Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་གཏོར་གྱི་ཆོ་ག།  མར་མེ་མཛད་ཡེ་ཤེས།
   
   
   
   
   
   


 
previousཆུ་གཏོར་གྱི་ཆོ་ག། མར་མེ་མཛད་ཡེ་ཤེས།next

ཆུ་གཏོར་གྱི་ཆོ་ག།
མར་མེ་མཛད་ཡེ་ཤེས།


DTG079_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་གྱིས་ཆོ་ག་བཞུགས།། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཆུ་གཏོར་གྱི་ཡོ་བྱད་རྣམས་མདུན་དུ་སྟ་གོན་བྱས་ལ་རང་དང་པོར་སྒྲུབ་ཐབས་བཞིན་ལྷའི་རྣལ་འབྱོར་དུ་བྱས་ལ། ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཤུདྡྷཿསརྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ་ཉ་ཧཾ་ཞེས་བརྗོད་དོ། །རང་མ་གཏོགས་པའི་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཏེ། དེ་ནས་སྟོང་པ་ཉིད་ཀྱིས་ངང་ལས་མདུན་དུ་སྣོད་དུ་ཡོད་ཀྱི་ཐད་ཀར་པཾ་ལྗང་གུ་རེ་བསམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་རེ་རེ་བསམ། སྣོད་བྱིན་གྱིས་བརླབ་པའོ། །བཅུད་ནི་སྣོད་རེ་རེའི་ནང་དུ་བདུད་རྩིའི་རང་བཞིན་དང༌། སྨན་སྣ་ཚོགས་ལས་གྲུབ་པའི་ལྗོན་ཤིང་དང༌། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཏེར་གྱི་བུམ་པ་དང༌། དར་ལ་སོགས་པ་གོས་སྣ་ཚོགས་པ་བསམ་མོ། །སྨན་ཤིང་ལྗོན་པ་དེ་རྩ་བ་ཕུན་སུམ་ཚོགས་བར་ཟུག་བ། ལོ་མ་བཟང་བ་དང༌། ཡལ་ག་བཟང་བརྒྱས་པ་དང༌། མེ་ཏོག་དང་འབྲས་བུ་མང་བ་ཕུན་སུམ་ཚོགས་པ་བསམས་ལ། ལྗོན་ཤིང་དེའི་ལུས་ལ་སྐུ་གསུངས་ཐུགས་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ཨོཾ་ཨཱཿཧཱུཾ་ཧོ་རྣམས་རིམ་པ་བཞིན་དུ་དགོད་དོ། །དམ་ཚིག་གི་གཏོར་མ་སྦྱང་བའོ། །ཡི་གེ་དེ་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་


DTG079_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ནས་དེ་དག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་མདོག་འོ་མའི་རྒྱ་མཚོ་ལྟ་བུའི་ཆུའི་རྒྱུན་བཀུག་ནས་འོངས་པ་དང༌། དེ་དག་ཐམས་ཅད་རོ་གཅིག་ཏུ་གྱུར་པས་དྲི་རོ་གཅིག་པ་ནུས་པ་ཕུན་སུམ་ཚོགས་པར་བལྟའོ། །ཡེ་ཤེས་ཀྱི་གཏོར་མ་དགུག་པའོ། །དེ་ནས་སྒྲུབ་པ་པོ་བདག་ཉིད་ཀྱི་སྙིང་གནས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་བྱུང་ནས་འགྲོ་བ་རིགས་ལྔ་སོ་སོ་རང་རང་གི་གཟུགས་ཀྱིས་མདུན་གྱི་བར་སྣང་ལ་དགུག་གོ །མགྲོན་སྤྱན་དྲངས་པའོ། །རྡོ་རྗེ་ཐལ་མོ་བཅའ་བ་འམ་རྩེ་གསུམ་པའི་ཕྱག་རྒྱ་དང་སྔགས་འདིས་བསྟབ་པར་བྱའོ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སམྦྷ་ར་སམྦྷ་ར་ཧཱུཾ་འདིས་ཁ་དྲག་ཞན་མེད་པར་མཉམ་པོར་ཐོབ་པར་བསམ་མོ། །ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙཱ་ནེ་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། སྔགས་འདི་གཉིས་ལན་བདུན་བདུན་བཟླས་ལ་བསྟབ་པོ། །སྔགས་འོག་མས་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་ཅི་དང་ཅི་འདོད་པའི་ལོངས་སྤྱོད་དང་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་སོ་སོའི་རྣམ་པར་རིག་པ་དང་མཐུན་པ་ཐོབ་པར་བསམ་མོ། །དེ་ནི་ཟང་ཟིང་གི་སྦྱིན་པའོ། །དེ་ནས་ཆོས་ཀྱི་སྦྱིན་པ་ནི་ཞལ་ནས་གསུངས་པའི་མདོ་ཚིགས་སུ་བཅད་པ་ཅི་ནུས་ཅི་ལྕོགས་ཀྱིས་བྱའོ། །དེ་ནས་སྨོན་ལམ་གདབ་པོ། །དེ་ནས་བདེན་པ་བདར་བ་ནི། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང༌། རིག་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང༌། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་སོ་སོའི་སེམས་ཅན་གྱི་གནོད་པ་ཐམས་ཅད་ཞི་ནས་བར་ཆད་དང་གནོད་འགལ་སྤངས་ཏེ་དམ་ཚིག་ལ་གནས་པར་གྱུར་ཅིག །དེ་ནས་སྨོན་ལམ་ནི། དམ་ཆོས་བདུད་རྩི་ཐམས་ཅད་མཁྱེན་པ་ཡི། །ཞལ་ནས་གསུངས་པ་བསིལ་པའི་རོ་འདི་ཡིས། །ཉོན་མོངས་འབར་བའི་མི་ཡིས་གདུངས་པ་ཡི། །འགྲོ་ཀུན་རྟག་ཏུ་སྡུག་བསྔལ་ཞི་བྱེད་ཤོག །ཅེས་བྱ་བ་ལ་སོགས་པ་གདབ་པོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་ནས་ཚོགས་གཉིས་རྫོགས་ཏེ་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་ནས་དམ་ཚིག་ལ་གནས་ཤིང་


DTG079_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་ནས་བདག་ལ་ཕན་འདོགས་པའི་བསམ་པས་ཨོཾ་མུཿ་ཞེས་བརྗོད་ནས་སེ་གོལ་གཏོགས་ནས་སོ་སོའི་གནས་སུ་སོང་བར་བལྟའོ། །རྐྱེན་དང་བར་ཆད་ཐམས་ཅད་ཟློག་པར་བྱེད་པ་ཡོན་ཏན་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་ཆུ་གཏོར་དྲི་མ་མེད་པའི་གཞུང་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།སློབ་དཔོན་དེ་ཉིད་ལ་ཞུ་བ་པོ་ཀན་སྟོན་ལེགས་པའི་ཤེས་རབ་ཀྱིས་ཚོགས་བསག་པའི་ཡན་ལག་ཏུ་ཞུས་ནས་མང་ཡུལ་གྱི་གྲོང་དུ་གཞུང་བྲིས་སོ། །པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།


previousཆུ་གཏོར་གྱི་ཆོ་ག། མར་མེ་མཛད་ཡེ་ཤེས།next