Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཅིག་པ།


  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
  collapse section
  collapse section
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
སྤྲུལ་པའི་སྐུ།


 
previousསྤྲུལ་པའི་སྐུ། no next

སྤྲུལ་པའི་སྐུ།


DTG081_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་སྤྲུལ་པའི་སྐུ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་གཟུགས་གང་གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དོན་མཉམ་དུ་མཛད་པའི་སྐུ་ཡིན་པར་དོན་གྱིས་བསྟན། མཛད་པ་ནི་ཕྲིན་ལས་ཡིན་ལ་དེའི་དོན་ཡང་ཉི་ཤུ་རྩ་བདུན་གྱིས་བསྟན། མདོ་ལས་ཕྲིན་ལས་དང་པོ་དང་ལྟག་འོག་མི་མཐུན་པས་མདོ་བཙན་པར་བྱས་ནས་དང་པོ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ལ་འགོད་པ་ཡང་མདོ་ལས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྙན་པར་སྨྲ་བས་སེམས་ཅན་རྣམས་ཡང་དག་པར་སྡུད་ཅེ་ན་ཞེས་པ་ལ་སོགས་པས་བསྟན། གཉིས་པ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་བར་ཞེན་པ་མེད་པའི་མཚན་ཉིད་འགྲོ་བ་རབ་ཏུ་ཞི་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་སྐད་དུ་འདོམས་ཤིང་རྗེས་སུ་སྟོན་ཏེ། རིགས་ཀྱི་བུ་དག་ཚུར་ཤོག་ཁྱེད་ཅག་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག་ཅེས་པ་ལ་སོགས་པས་བསྟན། གསུམ་པ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པས་མི་མཐུན་པའི་ཕྱོགས་དོར་ཞིང་གཉེན་པོ་བླང་བར་བྱ་བའི་སྒོ་ནས་རྟོགས་པར་མཛད་པ་ཡང་མདོ་ལས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་དག་ཐམས་ཅད་སྟོང་པར་མཐོང་ནས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཆོས་ཉིད་སྟོན་ཏོ། །ཅི་ནས་ཀྱང་སྟོང་པ་ཉིད་དེ་དག་ལས་ཕྱིར་མི་ལྡོག་པར་དེ་ལྟར་ཆོས་སྟོན་ཏོ་ཞེས་པ་ལ་སོགས་པས་བསྟན། བཞི་པ་སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་གཞན་གྱི་དོན་བྱ་བ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བའི་བདག་ཉིད་ལ་བཀོད་པ་ཡང་མདོ་ལས།


DTG081_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་རང་གི་དོན་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་ལ་འགོད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་ཐམས་ཅད་དེ་ཙམ་དུ་བས། དེ་འདི་ལྟར་མཚན་ཉིད་མ་མཆིས་པ་ཙམ་དུ་བས་པ་ལགས་ན་ཞེས་པ་ལ་སོགས་པས་བསྟན། དྲུག་པ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་སངས་རྒྱས་ཉིད་ཀྱི་ལམ་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་པ་མན་ཆད་ཀྱིས་བསྟན། བདུན་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་གོམས་པ་ལ་འགོད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་དག་ཕན་ཚུན་དུ་འཁྲུགས་ཤིང་གནོད་སེམས་སུ་གྱུར་པ་དག་མཐོང་ན་འདི་སྐད་དུ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ་ཞེས་པ་མན་ཆད་ཀྱིས་བསྟན། བརྒྱད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དང་པོ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པའི་མཚན་ཉིད་དམིགས་སུ་མེད་པའི་ཆོས་ལ་འགོད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་


DTG081_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ་ཞེས་ཆོས་གང་ལ་ཡང་དག་པར་ཞུགས་པ་ལགས་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ས་གཉིས་པ་ལ་སོགས་པ་ལ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་བརྡར་གདགས་པའི་ཆོས་སུ་ཤེས་པ་ལ་འགོད་པ་ཡང་མདོ་ལས། རབ་འབྱོར་དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པའི་ཆོས་ཉིད་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཟད་ཀྱི་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་པ་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དྲུག་པར་ཤེས་པ་དང་ཤེས་བྱ་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་གཉིས་སུ་མེད་པར་འགོད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་གིས་སེམས་ཅན་མ་མཆིས་ཤིང་མཆིས་པ་མ་ལགས་པ་དག་སྦྱིན་པ་ལ་རབ་ཏུ་འགོད་པར་བགྱིད་ཅིང་ཞེས་པ་ལ་སོགས་པས་བསྟན། བཅུ་གཅིག་པ་ས་བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་སྤྱད་དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཉིས་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བརྒྱད་པ་ཉན་ཐོས་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པ་ཡང་མདོ་ལས། ལེའུ་བདུན་ཅུ་རྩ་བདུན་


DTG081_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀླད་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་དེ་གང་ཡིན་སྙམ་མོ་ཞེས་པ་མན་ཆད་ཀྱིས་བསྟན་བཅུ་གསུམ་པ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལ་སོགས་པ་ལ་འགོད་པ་ཡང་མདོ་ལས། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས་ཐོག་མ་ཉིད་ནས་འདི་ལྟར་འདི་ལ་མངོན་པར་འདུ་བྱེད་པ་མ་གཏོགས་པར་གང་རང་གི་ངོ་བོ་ཉིད་ཀྱིས་དམིགས་པར་འགྱུར་བའི་ཆོས་གང་ཡང་མེད་དོ་སྙམ་དུ་ཉེ་བར་བརྟག་པར་བྱའོ་ཞེས་པ་ལ་སོགས་པས་བསྟན། བཅུ་བཞི་པ་ས་དགུ་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་འཐོབ་པ་ལ་འགོད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་བསྐྱེད་པར་བགྱིད་པ་ལགས་ཞེས་པ་ལ་སོགས་པས་བསྟན། བཅོ་ལྔ་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་འགོད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དག་པར་བགྱིད་ལགས་ཞེས་པ་ལ་སོགས་པས་བསྟན། བཅུ་དྲུག་པ་སྐྱེ་བ་གཅིག་གིས་ཐོགས་པའི་རང་གི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པ་ཡང་མདོ་ལས། ལེའུ་བདུན་ཅུ་རྩ་བརྒྱད་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་


DTG081_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ངེས་པ་ཞེས་བགྱི་བའམ་འོན་ཏེ་མ་ངེས་བ་ཞེས་བགྱི་བ་ལགས་ཞེས་པ་ལ་སོགས་པས་མགོ་དྲངས་ཏེ་འོག་ནས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཕུང་པོ་ངེས་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་བདུན་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་ལ་འགོད་བ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པ་ཡང་འདི་ལྟ་སྟེ་མི་མཐུན་པའི་གནས་རྣམས་སུ་སྐྱེ་བར་མི་འགྱུར་ལགས་ན། གང་དེ་བཞིན་གཤེགས་པ་ཉིད་ཀྱིས་དུད་འགྲོའི་འགྲོ་བར་སྐྱེས་པའི་རབས་བསྟན་ན། དགེ་བའི་རྩ་བདེ་དག་གང་དུ་མཆིས་ལགས་ཞེས་བ་མན་ཆད་ཀྱིས་བསྟན། བཅོ་བརྒྱད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་ལ་སོགས་པའི་ཡོན་ཏན་ལ་འགོད་པ་ཡང་མདོ་ལས། དེ་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་པ་འམ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་དགུ་པ་ཁྱད་པར་གྱི་ལམ་གྱི་རང་གི་ངོ་བོ་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་ཡོངས་སུ་རྫོགས་པར་བགྱིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཡན་ལག་དེ་དག་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་པ་ལས་དང་འབྲས་བུ་འབྲེལ་བ་ཆུད་མི་ཟ་བ་ཡང་མདོ་ལེའུ་བདུན་ཅུ་རྩ་དགུ་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ལགས་ན། བཅོམ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་རྣམས་གང་


DTG081_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་རྩ་གཅིག་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ལ་འགོད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་ཐར་པར་བགྱིད་པ་ལགས། ཞེས་པ་ལ་སོགས་པས་མགོ་དྲངས་ནས། གཞན་དུ་ན་བྱང་ཆུབ་ལ་གཞོལ་བའི་སེམས་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དོ་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་རྩ་གཉིས་པ་ཕྱིན་ཅི་ལོག་ཐམས་ཅད་སྤངས་པ་ལ་འགོད་པ་ཡང་མདོ་ལས། ལེའུ་བརྒྱད་ཅུ་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ཏེ། དེ་དག་སངས་རྒྱས་ཀྱིས་ཀྱང་མ་མཛད་ཅེས་པ་ལ་སོགས་པས་བསྟན། ཉི་ཤུ་རྩ་གསུམ་པ་ཕྱིན་ཅི་ལོག་གཞི་མེད་པ་སྤངས་པའི་ཡེ་ཤེས་ལ་འགོད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་གནས་ནས་དངོས་པོའི་ཞེས་མངོན་པར་ཞེན་པར་འགྱུར་བའི་དངོས་པོ་བྱུང་བ་འམ། འབྱུང་བདེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བདེ་ལྟ་བུ་མཆིས་ལགས་སམ་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་རྩ་བཞི་པ་རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་བྱུང་བ་ལ་འགོད་པ་ཡང་མདོ་ལས། ལེའུ་བརྒྱད་ཅུ་རྩ་གཅིག་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་མཆིས་ཤིང་རྣམ་པར་བྱང་བར་འགྱུར་བ་མ་མཆིས་པ་བཞིན་དུ་ཡང་དག་པར་མ་མཐོང་བ་ལ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་མཆིས་ཤིང་རྣམ་པར་བྱང་བར་འགྱུར་བ་མ་མཆིས་ཏེ་ཞེས་པ་ལ་


DTG081_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་བསྟན། ཉི་ཤུ་རྩ་ལྔ་པ་དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་ལ་འགོད་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། བྲག་ཅ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུ་ལགས་ན་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་རྩ་དྲུག་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་འགོད་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཅི་འཇིག་རྟེན་གྱི་ཐ་སྙད་དུ་མངོན་པར་རྫོགས་པར་སངས་རྒྱས་སམ། འོན་ཏེ་དོན་དམ་པར་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་རྩ་བདུན་པ་དེ་བཞིན་གཤེགས་པའི་ས་ལ་འགོད་པར་མཛད་པ་ཡང་མདོ་ལས། ལེའུ་བརྒྱད་ཅུ་རྩ་གཉིས་པའི་ཀླད་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་ལགས་ན་དེ་སྐད་དུ་ཆོས་གང་ཅི་ཡང་མི་བགྱིད་ན་ཞེས་པ་མན་ཆད་ལེའུའི་མཇུག་ནས། རབ་འབྱོར་འདི་ལ་དངོས་པོ་ཡང་མེད། རང་གི་དངོས་པོ་ཡང་མེད། གཞན་གྱི་དངོས་པོ་ཡང་མེད་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན་ཞེས་པའི་བར་གྱིས་བསྟན་ཏོ།། །།འདིར་ལེའུའི་མཚམས་རྣམས་ནི་ཁྲི་བརྒྱད་སྟོང་པ་བཙན་པར་བྱས་ཏེ། སྦྱར་བ་ཡིན་པས་འབུམ་དང་སྦྱར་བ་ལེའུ་ཉུང་བས་ལེའུ་མཚམས་མི་མཐུན་པ་རྣམས་མདོའི་ཚིག་བཙན་པར་བྱས་ཏེ་དོན་དང་སྦྱར་རོ། །བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་འབུམ་པ་དང༌། འབྲིང་དུ་བསྟན་པ་ཉི་ཁྲི་ལྔ་སྟོང་པ་དང༌། བསྡུས་ཏེ་བསྟན་པ་ཁྲི་བརྒྱད་སྟོང་པ་རྣམས་དང་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བརྒྱད་དང་སྦྱར་བའི་འགྲེལ་པ་པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་རྫོགས་སོ།། །།


previousསྤྲུལ་པའི་སྐུ། no next