར་ཞེས་པ་ནི་རྡུལ་ཙམ་ཡང་མི་གནས་པ་སྟེ་སྤངས་པའོ། །དེ་ནས་འབྲས་བུའི་ཁྱད་པར་གཞན་བསྟན་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་སོང་བ་ནི་དེ་བཞིན་གཤེགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པར་གཟུང་བ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའོ། །སྐུ་དང་ཞེས་པ་ནི་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་གསུངས་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །ཐུགས་ནི་དེ་རྣམས་ཀྱི་ཐུགས་ཏེ་དམ་ཚིག་གི་ཕྱག་རྒྱའོ། །ཡང་ན་སྐུ་ནི་སྦྲུལ་པ་ལ་སོགས་པ་གསུམ་མོ། །གསུང་ནི་བསྟན་པའི་ཆོས་ཏེ་མདོའི་སྡེ་ལ་སོགས་པའོ། །ཐུགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཡང་ཇི་སྐད་དུ། སྐུ་ལ་སོགས་པ་ཕྱག་རྒྱ་སྟེ། རྣམ་གསུམ་གྱིས་ནི་འབྱེད་པའོ། །སྤྲུལ་པ་ལ་སོགས་དབྱེ་བ་ཡིས། །རྣམ་པ་གཞན་དུ་འང་འདོད་པ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ལྟ་བུའི་ཞེས་པ་ནི་སྐུ་གསུངས་ཐུགས་དབྱེར་མེད་པའི་རྡོ་རྗེ་ལྟ་བུ་སྟེ་སྟོང་པ་ཉིད་དུའོ། །དམ་ཚིག་ཅེས་པ་ནི་འདའ་བར་བྱ་བ་མ་ཡིན་ཏེ། སྟོང་པ་ཉིད་ལས་སོ། །གང་གིས་མི་འདའ་ཞེ་ན། སྐུ་གསུང་ཐུགས་རྡོ་རྗེ་དང་ལྡན་པ་


DTG079_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སོ། །ལྡན་ཏེ་ཞེས་པ་ནི་འཕགས་པ་རྣམས་དང་སེམས་ཅན་རྣམས་ཀྱི་ཚོགས་ཏེ་གོང་དུ་བཤད་པའི་ཆོ་གའི་རིམ་གྱིས་ལྡན་ནོ། །དེ་ནས་དེའི་འབྲས་བུ་བསྟན་པའི་ཕྱིར་སྡུག་བསྔལ་ཞེས་པ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཞེས་པ་ནི་བྱུང་ནས་བྲལ་བར་འདོད་པའི་མཚན་ཉིད་ཀྱིས་ཚོར་བ་སྟེ་ཁམས་གསུམ་གྱི་མི་འདོད་པ་རྣམས་སོ། །གསུམ་ཞེས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལ་སོགས་པའོ། །བརྒྱད་ཅེས་པ་ནི་འདོད་པའི་དངོས་པོ་མི་རྙེད་པ་ལ་སོགས་པའོ། །ཡང་ན་རབ་ཏུ་ཚ་བ་ལ་སོགས་པ་དང་ཆུ་བུར་ཅན་ལ་སོགས་པ་དེ་དག་ཉིད་སྤངས་ཏེ་གང་ལ་མི་གནས་པ་དེ་ནི་བྲལ་བའོ། །མཐར་ཞེས་པ་ནི་ཐབས་ཀྱི་ཆོ་ག་བརྒྱུད་པའི་རིམ་པ་ནི་མཐའ་སྟེ་མི་སློབ་པའི་ལམ་མོ། །དེ་ཉིད་དུ་སྨོས་པ་ནི་བླ་ན་མེད་པའི་སངས་རྒྱས་སུ་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པ་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་མཆོག་ཏུ་གྱུར་བའི་བླ་ན་མེད་པའོ། །དེ་ཉིད་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ཤིང་ཡེ་ཤེས་བཞི་དང་ལྡན་པའི་ཕྱིར་སངས་རྒྱས་སོ། །གྲུབ་པར་གྱུར་ཅིག་ཅེས་པ་ནི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་ཅིང་དེ་དང་ལྡན་པར་གྱུར་ཅིག་པའོ། །བརྗོད་དོ་ཞེས་པ་ནི་རྣལ་འབྱོར་པས་བདེན་པའི་སྟོབས་ཀྱིས་སྨོས་པ་བརྗོད་པའོ། །དེ་ནི་འདི་སྐད་དུ། ཐབས་གང་གིས་སོ་སོའི་སྐྱེ་བོའི་ས་ལ་གནས་པ་རྣམས་ནི་ཟང་ཟིང་གི་སྦྱིན་པ་འབྱུང་བ་དང༌། ཉོན་མོངས་པའི་གཉེན་པོར་འགྱུར་བ་དང༌། ཆོས་ཀྱི་ལོངས་སྤྱོད་ཀྱི་ཕྱོགས་སུ་འགྱུར་བ་དང༌། འཕགས་པའི་ས་ལ་གནས་པ་རྣམས་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ཕྱོགས་ཆོས་ཀྱི་ལོངས་སྤྱོད་འབྱུང་ཞིང་རྣམ་པར་གྱུར་པ་དེའི་ལམ་དམ་པ་སྟེ་དེ་ལ་ངེས་པར་འཇུག་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །ཡང་དེ་རྣམས་ལ་ཆོས་ཀྱི་སྦྱིན་པས་ཤེས་པའི་རྒྱུད་བརླན་པར་བྱས་པའི་ཕྱིར་རོ། །ཞལ་ནས་གསུངས་པའི་མདོ་གདོན་ནོ་ཞེས་སྨོས་ཏེ། ཞལ་ནས་གསུངས་པ་ཞེས་པ་ནི་བདེ་བར་གཤེགས་བའི་པར་དུའོ། །དེ་ཉིད་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུད་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་པ་ལ་སོགས་པ་གཅིག་དང་གཉིས་ལ་སོགས་པ་བསྟན་པའོ། །སིངྒ་ལ་ཡི་ཡུལ་དུ་སྐྱེས་པ་


DTG079_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་མཚན། །འགྲོ་བ་སྐལ་ངན་རྣམས་ལ་མར་མེ་ལྟར་སྣང་མཛད། །ཆོས་རྣམས་རྫོགས་པར་འགྲོ་བ་ཀུན་དཔལ་འབྱུང༌། །ཤེས་བྱ་རྣམས་ལ་ཐོགས་མེད་ཡེ་ཤེས་མཚན། །དེ་ཡི་ཀུན་བཟང་སྙིང་རྗེས་བསྐྱེད་པའི་རླབས། །བོད་ཡུལ་མཐིལ་དུ་ལོགས་པར་སྤྱོད་པ་མཐོང༌། །དེ་ཡི་དོན་དུ་བདག་ཉིད་རབ་འབད་དེ། །འགྲོ་ཀུན་འཆི་མེད་བདུད་རྩིའི་ཆུ་འདི་རབ་གཏོར་བས། །ལོངས་སྤྱོད་དབང་གིས་སྐྱེ་ཤིང་གདུངས་པ་རྣམས། །ཡང་དག་ལྟ་རྣམས་སྐྱེ་ཤི་རྒྱུན་ཆད་དེ། །ཐེག་ཆེན་རྡོ་རྗེ་ཐེག་པའི་ལམ་བགྲོད་ནས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་ཅིང་བསྒྱུར་བ་སྟེ་ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་གཏན་ལ་ཕབ་པའོ།།


previousབདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག། next