Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིགས་མི་འགལ་པ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིགས་མི་འགལ་པ་ཞེས་བྱ་བ། next

ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིགས་མི་འགལ་པ་ཞེས་བྱ་བ།


DTG079_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤཱི་ལ་སམྦ་ར་ས་མ་ཡ་ཨ་བི་རུ་དྡྷ་ནཱ་མ། བོད་སྐད་དུ། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ཚོགས་ཀུན་མཁྱེན་དམ་པའི་དབང་ཕྱུག་སྙིང་རྗེའི་མཆོག་གི་བདུད་རྩིས་བརླན་བའི་བློ་གྲོས་ཅན། །གཞན་དོན་ཡོན་ཏན་དྲི་མེད་བདེན་པའི་རིན་ཆེན་རིན་ཐང་མེད་པ་མང་པོ་འཐོབ་པའི་མཆོག །འགྲོ་བ་ཉོན་མོང་ས་ཧ་ལ་ཧ་ལའི་དུག་ཟོས་རྣམས་ལ་ཆོས་ཀྱི་བདུད་རྩིའི་ཆར་པ་ཡིས། །མྱ་ངན་འདས་པ་དམ་པའི་དོན་བྱེད་པ་ཡི་དཔལ་ལྡན་གང་ཡིན་ཁྱེད་ཀྱིས་རྟག་ཏུ་སྲུངས། །དགེ་བའི་བཤེས་གཉེན་དང་བྲལ་ཞིང༌། །བདེ་གཤེགས་བྱིན་རླབས་མེད་པ་དང༌། །མང་དུ་ཐོས་པ་དང་བྲལ་ཞིང༌། །ཐོས་པ་ཉུང་དུ་ས་ཆོག་ཤེས་པ། །མཁས་པ་ཉིད་དུ་རློམ་བྱེད་རྣམས། །རྒྱུད་དང་སྔགས་དང་ཕྱག་རྒྱ་སོགས། །སྦྱིན་ལ་སོགས་དང་སངས་རྒྱས་ཡུམ། །ལུང་ནོད་ཇི་བཞིན་མ་རྟོགས་པས། །དཔལ་ལྡན་སངས་རྒྱས་ཀྱིས་བསྟན་པའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ། །དང་པོར་བཟུང་ནས་དེ་འོག་ཏུ། །རབ་ཏུ་བྱུང་ནས་དགེ་སློང་ངམ། །དང་པོར་རབ་ཏུ་བྱུང་བརྟན་ནས། །སྔགས་དང་ཕ་རོལ་ཕྱིན་ལམ་ནས། །ཕྱི་ནས་དེ་རྣམས་རྨོངས་སོགས་ཀྱིས། །འདུལ་བ་ཡི་ནི་བསྟན་བཅོས་ལས། །ཉན་ཐོས་ལ་སོགས་སྡོམ་གནས་པ། །སོ་སོར་ཐར་དང་ལོ་དྲིར་གནས། །དེར་བསྟན་པ་ཡི་བསླབ་པ་རྣམས། །ཕལ་ཆེར་བསྲུང་བར་མ་ནུས་པས། །བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །འགལ་བ་ཉིད་དུ་གནས་བཟུང་ནས། །དེ་ལྟར་དེ་སྤངས་རྣམ་པར་གནས། །དེ་དག་མི་ཤེས་བསལ་ཕྱིར་དང༌། །བསྟན་པ་འཁྲུལ་པ་བཟློག་པའི་ཕྱིར། །རིག་


DTG079_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་ནི་དམ་ཚིག་རྣམས། །བྱང་ཆུབ་སེམས་དཔའི་བསླབ་པ་དང༌། །སོ་སོར་ཐར་གསུངས་སྡོམ་པ་ནི། །རྒྱུ་འབྲས་ལྟོས་འབྲེལ་གྲུབ་རྣམས་ལ། །མི་འགལ་འབྲེལ་པ་གསལ་བར་བྱ། །སྒྲུབ་པ་ལུང་བཞིན་བྱ་བ་ནི། །དཔལ་ལྡན་བླ་མའི་ཞལ་སྔ་ནས། །ཡང་དག་ཤེས་རབ་ཕ་རོལ་ཕྱིན། །མངོན་པར་རྟོགས་པ་བརྒྱད་རྣམས་དང༌། །དམ་ཚིག་དབང་བསྐུར་ཐོབ་པ་ཡིས། །ཤིན་ཏུ་མན་ངག་དང་ལྡན་པས། །དཔལ་ལྡན་འདུས་སོགས་རྒྱུད་ཀྱི་དོན། །རིམ་པ་གཉིས་ནི་རྣམ་དབྱེ་བ། །ཐོབ་པ་ངེས་བསམ་སྙིང་རྗེ་ཡིས། །བདག་དང་གཞན་གྱི་བྱང་ཆུབ་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །ཀུན་ལས་ཕྱིར་མི་ལྡོག་བརྟན་བྱ། །ཐབས་ཀྱི་རང་བཞིན་བྱ་བ་འམ། །བསྒོམ་པ་ཡི་ནི་ལམ་དག་སྟེ། །སྦྱིན་ལ་སོགས་པའི་བསླབ་པ་ལ། །ཡང་ན་སྔགས་སྤྱོད་རིམ་པ་ལས། །རྟག་ཏུ་དགེ་བའི་བཤེས་གཉེན་ནི། །བསྟེན་པ་ཡོངས་སུ་གཏང་མི་བྱ། །མདོ་སྡེ་ཆོས་མངོན་འདུལ་བ་ཡི། །གཙུག་ལག་གི་ནི་བསྟན་བཅོས་དང༌། །གཙུག་ལག་མ་ཡིན་ལོ་དྲི་སོགས། །སློབ་དང་རང་སངས་རྒྱས་རྣམས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སོ་སོར་ཐར་སོགས་སྡོམ་པ་ནི། །དགེ་སློང་བློ་དང་ལྡན་པ་ཡིས། །བྱང་ཆུབ་སེམས་དཔའ་ཡང་དག་བསྟེན། །བདག་དང་གཞན་གྱི་བྱང་ཆུབ་དང༌། །དཔལ་ལྡན་འཆི་བདག་ལས་རྒྱལ་བའི། །བསྟན་པ་ཡང་ནི་བསྲུང་ཕྱིར་དང༌། །དེ་བཞིན་འཇིག་རྟེན་གསུམ་གནས་པའི། །མི་དང་ལྷ་སོགས་འཇིག་རྟེན་རྣམས། །སེམས་སུན་འབྱིན་པ་གཞོམ་ཕྱིར་རོ། །སྡོམ་བའི་རྣམ་པར་དབྱེ་བ་ནི། །དཔལ་ལྡན་རྒྱལ་བས་གང་གསུངས་པ། །ཕན་ཚུན་འགལ་བ་དག་ཏུ་ནི། །གང་ཡང་ནམ་དུའང་གནས་མ་ཡིན། །ཆོས་འདུལ་ལས་ནི་བཅོམ་ལྡན་གྱིས། །སོ་སོར་ཐར་པའི་སྡོམ་པ་ནི། །རྣམ་པ་བརྒྱད་གསུངས་འདི་ལྟ་སྟེ། །དགེ་སློང་དང་ནི་དགེ་སློང་མ། །དགེ་སློབ་དགེ་ཚུལ་དགེ་ཚུལ་མ། །དེ་བཞིན་དགེ་བསྙེན་དགེ་བསྙེན་མ། །བསྙེན་གནས་ལ་ནི་གནས་པའོ། །དེ་རྣམས་བསླབ་པའང་རྣམ་དབྱེ་བ། །དཔལ་ལྡན་ཐུབ་པའི་དབང་ཆེན་པོ། །སྙིང་རྗེ་ལྡན་པས་


DTG079_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི། །དགེ་བསྙེན་ཕོ་མོ་དག་གི་སྡོམ། །རྣམ་པ་ལྔ་རུ་རབ་བསྟན་ཏེ། །འདི་ལྟར་སྲོག་གཅོད་སྤོང་བ་ནས། །མྱོས་འགྱུར་ཆང་མི་འཐུང་བའི་བར། །དགེ་ཚུལ་ཕོ་མོའི་སྔོམ་དག་ནི། །མགོན་པོས་རྣམ་པ་བཅུར་གསུངས་ཏེ། །སྲོག་གཅོད་པ་ལ་སོགས་པ་ནས། །ཇི་སྲིད་གསེར་དངུལ་ལ་སོགས་པ། །ལེན་པ་སྤོང་བའི་བར་དུའོ། །དེ་བཞིན་གཞན་ནི་བར་སློབ་མའི། །འདུལ་ལས་བཅུ་གཉིས་ཉིད་ཡིན་ཏེ། །ཆོས་དང་རྗེས་སུ་མཐུན་པ་རྣམས། །ཐར་པའི་ལམ་ནི་དག་ཕྱིར་གསུངས། །ཐུབ་པ་ཐུགས་རྗེ་ཆེན་པོ་ཡིས། །སྤང་བྱ་ཐམས་ཅད་སྤངས་བ་ནི། །དགེ་སློང་དགེ་སློང་མ་རྣམས་ཀྱི། །སྡོམ་པ་ཡིན་པར་གསུངས་པ་ཡིན། །ཐུབ་པ་ཐུགས་རྗེ་ཆེན་པོ་ཡིས། །གླུ་དང་གར་སོགས་ཕྲེང་བ་སོགས། །གཅིག་བྱས་ཕྱེད་དང་དུས་མིན་ཟས། །བར་གྱི་སྤང་བྱ་བརྒྱད་སྤངས་པ། །བསྙེན་གནས་ཀྱི་ནི་སྡོམ་པར་གསུངས། །སྦྱིན་ལ་སོགས་པའི་སངས་རྒྱས་ཆོས། །བྱ་བ་ཐབས་ཀྱི་བདག་ཉིད་གནས། །ཤེས་རབ་ཕ་རོལ་ཕྱིན་པ་རུ། །བསྟན་པ་རྒྱལ་བའི་དབང་པོ་ཡིས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྡོམ་པ་ཉིད་དུ་གསུངས་པ་ཡིན། །ཕྱག་རྒྱ་སྔགས་སོགས་རྣལ་འབྱོར་གྱི། །རིམ་པ་གཉིས་ལ་བརྟེན་པ་ལས། །རྡོ་རྗེ་ཡེ་ཤེས་ལུས་ངག་གི །ལྷ་ཡི་རྣམ་པ་རབ་བསྒོམས་པ། །ཐབས་དང་ལྡན་པར་སྒྲུབ་པ་ནི། །བྱང་ཆུབ་སེམས་དཔའི་བསླབ་འགྲུབ་པས། །སོ་སོར་ཐར་སྔོམ་གྱིས་དེ་འགྲུབ། །གསང་སྔགས་སྦྱིན་སོགས་དབྱེ་བ་ལས། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །དགེ་སློང་ལ་སོགས་དབྱེ་བྱ་སྟེ། །དགེ་སློང་སོགས་སྡོམ་དབྱེ་བ་མེད། །དགེ་སློང་ཉིད་སྡོམ་གཅིག་ཡིན་ཏེ། །དེ་བཞིན་ལེན་དང་བསྒྲུབ་པའང་གཅིག །རབ་བྱུང་སྡོམ་པ་བཏང་ནས་ནི། །སྔགས་ཀྱི་སྡོམ་དང་སྦྱིན་སོགས་ཀྱི། །སྡོམ་པ་ཡང་ནི་གཟུང་མི་བྱ། །གསང་སྔགས་ཀྱི་ནི་སྡོམ་པ་དང༌། །སྦྱིན་སོགས་སྡོམ་པས་བསྡམས་པ་དང༌། །རྙེད་དང་བཀུར་སྟིའི་རྒྱུ་ཡིས་སམ། །གནས་ཀྱི་འཚོ་བ་འགྲུབ་དོན་དུ། །རབ་བྱུང་སྡོམ་པ་ལེན་འདོད་ན། །དགེ་སློང་མིན་པས་


DTG079_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་མི་བྱ། །གསང་སྔགས་སྦྱིན་སོགས་ལྡན་པ་ནི། །རབ་བྱུང་སྡོམ་པ་བསྒྲུབ་པའོ། །འཕགས་པ་མགོན་པོ་བྱམས་པ་ཡིས། །འདི་ལྟར་མཁྱེན་ཏེ་གསུངས་པ་ནི། །རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟར་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་ལས་ཁྱད་པར་འཕགས། །གསང་སོགས་ལམ་དང་སྦྱིན་སོགས་ཀྱི། །ལམ་ཉིད་དག་ནི་དགེ་སློང་གིས། །དགེ་སློང་མཁས་ལས་བླང་བྱ་ཡི། །གཞན་ཉིད་ལས་ནི་མ་ཡིན་ནོ། །སྔགས་དང་སྦྱིན་སོགས་ལ་གནས་པའི། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྣམ་གསུམ། །དང་པོ་སྡོམ་པའི་ཚུལ་ཁྲིམས་དང༌། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །དེས་བསྒྲུབས་འདི་འགྲུབ་ངེས་པ་ཡིན། །རྒྱལ་བས་འདུལ་བའི་སྡེ་སྣོད་ལས། །དགེ་སློང་སྡོམ་གར་གསུངས་དེ་ནི། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིས། །ཚུལ་ཁྲིམས་སྡོམ་པའི་ཆ་རུ་འགྱུར། །དཔལ་ལྡན་དེ་བཞིན་གཤེགས་པ་དང༌། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །དབུགས་དབྱུང་དག་ལ་བརྟེན་ནས་ནི། །རྡོ་རྗེའི་ལམ་ནི་གཉིས་སུ་གནས། །དེ་ལ་བདེ་གཤེགས་དབུགས་དབྱུང་བ། །དགེ་སློང་རྣམས་ལ་ཞི་སེམས་ཀྱིས། །མ་ལུས་སྤྲོས་པ་དང་བྲལ་བ། །གསུངས་པ་དབང་སྤྱོད་སོགས་རིམ་བྱ། །ཕྱི་རོལ་ཤེས་རབ་སྤངས་ནས་ནི། །རྟག་ཏུ་རང་སྣང་ཤེས་རབ་ལྡན། །དེ་ལ་འདུལ་ལས་གསུངས་པ་ཡི། །སྡོམ་པ་ཡིས་ནི་བྱང་ཆུབ་སྒྲུབ། །རྡོ་རྗེའི་བདག་ཉིད་ཐོབ་པ་ཡི། །རྡོ་རྗེ་སེམས་དཔའི་རོལ་པ་ནི། །དགེ་སློང་བདག་ཉིད་གྱུར་པ་ཡི། །དཔལ་ལྡན་རྣམ་པར་སྣང་མཛད་སོགས། །གོས་དཀར་སོགས་དང་སྙོམས་འཇུག་པ། །དོ་ཤལ་དཔུང་རྒྱན་གདུ་བུ་ཡིས། །རྣམ་པར་བརྒྱན་ཅིང་གོས་དག་ནི། །ཤིན་ཏུ་བཟང་པོ་བསྣམས་པ་རུ། །དཔལ་ལྡན་འདུས་སོགས་ལས་བྱུང་བས། །སེམས་ཅན་ཀུན་གྱི་དོན་འགྱུར་རོ། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ། །རྟག་ཏུ་ཁྱིམ་པ་སྦྱང་བྱའི་ཕྱིར། །དབང་བསྐུར་ལ་སོགས་རིམ་པ་ནི། །སྤྲོས་དང་བཅས་པ་དེ་ལ་


DTG079_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །སེམས་སོགས་འོས་སུ་གྱུར་པ་ལ། །ཕྱི་རོལ་རིག་མའི་དབང་བསྐུར་བྱ། །སྤྲོས་པ་མེད་པས་རབ་བྱུང་ལ། །དགེ་སློང་རྣམས་ཀྱིས་དེ་སྦྱིན་ཏེ། །འདུལ་ལ་སོགས་པའི་སྡོམ་པ་ནི། །ཐམས་ཅད་ལྡན་པའི་སློབ་མ་ལ། །རྟག་ཏུ་རང་སྣང་ཤེས་རབ་ཀྱིས། །བསྒོམ་པ་གསལ་བར་བྱ་ཕྱིར་རོ། །སྦྱིན་སོགས་སྤྱོད་དང་སྔགས་སོགས་སྤྱོད། །རྣལ་འབྱོར་གནས་པའི་བདག་ཉིད་དག །རྫོགས་པའི་བྱང་ཆུབ་སངས་རྒྱས་ཆོས། །རང་དང་གཞན་ལ་རབ་བསྒྲུབ་པར། །རབ་ཏུ་འཇུག་པའི་དགེ་སློང་གི །དངོས་གནས་བྱང་ཆུབ་སེམས་དཔའ་དང༌། །བསེ་རུ་ཉན་ཐོས་ཉིད་གནས་པའི། །ཞི་བ་འདོད་པའི་དགེ་སློང་གིས། །འདུལ་ལས་གསུངས་པའི་སྡོམ་པ་ཡང༌། །ཕྲ་མོ་ཙམ་ཡང་གཏང་མི་བྱ། །ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡང༌། །གང་ཚེ་ཚངས་སྤྱོད་ཉིད་བསྲུངས་ན། །རབ་བྱུང་བྱང་ཆུབ་སེམས་དཔའ་ཡིས། །རང་གི་ཚུལ་ཁྲིམས་ཇི་ལྟར་དོར། །དཔལ་ལྡན་མགོན་པོ་བྱམས་པ་ཡིས། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དོ། །བྱང་ཆུབ་སེམས་དཔའ་ལ་གསུངས་སོ། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིས། །སྤྱིན་སོགས་བྱ་བའི་ལམ་གྱིས་སམ། །ཡང་ན་སྔགས་ཀྱི་སྡོམ་པ་ཡིས། །གནས་ཏེ་དེ་ཉིད་སྒྲུབ་བྱེད་པས། །འདུལ་ལས་གསུངས་པའི་སྡོམ་པ་ནི། །ཇི་སྲིད་འཚོ་ཡི་བར་དུ་བསྲུང༌། །དཔལ་ལྡན་ཐུབ་པའི་དབང་པོ་ནི། །ཐམས་ཅད་མཁྱེན་པ་གང་ཡིན་དེས། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱ་བར་ནི་གསུངས་པ་ཡིན། །སྡོམ་པ་རྣམས་ནི་སྡོམ་པ་ཡིན། །གོང་ནས་གོང་དུ་རྗེས་འཇུག་སྟེ། །འདི་ལྟར་དགེ་བསྙེན་སྡོམ་པ་ནི། །དགེ་ཚུལ་གྱི་ནི་རྗེས་སུ་འཇུག །གང་དེ་དགེ་སློང་རྗེས་སུ་འཇུག །གང་དག་ཉན་ཐོས་དགེ་སློང་གི །སྡོམ་གསུངས་བྱང་ཆུབ་སེམས་དཔའ་ཡི། །རྗེས་སུ་འཇུག་སྟེ་ཀུན་ལྡན་པས། །དགེ་སློང་ཤིན་ཏུ་ཁྱད་པར་འཕགས། །བྱ་བ་ཐབས་ཀྱི་སྦྱོར་བ་ནི། །བྱང་ཆུབ་སེམས་དཔའི་སྡོམ་པ་སྟེ། །སྔགས་པས་སྦྱིན་ལ་སོགས་པ་


DTG079_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཐམས་ཅད་དུ་ནི་འཇུག་པར་བྱ། །གལ་ཏེ་སྡོམ་པ་འགལ་གྱུར་ན། །དགེ་སློང་གིས་ནི་སྡོམ་པ་རྣམས། །ཕུལ་བར་གྱུར་ན་དགེ་ཚུལ་དང༌། །དགེ་བསྙེན་ཡང་ནི་མི་གནས་འགྱུར། །སེམས་ཅན་དོན་ལ་ལྟོས་པ་ཡིས། །སོ་སོར་ཐར་གསུངས་སྡོམ་གཏོང་ཞེས། །གལ་ཏེ་དེ་ལྟར་རྗོད་བྱེད་ན། །དེ་དག་ངེས་པར་རྨོངས་པ་ཡིན། །བློ་ལྡན་ཁྱད་པར་འཕགས་པ་ཡི། །དགེ་སློང་བྱང་ཆུབ་སེམས་དཔའ་ནི། །ཐབས་ལ་མཁས་པས་ཐམས་ཅད་དུ། །རྨི་ལམ་དུ་ཡང་འགལ་མི་བསམ། །སྦྱིན་ལ་སོགས་པ་བྱ་བའམ། །ཡང་ན་དེ་ཉིད་བསྒོམ་བྱ་ཡིན། །དགེ་སློང་སེམས་ཅན་དོན་བསྒྲུབ་པའམ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ། །གཞན་དོན་བྱེད་པར་འདོད་རྣམས་ཀྱིས། །འདུལ་ལ་སོགས་པའི་དགེ་སློང་གིས། །བྱ་བ་ཚུལ་ཁྲིམས་ཁྱད་འཕགས་ཕྱིར། །ཚུལ་ཁྲིམས་ལྷག་པར་བསྟེན་པར་བྱ། །འདུལ་བ་ལས་བརྗོད་ཚུལ་ཁྲིམས་ནི། །དགེ་སློང་ཉིད་དུ་བསྒྲུབ་བྱའི་ཕྱིར། །ཇི་སྲིད་འཚོ་བར་བསྟེན་བྱ་བ། །སེམས་ཅན་དོན་ཡིན་གཏང་མི་བྱ། །སྔགས་སོགས་བསྒོམ་པ་གནས་པ་དང༌། །སྦྱིན་པ་སོགས་ལ་གནས་པ་ཡི། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིས། །སོ་སོར་ཐར་གསུངས་བསླབ་པ་ནི། །ནམ་ཡང་གཏང་བར་མི་བྱའོ། །བཏང་ན་དམྱལ་སོགས་འགྲོ་བར་འགྱུར། །དེ་ལྟར་མ་གྱུར་རྣམ་ངེས་ན། །ཡང་དག་བྱང་ཆུབ་བསྒྲུབ་པའི་ཕྱིར། །དགེ་སློང་སྡོམ་པ་ཡང་དག་པ། །སོ་སོར་ཐར་ལ་གནས་པར་བྱ། །རྒྱལ་དང་རྒྱལ་བའི་སྲས་རྣམས་ལ། །གུས་པས་ལུང་དང་རིགས་པ་ཡིས། །ཤིན་ཏུ་དྲི་མ་མེད་ཅིང་མི་འགལ་སྡོམ་རྣམས་བྱས་པ་ལས། །བདག་གིས་ཟླ་འོད་ལྟ་བུའི་དགེ་བ་བསགས་པ་གང་ཡིན་དེས། །འཇིག་རྟེན་མ་ལུས་དཔལ་ལྡན་རྒྱལ་བའི་དབང་པོ་མྱུར་འགྲུབ་ཤོག །ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགལ་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་སྙིང་པོ་དང༌། དགེ་སློང་རབ་ཞི་བཤེས་


DTG079_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིགས་མི་འགལ་པ་ཞེས་བྱ་བ། next