Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཅིག་པ།


  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
བཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས།
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
  collapse section
  collapse section
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   


 
previousབཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས། next

བཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས།

རྣམ་པའི་རྣམ་པར་འགྲེལ་པ།


DTG081_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤེས་པ་ཉིད་བསྟན་ནས། ད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཕྱིར་རྣམ་པ་ཀུན་མངོན་བར་བྱང་ཆུབ་པ་ནི་ཡང་ཀུན་མཁྱེན་གསུམ་པོའི་རྣམ་པ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག །དམིགས་བའི་ཁྱད་པར་བཟུང་བ་ལ། །རྣམ་པ་ཞེས་ནི་བྱ་བར་བརྗོད། །དམིགས་པ་ནི་དམིགས་པ་རྣམས་སོ། །རྣམ་པ་ནི་མི་མཐུན་པའི་ཕྱོགས་གང་གིས་གང་ཞིག་གཉེན་པོའི་ཕྱོགས་ནི་ཆོས་ཡིན་ཏེ། དཔེར་ན་རྟག་པར་འཛིན་པའི་མི་རྟག་པ་ལ་སོགས་པ་ལྟ་བུའོ། །གཉེན་པོའི་ཕྱོགས་ཀྱང་ཀུན་མཁྱེན་གསུམ་གྱིས་བསྡུས་པར་བསྟན་པའི་ཕྱིར། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་བསྟན་པ་ཡིན་ནོ། །རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པའི་བདེན་པ་བཞིའི་རྟེན་ཅན་དུ་བྱས་པ་ཀུན་མཁྱེན་གསུམ་གྱི་དབང་དུ་བྱས་ནས་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་བསྟན་པའི་ཕྱིར། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་དེ་ལ་ནི་བཅོ་ལྔར་བཤད། །ཅེས་བསྟན་པ་ཡིན་ནོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་རྣམ་པ་བཞིའི་དབང་དུ་མཛད་ནས། །རེ་ཞིག་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ནམ་མཁའ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་རྣམ་པ་ནི་ཐམས་ཅད་ཤེས་པའི་མི་རྟག་པའི་རྣམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་མེད་པའི་དཔེས་མེད་པའི་དོན་ནི་རྣམ་པ་ཡིན་ནོ། །དེ་བཞིན་དུ་ཚིག་སོ་སོ་ལ་ཡང་བྱ་བར་དོན་བཤད་པ་དང༌། འབྲེལ་ཏོ། །མཉམ་པ་ཉིད་ཅེས་བྱ་བའི་རྣམ་པ་ནི་དེ་ལ་འདིའི་དོན་བཤད་པ་དང༌། མཚམས་སྦྱར་བ་ནི། ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །རབ་འབྱོར་ཆོས་ཐམས་ཅད་མི་དམིགས་པ་ཉེ་བར་བཟུང་བའི་


DTG081_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བདེ་བ་དང༌། སྡུག་བསྔལ་མི་དམིགས་པ་མཉམ་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དབེན་པའི་རྣམ་པ་ནི་ཇི་སྐད་དུ། འདི་ནི་དབེན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །ཤིན་ཏུ་སྟོང་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་སྟོང་པ་ཉིད་ནི་བདག་རང་དབང་གི་རྫས་ཀྱིས་སྟོང་པའི་ཕྱིར་རོ། །མི་བརྫི་བ་ཞེས་བྱ་བའི་རྣམ་པ་ནི། ཇི་སྐད་དུ། འདི་ནི་བརྫི་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་དམིགས་སུ་མེད་པར་ཉེ་བར་བཟུང་བའི་ཕྱིར་རོ། །བདག་མེད་པའི་རྣམ་པས་མི་བརྫི་བ་ནི་མུ་སྟེགས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་རྣམ་པ་རྣམས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཅན་ཡིན་པར་རིག་པར་བྱའོ། །ཀུན་འབྱུང་གི་བདེན་པའི་རྣམ་པའི་དབྱེ་བ་བཞིའི་དབང་དུ་བྱས་ནས་མི་གནས་པ་ཞེས་བྱ་བའི་རྣམ་པ་ནི། ཇི་སྐད་དུ། འདི་ནི་གནས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །མིང་དང་ལུས་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ། །རྒྱུ་ནི་བསྐྱེད་པའི་རྟེན་ཡིན་པའི་ཕྱིར་གནས་ཞེས་བྱ་བར་བརྗོད་དོ། །དེ་ལ་མིང་ནི་གཟུགས་མེད་པའི་ཕུང་པོ་བཞིའོ། །དེ་ལྟར་བྱས་ན་དེ་གཉི་གའི་རྒྱུ་ཡིན་པའི་ཕྱིར་རོ། །ནམ་མཁའི་རྣམ་པ་ཞེས་བྱ་བ་ནི་དབུགས་དབྱུང་བ་དང༌། འཇུག་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ། །བརྗོད་པར་མི་རིགས་ཏེ། ནམ་མཁའ་མི་སྒྲིབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་པ་བདེན་མོད་ཀྱི། འོན་ཀྱང་ནང་གི་བདག་ཉིད་རྟོགས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཏེ། དབུགས་དབྱུང་བ་དང་རྔུབ་པ་གཉིས་ནི་དེའི་ནང་གི་རྟགས་སུ་དེ་དག་དེ་ལྟར་བསྟན་ཏོ། །བརྗོད་དུ་མེད་པའི་རྣམ་པ་ཞེས་བྱ་བ་ནི་དཔྱོད་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །རྟོག་ཅིང་དཔྱོད་ནས་བརྗོད་པ་མེད་པའི་ཕྱིར་རོ། །མིང་མེད་པ་ཞེས་བྱ་བའི་རྣམ་པ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའི་ཕུང་པོ་མི་དམིགས་པ་ཉེ་བར་བཟུང་


DTG081_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ནི་མིང་དུ་བྱས་པའོ། །དེ་ལྟར་དེ་དག་རིམ་པ་བཞིན་དུ། རྒྱུ་དང་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པ་ཡིན་ཏེ། ཀུན་འབྱུང་གི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ། །འགོག་པའི་བདེན་པའི་རྣམ་པ་དབྱེ་བ་བཞིའི་དབང་དུ་བྱས་ནས་བསྟན་པ་འགྲོ་བ་མེད་པའི་རྣམ་པ་ཞེས་བྱ་བ་ནི། ཇི་སྐད་དུ། ཆོས་ཐམས་ཅད་འགྲོ་བ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། འགོག་པ་ལུས་ཀྱི་མངོན་སུམ་བྱས་པ་ནི་འགྲོ་བ་ཐོབ་པར་བྱས་པ་མེད་པ་ཉིད་ཀྱི་ཕྱིར། མི་འཕྲོགས་པ་ཞེས་བྱ་བའི་རྣམ་པ་ནི་ཆོས་ཐམས་ཅད་གཟུང་དུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། བཟུང་བ་ཐོབ་པའི་ཡུལ་ཉིད་ཀྱི་ངོ་བོ་མི་འཕྲོགས་པར་བྱས་པའི་ཕྱིར་རོ། །མི་ཟད་པ་བྱ་བའི་རྣམ་པ་ནི་ཆོས་ཐམས་ཅད་ཟད་ཅིང་བྱ་བ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་མེད་པ་ཞེས་བྱ་བའི་རྣམ་པ་ནི། ཇི་སྐད་དུ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། འགོག་པའི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ། །ལམ་གྱི་བདེན་པའི་རྣམ་པ་ནི་བཅོ་ལྔ་སྟེ། བཞི་ནི་ཉོན་མོངས་པའི་གཉེན་པོར་གྱུར་པ་ཡིན་ནོ། །ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །དེ་ཉིད་སྔ་མའི་དབང་དུ་བྱས་ནས་གསུངས་པ་ལ་བྱེད་པ་པོ་མེད་པའི་ཞེས་བྱ་བའི་རྣམ་པ་ལ། ཇི་སྐད་དུ། བྱེད་པ་པོ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཤེས་པ་པོ་ལ་སོགས་པ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཤེས་པ་པོ་ལ་སོགས་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཕོ་བ་མེད་པ་ཞེས་བྱ་བའི་རྣམ་པ་ནི་འཆི་འཕོ་བ་དང༌། སྐྱེ་བ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དུལ་བ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཆོས་ཐམས་ཅད་རང་བཞིན་གྱིས་དུལ་བ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་


DTG081_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དག་རིམ་པ་ཇི་ལྟ་བ་བཞིན་དུ་ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོ་ལམ་གྱི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ། །ཤེས་བྱའི་སྒྲིབ་པའི་གཉེན་པོའི་ཕྱོགས་ཀྱི་ལམ་ནི་རྣམ་པ་གཉིས་ཏེ། བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང༌། མཐོང་བའི་ལམ་ཟག་པ་མེད་པའོ། །དེ་ལ་བསྒོམ་པའི་ལམ་གྱི་རྣམ་པའི་དབང་དུ་མཛད་ནས་བསྟན་པ་ནི་རྨི་ལམ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། རྨི་ལམ་མཐོང་བ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །སྒྲ་བརྙན་ཞེས་བྱ་བའི་རྣམ་པ་ནི་སྒྲ་བརྗོད་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མིག་ཡོར་ཞེས་བྱ་བའི་རྣམ་པ་ནི་གཟུགས་བརྙན་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྨིག་རྒྱུ་ཞེས་བྱ་བའི་རྣམ་པ་ནི་ཆུའི་ཕུང་པོ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྒྱུ་མ་ཞེས་བྱ་བའི་རྣམ་པ་ནི་མཚན་མ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དེ་དག་རྨི་ལམ་ལ་སོགས་པའི་རྣམ་པ་ལྔ་པོ་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གདོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། ལྔས་བསྒོམ་པའི་ལམ་གྱི་རྣམ་པར་གྱུར་པ་བསྟན་ཏོ། །ཤེས་བྱའི་སྒྲིབ་པའི་གཉེན་པོ་མཐོང་བའི་ལམ་རྣམ་པ་དྲུག་ནི་རྣམ་པར་རྟོག་པ་སྤོང་བ་ཡིན་པར་རྣམ་པར་གཞག་གོ །དྲུག་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རྟོག་པ་སྤོང་བ་གསུངས་པ་ལ། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤོང་བ་ནི་གང་རྣམ་པར་བྱང་བའི་རྣམ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཉོན་མོངས་པའི་སེམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བག་ཆགས་ཀྱི་རྣམ་པར་རྟོག་བ་སྤོང་བ་ནི་གང་རྣམ་པ་དམིགས་སུ་མེད་པའི་ཕྱིར་རོ་


DTG081_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྟན་པ་ཡིན་ཏེ། ནམ་མཁའ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྤྲོས་པ་སྤང་བ་ནི་གང་སྤྲོས་པ་ཞེས་བྱ་བའི་རྣམ་པ་ནི་ཞེས་བསྟན་པ་ཡིན་ནོ། །སྤྲོས་པ་ཐམས་ཅད་བཅོམ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྤྲོས་པ་ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པ་ཆོས་སུ་འདུ་ཤེས་པ་ཡིན་པར་རིག་པར་བྱའོ། །རང་གི་རྟོག་པ་སྤོང་བ་ནི་གང་རློམ་སེམས་ཀྱི་རྣམ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཡོངས་སུ་ཉམས་པའི་རྣམ་པར་རྟོག་པ་སྤོང་བ་ནི་གང་མི་གཡོ་བའི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཆོས་ཀྱི་དབྱིངས་གནས་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ། །དེ་ལྟར་དེ་དག་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོའི་བྱེ་བྲག་གིས་ལམ་གྱི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བཅོ་ལྔར་གྱུར་པ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་བསྟན་ནས་ལམ་ཤེས་པ་ཉིད་བརྗོད་པར་བྱ་སྟེ། དེ་ལ་བདེན་པ་རྣམས་ཀྱི་དོན་གྱི་གོ་རིམས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དོན་ཇི་ལྟ་བུ་ཡིན་ཞེ་ན། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་ཀྱི་དབང་དུ་བྱས་ནས་ཀུན་འབྱུང་དང༌། ལམ་གྱི་བདེན་པ་གཉིས་ནི་རྒྱུ་ཡིན་ནོ། །སྡུག་བསྔལ་དང༌། འགོག་པ་གཉིས་ནི་འབྲས་བུ་ཡིན་པས་ན། འདི་ལྟར། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་དང་བཅས་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅོ་ལྔ་ཞེས་སྒྲོགས་སོ། །ཞེས་བསྟན་ཏོ། །སྐབས་ཀྱི་རྣམ་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་རྒྱུ་ནི་འདུན་པ་དང༌། འདོད་ཆགས་དང༌། དགའ་བ་ཡིན་ཏེ། ཡང་སྲིད་པ་འབྱུང་བའི་ཕྱིར་རོ། །འདི་ལྟར་འདུན་པའི་གཉེན་པོ་ནི་འདོད་ཆགས་དང་བྲལ་བའི་རྣམ་པ་ཡིན་པར་བསྟན་ཏོ། །འདོད་ཆགས་དེ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བྱེད་འདོད་པའི་དངོས་པོའི་དབང་དུ་བྱས་ནས་འདོད་ཆགས་ཀྱི་གཉེན་པོ་ནི་མི་གནས་པའི་རྣམ་པ་ཡིན་


DTG081_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་ཏོ། །ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེ་དག་ལ་ཆགས་པ་མེད་པའི་དབང་དུ་བྱས་ནས་སྲིད་པའི་གཉེན་པོ་ནི་ཞི་བའི་རྣམ་པ་ཡིན་པར་བསྟན་ཏོ། །ཆོས་ཐམས་ཅད་མ་ནོར་བ་དེ་བཞིན་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྲེད་པ་ནི་མ་ཞི་བ་གཙོ་ཆེ་བ་ཡིན་པས་དེ་ལྟར་བྱས་པ་ཡིན་ནོ། །ཀུན་འབྱུང་གི་དབྱེ་བ་ནི་གསུམ་སྟེ། འདོད་ཆགས་ཀུན་འབྱུང་བ་དང༌། ཞེ་སྡང་ཀུན་འབྱུང་བ་དང༌། གཏི་མུག་ཀུན་འབྱུང་བའོ། །དེ་དག་གི་གཉེན་པོ་ནི་འདོད་ཆགས་མེད་པའི་རྣམ་པ་ཡིན་པར་བསྟན་ཏོ། །འདོད་ཆགས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདོད་ཆགས་ཀྱི་རང་བཞིན་གྱི་དབང་དུ་བྱས་པ་དེ་བཞིན་དུ་ཞེས་སྡང་མེད་པའི་རྣམ་པ་ཡང་ཡིན་ནོ། །ཞེས་སྡང་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཏི་མུག་མེད་པའི་རྣམ་པ་ཡིན་ཏེ། གཏི་མུག་གི་མུན་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རབ་ཏུ་སྐྱེ་བ་ནི་ཀུན་དུ་རྟོག་པ་སྟེ། དེ་ལ་འདོད་ཆགས་ལ་སོགས་པ་སྐྱེ་བ་དེའི་གཉེན་པོ་ནི་ཉོན་མོངས་པ་མེད་པའི་གཉེན་པོ་ཡིན་པར་བསྟན་ཏོ། །ཀུན་དུ་རྟོག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རྐྱེན་ནི་སེམས་ཅན་དུ་ཞེན་པ་དང༌། འཇིག་ཚོགས་ལ་ལྟ་བ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རྐྱེན་ཡིན་པའི་ཕྱིར་རོ། །གཉེན་པོ་ནི་སེམས་ཅན་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །སེམས་ཅན་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བྱས་པ་དང༌། རྒྱུ་ནི་གང་འདོད་ཆགས་དང༌། དགའ་བའོ། །ཀུན་འབྱུང་བ་ནི་གང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །རབ་ཏུ་སྐྱེ་བ་ནི་གང་ཀུན་དུ་རྟོག་པ་ཡིན་ནོ། །རྐྱེན་ནི་གང་སེམས་ཅན་དུ་མངོན་པར་ཞེན་པ་ཞེས་བྱ་བ་ཡིན་ཏེ། ཀུན་འབྱུང་གི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བརྒྱད་དུ་གྱུར་པ་ཡིན་ནོ། །དེ་ལ་ལམ་གྱི་བདེན་པའི་དབང་དུ་བྱས་ནས་གསུངས་པ་ལ་ཚད་མེད་པའི་རྣམ་པ་ཡིན་ནོ། །ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །


DTG081_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པ་ཉིད་དུ་དགོངས་པ་ཡིན་ནོ། །ཡང་ཇི་ལྟར་ན། ལམ་སེམས་ཅན་དཔག་ཏུ་མེད་པའི་གོ་འབྱེད་པ་ཡིན་ཞེ་ན། མཐའ་གཉིས་སུ་རྟོག་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །མཐའ་གཉིས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ལ་རིགས་པ་གང་ཐ་དད་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ཐ་དད་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཐ་དད་པ་མེད་པའི་ཆོས་ཉིད་ཀྱིས་ལམ་མ་ལུས་པ་ཐེག་པ་གཅིག་པ་ཡིན་ཏེ། དེ་ལ་རིགས་པ་ཞེས་བྱ་ན། ཅིའི་ཕྱིར་མ་ལུས་པ་ཡིན་ཞེ་ན། མཆོག་ཏུ་འཛིན་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཐེག་པ་དམན་པ་འདོད་པ་མེད་པའི་དབང་དུ་བྱས་ནས་དེ་ལ་བསྒྲུབ་པ་ནི་གང་རྟོགས་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་རྟོག་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བྱ་བའི་རྣམ་པར་རྟོག་པ་མེད་པའི་དབང་དུ་བྱས་ནས་སོ་སོར་ཡུལ་རྟོགས་པ་མེད་པའི་གནས་ནི་བསྒྲུབ་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་དེ་ལ་བྱ་བའི་རྣམ་པར་རྟོག་པ་མེད་ཅེ་ན། དཔག་ཏུ་མེད་པ་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཐོབ་པ་ཡོངས་སུ་སྤངས་པ་དང༌། མ་ཐོབ་པའི་ཐོབ་པ་དམན་པ་དང༌། མཆོག་ཏུ་གྱུར་པའི་རྟོག་པ་མེད་པ་སྔོན་དུ་འགྲོ་བས་དེ་ལ་ངེས་པར་འབྱུང་བ་ནི་གང་ཆགས་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དང་དེའི་ཆོས་རྟོགས་པའི་ངེས་པར་འབྱུང་བའི་དབང་དུ་བྱས་ནས། དེ་ལྟར་བྱས་ཀྱང་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ལམ་གོ་འབྱེད་པ་གང་ཡིན་པ་དང༌། ཇི་ལྟར་སེམས་ཅན་ཐམས་ཅད་གོ་འབྱེད་པ་དང༌། རིགས་


DTG081_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ་དང༌། ཇི་ལྟར་རིགས་པ་གང་ཡིན་པ་དང༌། སྒྲུབ་པ་གང་ཡིན་པ་དང༌། ཇི་ལྟར་སྒྲུབ་པ་གང་ཡིན་བ་དང༌། གང་ཡང་ངེས་པར་འབྱུང་བ་ཡིན་པ་སྟེ། ལམ་གྱི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བདུན་དུ་འགྱུར་རོ། །སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས་གསུངས་པ་ལ་མི་རྟག་པ་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་འཇིག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཇིག་པ་མེད་པ་ལས་དོན་གཞན་མ་ཡིན་པའི་དབང་དུ་བྱས་ནས་སྡུག་བསྔལ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་གདོད་མ་ནས་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་བདེ་བར་ཕྱིན་ཅི་ལོག་ཏུ་མངོན་བར་ཞེན་པ་སྟོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བདག་གི་རྫས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་མངོན་བར་ཞེན་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གང་རང་བཞིན་དུ་མངོན་བར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་བྱས་ནས་གང་དུ་བརྟགས་པའི་མཚན་མ་རྣམས་ཀྱི་ཡང་ཆོས་རྣམས་ལ་མངོན་བར་ཞེན་པ་མེད་པ་ཡིན་ཞེ་ན། མཚན་མ་མེད་པའི་རྣམ་པས་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་མཚན་མ་མེད་བ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་འགོག་པའི་མཚན་ཉིད་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་མངོན་དུ་བྱས་པས་བཞི་པོ་མི་རྟག་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དང༌། ཡང་རང་བཞིན་གང་ཡིན་པ་སྡུག་བསྔལ་གྱི་བདེན་པའི་རྟེན་ཅན་རྣམ་པར་གྱུར་པ་ནི་ལྔ་ཡིན་ནོ། །དེ་འགོག་པའི་རྣམ་པ་ལྔ་ནི་དངོས་པོ་འགོག་པ་ནང་གི་མཚན་ཉིད་ཅན་ལ་སོགས་པ་དངོས་པོའི་དབྱེ་བས་རྣམ་པ་གསུམ་ཏེ། གང་ནང་གི་ཆོས་རྣམས་ཀྱི་སྟོང་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ནང་གི་བདག་ཉིད་ཅན་གྱི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཕྱིའི་བདག་ཉིད་ཀྱིས་སྟོང་པ་ནི་རྣམ་


DTG081_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ཕྱིའི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཕྱི་དང་ནང་གི་སྟོང་པ་ནི་རྣམ་པ་ཡིན་ཏེ། ཕྱི་དང་ནང་གི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བཏགས་པའི་འགོག་པ་རྣམ་པ་བརྒྱད་ནི་མངོན་བར་ཞེན་པའི་དབྱེ་བས་གཉེན་པོ་རྣམ་པ་བརྒྱད་ཡིན་ནོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པའི་འགོག་པ་ནི་གང་སྟོང་པ་ཉིད་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་མཆོག་ཡིན་གྱི་མངོན་པར་ང་རྒྱལ་བ་ནི་དེ་ལྟ་མ་ཡིན་ནོ། །སྟོང་པ་ཉིད་དུ་ལྟ་བ་ཡིན་བར་བསྟན་ཏོ། །སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ལ་ཞེན་པའི་འགོག་པ་ནི་གང་ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆེན་པོ་སྟོང་པ་ཉིད་ཉེ་བར་བཟུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཕྱོགས་དང༌། མཚམས་སྟོང་པ་ཉིད་ཀྱི་དབང་དུ་བྱས་པ་ཉིད་ཡིན་ནོ། །དོན་དམ་པར་མངོན་པར་ཞེན་པའི་འགོག་པ་ནི་གང་དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྟོང་པ་ཉིད་དུ་ལྟ་བས་བྱས་པའི་གཉེན་པོ་ཡིན་ནོ། །དོན་དམ་པ་ནི་གཉེན་པོ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་ཙམ་ཡིན་ཏེ་དེ་ནི་སྟོང་པ་ཉིད་དང༌། །དོན་དམ་པར་མངོན་བར་ཞེན་པའི་ཁྱད་པར་ཡིན་ནོ། །འདུས་བྱས་སུ་མངོན་པར་ཞེན་པའི་འགོག་པ་ནི་གང་འདུས་བྱས་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདུས་མ་བྱས་སུ་མངོན་པར་ཞེན་པའི་འགོག་པ་ནི་གང་འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རྟག་པ་དང༌། ཆད་པའི་མངོན་པར་ཞེན་པའི་འགོག་པ་ནི་གང་ཤིན་ཏུ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མཐའ་ནི་མཐའ་ལས་འདས་པ་ཉིད་དུ་མངོན་པར་འདོད་པ་དང༌། ཐོག་མ་དང་ཐ་མ་འཁོར་བར་མངོན་པར་ཞེན་པ་འགོག་པ་ནི་གང་ཐོག་


DTG081_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མང་དུ་རྟོགས་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དོར་བ་མེད་པའི་མཚན་ཉིད་རྣམ་པ་ལ་མངོན་པར་ཞེན་པའི་འགོག་པ་ནི་གང་དོར་བ་མེད་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་བཏགས་པའི་འགོག་པའི་དབྱེ་བས་རྣམ་པ་བརྒྱད་ནི་ཞི་བའི་རྣམ་བས་བསྡུས་པ་ཡིན་པར་རིག་པར་བྱའོ། །འཕགས་པ་ཐམས་ཅད་ཀྱི་མཛད་པའི་རང་བཞིན་ཞེས་བྱ་བ་དེས་ནི་བྱེད་པ་པོ་འགོག་པ་ཡིན་ཏེ། རྣམ་པ་ཡིན་པར་རིག་བར་བྱའོ། །ཡུལ་ལ་འཁྲུལ་པའི་འགོག་པ་ནི་རྣམ་པ་གཉིས་ཏེ། བཏགས་པ་ལ་འཁྲུལ་པའི་འགོག་པའི་རྣམ་པ་ནི་གང་ཆོས་ཐམས་ཅད་སྟོང་བ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་ཐམས་ཅད་བཏགས་པ་ཙམ་དུ་བྱས་པ་ཉིད་ལ་འཁྲུལ་པའི་འགོག་པ་ནི་གང་རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱིས་དབེན་པའི་དབང་དུ་བྱས་པའི་རང་བཞིན་འགོག་པ་ནི་གང་དངོས་པོ་མེད་པའི་ངོ་བོ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཡུལ་ལ་འཁྲུལ་པའི་འགོག་པ་དང༌། རང་བཞིན་གྱིས་འགོག་པ་འདི་གཉིས་ནི་ངེས་པར་འབྱུང་བའི་རྣམ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་བྱས་ན་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ནི་འགོག་པ་གང་ཡིན་བ་དང༌། ཇི་ལྟར་ཡང་ཞི་བ་ཡིན་ཞེ་ན། མངོན་པར་ཞེན་པ་བརྒྱད་ལོག་པའི་ཕྱིར་རོ། །ཇི་ལྟར་གྱ་ནོམ་པ་ཡིན་ཞེ་ན། རང་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ངེས་པར་འབྱུང་བ་ཡིན་ཞེ་ན། གཉིས་སུ་འཁྲུལ་པ་བཀག་པའི་ཕྱིར་རོ། །གང་ཡང་ངེས་པར་འབྱུང་ཞེ་ན། དངོས་པོ་


DTG081_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ངོ་བོ་ཉིད་དོ། །དེ་ལྟར་ན་དེ་དག་དངོས་པོའི་འགོག་པ་དང༌། བྱེད་པ་པོ་འགོག་པ་དང༌། ཡུལ་ལ་འཁྲུལ་པ་འགོག་པ་དང༌། དངོས་པོ་གཞན་འགོག་པའི་དབང་དུ་བྱས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང༌། བརྒྱད་དང༌། གཅིག་དང༌། གཉིས་དང༌། གཅིག་ནི་འགོག་པའི་བདེན་པའི་རྟེན་ཅན་གྱི་རྣམ་པར་གྱུར་པ་ནི་བཅོ་ལྔའོ། །ལམ་ཤེས་པ་ཉིད་བསྟན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྗོད་པར་བྱའོ། །དེ་ལ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཀུན་མཁྱེན་རྣམ་པ་གསུམ་གྱིས་བསྡུས་བར་འགྱུར་བ་ཡིན་པ་དེ་བས་ན། དྲན་པ་ཉེར་གཞག་ནས་བཟུང་སྟེ། །ཐ་མ་སངས་རྒྱས་ཉིད་རྣམ་པ། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་བསྟན་པ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན། ཀུན་མཁྱེན་གསུམ་གྱི་བྱེ་བྲག་གིས། །ལམ་གྱི་བདེན་པ་དང་མཐུན་པར། །ཞེས་སྨོས་སོ། །དེ་དང་རྗེས་སུ་མཐུན་པའི་ལམ་གྱི་བདེན་པ་ནི་ལམ་འདི་གསུམ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་རྣམ་པ་སུམ་ཅུ་རྩ་བདུན་ལས་གཞི་ཡོངས་སུ་ཤེས་པའི་ལམ་ནི་དྲན་པ་ཉེ་བར་གཞག་པ་སྟེ། གང་དྲན་པ་ཉེ་བར་གཞག་པ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །ལུས་དང༌། ཚོར་བ་དང༌། སེམས་དང་ཆོས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་བཞི་པོ་དེ་དག་ནི་གཞི་ཡོངས་སུ་རྟོག་པ་ཡིན་ནོ། །རྩོལ་བའི་ལམ་ཡང་དག་པར་སྤོང་བ་ནི་གང་ཡང་དག་པར་སྤོང་བ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཉིན་ནོ། །དགེ་བ་དང༌། མི་དགེ་བའི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་དངོས་པོ་ལ་ཡོངས་སུ་བརྟགས་ནས་སྒྲིབ་པ་མེད་པའི་སྤོང་བའི་བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌།


DTG081_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྒྲིབ་པ་ཡོངས་སུ་སྦྱོང་བས་ནི་འདུན་པ་ལ་སོགས་པའི་སྒོ་ནས་དེ་དག་གི་གནས་པ་ལས་སུ་རུང་བར་བྱེད་པའི་ཕྱིར་རོ། །མངོན་བར་རྟོགས་པ་དང་འབྲེལ་བའི་ལམ་དབང་པོ་རྣམས་ནི་གང་དབང་པོའི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །དད་པ་ལ་སོགས་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བྱས་ན་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་གྱིས་དེ་ནི་འཕགས་པའི་ཡང་དག་པར་སྐྱེད་པ་ལ་དབང་དུ་གྱུར་པ་དྲོ་བ་སྔོན་དུ་འགྲོ་བའི་སྦྱོར་བས་རྩེ་མོའི་མངོན་བར་རྟོགས་པ་དང་འབྲེལ་བའི་ལམ་ནི་སྟོབས་རྣམས་ཏེ། གང་སྟོབས་རྣམས་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །སྟོབས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དབང་ཐོབ་ནས་དེས་མཇུག་ཐོགས་སུ་བདེན་པ་རྟོགས་ན་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་ནས་བཟོད་པ་དང༌། ཆོས་ཀྱི་མཆོག་གི་སྦྱོར་བར་གྱུར་པའི་ཕྱིར་མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡིན་ཏེ། གང་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་དངོས་པོ་སོ་སོར་རང་གིས་རིག་པའི་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཕྱིར་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལམ་སྟེ། གང་འཕགས་པའི་ལམ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་འོག་ཏུ་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ངེས་པར་འབྱུང་བ་ཡིན་ཏེ། དེ་བས་ན་བྱང་ཆུབ་ཀྱི་ཕྱོགས་དེ་རྣམས་ཀྱི་གོ་རིམས་ནི་འདི་ཡིན་ཏེ། དེ་ལྟར་བྱས་ན་དངོས་པོ་ཡོངས་སུ་རྟོག་པའི་ལམ་དང༌། རྩོལ་བའི་ལམ་དང༌། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལས་ཀྱི་ལམ་དང༌། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་དང༌། མངོན་


DTG081_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་དང་འབྲེལ་པའི་ལམ་དང༌། མངོན་པར་རྟོགས་པའི་ལམ་དང༌། ངེས་པར་འབྱེད་པའི་ལམ་གྱི་དབང་དུ་མཛད་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་བཞི་དང༌། བཞི་དང༌། བཞི་དང༌། ལྔ་དང༌། ལྔ་དང༌། བདུན་དང་བརྒྱད་ཀྱི་དབྱེ་བ་རྣམས་ཐམས་ཅད་ཤེས་པའི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་བདུན་དུ་བསྟན་ཏོ། །དེ་ལ་ལམ་ཤེས་པ་ཉིད་ཀྱི་ལམ་རྣམ་པ་དྲུག་ལས་གཉེན་པོའི་ལམ་ནི་རྣམ་པ་གསུམ་ཡིན་ཏེ། ལྟ་བས་བྱས་པའི་གཉེན་པོ་ནི་སྟོང་པ་ཉིད་ཡིན་ནོ། །མཆན་མ་དང་རྟོག་པའི་གཉེན་པོ་ནི་མཚན་མ་མེད་པའོ། །ཁམས་གསུམ་དུ་སྨོན་པའི་གཉེན་པོ་ནི་སྨོན་པ་མེད་པ་ཡིན་ཏེ། རྣམ་པར་ཐར་པ་གསུམ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ཏེ། ལྟ་བ་དང༌། རྣམ་པར་རྟོག་པ་དང༌། སྨོན་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྟོང་པ་ཉིད་དང༌། བདག་མེད་པ་དག་ནི་རྣམ་པར་ཐར་པའི་སྒོ་དང་པོའོ། །མི་རྟག་པ་དང༌། སྡུག་བསྔལ་བ་དང༌། རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པ་ནི་སྨོན་པ་མེད་པའོ། །འགོག་པ་དང༌། ལམ་གྱི་རྣམ་པ་ནི་མཚན་མ་མེད་པ་ཡིན་པར་རིག་པར་བྱའོ། །ལམ་གྱི་རྟོག་པ་མེད་པ་ནི་མཚན་མ་མེད་པའོ་ཞེས་བྱའོ། །ཇི་སྐད་དུ། མཚན་མ་མེད་པ་ནི་ཞི་བའི་རྣམ་པ་ཡིན་ནོ་ཞེས་བྱ་བ་དེ་དང་འདི་འགལ་བ་མེད་དོ། །མཚན་མ་མེད་པ་གང་ཡིན་པ་དེ་ནི་འགོག་པ་སྟེ། གང་གི་ཕྱིར་ལམ་གྱིས་མཚན་མ་མེད་པར་བྱས་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱེད་པ་ལམ་ཤེས་པའི་འབྲས་བུ་ཡིན་གྱི་སྤངས་པ་ནི་འབྲས་བུ་མ་ཡིན་ནོ། །སེམས་ཅན་གྱི་དོན་ཡང་སྤྲུལ་པ་མེད་པར་མ་ཡིན་པས་སྤྲུལ་པའི་ལམ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་འདུ་ཤེས་རྣམ་པར་མ་ཞིག་པ་ནི་བདག་ཉིད་བསམ་གཏན་ནམ། གཟུགས་མེད་པའི་སྟོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་མངོན་སུམ་དུ་བྱེད་པ་སྟེ། །གང་གཟུགས་ཅན་གཟུགས་ཀྱི་ཁ་དོག་བཟང་པོ་དང༌། ངན་པ་རྣམས་ལ་ལྟ་བའོ། །གཟུགས་ཀྱི་འདུ་ཤེས་རྣམ་པར་ཞིག་པ་ནི་བདག་ཉིད་ཀྱི་དེ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་པ་སྟེ། གང་


DTG081_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བའོ་ཞེས་གསུངས་པ་ཡིན་ཏེ། གཉིས་པོ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོ་ཡིན་པས་རྣམ་པར་ཐར་པའི་སྒོ་གཉིས་པ་ཡིན་པར་ཤེས་པར་བྱའོ། །སྤྲུལ་པའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། སྡུག་པའི་གཟུགས་ལ་དགའ་བ་དང༌། མི་སྡུག་པའི་གཟུགས་སུ་སྤྲུལ་པ་ལ་མི་དགའ་བའོ། །དེའི་གཉེན་པོར་སྡུག་པའི་རྣམ་པར་ཐར་པའི་ལུས་ཀྱིས་མངོན་སུམ་དུ་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་པ་ཡིན་ཏེ། བདག་ཉིད་ཀྱི་སྡུག་པ་དང༌། མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། །གཅིག་ལ་གཅིག་རྗེས་སུ་འབྲེལ་བའི་ཤེས་པ་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པས་ཅི་འདོད་པའི་གཟུགས་ལ་ལྷག་པར་མོས་པ་ལ་དབང་ཐོབ་པ་ཡིན་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་རྣམ་པ་གཉིས་ལས་ཐར་པའི་ཆ་དང་མཐུན་པར་གནས་པའི་ལམ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞིའོ། །ཞི་བར་གནས་པའི་རྣམ་པར་ཐར་པའི་སྒྲིབ་པ་ཆགས་པ་མེད་པའི་ཕྱིར་ནི་འདུ་ཤེས་དང༌། ཚོར་བ་འགོག་པ་ཞེས་བྱ་བ་ཡིན་ནོ། །གཞན་གྱི་སྤྲུལ་པའི་དབང་དུ་བྱས་པ་གསུམ་དང༌། བདག་གི་དོན་མཐོང་བའི་ཆོས་ལ་བདེ་བར་གནས་པ་གཞན་གྱི་ཆེད་དུ་བྱས་པའི་དབང་དུ་བྱ་བའི་ལམ་ལྔ་སྟེ། རྣམ་པར་ཐར་པ་བརྒྱད་དུ་འགྱུར་རོ། །དེ་བས་ན་རྣམ་པར་ཐར་པ་བརྒྱད་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་ཐར་པ་བརྒྱད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་འགོག་པའི་སྙོམས་པར་འཇུག་པས་འཇིག་རྟེན་ལས་འདས་པའི་ལམ་འཐོབ་པའི་ཕྱིར་རོ། །གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མེད་པ་ཉེ་བར་བཟུང་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྤོང་བའི་ལམ་བདེན་པ་བཞིའི་རྟེན་ཅན་དེ་མ་ཐག་པའི་ལམ་ཡིན་ཏེ། གང་བདེན་པ་


DTG081_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་བ་དང༌། འགོག་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་ལམ་ནི་གང་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། གང་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་གཉེན་པོའི་ལམ་དང༌། སྤྲུལ་པའི་ལམ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་དང༌། སྤོང་བའི་ལམ་དང༌། སངས་རྒྱས་ཀྱི་ལམ་སྟེ། དེ་དག་གི་དབང་དུ་མཛད་ནས་རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང༌། གསུམ་དང༌། ལྔ་དང༌། དགུ་དང༌། བཞི་དང༌། བཅུ་སྟེ། ལམ་ཤེས་པའི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་བཞིར་འགྱུར་རོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར་གཅིག་ཉིད་ཡིན་མོད་ཀྱི། སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་རྣམ་པའི་དབྱེ་བ་ཐུན་མོང་མ་ཡིན་པ་བརྗོད་པར་བྱའོ། །འདིར་སྟོབས་བཅུ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་རྣམས་ཀྱི་རྣམ་པ་ཆོས་ཉིད་ཐོབ་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ལམ་ཐམས་ཅད་མངོན་པར་ཤེས་པའི་དབང་དུ་བྱས་ནས་སོ་སོར་རིག་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་མེད་པ་དང༌། ཐོགས་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཐམས་ཅད་ཀྱི་གྲངས་དང༌། ཆོས་ཀྱི་མཚན་ཉིད་དང༌། ཡུལ་གྱི་སྐད་རྣམས་དང༌། ཆོས་རབ་ཏུ་དབྱེ་བའི་ཡུལ་ལ་གོ་རིམས་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཡེ་ཤེས་ཀྱི་རྟོགས་པ་ཉམས་སུ་མྱོང་བ་ཆགས་པ་མེད་པའི་ཕྱིར་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རྣམ་པ་ཡིན་ཏེ། ཞེས་བསྟན་པ་མ་ཡིན་ནོ། །ཆོས་ཐམས་ཅད་ལས་འདས་པ་ཉེ་


DTG081_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མ་འདྲེས་པ་དེ་དང་དེར་མི་མཐུན་པའི་ཕྱོགས་ཀྱི་ཆོས་གང་དང་གང་ཡིན་པ་དེ་དེ་དང་དེ་ལས་ཡང་དག་པར་འདས་པའི་དབང་དུ་མཛད་ནས། མདོ་ལས། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ལན་འགའ་གྲོང་དུ་བསོད་སྙོམས་ལ་རྒྱུ་བ་ན་གླང་པོ་ཆེ་གཏུམ་པོ་འམ། རྟ་མི་བགྲུངས་པའམ། བ་ལང་བརྡུང་པའམ། ཁྱི་ཟ་ལེ་བ་དང་བཅས་པར་འགྲོ་བ་དང༌། ཚང་ཚིང་ངམ། ཚེར་མའི་ནགས་སུ་འགྲོ་བ་དང༌། སྤྲུལ་ནག་པོ་ལ་རྐང་པས་བརྫི་བ་དང༌། དེ་ལྟ་བུའི་ཚུལ་གྱིས་ཁྱིམ་དུ་ཞུགས་པ་དང༌། གང་ན་བུད་མེད་ཀྱི་ཡུལ་མི་རིགས་པར་སྨྲ་བས་མགྲོན་དུ་བོས་པའམ། དགོན་པའམ། ཡང་ན་ལམ་གོལ་བར་འགྲོ་ཞིང༌། ལམ་བོར་བ་དང༌། རྐུན་པོ་དང༌། དགྲ་དང་བཅས་པར་འགྲོ་བ་དང༌། སེང་གེ་དང༌། སྟག་དང༌། གཞན་གྱི་ཆུང་མ་དག་གིས་དེ་དེ་ལྟར་བསྟེན་པ་ན་དགྲ་བཅོམ་པ་ནི་འཁྲུལ་པར་འགྱུར་གྱི་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ་ཞེས་གསུངས་པ་དང༌། གཞན་ཡང་འགའ་ཞིག་ཏུ་དགྲ་བཅོམ་པ་དགོན་པ་ནགས་ཁྲོད་སྟུག་པོར་འགྲོ་བ་ན་ལམ་ནོར་བ་དང༌། ཁང་པ་སྟོང་པར་སྒྲ་སྒྲོགས་པ་དང༌། ཀུ་ཅོ་འདོན་པར་བྱེད་པ་དང༌། སྙིང་རྗེ་རྗེ་ལྟར་འོ་དོད་འབོད་པ་དང༌། བག་ཆགས་ཀྱི་ཉེས་པ་ཀུན་དུ་བསྐྱོད་པས་ཉོན་མོངས་པ་དང༌། རྟ་གད་ཆེན་པོས་དགོད་ཅིང་སོ་སྟོན་པ་དང༌། སྟེག་ཚུལ་དུ་འཛུམ་ཡང་ཉེ་བར་སྟོན་ཏོ། །དེ་ལྟ་བུའི་ཆ་དང་ལྡན་པའི་ཅ་ཅོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མི་མངའ་སྟེ། ཉོན་མོངས་པའི་སེམས་ཀྱིས་བྱས་པའི་ངག་གི་རྗེས་སུ་འགྲོ་བ་མི་མངའ་བའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་ཕུང་པོ་ལ་གཅིག་ཏུ་མི་མཐུན་པའི་འདུ་ཤེས་བསྐྱེད་ཅིང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་ཅན་ཡིན་ལ། དེ་བཞིན་གཤེགས་པ་ལ་ཕུང་པོ་དང༌། མྱ་ངན་ལས་འདས་པ་སྣ་ཚོགས་པའི་འདུ་ཤེས་མི་མངའ་སྟེ། བཏང་སྙོམས་མཆོག་གིས་བཞུགས་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ནས་མཉམ་པར་གཞག་པ་ཡིན་གྱི་ལྡང་བ་ན་མཉམ་


DTG081_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཞག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གནས་སྐབས་ཐམས་ཅད་དུ་ཐུགས་མཉམ་པར་མ་གཞག་པ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་བརྟགས་ནས་སེམས་ཅན་གྱི་དོན་བྱེད་པ་ལ་བཏང་སྙོམས་སུ་བྱེད་ཀྱི། དེ་བཞིན་གཤེགས་པ་ནི་འདི་ནི་འདི་ལྟ་བུའི་ཚུལ་ཅན་ཞེས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ནས་བརྩམས་ཏེ། མ་ཐོབ་པས་ཡོངས་སུ་ཉམས་པས་འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཡོངས་སུ་ཉམས་པ་ཡིན་ཏེ། ཉམས་པ་དྲུག་པོ་དེ་དག་དེ་བཞིན་གཤེགས་པ་ལ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་རེས་འགའ་ལུས་ཀྱི་དགེ་བའི་ལས་ལ་འཇུག །རེས་འགའ་ནི་ལུང་དུ་མ་བསྟན་པའོ། །ངག་དང་ཡིད་ཀྱི་ལས་ལ་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ནི་ལས་གསུམ་ཆར་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་ཀྱིས་ལུང་དུ་མ་བསྟན་པ་མི་མངའོ། །དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ནོ། །ཡེ་ཤེས་དང་ལྷན་ཅིག་སྤྱོད་པའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །གཞན་ཡང་དགྲ་བཅོམ་པ་ནི་དུས་གསུམ་གྱི་དངོས་པོ་འབད་པ་མེད་པར་ཤེས་པར་མི་འགྱུར་ཏེ། གང་གིས་འདི་དག་ལ་ཆགས་པ་དང༌། ཐོགས་པའི་ཡེ་ཤེས་མཐོང་བར་འགྱུར་བ་ཡིན་གྱི་གང་གིས་འདི་དག་ལ་ཆགས་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བ་འཇུག་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་འབད་པ་མེད་པར་ཡང་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ནོ། །དེ་བས་ན་བཅོ་བརྒྱད་པོ་དེ་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བཤད་དོ། །མེད་པའི་རྣམ་པ་ནི་གང་དེ་བཞིན་ཉིད་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དེ་བཞིན་ཉིད་དུ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་རྣམ་པ་ནི་རང་བྱུང་གི་རྣམ་པའོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བ་དམིགས་སུ་མེད་པ་ཉེ་བར་བཟུང་


DTG081_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་རྣམ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་མངོན་བར་བྱང་ཆུབ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་དག་དེ་ལྟར་བྱས་ན་ཇི་ལྟར་སྟོབས་ལ་སོགས་པའི་རྣམ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང་རང་བཞིན་གང་ཡིན་པ་དེ་རྣམས་ནི་དེ་བཞིན་ཉིད་དང༌། གང་གིས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རང་བྱུང་དང༌། གང་གི་ཆེད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་རྣམས་གོ་རིམས་བཞིན་དུ་བཅུ་དང༌། བཞི་དང༌། བཞི་དང༌། བཅོ་བརྒྱད་དང༌། གཅིག་དང༌། གཅིག་དང༌། གཅིག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་བཞི་བཅུར་གཅིག་གིས་མ་ཚང་བར་འགྱུར་རོ། །དེ་དག་བསྡུས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྣམ་པ་ཞེས་བྱ་བའི་ཆོས་འདི་དག་གང་ལ་བྱ་ཞེ་ན། དང་པོ་རྩོམ་པ་ཉིད་ཀྱི་ཚེ། །དམིགས་པའི་ཁྱད་པར་འཛིན་པ་ལ། །རྣམ་པ་ཞེས་ནི་བྱ་བར་བརྗོད། །ཅེས་བསྟན་པ་ཡིན་ནོ། །དེའི་མཚན་ཉིད་བསྟན་པ་ལ་མ་ཡིན་ནམ། །དམིགས་པར་བཞག་པས་ཡང་དམིགས་པ་སྟེ། འཇིག་རྟེན་པའི་དགེ་བའི་ཆོས་ཐམས་ཅད་དང༌། དགེ་བ་ལ་སོགས་པ་ཡིན་པར་བསྟན་པའི་ཕྱིར་འདིར་དངོས་པོ་མེད་པར་རྣམ་པར་ཐར་པའི་གཉེན་པོའི་ཕྱོགས་སུ་མི་འགྱུར་རོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་རྣམ་པར་དབྱེ་བས་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་རྣམ་གྲངས་ཀྱི་ཟག་པ་དང་བཅས་པ་དེ་ཁོ་ན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐུགས་སུ་ཆུད་པས་སངས་རྒྱས་པའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ། །གང་དྲི་མ་མེད་པའི་རྣམ་པ་བཅུ་དྲུག་ལས་གཞན་མེད་དོ་ཞེས་བསྟན་པ་ནི། ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོའི་ཕྱོགས་ལ་དགོངས་པ་ཡིན་གྱི་དེ་དང་འདི་ལ་འགལ་བ་མེད་དོ། །རྣམ་པའི་རྣམ་པར་འགྲེལ་པའོ།། །།

སྦྱོར་བའི་རྣམ་པར་འགྲེལ་པ།


DTG081_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་རྣམས་བསྟན་ནས། ད་ནི་སྦྱོར་བའི་རྣམ་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་སྦྱོར་བའི་རྟེན་སྦྱོར་བ་པོ་ཡིན་པས་དེ་བརྗོད་པར་བྱ་བ་ཡིན་པས་བརྗོད་པར་བྱའོ། །དེ་ལ་སྦྱོར་བ་པོ་རྣམ་པ་བཞི་སྟེ། གང་ཞེ་ན། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཡང་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་སྦྱོར་བའི་རྟེན་གྱི་དབང་དུ་བྱས་ནས་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ། །འདས་པས་བསྟན་པའི་གསུང་རབ་དང༌། དེ་བཞིན་གཤེགས་པ་ལས་སྔོན་དགེ་བའི་རྩ་བ་བསྐྱེད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སྣོད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཉན་པའི་སྦྱོར་པའི་རྟེན་ནི་རྣམ་པ་གསུམ་ཡིན་ནོ། །ཡང་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། དེ་ལ་རྗེས་སུ་མི་སྐྲག་པ་ལ་སོགས་པའི་སྦྱོར་བའི་རྟེན་གྱི་དབང་དུ་མཛད་ནས། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པ། །ལེན་དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བསྟན་པ་ཡིན་ནོ། །གང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང༌། ཡོངས་སུ་ཞུ་བ་བྱས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་ལྡན་པ་འདི་འཛིན་པར་བྱེད་པའི་སྣོད་ཡིན་པར་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཇི་སྐད་དུ་བསྟན་པའི་རྒྱུ་མེད་པ་ནི་དེ་ལ་མི་མོས་པ་དང༌། མཆོག་ཏུ་སྤོང་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་བསྟན་པ་ལས་བཟློག་པ་ནི་མི་མོས་པ་དང༌། སྤོང་བར་བྱེད་པའི་རྒྱུ་ཡིན་ཏེ། མོས་པ་མེད་པའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་སྤོང་བའི་རྒྱུ་ནི་གཞན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་བྱ་བ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཟབ་པ་ནི་མོས་པ་མེད་པ་ཙམ་གྱི་རྒྱུ་ཡིན་པའི་ཕྱིར་དེ་སྤོང་བའི་སེམས་ཅན་གྱི་ཉེས་པའི་རྒྱུ་


DTG081_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པར་འདོད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པར་འདོད་པས་རྣམ་པ་ཐམས་ཅད་དུ་དེ་ལ་བརྩོན་པར་བྱའོ་ཞེས་བསྟན་པ་ན་སྦྱོར་བ་བསྟན་པའི་ཉེ་བར་འགོད་པའི་དོན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕན་ཚུན་དེ་ལས་འཁྲུངས་པ་དང༌། དེའི་མཐུས་གསལ་བ་ཉིད་ཡིན་ནོ། །ཇི་ལྟ་བུའི་དོན་གྱིས་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཁྲུངས་པ་ནི་མངོན་པར་བསྐྲུན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གསལ་བར་རྟོགས་པ་ལ་སོགས་པར་འགྱུར་བའི་ཕྱིར་དེ་བས་ན་རིམ་པ་ཇི་ལྟ་བ་བཞིན་དུ་རང་ལས་འཁྲུངས་པ་དང༌། མཐུས་གསལ་བར་སྨོས་པ་ཡིན་ནོ། །བསྟན་པའི་སྣོད་ཀྱི་ཉེས་པ་སྤང་པའི་ཕྱིར། ལེགས་པར་ཉོན་ལ་ཡིད་ལ་ལེགས་པར་ཟུང་ཤིག་ཅེས་གསུངས་ཏེ། སྣོད་ཁ་སྤུབ་དང༌། མི་གཙང་པ་དང༌། རྡོལ་བ་རྣམས་ཉན་པའི་སྣོད་ངན་པ་སྤངས་པ་བསྟན་པའི་སྣོད་ཡིན་པར་བསྟན་ཏོ། །དེས་ནི་བསྟན་པའི་སྣོད་ཀྱི་ཉེས་པ་གསུམ་སྤངས་པ་ཡིན་ནོ། །ཤེས་རབ་འཆལ་པ་ནི་ལེགས་པར་ཞེས་གསུངས་པས་སོ། །རྣམ་པར་གཡེང་བའི་ཉེས་པ་ནི་ཉོན་ཅིག་ཅེས་གསུངས་པས་སོ། །འདུན་པ་དམན་པའི་ཉེས་པ་ནི་ཡིད་ལ་ལེགས་པར་ཟུང་ཤིག་ཅེས་གསུངས་པས་སོ། །སྦྱོར་བའི་རྟེན་བསྟན་ནས་སྦྱོར་བ་རྣམས་བརྗོད་པར་བྱའོ། །དེ་ནི་རྣམ་པ་ཉི་ཤུར་བལྟ་བར་བྱ་སྟེ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་གནས་པ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིང་རྟོག་ཕྱིར་དང༌། །ལུང་བསྟན་ཕྱིར་མི་ལྡོག་ཕྱིར་དང༌། །ངེས་འབྱུང་བར་ཆད་མེད་ཉིད་དང༌། །བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་དང༌། །ཆོས་དང་ཆོས་མིན་སོགས་མིང་མཐོང༌། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་


DTG081_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །དེ་ནི་དག་པ་མཚམས་དང་བཅས། །ཞེས་བསྟན་པ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པ་མི་དམིགས་པའི་སྦྱོར་བ་ནི་གང་གཟུགས་ཞེས་བྱ་བ་ནས་དེ་གཟུགས་ལ་བརྩོན་པར་མི་བྱེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མ་འདྲེས་པའི་བར་ལ་གནས་པ་བཀག་པ་དེ་ལ་བརྩོན་པར་བྱེད་པ་རྗེས་སུ་གནང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་དང་རབ་ཏུ་སྦྱོར་བ་ནི་གང་གཟུགས་ལ་མི་སྦྱོར། །གཟུགས་ལ་སྦྱོར་བར་མི་བྱེད་དོ། །དེ་བཞིན་དུ་གཟུགས་ལ་བརྩོན་པར་མི་བྱེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱོར་བ་ཡིན་ཏེ། རྗེས་སུ་གནང་བ་ཡིན་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ལ་སོགས་པ་སྔོན་དང༌། ཕྱི་མ་དང༌། དབུས་སུ་མི་དམིགས་སོ་ཞེས་བསྟན་ཏོ། །ཟབ་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་རབ་ཏུ་གནས་པ་མི་དམིགས་པའི་དོན་གྱིས་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་པ་ཡིན་ནོ། །གཟུགས་ལ་སོགས་པའི་གཏིང་དཔག་དཀའ་བ་ནི་གང་གཟུགས་ལ་སོགས་པ་གཏིང་དཔག་དཀའ་པའི་ཕྱིར་རང་བཞིན་གྱི་དྲི་མ་མེད་པའི་དོན་གྱིས་ལམ་ཤེས་པའི་དབང་དུ་མཛད་ནས། དེ་དག་གིས་གཏིང་དཔག་དཀའ་བ་ཉིད་དུ་བསྟན་པ་ཡིན་ནོ། །ཚད་མེད་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་མཐའ་མི་དམིགས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་དབང་དུ་མཛད་ནས། དེའི་ཚད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཀྱིས་བཤད་པའི་རྣམ་གྲངས་གཞན་བསྟན་པ་ནི་གང་ཟབ་མོ་མངོན་བར་བྱང་ཆུབ་པ་དང༌། ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པ་དང༌། བླ་ན་མེད་པར་བྱང་ཆུབ་པའི་དབང་དུ་མཛད་ནས། རྣམ་པ་གསུམ་དུ་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། སྦྱོར་བ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གོ་རིམས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། གང་ཡང་གལ་ཏེ་གཟུགས་ཟབ་ཅེས་བྱ་བ་དང༌།


DTG081_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གཏིང་དཔག་དཀའ་ཞེས་བྱ་བ་དང༌། གཟུགས་ཚད་མེད་དོ་ཞེས་བྱ་བར་མི་སྦྱོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མ་འདྲེས་པའི་བར་དུ་དབྱེ་བ་རྣམ་པ་གསུམ་ལ་དཔྱོད་པ་བཀག་པའི་ཕྱིར་དེ་ལྟར་སྤྱོད་པ་ནི་རྗེས་སུ་གནང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ཟབ་ཅེས་བྱ་བ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས་མ་འདྲེས་པའི་བར་དུའོ། །གཟུགས་ལ་སོགས་པའི་རྣམ་པའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལས་དང་པོ་པ་སྤངས་ནས་ཚེགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་བྱང་ཆུབ་པ་ལ་སྤྱོད་པ་ཡིན་ཏེ། ལས་དང་པོ་པ་རྣམས་ཟབ་མོས་སྐྲག་སྟེ། དང་པོ་སྐྲག་པ་སྐྱེ་བའི་ཕྱིར་རོ། །གཏིང་དཔག་དཀའ་བ་ཉིད་ཀྱིས་ན་སྤང་བར་འགྱུར་ཏེ། མི་དགེ་བའི་བག་ཆགས་ཀྱིས་བསྒོས་པའི་ཕྱིར་རོ། །ཚད་མེད་པ་ཉིད་ཀྱིས་ན་ཀུན་དུ་སྐྲག་པ་སྐྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་མ་ཡིན་པ་ཐོབ་པས་གསུམ་གྱི་རྒྱུས་ལས་དང་པོ་པའི་མདུན་དུ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་མདུན་དུ་བརྗོད་པར་རྗེས་སུ་གནང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་པོ་པ་རྣམས་སྐྲག་པ་ལ་སོགས་པའི་རྐྱེན་གྱིས་ངན་སོང་དུ་འགྲོ་བའི་ལས་བསགས་པས་ཚེགས་ཆེན་པོས་ཡུན་རིང་པོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི་གང་འདོད་ཅིང་མི་འཇིགས་པ་དང༌། རྨི་ལམ་གྱི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིད་ལ་བྱེད་པ་ནི་ལུང་བསྟན་པ་ཉེ་བ་ཡིན་ཏེ། དེ་བཞིན་གཤེགས་པ་གཅིག་གམ་གཉིས་ལས་མི་འདའ་བར་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཕྱིར་མི་ལྡོག་པའི་སྦྱོར་བ་ནི་གང་རྨི་ལམ་གྱི་ནང་དུ་འཐད་པའི་རིགས་པས་འཛིན་པ་ལ་སོགས་པ་བྱེད་པ་དག་ནི་ཕྱིར་མི་ལྡོག་པར་རིག་པར་བགྱི་བ་དག་གོ་ཞེས་བསྟན་པ་ཡིན་ནོ། །ངེས་པར་འབྱུང་བའི་སྦྱོར་བ་ནི་གང་སྐྱེས་བུ་འབྲོག་དགོན་པ་དཔག་ཚད་བརྒྱ་པ་ཞིག་ནས་འབྱུང་བའི་དཔེས་བར་ཆད་བྱེད་པའི་ཆོས་ལས་འདས་པར་དོན་གྱིས་ཡང་དག་པར་བསྟན་ཏོ་ཞེས་བསྟན་


DTG081_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །བར་ཆད་མེད་པའི་སྦྱོར་བ་ནི་གང་སྐྱེས་བུ་རྒྱ་མཚོ་ཆེན་པོའི་དཔེས་ཉེ་བར་བསྟན་པ་ན་ལྡུམ་བུ་ལ་སོགས་པའི་མཚན་མ་མཐོང་བར་བསྟན་པའི་དོན་ཞེས་བསྟན་པ་ཡིན་ནོ། །རྫོགས་པའི་བྱང་ཆུབ་ལ་ཉེ་བར་སྦྱོར་བ་ནི་གང་ཤིང་གི་ལོ་མ་དང༌། འདབ་མ་ལྷགས་པའི་དཔེས་ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ཅན་ཅིག་ལ་གནས་པར་དོན་གྱིས་བསྟན་པ་ཡིན་ཏེ་ཞེས་བསྟན་ཏོ། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི་གང་བུད་མེད་སྦྲུམ་མ་བཙར་ཉེ་བའི་དཔེས་རྟེན་གྱི་སྒྲུབ་པའི་ཆོས་ནི་འབྲས་བུའི་ཆོས་ཀྱི་སྐུ་མྱུར་དུ་མངོན་བར་གྲུབ་པར་དོན་གྱིས་བསྟན་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་གནས་བརྟན་ཤཱ་རིའི་བུའི་སྤོབས་པས་གསལ་བར་དཔེ་བཞིས་བྱས་ཏེ། ངེས་པར་འབྱུང་བའི་སྦྱོར་བ་ནས་བརྩམས་ཏེ། མྱུར་དུ་མངོན་པར་བྱང་ཆུབ་པའི་བར་གྱི་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་དབང་དུ་མཛད་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བར་འགྱུར་རོ། །བར་ཆད་མེད་པར་འགྱུར་རོ། །ཉེ་བར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་རབ་ཏུ་བསྟན་པ་ཡིན་ནོ། །གཞན་གྱི་དོན་གྱི་སྦྱོར་བ་ནི་གང་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཉིད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ལ། གཞན་དག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུལ་ལོ་ཞེས་བྱ་བའི་བར་དུ་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །དེ་རྣམས་ནི་གཉི་གའི་དོན་བྱེད་པ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་བསྒྲུབ་པ་ལ་ཤིན་ཏུ་གཏོད་པ་ཉིད་ཡིན་ཏེ། འཕེལ་བ་དང༌། འགྲིབ་པ་མེད་པའི་སྦྱོར་བ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕེལ་བ་དང༌། འགྲིབ་པ་མཐོང་བ་བཀག་པས་དེ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བར་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པ་མི་དམིགས་པའི་སྦྱོར་བ་ནི་གང་ཡང་ཆོས་དང༌།


DTG081_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མ་ཡིན་པ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། དགེ་བ་དང༌། མི་དགེ་བ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། འདོད་པ་ལ་སོགས་པའི་ཁམས་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཀག་པ་སྔ་མ་བཞིན་ནོ། །དེ་བསྒོམ་པ་ཡོངས་སུ་རྫོགས་པ་ནི་གནང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་མཚན་ཉིད་ནི་ཕྱིར་ལྡོག་པ་མེད་པ་དེའི་ཕྱིར་རོ། །ཕྱིན་ཅི་ལོག་གི་མཚན་ཉིད་ཟློག་པར་བྱེད་ཀྱི་རང་བཞིན་གྱི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པའི་རྣམ་པའི་འདུ་ཤེས་འགོག་པའི་སྦྱོར་བ་ནི་གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་བར་དུ་བསམ་གྱིས་མི་ཁྱབ་པའི་རྣམ་པའི་འདུ་ཤེས་པ་བཀག་པས་དེ་བསྒོམ་པ་ཡོངས་སུ་རྫོགས་པར་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་སྦྱོར་བ་ནི་གང་གཟུགས་དང༌། དེའི་མཚན་མ་དང༌། རང་བཞིན་དུ་རྣམ་པར་མི་རྟོག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེའི་མཚན་མ་དང༌། དེའི་རང་བཞིན་དུ་རྣམ་པར་མི་རྟོག་པས་ན་རྣམ་པར་མི་རྟོག་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རྣམ་པར་མི་རྟོག་པའི་རྗེས་སུ་འཐད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ནི་གང་རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རིན་པོ་ཆེ་སྟེར་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོ་སྟེ་ཆོས་རིན་པོ་ཆེའི་ཕུང་པོ་རྣམས་བསྒྲུབ་པའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་དག་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པ་རྣམ་པར་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་པོའི་ཞེས་བསྟན་པ་ཡིན་ནོ། །ས་མཚམས་ཀྱི་སྦྱོར་བ་ནི་གང་རིན་པོ་ཆེ་དང་འདྲ་བར་བར་ཆད་མང་བ་ཉིད་ཀྱི་ཕྱིར་ལོའི་བར་གྱི་བྲི་བ་ལ་སོགས་པ་ལ་མངོན་བར་བརྩོན་པ་གཏང་བར་མི་བྱ་ཞེས་བྱ་བར་བསྟན་པ་ཡིན་ནོ། །ལོ་སྨོས་པ་དེ་ཙམ་གྱི་དུས་ཚིགས་ལ་སོགས་པས་རྐྱེན་ཚོགས་པའི་ཕྱིར་རོ། །སྤག་ཉ་པལ་ཀའི་གཞུང་དང་


DTG081_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་ལོའི་བར་དུ་སྤྱོད་དོ། །ལོ་འདས་ནས་འདོད་པ་མེད་དོ་ཞེས་བྱ་བ་དང༌། དེ་བཞིན་གང་གིས་ལོ་སྐོར་དུ་མཐོང་བ་དེས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །སྦྱོར་བ་ཉི་ཤུ་པོ་དེ་དག་གི་གོ་རིམས་འདི་ནི་རིགས་པའི་ཚུལ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ལ་མངོན་བར་ཞེན་པ་མེད་པར་གནས་པ་དང༌། དེ་ལ་མི་སྦྱོར་བ་དེ་དག་ནི་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པར་རྟོགས་པར་འགྱུར་རོ། །སྦྱོར་བ་མ་ཡིན་པ་བྱེད་པ་ཉིད་ཀྱིས་ནི་ལས་དང་པོ་པ་ནི་ཚེགས་ཆེན་པོས་འཐོབ་བོ། །དེ་ལས་གཞན་པ་ནི་བདེ་བླག་ཏུ་ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པའི་ས་ཐོབ་ནས་ངེས་པར་འབྱུང་བ་དང༌། བར་ཆད་མེད་པར་འགྱུར་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ཉེ་བར་འགྱུར་བ་དང༌། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །དེས་ནི་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང༌། འགྲིབ་པ་མེད་པ་དང༌། ཆོས་སམ་ཆོས་མ་ཡིན་པ་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ་དང༌། འབྲས་བུར་རིན་པོ་ཆེ་འབྱིན་པས་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པ་སྟེ། སྔ་མ་བཞིན་དུ་ལོའི་པར་དུ་བརྩོན་པས་སེམས་ཅན་གྱི་རྒྱུད་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་དག་དེ་ལྟར་བྱས་ནས་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྲུན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་ཞེས་བྱ་བའི་བར་དུ་ལོ་སྐོར་གྱིས་བྲིས་པ་ཞེས་བྱ་བའི་གཞུང་གང་ཡིན་པ་དེས་ནི་སྦྱོར་བའི་རྟེན་རྣམ་པ་བཞི་དང༌། སྦྱོར་བ་གང་ཡིན་པ་རྣམ་པ་ཉི་ཤུར་འགྱུར་རོ་ཞེས་དེས་བཤད་དོ། །སྦྱོར་བའི་རྣམ་པར་འགྲེལ་པའོ།། །།

ཕན་ཡོན་གྱི་རྣམ་པར་འགྲེལ་པ།


DTG081_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་བརྟན་ནས་དེའི་ཕན་ཡོན་བརྗོད་པར་བྱ་སྟེ། བདུད་ཀྱི་མཐུ་བཅོམ་པ་ལ་སོགས། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་བདུད་བཅོམ་པའི་ཡོན་ཏན་ནི་གང་བདུད་བར་ཆད་བྱེད་པ་བརྩོན་པར་ཞུགས་སུ་ཟིན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱིས་དགོངས་ཤིང་ཡོངས་སུ་བཟུང་བའི་མཐུས་བཅོམ་པའི་རྒྱུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཉིད་ཀྱིས་དགོངས་པར་མཛད་པ་དེ་ནི་རིག་པ་ཡིན་ནོ། །ཞེས་བསྟན་


DTG081_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི་གང་རིག་པར་བྱའོ་ཞེས་བྱ་བ་ནས་ཆོས་སྨྲ་བ་དེ་ལ་སངས་རྒྱས་ཀྱི་དགོངས་པར་ཤེས་པས་ལྷག་པར་མོས་པ་བརྟན་པོ་སྐྱེ་ཞིང་སྤྲོ་བར་འགྱུར་ཏེ། ཆེ་གེ་མོ་ལ་བདུད་ཀྱིས་བར་བཅད་པའི་གོ་སྐབས་ཀྱིས་གླགས་རྙེད་བར་མི་འགྱུར་བར་ཤེས་པར་བྱེད་པའི་ཆེད་དུའོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན་ནི་གང་ཡེ་ཤེས་ཀྱིས་མཁྱེན་ཅིང་དེ་ལ་སྤྱན་གྱིས་གཟིགས་པར་མཛད་དོ་ཞེས་བསྟན་པ་ཡིན་ནོ། །དོན་རྗེས་སུ་དཔག་པ་དང༌། ལོག་པའི་ཤེས་པ་བསལ་བའི་ཆེད་དུ་གཉིས་ཀ་སྨོས་པར་མཛད་དོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ནི་གང་དེ་དག་ཐེག་པ་ཆེན་པོ་དང་ལྡན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ནི་གང་ཡི་གེར་བྲིས་ནས་གླེགས་བམ་བཅངས་པ་ཙམ་གྱི་དོན་ཆེན་པོ་དང༌། ཕན་ཡོན་ཆེན་པོ་དང༌། འབྲས་བུ་ཆེན་པོ་དང༌། རྣམ་པར་སྨིན་པ་ཆེན་པོར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་དང་མི་འབྲལ་བ་ཉིད་དང༌། བདེ་འགྲོར་གཞོལ་བ་ཉིད་དང༌། ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཉིད་དང༌། མྱ་ངན་ལས་འདས་པའི་རྗེས་ལ་ཡང་གཞན་གྱི་དོན་ལ་འཇུག་པའི་དབང་དུ་མཛད་ནས་གོ་རིམས་བཞིན་དུ་ཚིག་བཞི་བཤད་པ་ཡིན་ནོ། །ཡུན་རིང་པོ་ནས་སྨིན་པས་རྣམ་པར་སྨིན་པ་ཡིན་པར་བལྟ་བར་བྱའོ། །ཡུལ་དཔྱད་པའི་ཡོན་ཏན་ནི་གང་ལྷོ་ཕྱོགས་ཀྱི་རྒྱུད་ནས་བར་ཏ་ནི་དང༌། བྱང་ཕྱོགས་ཀྱི་རྒྱུད་དུ་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ལ་སོགས་པ་དཔྱད་པས་ཆོས་སྨྲ་བ་ལ་སངས་རྒྱས་རྣམས་དགོངས་པར་འགྱུར་བ་ལ་སོ་མི་ཉ་ཟ་བ་བསལ་བའི་ཕྱིར་རོ། །ཕྱི་མའི་དུས་ཞེས་བྱ་བ་ནི་མ་འོངས་པ་སྟེ། ཕྱི་མའི་དུས་ན་རྐྱེན་ཚོགས་པའི་ཕྱིར་རོ། །ཟག་པ་མེད་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་ནི་གང་སྐྲག་པ་ལ་སོགས་པར་མི་འགྱུར་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་དུ་བསྟན་པ་ཡིན་ནོ། །སྨྲ་བའི་


DTG081_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུའི་ཡོན་ཏན་ནི་གང་ཡང་བ་དང༌། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ་ཞེས་བསྟན་པ་ཡིན་ནོ། །མི་ཕྱེད་པའི་ཡོན་ཏན་ནི་ཡང་བརྟན་པར་འགྱུར་པའི་ཕྱིར་རོ། །བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་བྱང་ཆུབ་ལས་བཟློག་པར་མི་ནུས་པར་བསྟན་པ་ཡིན་ནོ། །དགེ་བ་ཐུན་མོང་མ་ཡིན་པའི་ཡོན་ཏན་སྐྱེ་བའི་ཡོན་ཏན་ནི་གང་ཡང་དགའ་བ་དང༌། དང་བ་དང༌། མགུ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་ཞིང་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་འགོད་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་དགའ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བའོ། །དང་བ་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་བརྟེན་པ་ཡིན་ནོ། །མགུ་བ་ནི་དགེ་བ་ལ་སེམས་རངས་པ་གང་ཡིན་པའོ། །དམ་བཅས་པའི་ཡོན་ཏན་ནི་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཡོན་ཏན་ནི་གང་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་བདག་གིས་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ལ་རབ་ཏུ་དགོད་པར་བགྱིའོ་ཞེས་སངས་རྒྱས་རྣམས་རྗེས་སུ་དགྱེས་པའི་ཚིག་སྨྲས་པ་གང་ཡིན་པ་དེ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱེད་པའི་ཤེས་པར་བྱེད་པ་བསྟན་པ་ཡིན་ནོ། །འབྲས་བུ་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན་ནི་གང་དེ་དག་མོས་པ་རྒྱ་ཆེ་བ་ཉིད་ཀྱི་ལས་དང༌། རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་འགྱུར་བ་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་ནི་གང་དེས་འབྲས་བུ་ཕྱི་དང༌། ནང་གི་སེམས་ཅན་དེ་དག་ཉིད་ལ་ཡོངས་སུ་གཏོང་བ་དང༌། སངས་རྒྱས་མངོན་སུམ་དུ་འགྱུར་ཞིང༌། གཞན་དང་གཞན་དུ་བརྟེན་པར་འགྱུར་བས་སེམས་ཅན་གྱི་དོན་གོང་ནས་གོང་དུ་བསྒྲུབ་ཅིང་ཉམས་སུ་ལེན་པར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་རྙེད་པ་དང༌། མ་ཚང་བ་རྙེད་པ་ལས་གོ་བཟློག་པས་ཚང་བ་རྙེད་པའི་ཡོན་ཏན་ནི་གང་འདི་དག་ཚོལ་བ་དང༌། ཡོངས་སུ་ཚོལ་བའི་ཚེ་ལ་ལས་ནི་ཐོབ་པར་འགྱུར་བ་དང༌། ཐོབ་པར་མི་འགྱུར་བ་དང༌། ངེས་པར་འབྱུང་བའི་མ་ཚང་བ་ཐོབ་པས་བརྩོན་འགྲུས་མི་གཏོང་བ་དེ་དག་ནི་སྐྱེ་བ་རྗེས་སུ་ཟིན་ཀྱང་ཤཱ་རིའི་བུ་དེ་


DTG081_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དག་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། ངེས་པར་ཐོབ་པར་འགྱུར་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཕན་ཡོན་གྱི་རྣམ་པར་འགྲེལ་པའོ།། །།

བར་ཆད་ཀྱི་ཆོས་རྣམས་ཀྱི་རྣམ་པར་འགྲེལ་པ།


DTG081_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་བཤད་ནས་དེའི་བར་ཆད་བརྗོད་པར་བྱའོ། །སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་བྱ་བ་སྨོས་ཏེ། བཞི་བཅུ་རྩ་དྲུག་ཅེས་བྱ་བའི་དོན་ཏོ། །དེ་དག་ཀྱང་ཚེགས་ཆེན་པོས་ཐོབ་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད་པ་ནི་དེས་ཤིན་ཏུ་ཕྱིས་ཏེ་སྤོབས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །སྤོབས་པ་མྱུར་ཞེས་པ་ནི་གང་དང་པོ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གནས་སུ་ཧ་ཅང་མྱུར་བར་སྤོབས་པ་སྐྱེ་བ་ནའང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ལུས་ཀྱི་གནས་ངན་ལེན་དུ་འགྱུར་བ་རྣམ་པ་གསུམ་ནི་གང་ཡང་གླལ་བ་དང༌། དགོད་པ་དང༌། ཕན་ཚུན་སྟེ་ག་ཅིང་འདྲི་ན་ལུས་ཀྱི་རྣམ་པར་འགྱུར་བའི་བར་ཆད་ཡིན་པར་བསྟན་པ་ཉིད་ཡིན་པར་བསྟན་ཏོ། །སྟེག་པ་ནི་རང་གི་ཡོ་བྱད་ཀྱིས་གཞན་གྱི་ཡན་ལག་བཞི་བཀོད་པའོ། །སེམས་ཀྱི་གནས་ངན་ལེན་ནི་གསུམ་སྟེ། སེམས་གཡེང་བ་དང༌། ཕན་ཚུན་ཡི་གེ་གཞན་ལ་ཆགས་ཤིང་འདྲི་ཞིང་ཉན་པ་དང༌། བདག་གིས་འདིའི་གཏིང་མི་རྙེད་དོ་ཞེས་བྱ་བ་ཞེས་སྨྲ་ཞིང༌། སེམས་བསྐྱེད་ནས་ལངས་ཏེ་འགྲོ་བ་ནི་སེམས་ཀྱི་བར་ཆད་བྱེད་པ་ཡིན་པར་བསྟན་པ་ཡིན་ནོ། །གཞན་ལ་ཆགས་པ་ནི་གང་ལོག་པར་རྟོག་ཅིང་དམིགས་པས་དངོས་པོ་ལ་ཆགས་པ་སྟེ། ཕན་ཚུན་སྨྲ་བའོ་ཞེས་བསྟན་པ་ཡིན་ནོ། །རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ལ་སོགས་པ་བྱེད་པ་ནི་གང་ཡང་ལུས་ཀྱི་རྣམ་པར་འགྱུར་བ་དེ་ཉིད་ཀྱིས་མགོ་བོ་དང༌། ཡང་སེམས་ཀྱི་རྣམ་པར་འགྱུར་བ་དེ་ཉིད་ཀྱིས་འཛིན་པ་ལ་སོགས་པ་བྱེད་པ་ནི་བར་དུ་གཅོད་པ་ཡིན་པར་བསྟན་པ་ཡིན་ནོ། །ཕྱིར་ཕྱོགས་པའི་རྒྱུ་མཚན་ནི་གང་ཡང་འདིར་ནི་བདག་ལུང་མ་བསྟན་ཏེ། བདག་གི་མིང་ཡང་མ་བརྗོད་དོ་ཞེས་མ་དད་པར་གྱུར་ནས་ཞེས་བསྟན་པ་ཡིན་ནོ། །ཡུལ་ལ་སོགས་པར་བརྟག་པ་མེད་པའི་


DTG081_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་སོ། །རྒྱུ་ལ་མངོན་བར་ཞེན་པའི་ཉམས་པ་ནི་གང་ཤིང་གི་རྩ་བ་སྤངས་ཏེ་འདབ་མ་དང༌། ཡལ་གལ་འཇུ་བར་བྱེད་པའི་དཔེས་ནི་རྒྱུ་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྫོགས་པ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གྱ་ནོམ་པའི་རོ་མྱང་བ་ལས་ཉམས་པར་གསུངས་པ་ནི་ཁྱིའི་དཔེས་གྱ་ནོམ་པ་ཇའི་མྱང་བ་ལས་ཉམས་བ་ནི་དོན་གྱིས་བསྟན་པ་ཡིན་ནོ། །ཐེག་པའི་མཆོག་འཛིན་པ་ལས་ཉམས་པ་ནི་གང་གླང་པོ་འདོད་པས་གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བའི་དཔེས་ཐེག་པ་མཆོག་ལས་ཉམས་པར་དོན་གྱིས་བསྟན་པ་ཡིན་ནོ། །ཆེད་དུ་བྱ་བ་ལས་ཉམས་པ་ནི་གང་རྒྱ་མཚོ་ཆེན་པོ་དང༌། བ་ལང་གི་རྗེས་སུ་འགྲན་པས་དཔེས་ཆེད་དུ་བྱ་བ་ལས་ཉམས་པར་དོན་གྱིས་བསྟན་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་འབྲེལ་པ་ལས་ཉམས་པ་ནི་གང་ཕྱ་མཁན་གྱི་རྣམ་པར་རྒྱལ་བའི་གཞལ་མེད་ཁང་ཉི་མ་དང༌། ཟླ་བའི་ཚད་ཀྱིས་གཞལ་ཡས་ཁང་བྱེད་བར་འདོད་པའི་དཔེས་རྒྱུ་དང་འབྲས་བུར་འཇོམས་པ་ལས་གོ་བཟློག་པ་སྟོན་པས་དེ་དང་རྗེས་སུ་མཐུན་པར་འབྲེལ་པ་ལས་ཉམས་པར་དོན་གྱིས་བསྟན་པ་ཡིན་ནོ། །བླ་ན་མེད་པའི་གནས་ལས་ཉམས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཁམས་ཀྱི་རྒྱལ་ཕྲན་བསྐྲུན་པར་བྱེད་པའི་དཔེས་ཆོས་ཀྱི་སྐུའི་གོ་འཕང་ལས་ཉམས་པར་དོན་གྱིས་ཡང་བར་དུ་གཅོད་པའི་བདུད་ཀྱི་ལས་ཉིད་བསྟན་པ་ཡིན་ནོ། །ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་ནི་གང་ཆོས་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེད་ཅིང་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཀྱི་ཡུལ་དེ་ལ་སོགས་པ་མང་པོ་འབྱུང་བས་ཡི་གེ་འདྲི་བ་ལ་མངོན་བར་ཞེན་པ་དང༌། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པའི་ཡི་གེ་ལ་མངོན་པར་ཞེན་པ་དང༌། འདིའི་ཡི་གེ་མེད་པ་ལ་མངོན་པར་ཞེན་པ་དང༌། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱང་བ་དང༌། ལམ་མ་ཡིན་པས་ཐབས་ལ་མཁས་བ་ཞེས་བྱ་བ་སྟེ།


DTG081_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གཅོད་པ་བདུན་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཡོད་པ་མ་ཡིན་པས་དངོས་པོ་མེད་པས་དངོས་པོ་མེད་པ་འདྲི་བར་མི་ནུས་པའི་ཕྱིར་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང༌། བྲིས་པའི་ཡི་གེ་ལ་དེ་ཡིན་པར་ཞེན་པ་དང༌། བྲིས་པའི་ཡི་གེ་ལ་དེ་ཡིན་པར་ཞེན་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱོང་བར་བྱེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པོར་སྟེ། བདུད་ཀྱིས་ཉེ་བར་བསྡུས་པའི་མདོ་སྡེ་རྣམས་ལས་ཐབས་ལ་མཁས་པ་ཚོལ་བ་ནི་བདུད་ཀྱི་ལས་ཉིད་དུ་བསྟན་པ་ཡིན་ནོ། །འདུན་པ་དང༌། སྙོམ་ལས་ཀྱི་ཉམས་པ་ནི་གང་ཡང་ཆོས་སྨྲ་བ་དང༌། ཉན་པ་དང༌། ཕན་ཚུན་དུ་མངོན་པར་འབྲེལ་བ་ནི་གང་གཅིག་ལ་གཅིག་འདུན་པ་དང༌། སྙོམ་ལས་ཀྱི་ཉམས་པ་ཉིད་དུ་བསྟན་པ་ཡིན་ནོ། །འདུན་པའི་ཡུལ་ཐ་དད་པས་ཉམས་པ་ནི་གང་ཡང་དེ་དག་ཉིད་གཅིག་ལ་གཅིག་འདུན་པ་དང་ལྡན་པ་ཡུལ་གཞན་དུ་འགྲོ་བར་འདོད་པ་ཉིད་དུ་བསྟན་པ་ཡིན་ནོ། །རྙེད་པ་དང༌། བཀུར་སྟི་དང༌། འདོད་ཞེན་ཆུང་བ་ཉིད་ཀྱིས་ཉམས་པ་ནི་གང་ཡང་དེ་དག་གཅིག་ལ་གཅིག་རྙེད་པ་ལ་སོགས་པ་ལྷུར་ལེན་པ་དང༌། ཆོས་ཉན་པ་འདོད་པ་ཆུང་བ་ལ་སོགས་པའི་ཚུལ་གྱིས་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང༌། མི་ལྡན་པ་དག་དང༌། དགེ་བ་དང༌། མི་དགེ་བའི་ཆོས་ཉིད་དང༌། གཏོང་བ་ལ་སེར་སྣ་བྱེད་པ་དང༌། སྦྱིན་པ་ལ་ཀུན་དུ་འཛིན་པ་དང༌། མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་པས་གོ་བ་ཉིད་དང༌། མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང༌། མངོན་པར་མི་ཤེས་པ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང༌། མི་ལྡན་པ་དང༌། ཐབས་དང༌། ཐབས་མ་ཡིན་པ་ལ་མཁས་པ་དང༌། གཟུངས་ཐོབ་པ་དང༌། མ་ཐོབ་པ་དང༌། ཡི་གེ་འདྲི་བར་འདོད་པ་དང༌། འདྲི་བར་མི་འདོད་པ་དང༌། འདོད་པ་ལ་སོགས་པའི་འདུན་པ་དང་བྲལ་བ་དང་མ་བྲལ་བ་ཉིད་ཅེས་བྱ་བ་གོ་རིམས་བཞིན་དུ་འཆད་པ་པོ་དང༌། ཉན་པ་པོ་དང༌། སྔ་མ་དང༌། ཕྱི་མ་འབྲེལ་བ་དང༌། ཚོགས་པ་དང་མི་ལྡན་པ་རྣམས་པ་བཅུ་གཅིག་ནི་བར་ཆད་བཅུ་གཅིག་ཏུ་བསྟན་པ་ཡིན་ཏེ། གང་གཞན་ཡང་དེ་དག་སྦྱངས་པའི་ཡོན་


DTG081_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དང་ལྡན་པ་དང་མི་ལྡན་པ་ནས་བརྩམས་ཏེ། ཡང་དེ་དག་ཉིད་ཕན་ཚུན་འདོད་པ་ལ་སོགས་པའི་འདུན་པ་དང་བྲལ་བ་ཉིད་ཀྱིས་ཚོགས་པ་དང་མི་ལྡན་པའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་བསྟན་པ་ཡིན་ནོ། །ངན་འགྲོ་ལས་ཕྱིར་ཕྱོགས་པ་ནི་གང་གཞན་ཡང་ལ་ལ་ཞིག་དེར་འོངས་ཏེ། དམྱལ་བ་ལ་སོགས་པའི་མི་བསྔགས་པ་བརྗོད་ཅེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་ནི་གང་དེ་བཞིན་དུ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ལེགས་པར་བརྗོད་ཅེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །འདི་ནི་དང་པོར་ཉན་པ་པོ་དང༌། ཕྱིས་ཆོས་སྨྲ་བ་ངེས་པར་བྱ་བའི་ཚོགས་པ་དང་མི་ལྡན་པ་ངེས་པར་བྱས་པ་ཡིན་ལ། ད་ནི་དང་པོར་འཆད་པ་པོ་དང༌། ཕྱིས་ཉན་པ་པོའི་ངེས་པར་བྱས་པའི་ཚོགས་དང་མི་ལྡན་པ་རྣམ་པ་བདུན་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདིར་འཆད་པ་དང༌། ཉན་པ་དག་དང༌། ཉན་པ་པོ་དང༌། འཆད་པ་པོ་དང༌། སྔོན་དང༌། ཕྱི་མར་གཞག་པས་བར་ཆད་རྣམས་ལ་འཇུག་པར་འགྱུར། ཉན་པ་པོ་དང༌། འཆད་པ་པོ་གཉི་ག་སྔོན་དང༌། ཕྱི་མ་གཉི་ག་ལ་བརྟེན་པ་ཉིད་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་འཆད་པ་པོ་དང༌། ཉན་པ་པོ་དག་གིས་མངོན་པར་འབྲེལ་བའི་ཚོགས་པ་དང་མི་ལྡན་པ་ནི་འདི་ཡིན་ཏེ། གང་འདི་ལྟར་གཅིག་པུ་ཉིད་དང༌། འཁོར་ལ་དགའ་བ་ཉིད་དང༌། འདོད་པ་ཉིད་ནི་རྗེས་སུ་འབྲེལ་པ་དང༌། གོ་སྐབས་མི་འབྱེད་པ་ཉིད་དང༌། ཟང་ཟིང་ཅུང་ཟད་འདོད་པ་དང༌། དེ་སྦྱིན་པར་མི་འདོད་པ་དང༌། སྲོག་གི་བར་ཆད་དུ་འགྱུར་བ་དང༌། བར་ཆད་དུ་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་དང༌། མི་འགྲོ་བ་དང༌། དེ་བཞིན་དུ་ལོ་ལེགས་པ་དང༌། མུ་གེ་བྱུང་བ་ལ་སོགས་པའི་ཕྱོགས་སུ་འགྲོ་བ་དང༌། མི་འགྲོ་བ་དང༌། ཆོམ་རྐུན་ལ་སོགས་པའི་རྒྱུས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང༌། མི་འགྲོ་བ་དང༌། །ཁྱིམ་ལ་ལྟ་བས་ཉན་པ་པོ་འདོར་བར་བདེ་བ་ནི་རབ་འབྱོར་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་གིར་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་འཁོར་གྱི་ནང་ནས་ཞེས་བྱ་བ་ནས་བརྩམས་ཏེ། དགེ་སློང་ཆོས་སྨྲ་བ་ནི་བསོད་སྙོམས་སྟེར་བའི་གྲོང་དུ་འགྲོ་དགོས་སོ་ཞེས་བྱ་བ་


DTG081_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེས་ཉན་པ་དེ་དག་ཕྱིར་ལྡོག་པས་ཕྱིར་དོང་ནས་ཞེས་བྱ་བའི་བར་བསྟན་པ་ཡིན་ནོ། །བདུད་སྡིག་ཅན་གྱིས་དབྱེ་བའི་སྦྱོར་བ་ནི་གང་གཞན་ཡང་བདུད་སྡིག་ཏོ་ཅན་འདི་སྐད་དུ། ངེད་ཀྱི་ཁོང་དུ་ཇི་ལྟར་ཆུད་པ་འདི་ཡིན་གྱི་ཁྱོད་ཀློག་པ་དེ་ནི་ཤེས་རབ་ཀྱེ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་དབྱེན་བྱེད་ཀྱི། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་གང་ཡིན་བ་དེ་ནི་ཡང་དག་པའི་མཐའ་སྔོན་དུ་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཚོགས་པ་དང་མི་ལྡན་པའི་སྦྱོར་བས་ཞེས་བསྟན་པ་ཡིན་ནོ། །བཅོས་མ་ཉེ་བར་བསྒྲུབ་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་ཡོངས་སུ་ཤེས་ནས་རྣམ་པར་སྤང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ནི་གཞན་ཡང་བདུད་སྡིག་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་འོངས་པ་མཐོང་སྟེ། འདོད་པ་བསྐྱེད་པ་དང༌། བདུད་ཀྱིས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་མཐོང་ནས་ཐམས་ཅད་མཁྱེན་པ་ཉིད་བོར་སྟེ། དེས་དེ་ལ་འདོད་པ་བསྐྱེད་པའོ། །དེ་ཅིའི་ཕྱིར་ཞེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྐྱོན་བཞི་བཅུ་རྩ་དྲུག་ནི་བར་ཆད་དུ་གྱུར་པ་ཡིན་ནོ། །འཛམ་བུའི་གླིང་གི་རིན་པོ་ཆེ་ཆེན་པོའི་དཔེས་ནི་དེ་ལྟར་བར་ཆད་མང་པོས་ཡོངས་སུ་ཟིན་ཡང་བར་ཆད་ཀྱང་རྣམ་གྲངས་བསྟན་པས་སྐྱེས་བུ་རྨོངས་པ་བདུད་ཀྱིས་བྱིན་གྱིས་བརླབས་པ། བློ་ཆུང་བ། བློ་དམན་པ་དེ་དག་ལ་ཞེས་བྱ་བ་ནི་བར་ཆད་བྱེད་པ་ངེས་པ་ལས་བཟློག་བ་བསྟན་པ་ཡིན་ནོ། །བར་ཆད་མང་པོ་ཡོད་ཀྱང་དེ་ལ་ཡང་སངས་རྒྱས་ཉིད་འཐོབ་པ་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རྒྱུས་ཡིན་ནོ་ཞེས་བསྟན་ཏོ། །བར་ཆད་ཀྱི་ཆོས་སྐྱེས་པ་རྣམས་བསལ་བ་ཡིན་ནོ། །དཀར་ཕོའི་ཕྱོགས་མ་ལུས་པ་རྫོགས་པ་ནི་སངས་རྒྱས་ཀྱི་མཐུའི་རྒྱུ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བུ་མང་པོ་ཡོད་པའི་དཔེས་དེ་ལ་ཕྱོགས་བཅུའི་སངས་རྒྱས་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཕགས་པའི་གང་ཟག་ཐམས་ཅད་དེ་ལ་དགོངས་


DTG081_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེ་ལ་བརྩོན་པ་རྣམས་ལ་དེ་རྣམས་ཀྱིས་སྲུང་བ་ལ་སོགས་པ་མཛད་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་སངས་རྒྱས་རྣམས་བསྐྱེད་པ་དང༌། འཇིག་རྟེན་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བར་ཆད་ཀྱི་ཆོས་རྣམས་ཀྱི་རྣམ་པར་འགྲེལ་པའོ།། །།

མཚན་ཉིད་རྣམས་ཀྱི་རྣམ་པར་འགྲེལ་པ།


DTG081_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་རྣམས་བསྟན་ནས་དེའི་མཚན་ཉིད་བརྗོད་པར་བྱ་དགོས་པས་དེའི་ཕྱིར། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང༌། །ཁྱད་པར་བྱེད་དང་རྣམ་གསུམ་སྟེ། །མཚོན་བྱའི་ངོ་བོ་ཉིད་གང་ཡང༌། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་མཚན་ཉིད་བཞིར་འགྱུར་བར་རིག་པར་བྱའོ། །དེ་ལ་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་རེ་ཞིག་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ། །གང་དག་ཡིན་ཞེ་ན། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་བཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། །ཆེན་པོར་གྱུར་དང་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་བལྟར་མེད་དང་ཤེས་པ་དེ། །གཡོ་བ་ལ་སོགས་ཤེས་བྱ་དང༌། །དེ་ལ་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པ་དེ་བཞིན་ཉིད་རྟོགས་དང༌། །གཞན་བསྟན་པ་ཞེས་བྱ་བ་དག །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པ་ནི་གང་རྣམ་པ་ཐམས་ཅད་མངོན་བར་བྱང་ཆུབ་པའི་དབང་དུ་མཛད་ནས་ཤེས་པའི་མཚན་ཉིད་སྟོན་པ་ཞེས་བྱ་བ་ནས་བརྩམས་ཏེ། སྟོབས་ལ་སོགས་པའི་བར་དུའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་བ་ནས་སངས་རྒྱས་སུ་བྱེད་པའི་ཆོས་དེ་དག་བསྐྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འཇིག་རྟེན་འཇིག་པ་མེད་པར་ཤེས་པ་ནི་སྟོང་པ་ཉིད་ལ་སོགས་པ་ནི་འཇིག་པ་མ་ཡིན། རབ་ཏུ་འཇིག་པ་མ་ཡིན་པའི་དོན་གྱིས་ན། ཕུང་པོ་


DTG081_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་བ་འཇིག་པ་མ་ཡིན། རབ་ཏུ་འཇིག་པ་མ་ཡིན་པ་ལ་སོགས་པའི་ཆོས་ཉིད་ངེས་པར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིག་རྟེན་སྟོན་པར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་གང་ཞེན། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མཁྱེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པའི་ཕྱིར་དེ་ཡང་སེམས་ཅན་དུ་བཏགས་པའི་རྒྱུ་ཕུང་པོ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དམིགས་སུ་མེད་པ་ཉིད་ཀྱིས་འཇིག་རྟེན་སྟོན་པ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་དམིགས་སུ་མེད་པ་ཡིན་ནོ། །ཡང་ཇི་ལྟ་བུ་ཞིག་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་པའམ། དམིགས་པར་ག་ལ་འགྱུར་ཞེས་བྱ་བ་ནས་འཐད་པ་བསྟན་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །སེམས་བསྡུས་པ་དང༌། དེ་རྣམ་པར་གཡེང་བ་ཞེས་བྱ་བ་ནི་ཆོས་ཉིད་འདི་ལ་ཆོས་ཉིད་དེ་མི་དམིགས་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང༌། གཡེངས་པ་ཡང་དག་པར་ཅི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བསྟན་པ་ཡིན་ནོ། །སེམས་མི་བཟད་པའི་རྣམ་པར་ཤེས་པ་ནི་གང་ཡང་དེ་རྣམས་ཉིད་ཀྱིས་འདོད་པ་དང་བྲལ་བ་དང༌། འགོག་པ་དང༌། སྤོང་བའི་རྣམ་པ་མི་བཟད་པའི་རྣམ་པ་རབ་ཏུ་མཁྱེན་པར་བསྟན་པ་ཡིན་ནོ། །སེམས་འདོད་ཆགས་བཅས་པར་ཤེས་པ་ནི་གང་འདོད་ཆགས་དང་བཅས་པའི་སེམས་གང་ཡིན་པ་དེ་ནི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམིགས་སུ་མེད་ན། འདོད་ཆགས་དང་བཅས་པའི་སེམས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལྟ་ཅི་སྨོས་ཞེས་བསྟན་པ་ཡིན་ནོ། །སེམས་རྒྱ་ཆེན་པོ་ཤེས་པ་ནི་གང་སེམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པས་རྒྱ་ཆེ་བར་བྱེད་པའི་སེམས་རྒྱ་ཆེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བསྟན་པ་ཡིན་ནོ། །སེམས་ཆེན་པོར་གྱུར་པ་ཤེས་པ་ནི་གང་དེ་བཞིན་དུ་སེམས་ཆེན་པོར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་


DTG081_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཁྱེན་ཏོ་ཞེས་བསྟན་པ་ཡིན་ནོ། །སེམས་ཚད་མེད་པ་ནི་སེམས་ཀྱི་རྒྱུ་ནི་རྟེན་མེད་ཅིང་ཚད་མེད་པ་ནི་སེམས་དེ་དག་ལ་གང་གནས་བར་བྱ་བའི་རྟེན་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འོ་ཞེས་བསྟན་པ་ཡིན་ནོ། །སེམས་བསྟན་དུ་མེད་པ་ཞེས་པ་ནི་གང་སེམས་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མཚན་ཉིད་མེད་པའི་སེམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །སེམས་བལྟར་མེད་པ་ཤེས་པ་ནི་གང་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་སྣང་བར་མ་གྱུར་ཏོ་ཞེས་སྔ་མ་བཞིན་དུ་བསྟན་པ་ཡིན་ནོ། །སེམས་གཡོ་བ་ལ་སོགས་པ་ཤེས་པ་ནི་གང་སེམས་འཕྲོ་བ་དང༌། འདུ་བ་ལ་སོགས་པའི་ཕུང་པོ་ལྔ་ལ་བརྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་བ་ཉིད་དུ་སྔ་མ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་ནས་བརྩམས་ཏེ། སྲོག་གང་ཡིན་པ་དེ་ནི་ལུས་སོ། །ལུས་ཀྱང་གཞན་སྲོག་ཀྱང་གཞན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་བརྟེན་པའོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་ནི་གང་ཡང་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་ལྔའི་དེ་བཞིན་དུ་མཁྱེན་པས་བཅུམ་པ་ལ་སོགས་པ་ཡོངས་སུ་མཁྱེན་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་བཞིན་ཉིད་ཐུགས་སུ་ཆུད་པ་གཞན་དག་ལ་ཡང་དག་པར་བསྟན་ཅིང་བརྟག་པར་ཞེས་བྱ་བར་ཤེས་པ་ནི་གང་རབ་འབྱོར་དེ་ལྟར་སེམས་འཕྲོ་བ་ལ་སོགས་པ་དེ་བཞིན་ཉིད་ཅེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པས་དེ་བཞིན་གཤེགས་པ་མངོན་བར་རྫོགས་པར་སངས་རྒྱས་སོ་ཞེས་བཤད་དོ། །དེ་བས་ན་དེས་དེ་བཞིན་གཤེགས་པའི་ཡུམ་ཡིན་པའི་ཕྱིར་འདི་ལྟར་འཇིག་རྟེན་སྟོན་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །འདི་སྐད་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྱེད་པའི་ཕྱིར་འཇིག་རྟེན་སྟོན་ཏོ་ཞེས་བསྟན་ཏོ། །ད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་བསྐྱེད་པས་འཇིག་རྟེན་སྟོན་པར་བྱེད་པ་རྣམ་པ་བཅུ་གསུམ་གྱི་དབང་དུ་མཛད་ནས། སྟོང་ཉིད་མཚན་མ་མེད་


DTG081_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དང༌། སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །འཁྲུག་པ་མེད་པ་ཉིད་དག་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཕྱིར་རོ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་སྨོས་ཏེ། དེ་ལ་སྟོང་པ་ཉིད་ཤེས་པ་ནི་གང་དེའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མཚན་མ་མེད་པ་ཤེས་པ་ནི་གང་དེའི་མཚན་མ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྨོན་པ་མེད་པ་ཤེས་པ་ནི་གང་དེའི་མཚན་ཉིད་སྨོན་པ་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །སྐྱེ་བ་མེད་པ་ཉིད། འགག་པ་མེད་པ་ཤེས་པ་ནི་གང་དེའི་མཚན་ཉིད་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སོགས་པ་སྨོས་པ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། རང་བཞིན་ཤེས་བ་ཉིད་དང༌། རྟེན་མེད་པའི་ཤེས་པ་དང༌། ནམ་མཁའི་མཚན་ཉིད་དུ་ཤེས་པ་བསྡུ་བར་རིག་པ་བྱའོ་ཞེས་གང་བསྟན་པ་ཡིན་ནོ། །གང་ཀུན་ནས་ཉོན་མོངས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། རྟེན་མེད་པའི་མཚན་ཉིད་མེད་པའི་ཕྱིར་དང༌། ནམ་མཁའི་མཚན་ཉིད་ཅེས་བསྟན་པ་ཡིན་ནོ། །ཆོས་ཉིད་འཁྲུག་པ་མེད་པ་ཤེས་པ་ནི་གང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་པས་མཚན་ཉིད་དེ་ནི་རྣམ་པར་འཁྲུག་པར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །མངོན་བར་འདུ་བྱེད་པ་མེད་པར་ཤེས་པ་ནི་གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཚན་ཉིད་དེ་དག་མངོན་བར་འདུས་མ་བྱས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཤེས་པ་ནི་གང་དེ་མཚན་ཉིད་དེ་དག་རྣམས་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། འདུས་བྱས་པའི་དངོས་པོ་བཀག་པས་ནམ་མཁའི་དཔེས་ལམ་ཤེས་པའི་དབང་དུ་མཛད་ནས་ཡང་དག་པར་བསྟན་ཏོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་དབྱེ་བ་ཤེས་པ་ནི་གང་ཡང་དེ་བཞིན་གཤེགས་པ་བྱུང་ཡང་རུང༌། མ་བྱུང་


DTG081_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་ཞེས་བྱ་བ་ནས་བརྩམས་ཏེ། དེ་ལ་སྤྱད་པས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་མ་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་མཛད་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ལམ་ཤེས་པའི་དབང་དུ་མཛད་ནས་བསྟན་པས་འབྲས་བུ་སེམས་ཅན་གྱི་དོན་བྱེད་བ་ཡིན་པར་གསལ་བར་བྱ་བའི་ཆེད་དུ་ཞེས་བསྟན་པ་ཡིན་ནོ། །མཚན་མ་མེད་པའི་ཤེས་པ་ནི་གང་གཟུགས་ལ་སོགས་པའི་མཚན་ཉིད་རྣམས་དང༌། ཡོངས་སུ་གཏོང་བའི་མཚན་ཉིད་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །བསམ་གཏན་དང༌། ཚད་མེད་བ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་མི་འཁྲུག་པའི་མཚན་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ནི་ངེས་པར་འབྱུང་བའི་མཚན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་དུ་མཛད་པའི་མཚན་ཉིད་དོ་ཞེས་བྱ་བ་ནས་དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་བར་མངོན་བར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུའོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་ལམ་ཤེས་པ་ཉིད་ཀྱི་སྒོ་ནས་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་ཇི་ལྟ་བ་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོན་པ་ཤེས་པའི་དབྱེ་བ་བཅུ་བཞི་ལས་བརྩམས་ནས། དེ་བཞིན་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །མཆོད་དང་བྱེད་པ་མེད་ཉིད་དང༌། །ཀུན་འཇུག་མཁྱེན་པ་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་ཞེས་བྱ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ནི། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་སྟོན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ལ་བརྟེན་ནས་བཞུགས་པ་ཤེས་པ་ནི་གང་གིས་བསྐྱེད་པ་དང༌། སྟོན་པ་ཉིད་ཡིན་ན། ཇི་སྐད་དུ། རབ་འབྱོར་རྒྱུ་དེས་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ལ་བརྟེན་ནས་བཞུགས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་གུས་པར་བྱ་བ་དང༌། བླ་མར་བྱ་བ་དང༌། མཉེས་པར་བྱ་བ་དང༌། མཆོད་པར་བྱ་བ་ཤེས་པ་ནི་གང་དེ་ལྟར་ཆོས་ལ་རིམ་


DTG081_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་མཛད་པ་དང༌། བཀུར་སྟི་མཛད་པ་དང༌། མཆོད་པར་མཛད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པོ་ཞེས་བྱ་བར་འབྲེལ་ཏོ། །སླར་མཛད་པ་མེད་པ་ཉེ་བར་བཟུང་ནས་བྱས་པ་གཟོ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བྱེད་པ་མེད་པ་ཤེས་པ་ནི་གང་བྱེད་པ་པོ་ཉེ་བར་བཟུང་ནས་ཆོས་ཐམས་ཅད་བྱེད་པ་མེད་པར་རྫོགས་པར་སངས་རྒྱས་སོ་ཞེས་བསྟན་པ་ཡིན་ནོ། །ཐམས་ཅད་དུ་འགྲོ་བ་ཤེས་པ་ནི་གང་ཡང་ཆོས་ཐམས་ཅད་བྱེད་པ་མེད་པ་ལ་ཡེ་ཤེས་འཇུག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མ་མཐོང་བའི་དོན་བསྟན་པ་ནི་གང་གཟུགས་མཐོང་བ་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་མཐོང་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་མི་འབྱུང་བའི་དོན་གྱིས་ན་མཐོང་བ་མེད་པའི་གཟུགས་ལ་སོགས་པ་མཐོང་བ་དེ་ནི་འཇིག་རྟེན་སྟོན་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཉིད་ཡིན་ནོ། །སྟོང་པ་ཉིད་ཀྱི་རྣམ་པར་བརྗོད་པ་ཤེས་པ་ནི་གདུལ་བྱ་རྣམས་ཡང་དག་པར་སྡུད་པ་སྟེ། གང་ཡང་འཇིག་རྟེན་འདི་སྟོན་པའོ་ཞེས་བརྗོད་པ་ལ་སོགས་པས་སྟོང་པའོ་ཞེས་བསྟན་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་གསུམ་ལ་དགོངས་ནས་འཕགས་པའི་གང་ཟག་གསུམ་གྱི་དབང་དུ་མཛད་དེ། གོ་རིམས་བཞིན་དུ་ཕྱོགས་གཅིག་ཏུ་འཇུག་པ་དང༌། ཆེད་དུ་བྱ་བའི་འཇུག་པ་དང༌། མངོན་སུམ་དུ་བྱ་བའི་འཇུག་པའི་དབང་དུ་མཛད་ནས་སྟོན་པ་དང༌། ཤེས་པ་དང༌། མཐོང་བ་ཡིན་པར་ཤེས་པར་བྱའོ། །བསམ་གྱིས་མི་ཁྱབ་པ་ཤེས་པ་ནི་གང་གཞན་ཡང་བསམ་གྱིས་མི་ཁྱབ་པ་སྟོན་པའོ་ཞེས་བསྟན་པ་ཡིན་ནོ། །ཞི་བའི་ཤེས་པ་ནི་གང་འདི་ནི་ཞི་བའོ། །སྟོན་པའོ་ཞེས་བསྟན་པ་ཡིན་ནོ། །འདུ་ཤེས་འགོག་པའི་ཤེས་པ་ནི་གང་ཡང་ཆོས་རྣམས་མེད་པ་ཉིད་ཀྱི་ཇི་ནས་འཇིག་རྟེན་འདིའི་འདུ་ཤེས་དང༌། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་གཟིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྱེད་པས་འཇིག་རྟེན་གཟིགས་པར་མཛད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཤེས་པའི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།

ཐར་པའི་ཆ་དང་མཐུན་པའི་རྣམ་པར་འགྲེལ་པ།


DTG081_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་མཚན་ཉིད་བསྟན་ནས་ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །བདེན་པ་ལ་བརྟེན་


DTG081_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན། །དྲུག་རྣམས་དང་ནི་བཅུ་ཡིས་ནི། །ཁྱད་པར་མཚན་ཉིད་ཤེས་པར་བྱ། །ཞེས་བསྟན་པ་ལ་བདེན་པའི་རྟེན་ཅན་ཞེས་བྱ་སྟེ། འཕགས་པའི་བདེན་པ་བཞིའི་སྤྱོད་ཡུལ་ཅན་ནོ། །ཁྱད་པར་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའོ། །དུ་ཞིག་ཅེ་ན། དྲུག་དང་བཅུ་ཞེས་བྱ་བ་སྨོས་ཏེ། བསམ་གྱིས་མི་ཁྱབ་པའི་ཁྱད་པར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་ཁྱད་པར་གྱི་མཚན་ཉིད་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་ཆོས་ཞེས་བྱ་སྟེ། བསམ་པ་ལས་འདས་པའི་ཕྱིར་རོ། །རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པོ། །ཚོར་བ་ལ་སོགས་པ་དང༌། དེ་བཞིན་དུ་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་ཡེ་ཤེས་དང༌། སྤངས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་པར་བརྗོད་དོ། །མི་མཉམ་པ་ཉིད་ཀྱི་ཁྱད་པར་སྡུག་བསྔལ་ལ་ཆོས་ཤེས་པས་བསྡུས་པ་ནི་གང་མི་མཉམ་པ་ཞེས་བྱ་བ་ནི་མཉམ་བ་ལས་འདས་པའི་ཕྱིར་རོ། །རབ་འབྱོར་གཟུགས་མི་མཉམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །ཚད་མེད་པའི་ཁྱད་པར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཚད་མེད་པ་ཞེས་བྱ་བས་ནི་ཚད་ལས་ཡང་དག་པར་འདས་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱང་ཚད་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །གྲངས་མེད་པའི་ཁྱད་པར་སྡུག་བསྔལ་ལ་རྗེས་སུ་ཤེས་པས་བསྡུས་པ་ནི་གྲང་མེད་པ་ཞེས་བྱ་བ་ནི་བགྲང་བ་ལས་འདས་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱང་གངས་མེད་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །མི་མཉམ་པ་དང་མཉམ་པའི་ཁྱད་པར་ནི་བསྟན་པར་གྱུར་པའི་ཕྱིར་རྒྱུའི་ཁྱད་པར་གྱི་སྒོ་ནས་ཐམས་ཅད་ལ་ཉེ་བར་དགོངས་པར་ཤེས་པར་བྱའོ། །ཡང་ན་སྡུག་བསྔལ་ལ་ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་འདི་ག་ཉིས་ཁྱད་པར་དུ་འཕགས་པའི་མཐར་ཕྱིན་པས་མི་མཉམ་པའི་སངས་རྒྱས་དང་མཉམ་པར་གྱུར་པ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །མཉམ་པ་དང་མི་མཉམ་པ་ལས་ཡང་དག་པར་འདས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་དང༌། སྐྱོབ་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མཛད་པ་ཆེན་པོས་


DTG081_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ཞུགས་པ་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་ལ་ཡང་ཆོས་ཤེས་པའི་བཟོད་པའི་མཚན་ཉིད་ཡོད་པར་མཚུངས་པ་མ་ཡིན་ནམ། ཡང་ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་བྱད་པར་དུ་འཕགས་པ་བསྟན་སྟེ། རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དངོས་པོ་རྣམས་རང་བཞིན་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་དང༌། མི་དམིགས་པ་ཉིད་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་བརྗོད་པར་རིགས་པ་ཡིན་ནོ། །གཞན་ཡང་ནམ་མཁའི་དཔེས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་བསྟན་པ་དེ་བཞིན་གཤེགས་པས་མཁྱེན་པ་གསལ་བར་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པའི་ཆོས་བསྟན་པ་གྱུ་ཕུན་སུམ་ཚོགས་པས་འབྲས་པུ་མེད་པ་མ་ཡིན་ནོ་ཞེས་བསྟན་པ་ནི་དུ་མ་ཟག་པ་མ་ལུས་པ་ལས་སེམས་གྲོལ་བ་ལ་སོགས་པ་ཡང་དག་པར་འཛིན་ཏེ། དེ་བསྟན་པའི་ཚེ་འབྲས་བུ་ཐོབ་པོ་ཞེས་བསྟན་ཏོ། །འཕགས་པའི་གང་ཟག་ཐམས་ཅད་སྡུད་པར་བྱེད་པའི་ཁྱད་པར་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཡང་བློན་པོའི་དཔེས་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱིས་མཛད་པ་ཆེན་པོ་ལ་སོགས་པས་ཉེ་བར་གནས་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེན། གཟུགས་ཡོངས་སུ་འཛིན་པ་དང༌། མངོན་བར་ཆགས་པ་མེད་དོ་ཞེས་གསུངས་པས་བསྟན་པ་ཡིན་ནོ། །དེ་བས་ན་ཐུགས་སུ་ཆུད་པ་ཐུན་མོང་མ་ཡིན་པའི་འཐད་པ་ཡིན་ནོ། །སྐྱེས་བུའི་ཁྱད་པར་གྱིས་རིག་པར་བྱ་བའི་ཁྱད་པར་ཀུན་འབྱུང་ལ་ཆོས་ཤེས་པས་བསྡུས་པ་ནི་གང་འདིའི་ཆ་ཕྲ་བ་དང༌། མཁས་པ། གསལ་བ། ཡིད་གཞུངས་པས་ཤེས་པར་བྱ་བ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལ་ཕྲ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་ཕྱིར་ཕྲ་བའོ། །མ་ལུས་པའི་དོན་ལ་འཇུག་པའི་ཕྱིར་མཁས་པ་སྟེ། ཇི་ལྟ་བ་དང༌། ཇི་སྙེད་པའི་ངོ་བོར་རྟོགས་པའི་ཕྱིར་རོ། །དེ་དག་ཀྱང་རྣམ་པ་གཉིས་ཏེ། མཁས་པ་ཞེས་བྱ་བ་ནི་སྔོན་


DTG081_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཡོངས་སུ་སྦྱངས་པ་དང༌། སོ་སོའི་སྐྱེ་བོས་སྐྱེ་བས་ཐོབ་པས་དོན་དེ་གཉི་ག་ལ་འཇུག་ནུས་པ་ནི་ཤེས་རབ་དང་ཡང་དག་པར་ལྡན་པའོ། །ཡིད་གསལ་བ་ནི་དེ་བདེན་པ་མཐོང་བས་དོན་དེ་གཉིས་ཀ་ལ་འཇུག་པའི་ཤེས་པ་ཡོད་པས་ཡིད་གསལ་བའོ། །ཐུན་མོང་མ་ཡིན་པའི་ཁྱད་པར་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་བ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་གྲངས་སྙེད་འདས་པས་རྗེས་སུ་འབྲང་བ་ནས་རང་སངས་རྒྱས་ཀྱི་བར་དུ་གྱུར་པའི་ཤེས་པ་དང༌། སྤངས་པ་ལས་འདི་ཉིད་ལ་མོས་པ་ལ་སོགས་པ་མཆོག་ཏུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །མྱུར་དུ་ཤེས་པའི་ཁྱད་པར་ཀུན་འབྱུང་ལ་རྗེས་སུ་ཤེས་པས་བསྡུས་པ་ནི་གང་འདི་ནི་ཕུལ་དུ་བྱུང་བའི་ཆོས་ཡིན་པར་རྒྱ་ཆེར་བཤད་པས། ཉན་ཐོས་ཀྱི་ཐེག་བ་ལ་ལྟོས་ནས་འདི་ཉིད་ལ་མངོན་བར་བརྩོན་པ་རྣམས་མྱུར་དུ་མྱ་ངན་ལས་འདའོ་ཞེས་བསྟན་པ་ཡིན་ནོ། །ཉུང་བ་དང༌། མང་བ་མེད་པའི་ཁྱད་པར་འགོག་པ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་གང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མྱ་ངན་ལས་འདས་སུ་ཟིན་ཀྱང་འདི་ལ་འཕེལ་བའམ། འགྲིབ་པ་མེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དྲག་ཏུ་བསྒྲུབ་པའི་ཁྱད་པར་འགོག་པ་ལ་ཆོས་ཤེས་པས་བསྡུས་པ་ནི་གང་བ་དྲུས་མ་བེའུ་མི་འདོར་བའི་དཔེས་ཐོས་པ་དང་བཅས་པའི་མོས་པ་ལ་སོགས་པ་དང་ལྡན་པ་སྔོན་གྱི་ཐོས་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་སྦྱོར་བའི་ཁྱད་པར་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་པས་ནི་གང་ཡང་དེ་ཉིད་སངས་རྒྱས་མང་པོ་ལ་བརྟེན་པས་དགའ་ལྡན་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཉིད་སྐྱེ་བ་སྔ་མར་ཡོངས་སུ་དྲི་བ་མ་བྱས་པ་དང་ལྡན་པ་ནི་འདི་ལ་ཡིད་གཉིས་ལྡན་པས་དེ་བཞིན་དུ་ནང་སྟོང་པ་ཉིད་མ་ཐོས། ཡོངས་སུ་དྲི་བ་མ་བྱས་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ནི་ས་གཉིས་སུ་ལྟུང་ཞིང་འདོད་པ་ཡིན་ཏེ། སྔོན་གྱི་རྒྱུའི་བག་ཆགས་ཀྱིས་རྒྱུན་ཆད་ཅིང་སྤྱད་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ། །དམིགས་པའི་ཁྱད་པར་འགོག་པ་ལ་རྗེས་སུ་ཤེས་པས་བསྡུས་པ་ནི་གང་ཡང་རྒྱ་མཚོར་གྲུ་ཞིག་པའི་དཔེས་བར་ཆད་དང་


DTG081_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང༌། བར་ཆད་མེད་པ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་མཚན་མར་དམིགས་པ་དང༌། དམིགས་པ་མེད་པའི་དབང་དུ་མཛད་ནས་འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །རྟེན་གྱི་ཁྱད་པར་ལམ་ལ་ཆོས་ཤེས་པའི་བཟོད་བས་བསྡུས་པ་ནི་གང་ཡང་བུམ་པ་སོ་བཏང་བ་དང༌། མ་བཏང་བའི་དཔེས་བསྒྲུབ་པའི་ཆོས་གཞི་མེད་པ་དང༌། གཞི་ཡོད་པར་བསྟན་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །རྒྱུ་ཚོགས་པའི་ཁྱད་པར་ལས་ཆོས་ཤེས་པས་བསྡུས་པ་ནི་གང་ཡང་རྒྱ་མཚོར་གྲུ་ཟག་ལྷན་བྱས་པ་དང༌། མ་བྱས་པའི་དཔེས་སྒྲུབ་པ་ཚང་བ་དང༌། མ་ཚང་བའི་དོན་གྱིས་བསྟན་ཏོ་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་བཟུང་བའི་ཁྱད་པར་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཡང་སྐྱེས་བུ་རྒས་ཤིང་ཉམ་ཆུང་བའི་དཔེས་ལྷན་ཅིག་བྱེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་དང༌། ཡོངས་སུ་མ་བཟུང་བར་ལྡན་པས་འཁོར་བ་དང༌། མྱ་ངན་ལས་འདས་པར་ལྷུང་བ་དང་མི་ལྷུང་བར་བསྟན་པའི་དོན་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་ཐབས་ལ་མི་མཁས་པ་དང༌། ཐབས་ལ་མཁས་པ་ཇི་ལྟ་བུ་ཞེན། དར་འཛིན་པ་དང༌། ང་ཡིར་འཛིན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་ཐབས་ལ་མི་མཁས་པས་ས་གཉིས་སུ་ལྟུང་ངོ༌། །དེ་ལས་བཟློག་པ་ནི་ཐབས་ལ་མཁས་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །རོ་མྱང་བ་མེད་པའི་ཁྱད་པར་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པས་ཡང་དག་པར་བསྡུས་པ་ནི་གང་རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་ཀུན་དུ་རྟོག་པ་དང༌། རེ་བ་མེད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་རྣམས་སྔོ་བར་བྱེད་ཅིང་བསྟེན་པ་ཉིད་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ། །བཤད་མ་ཐག་པའི་ལྷུག་བས་བསྟན་པའི་དོན་གང་ཡིན་བ་དེ་ཚིགས་སུ་བཅད་པས་ཕྱིས་བསྡུས་པ་ནི་འདི་ཡིན་ཏེ། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་གྲངས་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཞེས་ཉིད། །ཤེས་མྱུར་བྲི་དང་གང་བ་མེད། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། དམིགས་


DTG081_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྟེན་དང་བཅས་པ་དང༌། ཡང་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པ་ཁྱད་པར་རོ། །ཁྱད་པར་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་བའོ།། །།ཁྱད་པར་གྱི་མཚན་ཉིད་བསྟན་ནས་བྱེད་པའི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར། །ཕན་དང་བདེ་བ་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་སུ་འདྲེན་པ་ཉིད་དང་ནི། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱིས། །འབྲས་བུ་མངོན་སུམ་མི་བྱེད་བདག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་སྨྲས་པ་ལ། དེ་ལ་ཕན་པའི་བྱེད་པ་ནི་གང་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ལ་ཕན་པ་དང༌། འཇིག་རྟེན་ལ་བདེ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས། དཀའ་བ་སྤྱོད་པས་འགྲོ་བ་རྒྱུད་ལྔ་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པ་ལ་དགོད་པའི་ཕྱིར་ཕན་པས་བསྡུས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །བདེ་བ་བྱེད་པ་ནི་གང་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ནས་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་པའི་ཕྱིར་དང༌། འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཏེ། ཚེ་འདིའི་བདེ་བས་བསྡུས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱོབ་པའི་བྱེད་པ་ནི་གང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ན་ཡོད་པའི་སྡུག་བསྔལ་གང་ཅི་ཡང་རུང་བ་ལས་སྐྱོབ་ཅིང༌། ཡང་མི་སྐྱེ་བའི་ཆོས་བསྟན་པས་འཇིག་རྟེན་སྐྱོབ་པ་ཉིད་ཀྱི་ཕྱིར་རྣམ་བར་སྨིན་པ་མེད་པའི་ཆོས་ལ་བཀོད་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱབས་ཀྱི་བྱེད་པ་ནི་གང་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་དགོངས་པའི་ཕྱིར་འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཉིད་ཀྱིས་གཏན་དུ་ཕན་པ་ལ་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །གནས་ཀྱི་བྱེད་པ་ནི་གང་ཆོས་ཐམས་ཅད་འདྲེ་བ་མེད་པ་དང༌། འབྲེལ་བ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པར་ཆོས་སྟོན་པ་ཉིད་ཀྱི་གནས་སུ་གྱུར་བའི་ཕྱིར་སྡུག་བསྔལ་རྒྱུ་ལས་བཟློག་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །དཔུང་གཉེན་གྱི་བྱེད་པ་ནི་


DTG081_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་གང་ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་གང་མེད་པར་ཆོས་སྟོན་པའི་དབུང་གཉེན་དུ་གྱུར་པ་ཉིད་ཀྱི་ཕྱིར་འཁོར་བ་དང༌། མྱ་ངན་ལས་འདས་པར་མཉམ་པ་ཉིད་དུ་རྟོགས་པ་ལ་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །གླིང་གི་བྱེད་པ་ནི་གང་གཟུགས་སྔོན་གྱི་མཐའ་དང་ཕྱེ་མའི་མཐའ་ཡོངས་སུ་ཆད་པས་ཆུས་ཡོངས་སུ་བསྐོར་བ་དང༌། ཆོས་མཐུན་པར་སྲེད་པ་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པའི་ཕྱིར་གླིང་དུ་གྱུར་པ་ཉིད་ཀྱིས་རང་དང༌། གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོར་གྱུར་པའི་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་འདྲེན་པའི་བྱེད་པ་ནི་གང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་ཡོངས་སུ་འདྲེན་པར་གྱུར་པ་ཉིད་ཀྱིས་གཞན་གྱི་དོན་བསྒྲུབ་པ་ལ་འཇུག་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ལྷུན་གྱིས་གྲུབ་པའི་བྱེད་པ་ནི་གང༌། རབ་འབྱོར་གཟུགས་ནི་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བ་ལ་སོགས་པ་དང༌། གཟུགས་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོང་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མངོན་བར་འདུ་བྱེད་པ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ་ཞེས་བྱ་བའི་བར་གྱིས་ཆོས་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་ཆོས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་དོན་ལ་ལྷུན་གྱིས་གྲུབ་པར་འཇུག་ཅིང་ཞུགས་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་མྱ་ངན་ལས་འདས་པ་སྟོན་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་དོན་གྱིས་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་བྱེད་པ་ནི་གང་རབ་འབྱོར་ཆོས་ཐམས་ཅད་མི་སྐྱེ་མི་འགག་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བའི་ངང་ཚུལ་ཅན་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ནི་


DTG081_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བའི་ངང་ཚུལ་ཅན་ཏེ་ཞེས་བྱ་བའི་བར་གྱིས་ལམ་ཤེས་པའི་དབང་དུ་མཛད་ནས་ཆོས་བསྟན་པ་ཉིད་ཀྱིས་ཐེག་པ་ཇི་ལྟ་བས་ངེས་པར་འབྱུང་བ་དང༌། དེ་མངོན་སུམ་དུ་མི་བྱེད་པ་ལ་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །རྟེན་གྱི་བྱེད་པ་ནི་གང་རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མཁྱེན་པ་ནས་ཆོས་སྟོན་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་དུ་གྱུར་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །བྱེད་པའི་མཚན་ཉིད་བསྟན་ནས་རང་བཞིན་གྱི་མཚན་ཉིད་བསྟན་པའི་ཕྱིར། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་བར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་དང་ནི། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་བཞི་ལྟ་བུར་མཚོན་བ་ནས། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་བཅུ་དྲུག་གི་བདག་ཉིད་ཡིན་ཞེ་ན། ཉོན་མོངས་པ་ལས་དབེན་པའི་རང་བཞིན་ནི་གང་འདོད་ཆགས་དང༌། །ཞེ་སྡང་དང༌། གཏི་མུག་རྣམ་པར་བསལ་བའི་ཕྱིར་དབེན་པའི་རང་བཞིན་དུ་གྱུར་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེའི་རྟགས་དབེན་པའི་རང་བཞིན་ནི་གང་འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་རྣམས་ཀྱི་རྟགས་ཀྱིས་དབེན་པའི་རང་བཞིན་དུ་གྱུར་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེའི་མཚན་མས་དཔེན་པའི་རང་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་རྟགས་ནི་ལུས་ལ་སོགས་པའི་གནས་ངན་ལེན་ནོ། །མཚན་མ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །མི་མཐུན་པ་དང་གཉེན་པོའི་ཕྱོགས་དག་གིས་དབེན་པའི་རང་བཞིན་ནི་གང་དེ་བཞིན་དུ་འདོད་ཆགས་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་དང༌། གཏི་མུག་མེད་པ་དང༌། དབེན་པའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་དུ་འགྱུར་བ་


DTG081_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལྷག་པར་མོས་པར་བྱེད་པ་རྣམས་ལ་བསྒོམ་པའི་ལམ་ཉེ་བར་བཀོད་པས་ཞེས་བསྟན་པ་ཡིན་ནོ། །དཀའ་བ་ཉིད་ཀྱི་རང་བཞིན་ནི་གང་ཆོས་ཐམས་ཅད་ཤིན་ཏུ་མེད་པ་ཡིན་པས་དེ་དང་འབྲེལ་བ་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་གོ་ཆ་བགོས་པ་ནི་དཀའ་བ་བྱེད་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་དོན་དཀའ་བ་ཡིན་པར་བསྟན་པ་ཉིད་ཀྱིས་སོ། །གཅིག་ཏུ་ངེས་པའི་ངོ་བོ་ནི་གང་དེ་ལ་གོ་བགོས་པ་ནི་ཉན་ཐོས་ལ་སོགས་པའི་སར་ལྷུང་བའི་གནས་མེད་པ་ཉིད་ཀྱི་ཕྱིར་རོ། །ངེས་པར་བསྒོམ་བ་བསྟན་པ་ཉིད་ཀྱི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ཆེད་དུ་བྱ་བའི་རང་བཞིན་ནི་གང་བྱང་ཆུབ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་བར་བྱ་བའི་དོན་དུ་གོ་ཆ་བགོས་པའི་ཆེད་དུ་བྱ་བ་ལས་གཞན་དུ་མི་འཁྲུལ་པར་ཤེས་པར་བྱ་བའི་དོན་དུའོ་ཞེས་བསྟན་པ་ཡིན་ནོ། །མི་དམིགས་པའི་རང་བཞིན་ནི་གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མི་བགྱི་བས་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང༌། སྒོམ་པའི་དམིགས་པ་རྣམ་པར་བསྒོམ་པ་ཞེས་བྱ་བ་ནས་བརྩམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་བ་རྣམ་པར་བསྒོམ་པ་མི་དམིགས་པ་དེ་བས་ན། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བསྒོམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམས་པ་ལགས་སོ་ཞེས་བསྟན་པ་ཡིན་ནོ། །མངོན་བར་ཞེན་པ་བཀག་པའི་རང་བཞིན་ནི་གང་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ཞེན་པ་མེད་པར་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། འདི་བསྟན་པའི་ཚེ་མི་འཇིགས། མི་སྐྲག་བ་ལ་སོགས་པས་ལམ་ཤེས་པའི་རྣམ་པར་བསྒོམ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དམིགས་པའི་རང་བཞིན་ནི་གང་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་བའི་བསམ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྟོག་པ་


DTG081_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་རྨི་ལམ་དང༌། སྤྲུལ་པ་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡོངས་སུ་རྟོག་པ་ཡིན་ཞེས་བྱ་བའི་བར་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བསྒོམ་པ་ཉིད་བསྟན་པས་ཞེས་གསུངས་པ་ཡིན་ཏ། དེ་ཅིའི་ཕྱིར་ཞེན། གཟུགས་ནས་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་ཡོངས་སུ་རྟོག་པ་ཡིན་ནོ་ཞེས་བྱ་བ་ནས་ཐམས་ཅད་ཤེས་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ་ཉིད་ལས། དམིགས་པའི་བསྒོམ་པའི་ཁྱད་པར་རབ་ཏུ་བསྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའི་ཁྱད་པར་ངོ་བོ་སྟོན་པའི་དོན་གྱིས་ཞུས་པ་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་མ་ཡིན་ནོ། །ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཁྱད་པར་ཤེས་པའི་དོན་གྱི་ལན་སོ་སོར་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་དེ་ལྟར་ཡིན་ན། སྡིག་པའི་ཆོས་རྣམས་ཐམས་ཅད་དེ། །མི་དགེ་བ་ལ་སོགས་པ་དེ་ཇི་ལྟར་ཡིན་ཞེས་བྱ་བ་ལ་སོགས་པ་དེ་ཇི་ལྟར་ཡིན་ཞེན། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས་སོ་ཞེས་བྱ་བ་གསུངས་པ་དེ་ཉིད་ཀྱི་ཕྱིར་གཅིག་ལ་གཅིག་ངོ་བོ་ཟབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དེ་བཞིན་ཉིད་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཇི་ལྟར་འཐད་པ་ཡིན་ཞེ་ན། སངས་རྒྱས་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཐུགས་ལས་ཆུང་བ་ཉིད་ཀྱི་རྒྱུ་ནི་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པའི་དབྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཐམས་ཅད་དང་མི་མཐུན་


DTG081_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ནི་གང་ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་བསྟན་པ་ཡང་མ་ལེགས་སོ། །བཅོམ་ལྡན་འདས་འཇིག་རྟེན་ནི་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཉིད་ཀྱིས་ནི་འཛིན་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་མ་ཡིན་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཐོགས་པ་མེད་པའི་རང་བཞིན་ནི་གང་དེ་ལྟར་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་ཡོངས་སུ་རྫོགས་པའི་མངོན་པར་རྟོགས་པ་དང་མཐུན་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །གཞི་མེད་པའི་རང་བཞིན་ནི་གང་གཟུགས་ལ་སོགས་པའི་རྟེན་མི་དམིགས་པ་ནས་བརྩམས་ཏེ། ཤེས་པ་དང༌། ཤེས་བྱ་མཉམ་པ་ཉིད་ཀྱི་དོན་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །འགྲོ་བ་མེད་པའི་རང་བཞིན་ནི་གང་འདི་ནི་ཐམས་ཅད་མཁྱེན་པ་གསུམ་པོ་ཀུན་བསྐྱེད་པའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ། གནས་བརྟན་རབ་འབྱོར་དཔེར་བྱས་ནས། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་འོངས་མ་སོང་བ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བ་ནས། གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་དུ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་སུ་མངོན་བར་འདོད་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཀྱི་སྤྱི་ཡིན་ནོ། །ཆོས་ཉིད་གནས་པ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། ཆོས་ཉིད་ཀྱི་རྒྱུན་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །བསྒྲུབ་པའི་ཆོས་ཀྱི་ཁྱད་པར་དུ་འགྲོ་བ་ནི་དེའི་རྣམ་པར་རྟོག་པ་མེད་པ་ནི་ཆོས་ཉིད་ཡིན་ནོ། །མི་བྱེད་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐེག་པ་གསུམ་གྱི་དབྱེ་བ་དམིགས་སུ་མེད་པའི་ཆོས་ཉིད་ཡིན་ནོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐེག་པ་


DTG081_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཞན་དུ་ཚོལ་བ་མེད་པ་ནི་ཆོས་ཉིད་ཡིན་ནོ། །དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་ཕུང་པོ་རྣམས་ཀྱི་དེ་བཞིན་ཉིད་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དེ་བཞིན་ཉིད་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དེ་བཞིན་ཉིད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་ཉིད་དུ་རྟོགས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐོབ་པར་གྱུར་པའི་ཕྱིར་མིང་དེའི་མཚན་མ་དཔང་པོར་གྱུར་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྟོགས་པ་མཐོ་བ་དང་དམའ་བར་གྱུར་བ་ཡིན་པའི་ཕྱིར། འདི་ལྟ་སྟེ། མདོ་ལས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་པའི་མཚན་མ་ཆེན་པོ་བཅོ་བརྒྱད་དུ་གྱུར་པ་ནི་གཡོ་བ་དང༌། རབ་ཏུ་གཡོས་པ་དང༌། ཀུན་ཏུ་རབ་ཏུ་གཡོས་པའོ། །འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེ་།རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ །ཆེམ། རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཤིག །རབ་ཏུ་ཤིག །ཀུན་ཏུ་རབ་ཏུ་ཤིག་ཤིག་ཅེས་བསྟན་པ་ཡིན་ནོ། །དེ་ལ་རྣམ་པ་དྲུག་ནི་གཡོ་བ་དང༌། མཐོ་བ་དང༌། དམའ་བ་དང༌། སྟེང་དུ་འགྲོ་བ་དང༌། འོག་ཏུ་འགྲོ་བ་དང༌། སྒྲ་རྗེས་སུ་སྒྲོགས་པའོ། །ལྟས་ཆེན་པོ་བཅོ་བརྒྱད་ནི་གཡོ་བ་ལ་སོགས་པའི་འགྱུར་བ་རྣམ་པ་དྲུག་པོ་དེ་དག་ཉིད་གོ་རིམས་བཞིན་དུ་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་ཉིད་ཀྱིས་ཤེས་པར་བྱ་སྟེ། སྣོད་ཀྱི་འཇིག་རྟེན་སྤྱད་བར་བྱས་པ་དང༌། མ་བྱས་པའི་དབང་དུ་བྱས་པ་གཉིས་དང༌། སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་པ་ནི་རྣམ་པ་བཞི་སྟེ། སེམས་ཅན་གྱི་ཚོགས་མི་དགེ་བ་ལ་སྤྱོད་པ་དང༌། སྣ་ཚོགས་ལ་མོས་པ་དང༌། ང་རྒྱལ་དང༌། རིགས་པ་དང་ལྡན་པའི་བྱ་བ་ཆུང་དུ་དང༌། འབྲིང་དང༌། ཆེན་


DTG081_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབྱེ་བས་གཡོས་སོ་ཞེས་བྱ་བ་ནས་ཀུན་དུ་རབ་ཏུ་ཤིག་ཤིག་ཅེས་བྱ་བའི་བར་དུ་ཚིག་བཅོ་བརྒྱད་ཀྱིས་དོན་བསྟན་པ་ཡིན་པར་ཤེས་པར་བྱའོ་ཞེས་གནས་བརྟན་དབྱིག་གཉེན་གྱིས་བཤད་དོ། །དེ་ལྟར་ཐམས་ཅད་ཤེས་པའི་རྣམ་པར་རྗེས་སུ་སྐྱེས་པ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །སྐྱེ་བ་མེད་པའི་རང་བཞིན་ནི་གང་ལྷའི་བུ་དག་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་འདི་དག་མེད་ཅིང་མི་དམིགས་སོ། །གང་སྐྱེ་བ་མེད་ཅིང༌། གང་སྐྱེ་བའང་མེད་དོ། །དེ་བཞིན་དུ་ལམ་གྱི་རྣམ་པར་ཤེས་པ་ཡང་རྗེས་སུ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་ཉིད་མི་དམིགས་པའི་རང་བཞིན་བཅུ་དྲུག་ནི་གང་བཅོམ་ལྡན་འདས་དེ་བཞིན་ཉིད་འདི་ནི་ཟབ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་གནས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མ་ནོར་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་གྱིས་སོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ནི། ཆོས་ཉིད་ལས་ཆོས་ཉིད་བརྩལ་བའི་དོན་གྱིས་སོ། །ཆོས་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་དབྱེ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་འཕགས་པའི་ཆོས་ཐམས་ཅད་ཐོབ་པའི་རྒྱུའི་དོན་གྱིས་སོ། །ཆོས་གནས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་མཛད་པའི་ཕྱིར་རོ། །ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་བ་ནི་རྒྱུ་དང་རྐྱེན་མི་འཁྲུལ་པའི་ཕྱིར་རོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་དེ་ལ་དམིགས་པའི་ཕྱིར་རོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་དོ། །དེའི་མཐའ་ནི་མཐར་ཐུག་པ་སྟེ། བདག་མེད་པ་ལས་གཞན་དུ་དེ་ཁོ་ན་བརྩལ་དུ་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དེ་བཞིན་ཉིད་དམིགས་སུ་མེད་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་སྐྱེས་པ་ཉིད་ཡང་དག་པར་མཐོང་བའི་ཕྱིར་རོ། །དེའི་ཚེ་དུ་མ་རྣམས་ལ་བསྟན་པས་རྟོགས་པ་ཐོབ་པ་གསལ་བ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་


DTG081_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མ་བཟུང་ཞིང༌། ཐབས་ལ་མཁས་པ་དང་བྲལ་བ་ནི་ཉན་ཐོས་ལ་སོགས་པའི་སར་ལྟུང་བར་འགྱུར་ཏེ། གཞན་དེ་རྣམས་ཀྱིས་དེ་ལྟར་ཤེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་སྦྱར་ཞིང་སྤྲོ་བ་བསྐྱེད་པའི་དོན་དུ་བྱ་ལུས་ཆེན་པོར་གྱུར་པའི་དཔེས་སྦྱིན་པ་ལ་སོགས་པས་རབ་ཏུ་ཟིན་ཀྱང་གཉིས་ཕོ་དང་བྲལ་ན་ཉན་ཐོས་ལ་སོགས་པའི་སར་ལྟུང་སྟེ། དེ་ལྟར་བསྟན་པས་གཉིས་པོ་ནི་ངེས་པར་འབྱུང་བ་ལ་གཅོ་བོ་ཡིན་པར་བསྟན་ཏོ། །དེ་ལ་གཤོག་བ་དང་ལྡན་པ་ལ་ནི་འདབ་ཆགས་ཞེས་བྱའོ། །དེས་དབྱེ་བ་ནི་བྱ་ཉིད་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་བྱ་ཞེས་བྱ་བ་སྨོས་སོ། །དེ་ལྟར་བདག་ཉིད་ལུས་ཆེ་ལ་གཤོག་པ་དང་བྲལ་བའི་ཕྱིར་ཞིག་ཅེས་གསུངས་པ་ཡིན་ནོ། །རང་བཞིན་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།ཅི་ནས་ཀྱང་འདིར་སྦྱོར་བ་ལ་བརྩོན་པ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་བ་མ་ཡིན་ནོ། །འདིར་མེད་པར་ནི་མི་འགྱུར་རོ། །དེ་ལྟ་མོད་ཀྱི་ཇི་ལྟ་བུ་ཞིག་ལ་ཞེ་ན། ཐར་པའི་ཆད་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་རྣམས་ལའོ། །ཐར་པའི་ཆ་དང་མཐུན་པ་ཡང་ཇི་ལྟ་བུ་ཞིག་ཅེ་ན། །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་རུ། ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བསྟན་ཏོ། །གང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་འདི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་དབང་དུ་བྱས་ནས་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐབས་ལ་མཁས་པས་མཚན་མ་མེད་པར་བྱས་ནས་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པ་ནི་སྤྱོད་པར་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །ཡང་ཅིའི་ཕྱིར་འདིར་སྦྱིན་པ་ལ་སོགས་པའི་མཚན་མའི་འདུ་ཤེས་རྣམས་བཀག་ཅེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་རྣམས་གང་ཅུང་ཟད་ཀྱང་ཆོས་ཀྱི་ངོ་བོར་མེད་ཅིང་མི་དམིགས་པའི་ཕྱིར་རོ། །


DTG081_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་འདུ་ཤེས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་དཀའ་བའི་ཕྱིར་རོ། །མཚན་མ་མེད་པའི་འདུ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པར་གོམས་པར་བྱས་པས་དེས་སླ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བའི་ཕྱིར་རོ། །མཚན་མ་མེད་པའི་འདུ་ཤེས་ལས་བཟློག་པ་ནི་འཁྲུལ་པ་ཞེས་བྱ་སྟེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་བཟློག་པ་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །མཚན་མའི་འདུ་ཤེས་ནི་རྣམ་པ་བཞི་སྟེ། གཟུགས་ལ་སོགས་པའི་འདུ་ཤེས་དང༌། དེ་ལས་གཞན་པ་སྐྱེས་བུའི་འདུ་ཤེས་དང༌། དེ་བཞིན་ཉིད་ཀྱི་འདུ་ཤེས་དང༌། ཆོས་ཀྱི་འདུ་ཤེས་སོ། །གང་ལ་དེ་དག་གི་མེད་པ་ནི་འདུ་ཤེས་མེད་པ་ཞེས་བྱ་སྟེ། དེས་ནི་ཡང་མངོན་བར་བྱང་ཆུབ་པར་སླ་བ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་དང༌། དེ་ལས་གཞན་པ་དང༌། དེ་བཞིན་ཉིད་དང༌། དེ་ལས་བཟློག་པའི་ཆོས་གཞན་མི་དམིགས་པའི་ཕྱིར་རོ། །འདི་ལྟར་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གཞན་པའི་ལྡོག་པ་བྱང་ཆུབ་སེམས་དཔའ་མི་དམིགས་པས་ནི་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སླ་བ་ནི་འཐད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་པར་བྱ་བ་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟ་བུའི་ཉེས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་དམ་ཞེས་བྱ་བ་ནས་བརྩམས་ཏེ། བདེན་པ་ལ་གནས་པས་དེས་ཆོས་རྣམས་མི་དམིགས་ན་དེ་ལྟར་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་གཅིག་དང་དུ་མར་ཁས་མི་ལེན་པའི་འཐད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བདེན་པ་ནི་དོན་དམ་པའི་བདེན་པ་ཉིད་དོ། །གནས་པ་ཞེས་བྱ་བ་ནི་ཐ་སྙད་དུ་བཏགས་པ་ཞེས་བྱ་བའི་དོན་ཏོ། །


DTG081_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ཆ་དང་མཐུན་པའི་རང་གི་ངོ་བོ་བསྟན་ནས། ད་ནི་རྟགས་བརྗོད་པར་བྱ་སྟེ། གང་གི་རྟགས་སུ་ཤེས་ཤེ་ན། དེ་ལ་རྟགས་ནི་རྣམ་པ་གསུམ་སྟེ། གནས་མ་ཡིན་པ་ལ་སྐྲག་པའི་ཕྱིར་རོ། །ཀུན་དུ་ཞུམ་པ་ནི་རྒྱུན་དུ་སྐྲག་པའི་ཕྱིར་རོ། །རྒྱབ་ཀྱིས་ཕྱོགས་པ་ནི་ཀུན་དུ་སྐྲག་པ་མཐར་ཐུག་པའོ། །དེ་དག་གི་སྣོད་མ་ཡིན་པ་ཐོབ་པའི་ཕྱིར། གང་ཞིག་དེ་ལས་བཟློག་པ་གང་ཡིན་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་བརྟགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་ལ་ཁྱད་པར་མེད་དོ་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་བརྟགས་པ་མི་དམིགས་པ་སེམས་མ་ཞུམ་པ་དང༌། མི་སྐྲག་པ་ལ་སོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །འདི་ལྟར་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་རྣམས་ལས་དེ་ལ་ཆུང་དུ་ནི་གང་མཚན་མ་མེད་པར་བྱ་སྟེ། སྦྱིན་པ་ལ་སོགས་པ་གཏོང་བ་དང༌། ཐབས་ལ་མཁས་པ་ལ་སོགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འབྲིང་ནི་གང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པར་གོམས་པར་བྱས་པ་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ། །ཆེན་པོ་ནི་གང་གཟུགས་ལ་སོགས་པ་དེ་རྣམས་ལས་དེ་བཞིན་ཉིད་དེ་གཞན་པ་དང༌། དེ་ལས་གཞན་པའི་ལྡོག་པའི་ཆོས་མི་དམིགས་པ་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་ཐོས་པ་དང༌། བསམས་པའི་ཤེས་རབ་ཀྱི་རང་བཞིན་ཡིན་པར་རིག་པར་བྱ་སྟེ། དང་པོར་བསྟན་པ་ལ་འཇུག་པའི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ལ་ཐར་པའི་ཆ་དང་མཐུན་པའི་རྣམ་པར་འགྲེལ་པའོ།། །།

སྦྱོར་བའི་ལམ་ངེས་པར་འབྱེད་པའི་རྣམ་པར་འགྲེལ་པ།


DTG081_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ཆ་དང་མཐུན་པ་བསྟན་ནས་ད་ནི་སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པར་བརྗོད་པར་བྱའོ། །དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་བཟུང་བ་ཡིས། །ཞེས་སྔར་བསྟན་པ་མ་ཡིན་ནམ། སྦྱོར་བ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་


DTG081_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཅིའི་ཕྱིར་བཤད་ཅེ་ན། ཁྱད་པར་གྱི་མཚན་ཉིད་བསྟན་ནས་ད་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ཅན་སྦྱོར་བའི་ལམ་གྱིས་བསྡུས་པ་བསྟན་པའི་ཕྱིར། །དྲོ་བ་རྣམས་ཀྱིས་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དགུ་རུ་རིག་པར་བྱ། །ཞེས་བསྟན་པ་ལས་འདིར་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་མཉམ་པ་ཉིད་ལ་སོགས་པའི་རྣམ་པར་སྦྱོར་བའི་ལམ་ངེས་པར་འབྱེད་པ་དྲོ་བར་གྱུར་བ་ཇི་ལྟར་བརྗོད་ཅེ་ན། དེ་ལ་སྨྲས་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་ནས་དེས་དམིགས་ནས་གནས་པ་དང༌། དེ་བཞིན་དུ་བྱམས་པའི་སེམས་བསྐྱེད་ནས་དེས་དམིགས་པ་ཉིད་དང༌། ང་རྒྱལ་མེད་པའི་སེམས་བསྐྱེད་ནས་འཚེ་བ་མེད་པ་དེས་དམིགས་པར་བྱེད་པ་ཉིད་དང༌། ཁོང་ཁྲོ་མེད་པའི་སེམས་བསྐྱེད་ནས་དེས་དམིགས་པར་བྱེད་པ་ཉིད་དང༌། དེ་བཞིན་དུ་མ་དང༌། ཕ་དང༌། སྤུན་ཟླ་དང༌། སྲིང་མོ་དང༌། གྲོགས་པོ་དང༌། གཉེན་དང༌། སྣག་གི་གཉེན་མཚམས་ཀྱི་བར་དུ་སེམས་བསྐྱེད་ནས་དེས་དམིགས་པར་བྱེད་པ་ཉིད་དང༌། ཡང་རྣམ་པ་ཐམས་ཅད་དུ་མི་ཟད་པ་མེད་པའི་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་པས་ནི་གཉིས་སུ་མི་འབྱེད་པར་ཤེས་པར་བྱ་བའི་ཆེད་ཡིན་ནོ། །ཕ་དང་མ་ལ་སོགས་པ་གཉིས་གཉིས་གཅིག་ཏུ་བྱས་ནས་རྣམ་པ་དགུར་འགྱུར་བ་ཡིན་ནོ། །འདིར་རེ་ཞིག་སྦྱོར་བའི་ལམ་ལ་དྲོ་བར་གྱུར་བ་དེ་ལྟ་བུ་ཡིན་ན། རྩེ་མོར་གྱུར་པ་ཇི་ལྟ་བུ་ཞིག་ཅེ་ན། བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་པ་གནས་པ་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་རྗེས་མཐུན་ཉིད། །རྩེ་མོར་གྱུར་ཅེས་བྱ་བ་ལ། བདག་ཉིད་སྡིག་པ་ལས་ལྡོག་ཅིང་སྦྱིན་བ་ལ་སོགས་པ་ལ་འཇུག་པ་ནི་གང་བདག་ཉིད་ཀྱང་སྲོག་གཅོད་པ་སྤོང་བར་བྱེད། གཞན་དག་ཀྱང་དེ་ལ་སྦྱོར་བར་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང༌། ལུགས་དང་མཐུན་པ་ལས་བཟློག་པ་ལ་མཉམ་པར་འཇོག་པར་


DTG081_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་དེ་ལ་གཞན་དག་ཡང་དག་པར་སྦྱོར་བ་དང༌། དེའི་བསྔགས་པ་བརྗོད་པ་དང༌། དེ་སྙོམས་པར་འཇུག་པ་གཞན་དག་ལ་ཡང་མཐུན་པས་དགའ་བར་བྱེད་ཅིང༌། འདིར་ཡང་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྡིག་པ་ལས་ལྡོག་པ་དང༌། དགེ་བ་ལ་སོགས་པ་ལ་འཇུག་པ་ལ་ཡང་དག་པར་སྦྱོར་ཞིང༌། བསྔགས་པ་བརྗོད་པ་ལ་སོགས་པས་མཐུན་པར་དགའ་བར་བྱེད་པ་ནི་འདིར་སྦྱོར་བའི་ལམ་རྩེ་མོར་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཟོད་པར་གྱུར་པ་ཇི་ལྟ་བུ་ཞིག་ཅེ་ན། དེ་བཞིན་བཟོད་པ་ནི། བདག་གཞན་རྟེན་ཅན་བདེན་ཞེས་པ། །ཞེས་བསྟན་པ་ལ། དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྔར་གཞན་གྱི་རྟེན་ཅན་གྱི་དབྱེ་བ་ལྟར། དམིགས་པའི་དབྱེ་བས་ཕྱེ་བ་ནི་གང་བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་གནོན་ཅིང༌། དེ་ལ་གཞན་དག་སྦྱོར་ཞིང་བསྔགས་པ་བརྗོད་པ་ལ་སོགས་པས་དེ་གནོན་པ་ལ་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། དམིགས་པའི་རྣམ་པའི་བྱེ་བྲག་བརྗོད་པ་སྔ་མ་བཞིན་ནོ། །འདིར་སྦྱོར་བའི་ལམ་ངེས་པར་འབྱེད་པའི་བཟོད་པར་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འཇིག་རྟེན་པའི་ཆོས་ཇི་ལྟ་བུ་ཞིག་ཅེ་ན། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་བཟོད་པ་བསྟན་ནོ། །བདག་གཞན་རྟེན་ཅན་ཉིད་ཀྱང་འདིར་རྗེས་སུ་སྦྱར་རོ། །དམིགས་པ་དང་རྣམ་པའི་བྲེ་བྲག་རྣམས་ཇི་ལྟ་བུ་ཞིག་ཅེ་ན། སེམས་ཅན་རྣམས་སྨིན་བྱེད་སོགས་ཀྱིས། ཞེས་བྱ་བ་ལ་གང་བདག་ཉིད་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། དེ་དེ་ལྟར་སློབ་ཅིང་འདོད་པ་དེ་ཉིད་ཀྱིས་བསྒྲིབས་པ་མེད་པའི་གཟུགས་སུ་འགྱུར་བ་ཡིན་ཏེ། དམ་པའི་ཆོས་གནས་པ་ཉིད་སྒྲིབ་པ་མེད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔ་མ་བཞིན་དུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་


DTG081_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཡོངས་སུ་གཟུང་བ་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །སྦྱོར་བའི་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོག་དེ་ཡང་དེའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་རིགས་ཀྱི་དབྱེ་བས་རེ་རེ་ཞིང་རྣམ་པ་གསུམ་གསུམ་དུ་འགྱུར་རོ། །དེ་ལ་དྲོ་བར་གྱུར་པ་ཆུང་ངུ་ནི་ཇི་སྐད་དུ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་ནས་དེས་དམིགས་པས་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚེ་འདི་ཡིན་ཏེ། གཞན་ལ་མི་འཚེ་བ་ཉིད་ཉེ་བར་གཟུང་བ་ཡིན་ནོ། །འབྲིང་ནི་ཇི་སྐད་དུ། ཕན་པའི་སེམས་བསྐྱེད་ནས་དེས་དམིགས་པ་ཉིད་དུ་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱི་མ་གཞན་ལ་ཕན་བར་དགོངས་པ་ཉེ་བར་གཟུང་བ་ཡིན་ནོ། །ཆེན་པོ་ནི་ཇི་སྐད་དུ། ཕ་དང༌། མ་དང༌། སྤུན་ཟླ་དང༌། སྲིང་མོ་ལ་སོགས་པའི་སེམས་བསྐྱེད་ནས་དེས་དམིགས་པ་ཉིད་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །འཕྲལ་དང་ཡུན་རིང་པོར་ཡིད་དུ་འོང་བས་བསྡུས་པ་ལ་འཇུག་པར་འདོད་པ་ཉིད་ཀྱི་ཕྱིར་འདི་དང༌། ཕྱི་མ་གཉི་ག་ཡིན་ནོ་ཞེས་ཉེ་བར་གཟུང་བ་ཡིན་ནོ། །རྩེ་མོ་རྒྱུད་པ་ཆུང་ངུ་ནི་ཇི་སྐད་དུ། བདག་ཉིད་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་ལས་བཟློག་པར་བཞེས་པ་ཉེ་བར་གཟུང་བའི་ཕྱིར་རོ། །རྩེ་མོར་གྱུར་པ་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱིས་ཀྱང་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་བདེ་བའི་རྒྱུ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་བཟུང་བ་ཡིན་པའི་ཕྱིར་རོ། །རྩེ་མོར་གྱུར་པ་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་ནང་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དག་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤངས་པར་བཞེད་པ་ཉེ་བར་གཟུང་བའི་ཕྱིར་རོ། །བཟོད་པ་ཆུང་ངུ་ནི་ཇི་སྐད་དུ། བདག་ཉིད་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་


DTG081_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །གཞན་དག་འཕགས་པའི་ལམ་ལ་ངེས་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བའི་ཕྱིར་རོ། །བཟོད་པ་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་སྟེ། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དག་འབྲས་བུ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བའི་ཕྱིར་རོ། །བཟོད་པ་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ལ་འཇུག་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དག་སངས་རྒྱས་ཉིད་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བ་ཡིན་པའི་ཕྱིར་རོ། །བཟོད་པ་དེ་ཡང་སྐད་ཅིག་མ་གཅིག་ཡིན་པར་ཤེས་པར་བྱའོ། །ཆོས་ཀྱི་མཆོག་ཆུང་དུ་ནི་བདག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྱད་པར་མེད་པའི་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བཞེད་པ་ཉེ་བར་གཟུང་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་མཆོག་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་ཅན་རྣམས་ཁྱད་པར་གྱི་ལམ་ལ་བྱང་ཆུབ་སེམས་དཔའི་མངོན་བར་ཤེས་པ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བ་ཡིན་ནོ། །ཆོས་ཀྱི་མཆོག་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་ཕུན་སུམ་ཚོགས་པ་ཐམས་ཅད་མཐར་ཐུག་པ་ལ་འཇོག་པ་བཞེད་པ་ཉེ་བར་གཟུང་བ་ཡིན་པའི་ཕྱིར་རོ། །གང་འདི་ལྟར་བཟོད་པའི་ཆེན་པོ་སྐད་ཅིག་མ་གཅིག་ཡིན་པར་བསྟན་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཀྱང་ཡིན་ནོ། །ཞེས་བྱ་བ་དེ་ནི་རང་གི་དོན་གྱི་དབང་དུ་བྱས་པ་ཡིན་ལ། འདིར་ནི་གཞན་གྱི་རྟེན་ཅན་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་བྱེ་བྲག་བཤད་པའི་ཕྱིར། གཞན་གྱི་དོན་ལ་གོང་ནས་གོང་དུ་འགྲོ་བའི་གནས་སྐབས་ཡོད་པའི་ཕྱིར་དེ་དང་འདི་ལ་འགལ་བ་མེད་དོ། །སྦྱོར་བའི་ལམ་ངེས་པར་བྱེད་པའི་རྣམ་པར་འགྲེལ་པའོ།། །།

བྱང་ཆུབ་སེམས་དཔའི་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པ།


DTG081_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་འདི་སྐད་དུ། ཉན་ཐོས་ཀྱི་དགེ་འདུན་ནམ། བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ཞེས་ཟེར་ན། ད་དག་ནི་ཉན་ཐོས་ཀྱི་དགེ་འདུན་ཡིན་པར་ཤེས་པར་བྱ་སྟེ། ལམ་གྱི་འབྲས་བུ་དང༌། འབྲས་བུའི་ལམ་གྱི་དབྱེ་བས་སྐྱེས་བུ་ཟུང་བཞི་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་བསྟན་པའི་ཕྱིར་རྣམ་པ་ཀུན་མངོན་བར་རྫོགས་པར་རྟོགས་པའི་དབང་དུ་བྱས་ནས། ཕྱིར་མི་ལྡོག་པའི་མཚན་ཉིད་ལས་བརྩམས་ནས་སོ་སོའི་བདག་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་དྲིང་ཐ་དད་པ་ཡིན་ནོ་ཞེས་བསྟན་ཏོ། །ཇི་སྐད་དུ། བཅོམ་ལྡན་འདས་བདག་གིས་ཇི་ལྟར་ཕྱིར་མི་ལྡོག་པ་དང༌། ཕྱིར་མི་ལྡོག་པའི་མཚན་ཉིད་དུ་འཚལ་བར་བགྱི་ཞེས་བྱ་བས་ནི་བདག་དང༌། གཞན་རྟོགས་པའི་རྒྱུ་མཚན་ནི་ཡོངས་སུ་ཞུས་པ་ཡིན་ནོ། །རབ་འབྱོར་གང་ཡང་སོ་སོའི་སྐྱེ་བོའི་ས་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱིས་བྱས་པ་དང༌། མ་བྱས་པ་ལ་བལྟ་བར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི་དེའི་མཚན་ཉིད་གསུངས་པ་ཡིན་ནོ། །གཞན་རྟོགས་པའི་རྒྱུ་མཚན་དུ་ཕྱིར་མི་ལྡོག་པའི་དབང་དུ་མཛད་ནས་ཡང་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམ་པ་གསུམ་དུ་འགྱུར་བར་རིག་པར་བྱའོ། །ངེས་པར་འབྱེད་པའི་ཆས་བསྡུས་པ་སྦྱོར་བའི་ལམ་གྱི་གནས་སྐབས་དང༌། བཟོད་པ་དང་ཤེས་རབ་བསྡུས་པ་མཐོང་བའི་ལམ་གྱི་གནས་སྐབས་དང། རྒྱུན་དང་ལྡན་པའི་བསྒོམ་པའི་ལམ་གྱི་གནས་སྐབས་སོ། །དེ་ཡང་གང༌། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ས་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཤེས་བསྟན་པ་ནི་དགེ་འདུན་ཡིན། །ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ལས་ལྡོག་པའི་རྟགས་རྣམ་པ་ཉི་ཤུ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་འདིའི་མཚན་ཉིད་ཡིན་ཏེ། གང་བཅོམ་ལྡན་འདས་རྣམ་པ་ཞེས་བགྱི་བ་འདི་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་རྟོགས་པས་བསྡུས་པ་ནི་རྟགས་ཞེས་བྱའོ། །རང་གི་རྟེན་


DTG081_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་ནི་མཚན་མ་ཞེས་བྱའོ། །དེས་ཡོངས་སུ་ལོངས་སྤྱོད་པ་ནི་རྣམ་པའོ། །དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། དེ་ནི་གཞན་དག་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །རྟགས་ཉི་ཤུ་གང་དག་ཡིན་ཞེ་ན། གཟུགས་ལ་སོགས་པ་ལས་ལྡོག་པས་ཏེ། གང་རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། རྟགས་མེད་པ། མཚན་མ་མེད་པའོ་ཞེས་བསྟན་པ་ཡིན་ནོ། །ཚོར་བར་བྱ་བ་དང༌། ཚོར་བ་པོའི་འབྲེལ་པ་བཀག་པས་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ནི་ཕྱིར་མི་ལྡོག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་རྣམས་རང་གི་ངོ་བོ་གནས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཡིད་གཉིས་མེད་པ་ཉིད་ཀྱིས་ལྷ་གཞན་དག་ལ་ཕྱག་མི་འཚལ་ཞིང༌། མེ་ཏོག་ལ་སོགས་པས་མཆོད་པར་མི་སེམས་པ་དང༌། གཞན་ཡང་མི་ཁོམ་པ་བརྒྱད་དང༌། བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པར་མི་འགྱུར་བ་དང༌། ཡང་བདག་ཉིད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པ་ཡིན་ཏེ། དེ་ཉིད་གཞན་དག་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ། དེའི་བསྔགས་པ་བརྗོད་པ་ཡིན། །མཐུན་པས་དགའ་བར་བྱེད་པ་ཡིན། །སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཅིང་བསྒོམ་པ་ལ་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་གཏོང་ཞིང༌། དེ་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་འདོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང༌། ཆོས་ཐམས་ཅད་མི་མཐོང་བས་ཆོས་ཟབ་མ་ལ་ནམ་ནུར་དང༌། ཐེ་ཚོམ་དང༌། ཡིད་གཉིས་མེད་པ་དང༌། དེ་ལས་ལམ་གཞན་འདོད་ཅིང་མཐར་ཐུག་པའི་ནུས་པ་མེད་པའི་ཕྱིར་ནེམ་ནུར་རོ། །ལམ་དང་འདྲ་བ་ལས་བཟློག་པ་ནི་ཡིད་གཉིས་སོ། །རིགས་ཀྱི་ཆོས་དགེ་བ་རྣམ་པ་སྣ་ཚོགས་འཕེལ་བ་མེད་པར་འགྲོ་བས་ན། ཐེ་ཚོམ་ཟ་བའི་ཕྱིར་ཐེ་ཚོམ་མོ། །བྱམས་པའི་ལུས་དང༌། ངག་དང༌། ཡིད་ཀྱི་ལས་དང་ལྡན་པ་དང༌། སྒྲིབ་པ་ལྔ་དང༌། ལྷན་ཅིག་མི་གནས་པ་དང༌། བག་ལ་ཉལ་ཐམས་ཅད་དུས་ཐམས་ཅད་དུ་མེད་པ་ནི་མ་རིག་


DTG081_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ལྟ་བས་བསྡུས་པའི་བག་ལ་ཉལ་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམས་བཞིན་དུ་སྲིད་པ་ལེན་པའི་ཕྱིར་འདོད་པ་དང༌། སྲིད་པའི་ཟག་པས་བསྡུས་པ་མ་ཡིན་ནོ། །འགྲོ་བ་དང༌། འོང་བ་ལ་སོགས་པའི་སྤྱོད་ལམ་ལ་སོགས་པའི་དྲན་པ་ཉེ་བར་འཇོག་པ་ཉིད་དང༌། གཙང་སྦྲའི་ཀུན་ཏུ་སྤྱོད་པ་དང་ལྡན་ཞིང་ནད་ཉུང་བ་ཉིད་ཡིན་ལ། ཆོས་གོས་དང་ལོངས་སྤྱོད་སྨད་དུ་མེད་པ་ཉིད་ཀྱིས་དྲོད་དུ་གཏོགས་པའི་གནས་སྐབས་ཡིན་ནོ། །དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཉིད་ཡིན་པས་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་མེད་པ་ཉིད་དང༌། དགེ་བའི་རྩ་བ་རྣམ་པར་དག་པའི་ཕྱིར་སེམས་ཀྱི་གྱ་གྱུ་དང་བྲལ་བས་ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས། གོང་ནས་གོང་དུ་ལུས་དང་སེམས་ཡོངས་སུ་དག་པ་འཛིན་ཅིང་རྒྱུ་ཉིད་དུ་གྱུར་པ་དང༌། རྙེད་པ་དང༌། བཀུར་སྟི་ལ་སོགས་པ་ལྷུར་ལེན་པ་མ་ཡིན་པ་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་སྤྱོད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སེམས་མི་བསྐྱེད་པ་དང༌། བློ་བརྟེན་ཞིང་ཟབ་པས་གཞན་ལས་ཆོས་ཉན་པ་ན་ཆོས་ཉིད་སྦྱོར་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡང་དག་པར་བསྒྲུབ་པ་དང༌། ཡང་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་སྤྲུལ་ཏེ། ངན་སོང་དུ་ལྷུང་ཞིང་སྡུག་བསྔལ་མི་བཟད་པས་རྒྱུན་དུ་སྡུག་བསྔལ་བའི་ཚོར་བའི་དབང་དུ་བྱས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་ནོ། །ཞེས་བསྟན་ཅིང་འབྱེད་པ་ན་སེམས་མི་འཁྲུགས་པར་འགྲོ་བ་ཡོངས་སུ་སྐྱོབ་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཕྱིར་མི་ལྡོག་པ་ཉིད་ཀྱིས་རྩེ་མོར་གཏོགས་པའི་གནས་སྐབས་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ་འདི་སྐད་དུ་ཞེས་བྱ་བ་ནས་བརྩམས་ཏེ། ལམ་གཞན་བསྟན་དུ་ཟིན་ཀྱང་དགེ་སློང་དགྲ་བཅོམ་པའི་དཔེས་གཞན་ལ་ཡིད་ཆེས་པར་མི་འགྲོ་བ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་


DTG081_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོགས་པ་ནི་འཐད་པ་ཡིན་ནོ། །གཞན་ཡང་བདུད་སྡིག་ཅན་འཇིག་རྟེན་པའི་རྣམ་པས་རུས་གོང་གི་འདུ་ཤེས་ལ་སོགས་པ་ལམ་གྱི་གཟུགས་བརྙན་སྟོན་པ་ན། འདི་ནི་བདུད་སྡིག་ཅན་ཡིན་ནོ་ཞེས་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་མི་བསྐྱེད་པའི་ཕྱིར་བཟོད་པར་གཏོགས་པའི་གནས་སྐབས་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་དེ་བཞིན་གཤེགས་པས་ཡང་དག་པར་གསུངས་པའི་སྤྱོད་པ་དང་རྗེས་སུ་མཐུན་པས་གནས་ཤིང༌། སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་ཉམས་པའི་བསམ་པས་ཞེས་བྱ་སྟེ། ཆོས་ཀྱི་མཆོག་གི་གནས་སྐབས་སོ། །མདོ་འདིའི་དོན་ཚིག་ལྷུག་པས་རྒྱ་ཆེར་བསྟན་པའི་དོན་རྗེས་སུ་དྲན་པར་བྱ་བའི་ཕྱིར། ཉེ་བར་འབྲེལ་པ་སྡུད་པའི་ཚིག་ལེ་འུར་བྱས་པ་ནི་དྲུག་ཡིན་ཏེ། གཟུགས་ལ་སོགས་པ་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བསྐྱེད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་པས་ལྡོག་པ་དང༌། །ཐེ་ཚོམ་མི་ཁོམ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་དགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལ་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང། །བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང༌། །ཆོས་ཉིད་ལྡན་པ་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་འཚོལ་དང༌། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་དང་བཅས། །ཆོས་མཆོག་


DTG081_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཀྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བསྟན་ནས་ད་ནི་མཐོང་བའི་ལམ་གྱི་གནས་སྐབས་བསྟན་པར་བྱ་བའི་ཕྱིར། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་གིས། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ལ། བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས། གཟུགས་ལ་སོགས་པའི་འདུ་ཤེས་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། དེས་ཆོས་དེ་ཡང་དམིགས་ལ་དེས་ན་མངོན་བར་འདུ་མི་བྱེད་དོ། །དེས་ན་སྐྱེ་བོ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བ་ལ་བཟོད་པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །འདུ་ཤེས་དང༌། མངོན་པར་འདུ་བྱེད་པ་ལས་ལྡོག་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་གང་ཡང་བདུད་སྡིག་ཅན་ཉེ་བར་འོངས་ཏེ་མོས་པ་ཟློག་པར་བྱེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པ་པོ་དང༌། རྟོགས་པ་དང༌། རྟོགས་པར་བྱ་བ་མི་དམིགས་པས་ཆོས་ཀྱི་རྗེས་སུ་མཐུན་པ་ལྡོག་པ་ན། དེ་ཁོང་དུ་ཆུད་ཅིང་སེམས་བརྟན་པ་དང༌། མི་གཡོ་བ་དང༌། མི་འཕྲོགས་པ་ཉིད་ཀྱིས་དམ་བཅས་པའི་སྦྱོར་བས་ཆེད་དུ་བྱ་བ་


DTG081_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་ཉམས་པའི་དོན་གྱིས་སོ། །ཞེས་བསྟན་ཏོ། །དེ་ལ་སེམས་བརྟན་པ་ནི་རྒྱུན་དུ་གཅེས་པར་བྱེད་པས་སོ། །མི་གཡོ་བ་ནི་མངོན་སུམ་དུ་བྱེད་པས་སོ། །མི་འཕྲོགས་པ་ནི་གཞན་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་དག་དང༌། རྣམ་པ་ཐམ་ཅད་མཁྱེན་པ་ཉིད་གང་ཡིན་པའི་བར་ལ་ལྡོག་པ་དང༌། འཇུག་པ་ཉིད་ཀྱི་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་གཉིས་ཀ་ལ་མི་བརྟེན་པའི་བྱང་ཆུབ་སེམས་དཔའ་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ། །བདེན་པ་ལ་ཞུགས་པ་ལས་ལྡོག་པ་ཡོད་པ་གང་ཡིན་པ་དང༌། བདེན་པ་ལ་མ་ཞུགས་པ་ལས་འཇུག་པ་ཡོད་པ་གང་ཡིན་པ་དེ་དག་ནི། འདིར་ལྡོག་པ་དང༌། མི་ལྡོག་པར་སྦྱར་གྱི། ལྡོག་པ་ཙམ་མམ། འཇུག་པ་ཙམ་ནི་མ་ཡིན་ནོ། །སྐད་ཅིག་མ་གསུམ་ལ་ནི་རྗེས་སུ་ཤེས་པ་དང་འབྲེལ་བས་ཉན་ཐོས་ལ་སོགས་པའི་སར་ལྷུང་བར་འགྱུར་བ་མི་སྲིད་དེ། དེ་ནི་ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་ཡན་ལག་ཟད་པར་བྱེད་པ་སྤང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དབང་དུ་མཛད་ནས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལ། དེའི་འབྲས་བུ་ཐོབ་པར་མི་བྱེད་པས་ཡན་ལག་ཟད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་དང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་ཡན་ལག་ཟད་པར་བྱེད་པ་ཞེས་བྱ་བ་སྟེ། བསམ་གཏན་ནམ་སྙོམས་པར་འཇུག་པ་གང་ལ་ཡན་ལག་གང་ཡོད་པ་དེ་སྤོང་བ་ལ་གནས་པ་ཞེས་བྱ་བའི་དོན་ནོ། །དཔེར་ན་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ་ཞེས་བྱ་བ་ལ་སོགས་པའི་ཡན་ལག་ཟད་པར་བྱེད་པ་ཞེས་སྨོས་པའི་རྗེས་སུ་ཤེས་པས་ནི་གཟུགས་དང༌། གཟུགས་མེད་པའི་གཉེན་པོ་ཉིད་ཡིན་པར་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པས་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་གནས་སྐབས་སུ་


DTG081_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་འདོད་ཆགས་དང་བྲལ་བ་འདོར་བར་བྱེད་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བསལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བ་ཉིད་ཀྱིས་གཟུགས་ལྷུར་ལེན་པ་མ་ཡིན་པ་ཞེས་བྱ་བ་ནས་སངས་རྒྱས་བལྟ་བ་དང༌། དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་ཉིད་ཀྱི་བར་དུ་རྒྱ་ཆེར་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞིང་དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །དེ་ལྟར་ཡིད་ལ་བྱེད་པ་ན། འོ་ན་སྤྱོད་ལམ་ཐམས་ཅད་དུ་འཁྲུལ་བ་མེད་པའི་སེམས་ཀྱིས་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གང་ཡང་ཁྱིམ་ན་གནས་པ་ཐབས་ལ་མཁས་པས་འདོད་པའི་ཡོན་ཏན་ལྔ་ལེན་པ་དང༌། ཟས་ལ་སོགས་པའི་ཡོ་བྱད་མང་ཞིང་སྣ་ཚོགས་པས་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཉིད་གནས་པ་དང༌། གཞན་དག་ཡང་དག་པར་དགོད་པ་དང༌། དེའི་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་པ་དང༌། གཞན་མི་དགའ་བར་འགྱུར་བའི་གནོད་པ་མི་བྱེད་ཅེས་བྱ་བ་ནི་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་ཀྱི་ཕྱིར། འཁྲུག་པའི་འདོད་ཆགས་སྤང་བ་ཡིན་ནོ། །གཞན་ལ་གནོད་པ་མི་བྱེད་པ་ཉིད་ཀྱི་ཕྱིར་འདི་ཞི་གནས་ཀྱིས་རྒྱུད་མཉེན་པ་ཉིད་དུ་སྟོན་པ་དང༌། འཛམ་བུའི་གླིང་ནས་བརྩམས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིགས་རྟེན་གྱི་ཁམས་ཀྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་སྦྱིན་པ་གཏོང་བ་དང༌། ལག་ན་རྡོ་རྗེའི་རིགས་ལྔ་རྗེས་སུ་འབྲང་བས་དེ་ལ་བདུད་ལ་སོགས་པས་མི་བརྫི་བ་ཉིད་དུ་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གང་སེམས་མི་གཡེང་བ་ཐོབ་པས་དད་པ་ལ་སོགས་པའི་དབང་པོ་


DTG081_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚང་བ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་ཐོབ་པ་ཉིད་ཀྱི་ཕྱིར། སྐྱེས་བུ་དམ་པར་གྱུར་པ་ཉིད་དང༌། བུད་མེད་དབང་དུ་འགྱུར་བའི་སྔགས་དང༌། རིག་པ་དང༌། སྨན་དང༌། རྩི་ལ་སོགས་པ་དང༌། བུད་མེད་དང༌། སྐྱེས་པ་ལ་སོགས་པ་ཟེ་སློང་བའི་སྦྱོར་བ་མི་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ལ་མཚན་མར་མི་མཐོང་བ་དང༌། འཚོ་བ་ཡོངས་སུ་དག་པས་གནས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་ཡན་ལག་ཚོགས་པར་བྱེད་པའི་མཚན་ཉིད་ནི་སྨན་ནོ། །ཡན་ལག་གཅིག་པ་ནི་རྩིའོ། །ཡང་ན་ནད་སྐྱེས་པ་གསོ་བར་བྱེད་པ་ནི་སྨན་ནོ། །ཕྱིས་མི་སྐྱེ་བར་བྱེད་པ་འགེགས་པ་ནི་རྩིའོ། །ཡང་ན་ལུས་ལ་བགོས་པའི་གནས་སྐབས་ཐོབ་པར་བྱེད་པ་ནི་སྨན་ནོ། །མི་རྒས་པའི་ཁྱད་པར་ཐོབ་པར་བྱེད་པ་ནི་རྩི་ཞེས་བྱ་སྟེ་རྣམ་གྲངས་གཞན་ནོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་ཞེས་བྱ་བ་ནས་བརྩམས་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་བཀག་པས་ཉན་ཐོས་ལ་སོགས་པའི་ཕྱིན་ཅི་ལོག་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །སྦྱོར་བ་དང༌། རྗེས་སུ་སྦྱོར་བ་སྨོས་པ་ནི་སྡུག་བསྔལ་དང༌། ཀུན་འབྱུང་གི་བདེན་པ་གཉིས་དང༌། འགོག་པ་དང༌། ལམ་གྱི་བདེན་པ་གཉིས་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་སྔ་མ་དང༌། ཕྱི་མར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་བཟང་པོའམ། ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པ་ཡིན་ནོ། །ཕྱིན་ཅི་མ་ལྡོག་པའི་ཤེས་པ་ཡིན་པའི་ཕྱིར་ནི་འཐད་པ་ཡིན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་གང་རྟོགས་པའི་རྒྱུར་གྱུར་པའི་དགེ་བའི་ཕྱོགས་འཕྲོག་པའི་བར་ཆད་ཀྱི་ཆོས་ཀྱི་


DTG081_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ལ་སྦྱོར་བ་དང༌། རྗེས་སུ་སྦྱོར་བར་གནས་པ་བཀག་པས་དེ་དག་ཤིན་ཏུ་མི་སྣང་བར་གྱུར་པའི་དོན་བསྟན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་འཕྲོག་པའམ། སྦྱིན་པར་རྗེས་སུ་མི་མཐོང་བའི་ཕྱིར་ཞེས་བྱ་བའི་འཐད་པས་སོ། །གཏམ་སྨོས་པ་ནི་དངོས་པོའི་རྣམ་པར་རྟོག་པ་ནི་སྡུག་བསྔལ་དང༌། ཀུན་འབྱུང་ཤེས་པའི་དུས་སུ་འགག་པའི་ཕྱིར་རོ། །འགོག་པ་ཤེས་པ་ནི་གཏམ་གྱི་སྦྱོར་བ་ཙམ་གྱིས་རྣམ་པར་རྟོག་པའི་གཉེན་པོ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་གནས་སྐབས་ཀྱི་དབང་དུ་མཛད་ནས། ཇི་སྐད་དུ། འདི་དག་ཐམས་ཅད་མིང་ཙམ་སྟེ། འདུ་ཤེས་ཙམ་དུ་རབ་ཏུ་གནས། །བརྗོད་པ་ལས་ནི་གཞན་གྱུར་པ། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་གསུངས་སོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པའི་སྦྱིན་པ་ལ་སོགས་པའི་གཏམ་མང་པོ་རྣམ་པ་སྣ་ཚོགས་པ་ཆོས་ཀྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། །འགོག་བ་ཤེས་པ་ནི་གནས་སྐབས་སུ་ཡང་དག་པར་བསྒྲུབ་པ་མང་པོ་དང་ཉེ་བར་ལྡན་པའི་དོན་སྟོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཉུང་ངུའམ། མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་པའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་གང་གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་གསོད་པ་པོ་དང༌། གསད་པར་བྱ་བའི་གཡུལ་གྱི་གཏམ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ཡང་ཆགས་པའམ། ཁོང་ཁྲོ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །གང་དེ་ལྟ་བུའི་གནས་སུ་རང་ཉིད་ཀྱིས་རྣམ་པར་སྨིན་པའི་འགོག་པ་རྣམ་པ་བཞི་ལས་གང་གིས་འདིར་དབང་པོའི་གྲོང་འགོག་པ་དང༌། དེ་ནས་གཞན་ཡང་རྣམ་པར་སྨིན་པ་མ་ལུས་པའི་དབང་པོའི་གྲོང་གི་


DTG081_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དབང་པོའི་རྟེན་འབྱུང་བ་ཆེན་པོ་ལ་སོགས་པའི་གྲོང་ཁྱེར་འགོག་པ་ནི་གང༌། དེ་ནས་དབང་པོའི་རྟེན་དུ་གྱུར་པ་འབྱུང་བ་དང༌། འབྱུང་བར་འགྱུར་བའི་གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་གཟུང་བའམ། མི་གཟུང་བར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དབང་པོའི་ཡུལ་གྱི་གྲོང་རྡལ་ལ་འགོག་པ་ནི་གང༌། དེ་ནས་གཟུགས་ལ་སོགས་པའི་ཡུལ་གྱི་གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་དག་པའི་མཐའ་ལ་གནས་པས་ཆོས་གང་ཡང་འཕེལ་བའམ། འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །བདག་ཏུ་མངོན་བར་ཞེན་པ་འགོག་པ་ནི་གང་དེ་ནས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་བསྒོམས་བས་དེའི་བདག་ཉིད་ཅན་ཉིད་ཀྱིས་གནས་ཡོངས་སུ་གྱུར་པ་ཡིན་པའི་ཕྱིར་གཏམ་གྱི་སྤྱོར་བ་ལ་མི་གནས་པ་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་གནས་པར་གསུངས་པ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་སྨིན་པའི་འགོག་པ་རྣམ་པ་བཞི་པོ་འདི་ཡང་ཁམས་གསུམ་པོ་རེ་རེ་ན་ཡང་ཡོད་པར་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། རེ་ཞིག་དབང་པོ་ལ་འགོག་བ་ནི་བསམ་གཏན་དང༌། གཟུགས་མེད་པ་གང་ན་དབང་པོ་གང་ཞིག་ཡོད་པ་སྟེ། ཇི་ལྟར་ཡིད་བདེ་བ་དང༌། བཏང་སྙོམས་དང༌། བཏང་སྙོམས་ཀྱི་ཡིད་བདེ་བ་དང༌། བཏང་སྙོམས་ལ་ནི་བཏང་སྙོམས་དང༌། །ཚོར་བའི་བྱེ་བྲག་བསམ་གཏན་སྐྱེས། །ཞེས་བཤད་པ་དང༌། གཟུགས་མེད་ན་ནི་བཏང་སྙོམས་དང༌། །སྲོག་དང་ཡིད་ཀྱི་དབང་པོ་ཡོད། །ཅེས་


DTG081_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ཇི་ལྟར་དེ་དབང་པོའི་རྟེན་འགོག་པ་ཡིན་ཞེ་ན། རིགས་མཐུན་པ་དང་སྲོག་ལ་འདིར། །སེམས་ཀྱི་རྒྱུད་ནི་རྟོགས་པ་ཡིན། །ཞེས་བསྟན་པ་ཡིན་ནོ། དབང་པོའི་ཡུལ་གྱི་གྲོང་རྡལ་ནི་དེ་ན་ཡོད་པ་ཡིད་ཀྱི་ཡུལ་ཆོས་རྣམས་ཀྱང་འགོག་པ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་ནི་ཐམས་ཅད་ན་ཡོད་པའི་ཕྱིར་དེ་ཐམས་ཅད་དུའང་འགོག་པ་ཁོ་ན་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང༌། སེར་སྣ་ལ་སོགས་པའི་རྗེས་སུ་སྦྱོར་བ་ལ་བརྩོན་པ་བཀག་པའི་ཕྱིར་དང༌། བཟོད་པ་བར་ཆད་མེད་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་ཉོན་མོངས་པ་དང་བྲལ་བའི་རྒྱུ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཤིང་ཆོས་འདོད་པ་འདི་ཉིད་ཀྱིས་དགེ་བའི་ཆོས་ལ་འདུན་པའི་རྗེས་སུ་འཇུག་པ་ཤེས་པར་བྱ་བའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་ཆོས་ཐ་མི་དད་པའི་བསྔགས་པ་བརྗོད་པ་ཉིད་ཀྱིས་བསྒྲུབ་པ་དང༌། འབྲས་བུའི་ཆོས་དག་འདུས་བྱས་པ་དང༌། འདུས་མ་བྱས་པ་ཉིད་ཀྱིས་གོ་རིམས་བཞིན་དུ་དོར་བ་དང༌། བླང་བར་ཤེས་པའི་ཕྱིར་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཤེས་གཉེན་མངོན་དུ་བྱ་བར་འདོད་པས་མཉེས་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར་དང༌། ཉན་ཐོས་ལ་སོགས་པའི་ཐེག་པས་འགྲོ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་དང༌། གཞུག་པ་དང༌། རབ་ཏུ་འཇོག་པས་ཁྱད་པར་རྟོགས་པས་ཐོབ་པའི་ཚོགས་འདོད་པས་སངས་རྒྱས་མངོན་དུ་གྱུར་པར་སྐྱེ་ཞིང༌། སྐྱེ་བ་ལ་དབང་བ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི་གང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་དཔེས་ཆོས་ཅུང་ཟད་དངོས་སུ་མ་དམིགས་པས། ནང་སྟོང་པ་ཉིད་ནས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་གནས་པའི་བར་གྱི་རང་གིས་ལ་དོགས་པ་མེད་པ་ཉིད་ཀྱིས་རྣམ་པར་གྲོལ་བའི་ལམ་ཉིད་དུ་ཤེས་པའི་བྲལ་བ་ཐོབ་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར། ཕྱིར་


DTG081_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པའི་ས་ལ་གནས་པ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང༌། བདུད་ཀྱི་ལས་ཤེས་པ་དང༌། རྣམ་པར་འཇོམས་པ་དང༌། སྲབ་མོར་བྱེད་པ་དང༌། བྲལ་བ་ཐོབ་པར་བྱེད་པ་ཤེས་པར་བྱེད་པའི་ཕྱིར། མཚམས་མེད་པ་བྱེད་པའི་སྐྱེས་བུའི་དཔེས་ཡང་དག་པ་ལ་གནས་ཤིང༌། རྣམ་པར་མི་རྟོག་པའི་ཕྱིར་ཕྱིར་མི་ལྡོག་པའི་སེམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟློག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་པའི་སྐྱོན་མེད་པར་ཞུགས་པ་ཉིད་ཀྱི་ལམ་ལ་ཆོས་ཤེས་པ་ནི་ཁམས་གསུམ་གྱི་གཉེན་པོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང༌། མངོན་པར་ཤེས་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་རྣམས་ལ་བལྟ་བ་ལ་སོགས་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང༌། ཁྱད་པར་ཅན་གྱི་ཡོན་ཏན་རྣམས་མངོན་པར་སྒྲུབ་པ་ལ་ཤིན་ཏུ་སྦྱངས་པ་ཤེས་པར་བྱ་བའི་ཕྱིར་དང༌། བའི་ཕྱིར་དང༌། བདུད་ཀྱི་ལས་རྣམས་ལ་ཐབས་ལ་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་པའི་ཕྱིར། རང་གི་ས་ལ་ནིམ་ནུར་མེད་པ་ཉིད་ཀྱིས་སྦྱོར་པ་འདྲེན་མ་མ་ཡིན་པ་རྣམ་པར་དག་པ་ཤེས་པར་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པའི་ཕྱིར་གཅིག་གམ། གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར། ཚེ་འཕོས་སུ་ཟིན་ཀྱང་ཉན་ཐོས་ལ་སོགས་པའི་སེམས་མི་སྐྱེད་པའི་ཕྱིར། སྦྱོར་བ་ཐེག་པ་གཞན་དུ་ངེས་པར་འབྱུང་བ་མེད་པས་གཅིག་ཏུ་ངེས་པ་ཉིད་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། སྐྱེ་བའམ། འགག་པ་ལམ་ཆེན་པོའི་ཆེན་པོར་རྟོག་པ་ཆུང་ངུའི་ཆུང་ངུའི་བར་དུ་སྤོང་བ་ཡིན་ནོ། །དང་པོ་ཉིད་ལམ་ཆེན་པོ་སྐྱེ་བའི་ཕྱིར་དང༌། ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོ་ཡོད་པ་མི་སྲིད་པའི་ཕྱིར་ཏེ། དང་པོར་གོས་ཀྱི་དྲི་མ་ཆེན་པོ་བསལ་ནས་ཕྱིས་ཆུང་བ་དག་པར་བྱེད་པ་དང༌། མུན་པ་ཆེན་པོ་ནི་སྣང་བ་ཆུང་


DTG081_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་བའི་དཔེས་ཆུང་ངུས་ཆེན་པོ་སེལ་བའི་དཔེ་དེ་རིགས་པ་ཡིན་ནོ། །དཀར་པོའི་ཆོས་ནི་སྟོབས་དང་ལྡན་པ་ཡིན་ལ། ནག་པོ་ནི་ཉམ་ཆུང་བ་ཡིན་པས་འཕགས་པའི་ལམ་གྱི་སྐད་ཅིག་མ་གཅིག་ལ་ཆུང་ངུས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཉོན་མོངས་པ་ཆེན་པོ་བརྟན་པ་རྩ་བ་ནས་འབྱིན་པའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་དུས་མང་པོར་བསགས་པའི་ནད་རྣམས་དུར་བྱིད་ཀྱི་ཁུ་བ་བཏང་བས་ནད་རྣམས་སེལ་བ་དང་མཚུངས་པ་དང༌། སྐད་ཅིག་མ་གཅིག་ལ་སྒྲོན་མེ་ཆུང་ངུན་གྱིས་མུན་པ་ཆེན་པོ་འཇོམས་པ་དང་འདྲའོ་ཞེས་བཤད་དོ། །དེ་ལ་རྣམ་པར་རྟོག་པའི་རྣམ་པ་ཆེན་པོའི་ཆེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་ལ་ཟང་ཟིང་གི་སྦྱིན་པ་སྦྱིན་བས་ཞེས་བྱ་བ་ལ་སོགས་པས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་གཉེན་པོ་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུའི་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་སོགས་པ་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་འདི་ཡིན་ནོ་ཞེས་འབད་པས་བསྟན་པ་འདི་ཡིན་ནོ། །རྣམ་པར་རྟོག་པ་ཆེན་པོའི་འབྲིང་ནི་གང་དེ་ཉིད་བསྐལ་པ་དེ་སྲིད་དུ། རྒྱུན་དུ་ཞུགས་པ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཟང་ཟིང་གི་ཡོན་ཕུལ་བས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །འདིའི་གཉེན་པོའི་ལམ་ཆུང་ངུའི་འབྲིང་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ན་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་


DTG081_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་ཆེན་པོའི་ཆུང་ངུ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་གནས་ཤིང་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་བསྒོམས་པས་སོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །འདིའི་གཉེན་པོའི་ལམ་ཆུང་ངུའི་ཆེན་པོ་ནི་གང་ཅིག་ཤོས་ཉིན་ཞག་གཅིག་ལ་སྦྱིན་པ་ལ་སོགས་པ་དང་ལྡན་པ་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་གནས་ན་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བསྐྱེད་པའོ་ཞེས་བྱ་བ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །ཅིག་ཤོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་དང་ལྡན་པ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །རྣམ་པར་རྟོག་པ་འབྲིང་གི་ཆེན་པོ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པས་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེའི་གཉེན་པོའི་ལམ་འབྲིང་གི་ཆུང་ངུ་ནི་གང་ཅིག་ཤོས་ཀྱིས་ཉིན་ཞག་གཅིག་ཆོས་ཀྱི་སྦྱིན་པ་བྱིན་པས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བར་ཡོངས་སུ་བསྔོ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བར་གནས་པ་ཉིད་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་འབྲིང་གི་འབྲིང་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་བསམ་གཏན་བཞི་དང༌། དྲན་པ་ཉེ་བར་གཞག་པ་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བྱས་པ་བས་ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིའི་གཉེན་པོ་ལམ་འབྲིང་གི་འབྲིང་ནི་ཅིག་ཤོས་ཀྱིས་དེ་རྣམས་ལ་ཉིན་ཞག་གཅིག་མངོན་བར་བརྩོན་པར་བྱས་ན་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་གནས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པའི་གནས་སྐབས་མེད་ཅིང༌། གནས་མ་ཡིན་པ་ཉིད་དུའོ་ཞེས་བསྟན་པ་ཡིན་ནོ། །མཐའ་གཅིག་ཏུ་ངེས་པར་འབྱུང་བའི་ཕྱིར་ནི་འཐད་བ་ཡིན་ནོ། །རྣམ་པར་རྟོག་པ་འབྲིང་གི་ཆུང་ངུ་ནི་གང་ཡང་


DTG081_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བསྐལ་པ་དེ་སྙེད་ཟང་ཟིང་གི་སྦྱིན་པ་དང༌། ནང་དུ་ཡང་དག་འཇོག་པ་དང་ལྡན་པ་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་ཞེས་སྨོས་པས་བསྟན་པ་ཡིན་ནོ། །འདིའི་གཉེན་པོ་ལམ་འབྲིང་གི་ཆེན་པོ་ནི་གང་ཅིག་ཤོས་ཀྱིས་ཉི་མ་གཅིག་ཟང་ཟིང་གི་སྦྱིན་པ་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ནི་མཚན་ཉིད་དོ་ཞེས་བྱ་བས་འཐད་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་ཆེན་པོ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཅི་ཡོད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིའི་གཉེན་པོའི་ལམ་ཆེན་པོའི་ཆུང་དུ་ནི་གང་ཅིག་ཤོས་ཀྱིས་ཉི་མ་གཅིག་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྡོས་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ཡི་རང་བའི་བསྔོ་བ་ནི་མཆོག་ཉིད་ཡིན་ནོ་ཞེས་འཐད་པ་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་འབྲིང་ནི་གང་མངོན་བར་འདུ་བྱས་པ་ནི་ཡོངས་སུ་བཏགས་པ་ཉིད་ཀྱིས་བསོད་ནམས་མང་དུ་སྐྱེ་བ་ན། མངོན་བར་འདུ་བྱས་པས་ཡང་དག་པར་ལྟ་བ་བསྐྱེད་པའམ། སྐྱོན་མེད་པར་འཇུག་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་བ་མི་ནུས་པས་མི་འདོད་པ་བསྐྱེད་པ་ཉིད་དོ་ཞེས་བསྟན་བ་ཡིན་ནོ། །དེའི་གཉེན་པོའི་ལམ་ཆེན་པོའི་འབྲིང་ནི་གང་རབ་འབྱོར་མངོན་དུ་བྱས་པ་དེ་ཡང་སྟོང་པ་ཉིད་དུ་སྣང་ངོ༌། །གསོ་བ་ཉིད་དང༌། གསོག་ཉིད་དང། སྙིང་པོ་མེད་པ་ཉིད་དུ་སྣང་ངོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་རྣམ་པ་དགུ་པའི་གནས་སྐབས་སུ་སྔ་མ་ལ་ནི་མ་ཡིན་ནོ་ཞེས་དགོངས་པའི་ཕྱིར་རོ། །ལན་རྗོད་པར་བྱེད་པ་སྟེ། དེ་ལ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་


DTG081_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བར་འདུ་བྱ་བ་སྟོང་པ་ཉིད་དུ་སྣང་བར་བཤད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་ཀྱིས་ནི་མངོན་བར་འདུས་བྱས་པ་གསོག་ཉིད་དུ་སྣང་བར་བཤད་དོ། །འདུས་བྱས་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་བ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་ཀྱིས་ནི་དེ་དག་གསོབ་ཉིད་དུ་སྣང་བར་བཤད་དོ། །རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མེད་པ་ཉིད་དུ་སྣང་བར་བཤད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་ཏུ་བསླབས་པའི་ཕྱིར་རོ་ཞེས་བྱ་བ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་མངོན་བར་འདུ་བྱས་པ་ནི་གོ་ཆ་དང༌། འཇུག་པ་དང༌། ཚོགས་དང༌། ངེས་པར་འབྱུང་བའི་བསྒྲུབ་པའི་དབང་དུ་མཛད་ནས་སྟོང་པ་ཉིད་དུ་སྣང་བ་ལ་སོགས་པ་རྣམ་པ་བཞིར་བརྗོད་པ་ཡིན་ནོ། །དེ་ཡང་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་གོ་ཆ་ཆེན་པོ་བགོས་པ་ལགས་པར་རིག་པར་བགྱི་སྟེ། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མི་སྐྱེ་བའི་ཆོས་ཉིད་ལགས་པའི་སླད་དུའོ་ཞེས་བཤད་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྗེས་སུ་མི་མཐོང་བས་ཉན་ཐོས་ལ་སོགས་པའི་ས་ལ་གོ་བཟློག་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་པའི་ངེས་པར་མངོན་བར་བྱང་ཆུབ་པ་དང་མི་འབྲལ་བའི་སྦྱོར་བ་ཤེས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ལྟར་གནས་པ་ནི་རང་གི་ས་ལ་གནས་པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །


DTG081_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ལམ་ལ་རག་མ་ལུས་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །གཞན་གྱིས་གཞོལ་བར་མི་ནུས་པ་ནི་རང་གིས་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཡང་བྲལ་བ་ཐོབ་པ་དེ་ནི་བདུད་ཀྱི་ལས་ཡིན་པར་རྟོགས་པའི་དབང་དུ་བྱས་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱིས་ན་འདི་ཉིད་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །གང་གིས་ཁྱོད་ལུང་བསྟན་པར་འགྱུར་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁྱོད་ཀྱིས་མ་ཐོབ་བོ། །གང་གིས་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་པ་ཞེས་བྱ་བ་ལ་སོགས་པ་བདུད་ཀྱིས་འདུན་པ་བཟློག་པའི་ཚིག་ཐོས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་མ་ཞུམ། མི་འགོང་བ་ལ་སོགས་པ་དང་ལྡན་ན་ལུང་བསྟན་པར་ངེས་པ་ཡིན་ནོ། །འདི་ལ་གནས་པ་ནི་རྟོགས་པའི་ཆོས་ཀྱི་སྐད་ཅིག་མ་གཅིག་ལུས་ཡིན་པའི་ཕྱིར་ལྟུང་བའམ་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལུང་བསྟན་པར་འགྱུར་བའི་རྒྱུའི་ཆོས་ཡོད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་སྐྱོན་མེད་པར་ཞུགས་པ་ནི་ལུང་བསྟན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པ་ནི་གང་བདུད་ཀྱིས་ཁྱོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ། གང་ལ་སྤྱོད་པ་འདི་དག་ནི་བདུད་ཀྱིས་བཤད་པ་ཡིན་ནོ། །ཞེས་ཟེར་ཞིང་རྣམ་པར་འབྱེད་པར་བྱེད་ན། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་བྲལ་བར་བྱེད་པ་ནི་བདུད་སྡིག་ཅན་ཡིན་ནོ་སྙམ་དུ་རིག་པར་བྱེད་པ་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །མངོན་པར་བྱང་ཆུབ་པ་དང་མི་འབྲལ་བ་ཐོབ་པར་བྱ་བ་རྙེད་པར་ཤེས་པར་བྱ་བའི་ཕྱིར་དང༌། ཆོས་ཐམས་ཅད་སྟོང་པའོ་ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་སྲོག་ཡོངས་སུ་གཏོང་བས་ཞེས་ག་ཉི་ག་སྨོས་པས་ནི་བདག་ཉིད་དུ་རྟོགས་པའི་ཕྱོགས་གཅིག་དང༌། མ་ལུས་པའི་བདག་ཡོངས་སུ་གཏོང་བ་ཤེས་པར་བྱ་བའི་དོན་དང༌། སངས་རྒྱས་


DTG081_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང༌། བདག་ཉིད་ཀྱང་ཆོས་འདི་ཉིད་ཡིན་ནོ་ཞེས་དོན་གྱི་དབང་གིས་མཐོང་ནས། སྲོག་དང་བྲལ་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། སྐལ་བ་མཉམ་པར་ཤེས་པར་བྱ་བའི་ཕྱིར་དང༌། ཡང་གཞུང་འཛིན་པའི་གཟུངས་ཐོབ་ནས་སངས་རྒྱས་ཀྱིས་གསུངས་པ་ཆུད་མི་ཟོས་པའི་ཕྱིར། དེས་ཡོན་ཏན་གྱི་ཁྱད་པར་མངོན་པར་བསྒྲུབ་པ་ཤེས་པར་བྱ་བའི་ཕྱིར་དང༌། ཡང་གཟུངས་ཐོབ་པའི་རྒྱུ་ཉིད་ཀྱིས་ཉེན་པ་པོའི་ལྷ་ལ་སོགས་པའི་སྐད་དང་བརྡ་ལ་སོགས་པ་ལ་ངེས་པར་རྙེད་པ་ཉིད་ཀྱིས་དེ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་འགོག་པ་ཐོབ་པས་སེམས་ཅན་སྨིན་པར་བྱ་བའི་ཐབས་ཀྱིས་བྱེད་པ་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡོན་ཏན་ཆེན་པོ་དང་ལྡན་པའོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་བཟོད་པ་ཐོབ་པ་དེ་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ཏེ། གང་འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་འབྲལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཚད་མེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཤེས་པ་ཐོབ་པ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། དུས་གསུམ་རྣམས་ཚད་མེད་པའི་ཕྱིར་དང༌། གང་འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་མི་སྐྱེ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་དེས་ཕྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་བར་འགྲུབ་པ་ནི་དེའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། གང་འདི་ལྟར་ཚད་བྱ་བར་མི་ནུས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཇི་སྐད་དུ། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཉིད་ཀྱི་ཕྱིར་འདིས་ནི་མཐའ་ལས་འདས་པ་མཐར་ཐུག་པ་མེད་པའི་ཡེ་ཤེས་ཐོབ་པ་དང༌། རྟོགས་པར་མི་ནུས་པའི་ཡེ་ཤེས་རབ་ཏུ་ཐོབ་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་མངོན་སུམ་དུ་མཛད་པ་ཉིད་ཀྱིས་རྗེས་སུ་བཟླས་ནས་གསུངས་སོ། །དེ་ལ་མཐའ་ཡས་པ་ནི་རྣམ་པ་མཐའ་ཡས་པའི་ཕྱིར་རོ། །མཐར་ཐུག་པ་མེད་པ་ནི་ཐམས་ཅད་དུ་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་སྐད་


DTG081_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོ་སོ་ཡང་དག་པར་རིག་པ་མངོན་བར་བསྒྲུབས་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཐར་གཏུགས་པར་མི་ནུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་མཁྱེན་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་འདིའི་རྣམ་པ་ལ་སོགས་པར་བསྟན་པར་བཅོམ་ལྡན་འདས་ཀྱིས་སྤྱོད་མོད་ཀྱི། ཤིན་ཏུ་ཐལ་ཆེས་པའི་ལན་དུ་འགྱུར་བས་བསྒོམ་པའི་ལམ་གྱི་དབང་དུ་མཛད་པར་བཞེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མདོ་འདི་ནི་དོན་རྒྱས་པར་བསྟན་པ་འདིའི་ཚིག་ལེའུར་བྱས་པ་ལྔས་བསྡུས་པར་གྱུར་པ་ཡིན་ཏེ། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུན་ཚོགས་བར་ཆད་མེད་རྣམས་དང༌། །ཚོགས་དང་དབང་ཚོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་བ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་དང༌། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།མཐོང་བའི་ལམ་གྱི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་ནས་ད་ནི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་པར་བྱའོ། །བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་བྱ་བ་ནི། གང་བཅོམ་ལྡན་འདས་གནས་ཟབ་མོ་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བ་ནི་བསྒོམ་པ་ཤེས་པར་བྱ་བའི་ཕྱིར་ཟློས་པའི་སྦྱོར་བས་གསུངས་སོ། །གང་ལ་གནས་པ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། རྒྱུན་ཉིད་ཡིན་


DTG081_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྒོམ་པའི་ལམ་ལ་གནས་པ་ཞེས་བསྟན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པ་ལགས་ཞེས་བྱ་བ་ནི་བསྒོམ་པའི་ལམ་དེ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པར་ཤེས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །ཡང་ཇི་ལྟར་བསྒོམ་པའི་ལམ་ཟབ་པ་ཡིན་ཞེ་ན། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་བྱ་བ་ནི་གང་དེ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་བར་འདུ་བྱ་བ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འདོད་ཆགས་དང་བྲལ་བ་དང། འགོག་པ་དང༌། མྱ་ངན་ལས་འདས་པ་དང༌། ཞི་བ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་རྣམས་ནི་ཟབ་མོའི་གནས་ཉིད་ཡིན་པར་བསྟན་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྟོང་པ་ཉིད་ལ་སོགས་པ་ལ་ཟབ་མོ་ཞེས་བྱ་ཞེ་ན། ཟབ་མོ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་ལམ་ལས་གྲོལ་བ་ཉིད། །ཅེས་བྱ་བ་ནི། གང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་གཟུགས་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་ཟབ་པ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཟབ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་སྒྲོ་བཏགས་པ་སྤང་ཞེ་ན། གང་གཟུགས་ལས་ཀྱང་མ་ཡིན། དེ་བཞིན་ཉིད་ལ་ཡང་གཟུགས་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་སྐུར་པ་འདེབས་པ་སྤང་ཞེ་ན། གང་མྱ་ངན་ལས་འདས་པ་བསྟན་ཏོ། །གཟུགས་ལས་གཞན་ན་ཡང་དེ་བཞིན་ཉིད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་བསལ་ནས་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡང་བསྒོམ་པའི་ལམ་ཇི་ལྟ་བུ་ཞིག་ཅེ་ན། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བསྟན་པ་ནི་གང༌། གང་གི་ཚེ་གནས་ཟབ་མོ་འདི་དག་དང་ལྡན་པ་ཞེས་ཟློས་པའི་སྦྱོར་བ་བསྟན་པའི་དོན་གྱིས་ནི་སེམས་ཤིང་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་སོ། །འཇལ་བ་ནི་བསམས་པའི་རང་བཞིན་གྱིས་སོ། །རྟོགས་པར་བྱེད་པ་ནི་བསྒོམས་པའི་རང་བཞིན་གྱི་ཤེས་རབ་བོ། །ཡང་བསྒོམ་པའི་ལམ་གྱི་ཡུལ་ཇི་ལྟ་བུ་ཡིན་ཞེ་ན། ངེས་འབྱེད་ཡན་ལག་དང་མཐོང་བའི། །


DTG081_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཞེས་བསྟན་པ་ནི་གང་བདག་གིས་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །ཇི་ལྟར་བདག་གིས་བསླབ་པར་བགྱི་ཞེས་བྱ་བ་ནི་མཐོང་བའི་ལམ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །ཇི་ལྟར་བདག་གིས་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས། དེ་བཞིན་དུ་བསྒྲུབ་པ་དང༌། དེ་བཞིན་དུ་སེམས་པ་དང༌། དེ་བཞིན་དུ་ཡོངས་སུ་རྟོག་པ་དང༌། དེ་བཞིན་དུ་ཡང་བརྩོན་པ་དང༌། དེ་བཞིན་དུ་འབད་པ་ཞེས་བྱ་བ་ཚིག་དྲུག་གསུངས་སོ། །ཇི་ལྟར་བསྒོམ་པའི་ལམ་གྱི་ཡུལ་དེ་ཉིད་ཅི་ཡིན་ཞེ་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཕྱི་མ་ཕྱི་མའི་ཡུལ་སྔ་མ་སྔ་མ་ཡིན་པས་ཉེས་པ་མེད་དོ། བསྒོམ་པའི་ལམ་གྱི་ཕན་ཡོན་རྣམ་པ་གསུམ་ནི་གང་ཚད་མེད་པའི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་འཛིན་པས། གཞན་གྱི་བུད་མེད་དང་དུས་བཏབ་ནས་བརྡ་བྱས་པའི་སྐྱེས་བུའི་རྟོགས་པ་མང་པོའི་དཔེས་བསོད་ནམས་ཚད་མེད་པ་སྐྱེ་བས་བསྐལ་པ་དཔག་ཏུ་མེད་པར་འཁོར་བ་སྤོང་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། ལས་ཟད་པ་དང༌། བསལ་བ་དང༌། སྔར་མ་སྐྱེས་པའི་ཚིག་གིས་ནི་བསྒོམ་པའི་ལམ་གྱི་བྱེད་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་དུ་ཞིག་ཡིན་ཞེ་ན། །དེ་ནི་རྒྱུན་ཆགས་པ་ཡི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་འདོད་དོ། །ཞེས་བསྟན་པ་ལ། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཞེས་བྱ་བར་སྦྱར་རོ། འདིར་རྩ་བའི་རྣམ་པར་དབྱེ་བ་ནི་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་གསུམ་ཡིན་ལ། དེ་རྣམས་རེ་རེ་ཡང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བ་བྱས་པས་རྣམ་པ་དགུར་འགྱུར་ཏེ། འདི་ལྟར་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌།


DTG081_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུའི་ཆེན་པོའོ། །འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོའོ། །ཆེན་པོའི་ཆུང་ངུ་དང༌། །ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོས་དགུར་འདོད་དོ། །གཉེན་པོའི་ཕྱོགས་ཇི་ལྟ་བ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ལམ་ཆུང་དུའི་ཆུང་དུས་ནི་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤོང་བ་ནས། ལམ་ཆེན་པོའི་ཆེན་པོས་ནི་རྣམ་པར་རྟོག་པ་ཆུང་ངུའི་ཆུང་དུ་སྤོང་བའི་བར་དུ་ནི་གྲངས་ཡོད་པ་དང༌། དཔག་ཏུ་ཡོད་པ་དང༌། ཚད་ཡོད་པའི་རྟོག་པས་བསྡུས་པ་བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་དགུ་པའི་གཉེན་པོ་ནི་ལམ་གྱི་རྣམ་པ་ཆེན་པོའི་ཆེན་པོ་ནི་གང་སྟོང་པ་ཉིད་ལ་གནས་པའི་ཞེས་བྱ་བ་བསྒོམ་པའི་ལམ་རྣམ་པ་དགུས་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལ་བསོད་ནམས་གྲངས་མེད་པ་དང༌། དཔག་ཏུ་མེད་པ་དང༌། ཚད་མེད་པས་བསྡུས་པས་ཉེ་བར་བསྡུས་པ་རྣམ་པ་གསུམ་ཆར་དགག་པ་མེད་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གྲངས་མེད་པ་ལ་སོགས་པ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། རང་གི་མཚན་ཉིད་དང་ཉེ་བར་མཚོན་པའི་ཆེད་དུ་ཡོངས་སུ་དྲིས་པ་ཡིན་ལ། གྲངས་ཡོད་པ་དང༌། གྲངས་མེད་པའི་ཁམས་ནི་འཁོར་བ་དང༌། མྱ་ངན་ལས་འདས་པའི་མཚན་ཉིད་དག་ཡོད་པ་མ་ཡིན་པའི་ཕྱིར། གྲངས་མེད་པ་ཉིད་ཀྱིས་དེ་མཉམ་པ་ཉིད་རྟོགས་པ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དུས་རྣམས་ལ་ཚད་མི་དམིགས་པའི་ཕྱིར་དཔག་ཏུ་མེད་པ་ཉིད་ཀྱིས་དེའི་རྟོགས་པ་འདུས་མ་བྱས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །གཞལ་བར་མི་ནུས་པའི་ཕྱིར་ཚད་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ནི་གྲངས་མེད་པ་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་ནོ། །རང་གི་ངོ་བོས་མཚན་ཉིད་ཀྱི་དབང་དུ་མཛད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་གྲངས་མེད། དཔག་ཏུ་མེད། ཚད་མེད་པ་སྟོང་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །སྟོང་


DTG081_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་མཚན་ཉིད་ཐ་དད་པ་མ་ཡིན་པའི་ཕྱིར། རྗོད་པར་བྱེད་པའི་དབྱེ་བ་དང༌། དོན་གྱི་དབྱེ་བ་མེད་པར་དགོངས་སོ། །ཀུན་རྫོབ་དེ་དག་ཐུགས་བརྩེ་བའི། །རྒྱུ་མཐུན་གྱུར་པ་ཐུབ་པ་བཞེད། །ཅེས་བྱ་བ་ནི། གང་དོན་ཡིན་པར་ཡི་གེ་ཐ་དད་དུ་བྱ་བ་མི་དམིགས་མོད་ཀྱི། གྲངས་མེད་པ་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་འདི་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པས་ཐུགས་རྗེའི་རྒྱུ་མཐུན་པར་གྱུར་པས་བསྟན་པ་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པའི་དབང་གིས་འདི་དག་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་རྣམ་པས་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དེ་རྣམས་ཀྱི་སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །ཅེས་བྱ་བ་ནི་ཇི་སྐད་དུ། རྣམ་པར་རྟོག་པའི་རིགས་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུ་ནི་ཅི་ཞིག་ཉམས་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ། ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམས་པ་རྣམས་པ་དགུ་ནི་ཅི་ཞིག་ཐོབ་ཅེས་བརྒལ་བ་ནི་གང་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་དང༌། ཡོངས་སུ་འགྲིབ་པ་བཀག་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་འཕེལ་བ་དང༌། ཡོངས་སུ་འགྲིབ་པ་བཀག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པ་ཉིད་དོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །འདི་ལ་ལན་དུ་བརྗོད་པ་ནི། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །དེ་ཡི་འདོད་པ་དོན་སྒྲུབ་བྱེད། །ཅེས་བསྟན་ཏེ། བསྒོམ་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ །གང་ཐམས་ཅད་དུ་རྟོགས་པའི་ང་རྒྱལ་བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ལ་སོགས་པས་ཡོངས་སུ་བསྔོ་


DTG081_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ལྡན་པ་དེ་སྣོད་དུ་འགྱུར་བ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱང་ཇི་ལྟ་བུ་ཞིག་ཅེ་ན། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་བྱ་བ་ནི་གང༌། གཟུགས་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་ཡིན་པའི་ཕྱིར། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བ་དང༌། ཡོངས་སུ་འགྲིབ་པ་བཀག་པའི་སྦྱོར་བ་རྗེས་སུ་གནང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རྒྱུ་དང་འབྲས་བུ་དག་གམ། འབྲས་བུ་དང་རྒྱུ་དག་གཅིག་ལ་གཅིག་རང་བཞིན་གྱིས་རྗེས་སུ་བརྒྱུད་པས། །རྒྱུ་དང་འབྲས་བུའི་འབྲེལ་བ་ཕྱིན་ཅི་མ་ལོག་པར་འབྱུང་བར་གྱུར་པ་ཡིན་པར་བཤད་པ་ཡིན་ནོ། །ཡང་དེ་ལྟར་བྱས་ནས་གང༌། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་བྱ་བ་ལ། །སེམས་དང་པོ་བསྐྱེད་པ་དང༌། །ཕྱིས་སྐྱེད་པ་དག་ནི་གཅིག་ལ་གཅིག་ཕྲད་པ་མེད་པས། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བའི་ཚོགས་སུ་འགྱུར་བ་མེད་པས་སེམས་ཅན་གང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཞེས་ཞུས་པས་བསྟན་པ་ཡིན་ནོ། །ད་ནི་ཇི་ལྟར་བྱང་ཆུབ་འབྱུང་བར་འགྱུར་ཞེ་ན། འཇིག་རྟེན་དུ་གྲགས་པའི་མར་མེའི་དཔེ་ཚུལ་གྱིས་ནི་ཞེས་བྱ་བ་ནི་གང་སྙིང་པོའི་དཔེས་སེམས་བསྐྱེད་པ་གཉི་ག་འབྲས་བུ་དང་བཅས་པར་ཤེས་པར་བྱ་བའི་ཕྱིར་རོ། །སེམས་བསྐྱེད་པ་དེའི་ཡུལ་དུ་འགྱུར་བས་ས་བཅུ་ལ་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཤེས་པ་ནི་སེམས་བསྐྱེད་པ་དང་པོ་དང༌། ཕྱི་མ་དག་བསྒོམ་པ་ལ་མ་བརྟེན་པར་མངོན་བར་བྱང་ཆུབ་པ་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདིར་ཅི་ཞིག་ཤེས་པར་བྱ་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱ་བསྟན་པའི་སྐབས་འདིར་རྗེས་སུ་འབྲང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་རྣམ་པ་བརྒྱད་ཡིན་ཞེ་ན། ཟབ་མོ་རྣམ་པ་བརྒྱད་དོ། །གང་ཡིན་ཞེ་ན། སྐྱེ་བ་དང་ནི་འགག་པ་དང༌། དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་


DTG081_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྱོད་དང་གཉིས་མེད་དང༌། །ཐབས་ལ་མཁས་པ་ཟབ་པ་ཉིད། །ཅེས་བྱ་བས་བསྟན་པ་ཡིན་ནོ། །དེ་ལ་སྐྱེ་བ་ཟབ་པ་ནི་དེ་དག་མ་ཡིན་ལ། དེ་ལས་གཞན་པ་ལས་ཀྱང་མ་ཡིན་པས་མངོན་བར་རྫོགས་པར་འཚང་བ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པ་ཉིད་ཀྱིས་འགགས་པའི་སེམས་སྐྱེ་བ་འགགས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་གང་འགགས་པ་དེ་ཕྱིས་སྐྱེ་བར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །འགག་པ་ཟབ་པ་ནི་གང་སེམས་སྐྱེས་པ་ནི་འགགས་པའི་ཆོས་ཉིད་ཡིན་པའི་ཕྱིར། ཆོས་ཅན་དེ་འགག་པ་བཀག་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་སྐྱེས་པ་དེ་འགག་པར་འགྱུར་བའི་ཆོས་ཅན་ཡིན་ནམ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་ལགས་སོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འགག་པའི་ཆོས་ཅན་ནི་ཡང་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། སྐྱེས་པ་ཙམ་ཉིད་ན་དེ་འགག་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ། །ཡང་ཅི་ཞིག་འགག་པར་འགྱུར་བ་དེ་བཞིན་ཉིད་ཟབ་པ་ནི་གང་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དེ་ལ་གནས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡུལ་ཡིན་པར་དགོངས་པས། ཡང་དག་པའི་མཐའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བ་ཉིད་ཀྱིས་སོ། །དེ་བཞིན་ཉིད་ཟབ་པོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་གནས་སོ་ཞེས་བྱ་བ་ལས་གསོ་པ་གསུངས་པ་ཡིན་ནོ། །ཤེས་བྱ་གང་དེ་ཟབ་པ་ནི་གང་སེམས་དེ་བཞིན་ཉིད་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། ཇི་སྐད་དུ་མདོ་ལས། དེ་བཞིན་ཉིད་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཤེས་པ་ཟབ་པ་ནི་གང་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་མཐོང་བའོ་ཞེས་བསྟན་པ་ཡིན་ནོ། །ཇི་


DTG081_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ་མདོ་ལས། ཡང་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །སྤྱོད་པ་ཟབ་པ་ནི་གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མི་སྤྱོད་པ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཟབ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ལ་གནས་པ་ལ་ལུང་བསྟན་པ་ལ་སོགས་པའི་ཡོངས་སུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །གཉིས་སུ་མེད་པ་ཟབ་པ་ནི་གང་དོན་དམ་པ་ལ་སྤྱོད་པ་ལ་གཉིས་སུ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་མཚན་མ་དང༌། མཚན་མ་མེད་པའི་འདུ་ཤེས་ཀྱི་སྦྱོར་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པ་ཟབ་པ་ནི་གང་སྟོབས་བཅུ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་ཡོངས་སུ་རྫོགས་པར་མ་བགྱིས་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱབ་བཀག་པའི་ཐབས་ལ་མཁས་པ་ཉིད་ཀྱིས་ཆོས་གང་ཡང་དངོས་པོ་དང༌། དངོས་པོ་མེད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཤེས་པ་ལ་གནས་པ་ནི་མི་མཐུན་པའི་ཕྱོགས་དེ་དང་དེ་ལ་སྤྱོད་པའི་སེམས་ཅན་རྣམས། གཉེན་པོའི་ཕྱོགས་དེ་དང་དེ་ལ་རབ་ཏུ་འགོད་ཀྱང་སེམས་ཅན་ཡོངས་སུ་སྨིན་པ་ལ་མཁས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་ལ་གནས་པ་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།

འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་རྣམ་པར་འགྲེལ་པ།


DTG081_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ནས། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མི་སློབ་པའི་དགེ་འདུན་བསྟན་པའི་དོན་ཅི་དགོས་ཤེ་ན། འདི་ཉིད་ཁོ་ན་བསླབ་པར་བྱ་བ་མ་ཡིན་ཏེ། གང་འདི་ལྟར་ཀུན་ནས་ཉོན་མོངས་པའི་རྟོག་པ་སྤང་བར་བྱ་བ་དང༌། རྣམ་པར་བྱང་བའི་རྟོག་པ་སྤང་བར་བྱ་བའི་ཕྱིར། དེ་གཉིས་མཉམ་པ་ཉིད་དུ་རྫོགས་པས་མི་སློབ་པར་འགྱུར་བ་ཡིན་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །ཡང་ཇི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཡིན་


DTG081_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་བསྟན་པ་ནི་གང་དེ་ནས་མི་མཐུན་པ་དང༌། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་གནས་སྐབས་དང་བྲལ་བའི་སྦྱོར་བའི་དབང་དུ་མཛད་ནས་གཉི་ག་མཉམ་པར་རྟོགས་པས་འཁོར་བ་རྨི་ལམ་དང་འདྲ་བར་རྟོགས་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཉིན་མོ་བསྒོམས་པས་རྣམ་པར་འཕེལ་བ་བཀག་པའི་ཕྱིར། རྨི་ལམ་གྱི་ནང་དུ་བསྒོམས་པས་རྣམ་པར་འཕེལ་བ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། རྨི་ལམ་དང༌། ཉིན་པར་དུ་རྣམ་པར་རྟོག་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །མི་མཐུན་པ་དང༌། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་ལྟར་བཤད་པར་ཟད། །ཅེས་བྱ་བ་ལ། དེ་ལ་ལས་མེད་པའི་ཀླན་ཀ་ནི་གང་རྨི་ལམ་དང་འདྲ་བའི་ཆོས་ཉིད་ལ་རྨི་ལམ་ལྟ་བུའི་སྦྱོར་བ་དང༌། དངོས་དང་མཇུག་གིས་བསྡུས་བའི་ལས་དེ་ལ་སོགས་པ་དང༌། འབྲི་བ་མེད་པར་བསྟན་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །དེའི་ལན་ནི་གལ་ཏེ་སད་ནས། བླ་ན་མེད་པར་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་ནི་དེ་ལ་སོགས་པའམ། འབྲི་བར་ཡང་འགྱུར་གྱི། མི་རྟོག་པ་ནི་མ་ཡིན་ནོ། །ལས་དང་འབྲས་བུ་འབྲེལ་བ་ནི་བརྡ་ཙམ་དུ་བཤད་པས། གང་ཡང་ཉིན་པར་སྲོག་གཅོད་པར་བྱས་པ་དང༌། རྨི་ལམ་ནང་དུ་སྲོག་གཅོད་པ་ཞེས་བྱ་བ་ནི་ཉིན་མོ་དང༌། མཚན་མོ་ཞེས་བྱ་བར་གྲགས་པ་ཡིན་ནོ། །ནང་དུ་སྨོས་པ་ནི་འཁོར་བའི་རྨི་ལམ་ཁྱད་པར་བྱ་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་ཞེས་བྱ་བ་ནི་བདེན་པ་དང༌། བདེན་པ་མ་ཡིན་པ་དྲིས་པ་ཡིན་ཏེ། གཉེན་པོའི་ཕྱོགས་རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པ་རྗེས་སུ་འཇུག་པ་སྐྱེ་བའི་ཕྱིར། དེ་ནི་དོན་དམ་པ་བསྟན་པའི་ཕྱིར་རྒོལ་བ་ཡིན་ནོ། །འདིའི་ལན་ནི་གང་དམིགས་པ་ལས་ལས་སྐྱེ་བར་བཤད་པ་དང༌། དམིགས་པ་མེད་པ་ལས་ལས་སྐྱེ་བ་འགག་པ་བསྟན་པ་ཡིན་ནོ། །དེ་ཡང་བརྡ་དང་བཅས་པ་ཡིན་པའི་ཕྱིར། དམིགས་པའི་


DTG081_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པ་ཡིན་ནོ་ཞེས་བརྒལ་བ་ལ། འདིའི་ལན་ནི་ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་བརྟག་པའི་དངོས་པོ་དམིགས་པར་བརྟེན་པའི་ཕྱིར་རོ། །རྨི་ལམ་གྱི་ནང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་ཡང་དག་པའམ། ཡང་དག་པ་མ་ཡིན་པར་བསྔོས་པ་ཡིན་ཞེས་དྲིས་པ་ལ། འདིའི་ལན་ནི་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་ནི་ཐམས་ཅད་མཁྱེན་པ་གསུམ་གྱི་མངོན་པར་རྟོགས་པ་མངོན་སུམ་དུ་གྱུར་པ། སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པས་དོན་འདི་ལན་ལྡོན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། དྲིས་པ་དེའི་ལན་ལྡོན་པའི་དབང་དུ་མཛད་པས་མ་འོངས་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་འབྱུང་ངོ་ཞེས་བྱ་བའི་དྲི་བ་དེ་ནི་ཡོངས་སུ་མ་རྫོགས་པ་ཡིན་ནོ། །དེ་རྫོགས་པར་གྱུར་ན་ནི་མ་འོངས་པ་ན་སངས་རྒྱས་འབྱུང་བ་དོན་མེད་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཡོངས་སུ་མ་རྫོགས་པ་བསྟན་པ་ཡིན་ཞེ་ན། མིང་ནས་བརྩམས་ཏེ། ཆོས་ཐམས་ཅད་ལྡན་ལྡོན་པར་བྱེད་པའི་དངོས་པོ་དམིགས་སུ་མེད་པ་ཡིན་ནོ། །དེ་ལྟར་འདི་དག་རང་ཉིད་ཀྱིས་མངོན་སུམ་དུ་བྱས་པར་དམ་འཆའ་ཞིང་དོན་མངོན་སུམ་དུ་བྱས་ན། དྲིས་པའི་ལན་ཡོངས་སུ་རྫོགས་པའི་ཉེས་པར་སྤང་བར་བྱ་བའི་ཕྱིར་མ་འོངས་པའི་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་མེད་པར་འདོད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་དམིགས་པར་སྤྱོད་པའི་ཕྱིར། ཤེས་རབ་ཟབ་མོ་དང་ལྡན་པ་ཉིད་ཡིན་པས་མ་འོངས་པའི་འཁོར་བ་དང༌། མྱ་ངན་ལས་འདས་པའི་དབྱེ་བ་བསྟན་པའི་མཚན་མ་མེད་པ་རྟོགས་པ་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་པ་ནི་དུས་དེ་ཉིད་ཀྱི་དགོངས་པའི་དབང་དུ་མཛད་ནས་དམིགས་པ་མེད་པར་སྤྱོད་པ་ཡིན་པའི་ཕྱིར་མི་འཇིགས་པ་ལ་སོགས་པ་མངོན་བར་བྱང་ཆུབ་པ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།

སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་རྣམ་པར་འགྲེལ་པ།


DTG081_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་ནས། ད་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བརྗོད་པར་བྱའོ། །དེ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་ཡིན་ཏེ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པ་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་བཀྲེས་པ་ལ་སོགས་པ་ནི་ལུས་ཀྱི་མ་དག་པའོ། །དེའི་གཉེན་པོ་ནི་ལྷའི་ལོངས་སྤྱོད་ལ་སོགས་པ་དག་པས་ཉེ་བར་བསྡུས་པའོ། །སྣོད་ཀྱི་འཇིག་རྟེན་ནི་ས་ཆེན་པོ་འདི་ལ་སྡོང་དུ་མ་དང༌། ཚེར་མ་ལ་སོགས་པ་ནི་མ་དག་པའོ། །དེའི་གཉེན་པོ་ནི་ལག་མཐིལ་ལྟར་མཉམ་པ་ལ་སོགས་པ་དག་པས་བསྡུས་བ་སྟེ། འདི་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མདོར་བསྡུས་པ་ཡིན་ནོ། །རྒྱས་པར་ནི་མདོ་ལས་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དབང་དུ་མཛད་ནས། སེམས་ཅན་བཀྲེས་པ་ལ་སོགས་པ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་ལྷའི་རིས་དག་གི་ལོངས་སྤྱོད་ལ་སོགས་པ་དང་འདྲ་བར་འགྱུར་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་ཉེ་བར་ལོངས་སྤྱོད་པ་ནི་ཟས་ལ་སོགས་པའོ། །ཡོངས་སུ་ལོངས་སྤྱོད་པ་ནི་ནོར་བུ་དང༌། མུ་ཏིག་གི་རྒྱན་ལ་སོགས་པའོ། །དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་དང༌། དེའི་འབྲས་བུ་ལས་བཟློག་པས་བསྡུས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གནོད་སེམས་ལས་བཟློག་པས་བསྡུས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ལེ་ལོ་ལས་བཟློག་པས་བསྡུས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །སྒྲིབ་པ་ལྔ་དང༌། བསམ་གཏན་དང་པོ་ལ་སོགས་པ་མ་གཏོགས་པ་ལས་བཟློག་པས་བསྡུས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌།


DTG081_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དང༌། རྨུགས་པ་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་རྣམས་ཡིན་ནོ། །ཤེས་རབ་འཆལ་བ་ལས་བཟློག་པས་བསྡུས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་གྱུར་པ་དང༌། ཡང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ལོག་པར་ངེས་པ་དང༌། མ་ངེས་པའི་ཕུང་པོ་གསུམ་དུ་ཤེས་པ་མེད་པ་དང༌། ངན་སོང་གསུམ་གྱི་སྒྲ་ཡང་ཤེས་པ་མེད་པ་དང༌། ཡང་སྡོང་དུ་མ་དང༌། ཚེར་མ་ལ་སོགས་པ་དང་བཅས་པ་དང༌། ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་ལས་བཟློག་པས་བསྡུས་པ་དང༌། དེ་བཞིན་དུ་བདག་ཏུ་ཡོངས་སུ་འཛིན་པ་ལས་བཟློག་པ་དང༌། རིགས་བཞིར་ཡོངས་སུ་འཛིན་པ་ལས་བཟློག་པས་ཉེ་བར་བསྡུས་པ་ཡིན་ནོ། །དེ་དག་ལས་བཟློག་པ་ནི་འདི་ཡིན་ཏེ། གང་ཅི་ནས་བདག་གི་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་དུ་ན་རིགས་བཞིའི་མིང་ཡང་མི་སྲིད་བ་དང༌། ཞེས་བསྟན་པ་ཡིན་ནོ། །དེས་ནི་རིགས་ཀྱི་ཚུལ་གྱི་དོན་མེད་དེ། འདི་ནི་བྲམ་ཟེ་ཞེས་བྱ་བ་དང༌། འདི་ནི་དམངས་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་པས་བསྟན་པ་ཡིན་ནོ། །སེམས་ཅན་རབ་དང༌། འབྲིང་དང༌། ཐ་མ་དང༌། ཁ་དོག་བཟང་བ་དང༌། ཁ་དོག་ངན་པ་དང༌། ཆོས་གཉིས་པོ་མ་གཏོགས་པ་གཞན་གྱི་དབང་དུ་བྱས་པ་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་མ་གཏོགས་པ་དང༌། འགྲོ་བས་ཕྱེ་བའི་རྫུས་ཏེ་སྐྱེ་བ་མ་གཏོགས་པ་སྐྱེ་གནས་གསུམ་པོ་དང༌། མངོན་བར་ཤེས་པ་དང་བྲལ་བ་དང། བཤན་གཅིག་ལ་སོགས་པ་འཛག་པ་དང༌། འོད་དང་མི་ལྡན་པ་དང༌། ཉིན་མོ་དང༌། མཚན་མོ་དང༌། ཉི་མ་དང༌། ཟླ་བ་ལ་སོགས་པ་དང༌། ཚེ་ཐུང་བ་དང༌། སྐྱེས་བུ་ཆེན་པོའི་མཚན་དང་བྲལ་བ་དང༌། སངས་རྒྱས་ལ་བསྙེན་བཀུར་བྱེད་པར་ནུས་པའི་དགེ་བའི་རྩ་བ་དང༌། མི་ལྡན་པ་དང༌། ཁམས་མི་མཉམ་པས་ཀུན་ནས་ལྡང་བའི་ནད་རྣམས་ལས་བཟློག་པས་ཉེ་བར་བསྡུས་པ་དེ་དག་ལས་བཟློག་པ་ནི་འདི་ཡིན་ཏེ། རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། འདུས་པས་ཀུན་ནས་དཀྲིས་པའི་ནད་རྣམས་སྐྱེས་པ་དང༌། མ་སྐྱེས་པ་དག་གོ་རིམས་


DTG081_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བསལ་བ་དང༌། མི་སྐྱེ་བ་དང༌། རྗེས་སུ་མཐུན་པའི་གསོ་བས་ཉེ་བར་བསྡུས་པ་དང༌། འདོད་ཆགས་ལ་སོགས་པ་དང༌། ཉན་ཐོས་ལ་སོགས་པའི་ཐེག་པ་ལ་མོས་པ་དང༌། ང་རྒྱལ་ཅན་ལས་བཟློག་པས་ཅི་རིགས་པར་རང་གི་སངས་རྒྱས་ཀྱི་ཞིང་དུ་ཕུན་སུམ་ཚོགས་པའི་རྣམ་པ་དེ་དང་དེ་རྣམས་ཀྱིས་བསྡུས་པ་ལ་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་བ་དང༌། ཚེ་དང༌། དགེ་སློང་གི་དགེ་འདུན་ལ་ཚད་ཡོད་པ་ལས་གོ་བཟློག་པས་དེ་དག་ཚད་མེད་པར་འགྱུར་བ་ཉིད་མངོན་བར་འཚང་རྒྱ་བར་སེམས་བསྐྱེད་པ་དང༌། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བསམ་པ་ཉིད་དང༌། ནམ་མཁའ་ལྟར་མུ་མེད་པའི་སེམས་ཅན་གྱི་ཁམས་ལ་འཁོར་བ་དང༌། མྱ་ངན་ལས་འདས་པ་གང་ཡང་མེད་པར་ཡོངས་སུ་སྤྱོད་པའི་ཡིད་ལ་བྱེད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ། །སྲིད་མོ་གང་གཱའི་ལྷ་མོས་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་ཁས་བླངས་པའི་དགེ་བའི་རྩ་བའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པས་འཁོར་རྣམས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ཐོབ་པར་ཡིད་ཆེས་པས་དབང་པོའི་དོན་གྱིས་དབང་པོར་གྱུར་པ་ཡིན་ཏེ་ཞེས་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་རྣམ་པར་འགྲེལ་བའོ།། །།

ཐབས་མཁས་པའི་རྣམ་པར་འགྲེལ་པ།


DTG081_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་ནས་ཐབས་ལ་མཁས་པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དེའི་ཡུལ་དང་སྦྱོར་བ་སྟེ། ཅི་ཞིག་བརྗོད་པར་བྱ་ཞེས་སྦྱར་བར་བྱའོ། །དེ་ལ་ཐབས་ལ་མཁས་པའི་ཡུལ་ནི་གང་ཇི་སྐད་དུ། དེ་དང་དེར་ཐབས་ལ་མཁས་པས་གསུངས་པ་དེ་ལྟར་རང་གི་ཡུལ་གྱི་སྦྱོར་བ་ཐ་དད་པ་བསྟན་པ་ནས་བརྩམས་ཏེ། སྟོང་


DTG081_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལ་སོགས་པ་རྣམས་ནས། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་གོམས་པ་སྙོམས་པར་འཇུག་པ་བསྒོམ་པ་ཡོངས་སུ་འདྲིས་པས་ནི་ཐབས་ལ་མཁས་པའི་ཡུལ་དོན་གྱིས་བསྟན་ཏོ་ཞེས་བསྟན་ཏོ། །ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཇི་ལྟར་འདྲིས་པར་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པས་སྙོམས་པར་འཇུག་པར་བགྱི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པའི་སྦྱོར་བ་ནི་གང་གཟུགས་སྟོང་པའོ་ཞེས་སོ་སོར་རྟོག་པར་བྱེད་ཅིང་ཐབས་ལ་མཁས་པ་ལ་ཉེ་བར་འགྲོང་པའོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། གོམས་པར་བསྒོམ་ཞིང་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་པར་ཤེས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་སྦྱིན་པ་དང་བྲལ་བ་མ་ཡིན། ཚུལ་ཁྲིམས་དང་བྲལ་བ་མ་ཡིན། བཟོད་པ་དང་བྲལ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གཙུག་ན་རིན་པོ་ཆེའི་མདོ་བླང་ངོ༌། །ཐབས་ནི་རྣམ་པ་བཅུར་འགྱུར་བས། །དེའི་ཕྱིར། མཚོན་བྱ་རྣམས་ལས་འདས་པ་དང༌། །མི་གནས་དེ་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་ཉིད་དང་ནི། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་དང༌། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་བར་ཆད་ཀྱི་ཆོས་ལ་ཡང་དག་པའི་འདའ་བའི་ཐབས་ལ་མཁས་པ་ནི་གང་སྐྱེས་བུ་སྒྱུ་རྩལ་ལ་བྱང་བ་ཞིག །འབྲོག་དགོན་པར་ཆས་པའི་དཔེས་བདག་གིར་བྱས་པའི་སེམས་ཅན་གྱི་ཁམས་ཕྱིར་རྒོལ་བའི་ཆོས་ལས་ཡང་དག་པར་འདའ་བ་ཤེས་པ་ནི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་ཏོ་ཞེས་བཤད་དོ། །མི་གནས་པའི་ཐབས་ལ་མཁས་པ་ནི། གང་ཡང་བྱ་བར་སྣང་ལ་རྒྱུ་བ་ས་ལ་མི་ལྷུང་


DTG081_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔེས་མི་གནས་པ་རྟོགས་པ་ནི། མི་གནས་པའི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །ཕྱོགས་ཀྱི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མཚན་ཉིད་དང༌། གྲོགས་དང་བཅས་པའི་མཚན་ཉིད་དང༌། ཕྱོགས་ཞེས་བྱ་བ་ནི་ཡང་འཇུག་པས་བྱ་བ་སྨོས་པ་ཡིན་ནོ། །སྔོན་གྱི་ཤུགས་ཀྱིས་འཕགས་པའི་ཐབས་ལ་མཁས་པ་ནི་གང་སྐྱེས་བུ་མཐུ་དང་ལྡན་པ་འཕོང་གི་སློབ་དཔོན་དུ་གྱུར་པས། མདའ་ནམ་མཁར་འཕངས་པ་གཅིག་ལ་གཅིག་ལོང་བཏགས་པའི་དཔེས་སྨོན་ལམ་བཏབ་པའི་ཤུགས་ཀྱིས་ཐབས་ལ་རྗེས་སུ་འཇུག་པ་ཤེས་པ་ཡིན་པར་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ནི། གང་སེམས་ཅན་ཡོངས་སུ་གཏང་བའི་བསམ་པས་དེ་ལྟར་དགའ་བའི་གནས་ལ་སྦྱོར་བ་ཤེས་པ་ནི། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི། གང་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་མ་ཐོབ་པར་བསམ་གཏན་ལ་སོགས་པའི་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་མ་ཉམས་ཤིང༌། མངོན་བར་འབྲེལ་བར་བརྗོད་པར་ཤེས་པ་ནི་རོ་མྱང་བ་མེད་པར་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །མི་དམིགས་པའི་ཐབས་ལ་མཁས་པ་ནི། གང་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་རྟོགས་པས་མི་དམིགས་པའི་ཐབས་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་ནི། གང་ཡང་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་རྟོགས་པས་མཚན་མ་མེད་པའི་ཐབས་ལ་མཁས་པ་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །སྨོན་པ་མེད་པའི་ཐབས་ལ་མཁས་པ་ནི། གང་ཡང་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་རྟོགས་པས་སྨོན་པ་མེད་པའི་ཐབས་ལ་མཁས་པ་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་པ་ནི། ཉན་ཐོས་པ་ལ་སོགས་པ་དང༌། ཐུན་མོང་ཡིན་དུ་ཟིན་ཀྱང་དེ་ཐབས་ཀྱི་ཁྱད་པར་ཡོད་པའི་


DTG081_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་དེ་ལྟར་སྤྱོད་ན་མངོན་བར་འདུ་བྱ་བ་མེད་པར་ལྟུང་བ་ཁམས་གསུམ་པ་དང་ལྷན་ཅིག་གནས་པ་ནི་གནས་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ནི་གང་གཞན་གྱིས་དྲིས་པའི་ཕྱིར་མི་ལྡོག་པའི་རྟགས་དང་རྗེས་སུ་མཐུན་པའི་ལུང་བསྟན་པ་ལ་ལུང་མི་སྟོན་པས་ཕྱིར་མི་ལྡོག་པ་དང༌། ཕྱིར་ལྡོག་པ་ངེས་པར་གཟུང་བའི་ཐས་ལ་མཁས་པ་དེའི་རྟགས་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །ཡུལ་ཚད་མེད་པའི་ཐབས་ལ་མཁས་པ་ནི་གང་ཡང་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་མི་འཕྲོགས་པ་ཉིད་ཀྱིས་ཐབས་ལ་མཁས་པའི་ཡུལ་ཚད་མེད་པ་ཉིད་ཤེས་པ་ཡིན་བར་དོན་གྱིས་བསྟན་ཏོ་ཞེས་དོན་གྱིས་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པའི་རྣམ་པར་འགྲེལ་པའོ།། །།དེ་དག་དེ་ལྟར་བྱས་ན་རྣམ་པ་དང་བཅས་པ་དང༌། སྦྱོར་བ་དང་བཅས་པ་དང༌། ཕན་ཡོན་དང་བཅས་པ་དང༌། བར་ཆད་དང་བཅས་པ་དང༌། ཡུལ་དང་བཅས་པ་དང༌། ཁྱད་པར་དང་བཅས་པ་དང༌། བྱེད་པ་དང་བཅས་པ་དང༌། ངོ་བོ་ཉིད་དང་བཅས་པ་དང༌། འཇུག་པ་དང་བཅས་པ་དང༌། ཡོངས་སུ་སྨིན་པ་དང་བཅས་པ་དང༌། རྟེན་དང་བཅས་པ་དང༌། ཡན་ལག་དང་བཅས་པ་དང༌། ཉེ་བའི་ཡན་ལག་དང་བཅས་པ་དང༌། ཡོངས་སུ་གཟུང་བ་དང་བཅས་པ་ནི། རྣམ་པ་ཐམས་ཅད་མངོན་བར་རྫོགས་པར་རྟོགས་པར་གྱུར་པར་བསྟན་པ་ཡིན་ནོ། །དེ་ལ་ཡུལ་ནི་ཤེས་པའི་མཚན་ཉིད་ཀྱི་ཡུལ་གང་ཡིན་པར་ཤེས་པར་བྱའོ། །འཇུག་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་ཡིན་ཏེ། དེ་རྣམས་ཀྱི་བསྟན་པ་ལ་འཇུག་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ། དེ་རྣམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །རྟེན་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཡན་ལག་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ། །ཉེ་བའི་ཡན་ལག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མངོན་བར་རྫོགས་པར་རྟོགས་


DTG081_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཁྱད་བར་ཅི་ཞིག་ཡོད་ཅེ་ན། ཀུན་མཁྱེན་གསུམ་ནི་ཇི་སྐད་བཤད་པའི་རྣམ་པ་རྣམས་སོ་སོར་ངེས་པ་ཡིན་པས་རྣམ་པའི་ཡུལ་རེ་རེར་ངེས་པ་ཡིན་ལ། རྣམ་པ་ཐམས་ཅད་མངོན་བར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པ་ཡུལ་དུ་བྱེད་པ་ཡིན་ཏེ། དེ་ནི་ཁྱད་པར་ཡིན་ནོ། །ཡང་ན་ཀུན་མཁྱེན་གསུམ་དུ་བཞག་པ་ནི་མཚན་ཉིད་དང་ལྡན་པ་ཡིན་ལ། རྣམ་པ་ཀུན་མངོན་བར་རྫོགས་པར་རྟོགས་པ་ནི་སྦྱོར་བ་དང་ལྡན་པ་ཡིན་ནོ། །ཁྱད་པར་གཞན་ཡང་རྣམ་པ་ཀུན་མངོན་བར་རྫོགས་པར་རྟོགས་པ་ནི་མི་མཐུན་པ་དང༌། གཉེན་པོའི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི། རྣམ་པ་ལ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ལྟ་བུ་མ་ཡིན་ཏེ། རྣམ་པ་ནི་ཞི་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་དེ་ལྟར་བྱས་ན། རྣམ་པ་སྦྱོར་བར་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་སྟེ། །དེ་ལྟར་ཐབས་ལ་མཁས་པ་ནི། །རྣམ་ཀུན་མངོན་རྟོགས་རྫོགས་པའོ། །ཞེས་བྱ་བ་ནི་རིམ་གྱིས་འབྱུང་བའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །མངོན་བར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་རྣམ་པ་ཀུན་མངོན་བར་རྫོགས་པར་རྟོགས་པའི་རྣམ་པར་འགྲེལ་བའོ།། །།


previousབཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས། next