Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ།
  expand section


 
previousཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ། next

ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ།


DTG082_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་པར་འདོད་པ་དང༌། དེ་བཞིན་གཤེགས་པའི་སྤྱོད་པ་དང༌། ཚུལ་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང༌། གསུང་གི་


DTG082_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་དང༌། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡོངས་སུ་དག་པ་དང༌། གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་གིས་སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ཆོས་བསྟན་པར་འགྱུར། ཇི་ལྟར་ན་བདག་གིས་སེང་གེ་ཆེན་པོའི་རྣམ་པར་འགྱིངས་པས་རྣམ་པར་བསྒྱིངས་པར་འགྱུར། ཇི་ལྟར་ན་བདག་གིས་དོན་ཡོད་པའི་རྣམ་པར་གནོན་པས་རྣམ་པར་གནོན་པར་བྱ། ཇི་ལྟར་ན་བདག་ས་ཆེན་པོ་ལ་སོར་བཞི་ཙམ་གྱིས་རྐང་པ་མི་རེག་པར་འགྲོ་བར་འགྱུར། ཇི་ལྟར་ན་བདག་གིས་པདྨོ་འདབ་མ་སྟོང་དང་ལྡན་པ་ལ་རྐང་པ་གཉིས་ཀྱི་མཐིལ་བཞག་ཅིང་རྐང་པའི་འོག་ན་གནས་པའི་སྲོག་ཆགས་རྣམས་ལ་མི་གནོད་པར་འགྲོ་བར་བྱ། ཇི་ལྟར་ན་བདག་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ཀྱིས་ས་ཆེན་པོ་ལ་རྣམ་པར་བྲིས་ཏེ་འགྲོ་བར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ལ་འཁོར་ཀུན་ཏུ་འཁོར་ལོ་ཙམ་གྱི་ཁྱོན་ཡོངས་སུ་བསྐོར་ཞིང་འཆག་ས་ན་འཆག་པར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ཐམས་ཅད་དུ་རྒྱུ་ཞིང་སོང་ཡང་སའི་རྡུལ་གྱིས་མི་གོས་པར་འགྱུར། ཇི་ལྟར་ན་བདག་དཔག་ཚད་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ནས། དཔག་ཚད་ཚད་མེད་པའམ། གྲངས་མེད་པའམ། བསམ་གྱིས་མི་ཁྱབ་པའམ། མཚུངས་པ་མེད་པའམ། མཐའ་ཡས་པའམ། ཀུན་ཏུ་མཐའ་ཡས་པའམ། གཞལ་དུ་མེད་པའམ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སངས་རྒྱས་ཀྱི་ཞིང་དག་ཏུ་རྒྱུ་སྟེ་སོང་ཡང་ལུས་དང་སེམས་ལ་དུབ་པ་མེད་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བདག་


DTG082_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ནས་འོད་ཟེར་བྱ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བཀྱེ་སྟེ། མི་ཁོམ་པ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་པ་རྣམས་དང༌། ཚངས་པའི་མདུན་ན་འདོན་རྣམས་དང༌། ཚངས་འཁོར་བ་རྣམས་དང༌། ཚངས་ཆེན་པོ་རྣམས་དང༌། འོད་ཆུང་བ་རྣམས་དང༌། ཚད་མེད་འོད་རྣམས་དང༌། འོད་གསལ་བ་རྣམས་དང༌། དགེ་ཆུང་བ་རྣམས་དང༌། ཚད་མེད་དགེ་བ་རྣམས་དང༌། དགེ་རྒྱས་པ་རྣམས་དང༌། སྤྲིན་མེད་པ་རྣམས་དང༌། བསོད་ནམས་སྐྱེས་པ་རྣམས་དང༌། འབྲས་བུ་ཆེ་བ་རྣམས་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང༌། མི་སྤོང་བ་རྣམས་དང༌། མི་གདུང་བ་རྣམས་དང༌། ལེགས་མཐོང་བ་རྣམས་དང༌། རབ་ལྟ་བ་རྣམས་དང༌། འོག་མིན་པ་རྣམས་ཀྱིས་ཀུན་ནས་བསྐོར་ཞིང་མདུན་དུ་བདར་ནས་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་གང་ན་བ་དེར་འགྲོ་བར་བྱའོ་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་ན་འདུག་པའི་ཚེ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌།


DTG082_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་རྣམས་སྟན་འདིང་བར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བའི་ས་ཕྱོགས་དེ་དག་རྡོ་རྗེའི་རང་བཞིན་དུ་གནས་པར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་ཉི་མ་གང་ལ་མངོན་པར་བྱུང་བ་ན་དེ་ཉིད་ཀྱི་ཉི་མ་ལ་ནག་པོའི་ཕྱོགས་འཁོར་དང་བཅས་པ་ཕམ་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། མངོན་པར་རྫོགས་པར་སངས་རྒྱས་ནས་ནི། ཇི་ལྟར་ཉི་མ་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། འཁོར་ལོ་བསྐོར་ནས་ཇི་ལྟར་གྲངས་མེད་གཞལ་དུ་མེད་པའི་སེམས་ཅན་རྣམས་རྡུལ་དང་བྲལ་ཏེ་དྲི་མ་དང་བྲལ་ནས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་བྱ། གྲངས་མེད་གཞལ་དུ་མེད་པའི་སེམས་ཅན་རྣམས་ནི་ཇི་ལྟར་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་བྱ། གྲངས་མེད་གཞལ་དུ་མེད་པའི་སེམས་ཅན་རྣམས་ནི་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་


DTG082_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཚེ། ཉན་ཐོས་ཀྱི་དགེ་འདུན་ནི་གཞལ་དུ་མེད་གྲངས་མེད་པར་འགྱུར་སྙམ་བ་དང༌། ཆོས་བསྟན་པ་གཅིག་གིས་སྟན་གཅིག་པའི་དགྲ་བཅོམ་པ་རྣམས་གཞལ་དུ་མེད་གྲངས་མེད་པར་འགྱུར་སྙམ་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟན་གཅིག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་སྙམ་པ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་གཞལ་དུ་མེད་གྲངས་མེད་པར་འགྱུར་སྙམ་པ་དང༌། དེའི་ཚེ་ཚད་ནི་དཔག་ཏུ་མེད་པར་འགྱུར་སྙམ་པ་དང༌། འོད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་སྒྲ་ཡང་མི་གྲག་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་དུལ་བ་ནི་ལེགས་སོ། །ཞི་བ་ནི་ལེགས་སོ། །ཡང་དག་པར་སྡོམ་པ་ནི་ལེགས་སོ། །ཚངས་པར་སྤྱོད་པ་ལ་སྤྱད་པ་ནི་ལེགས་སོ། །སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་མི་འཚེ་བ་ནི་ལེགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་པ་གང་ཡིན་པ་དེ་ལྟ་བུའི་རང་བཞིན་གྱི་ཤེས་རབ་དང་ལྡན་པར་འགྱུར་སྙམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་


DTG082_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་ནུབ་ཅེས་བྱ་བའི་སྒྲ་ཡང་མི་གྲག་པར་བྱ་སྙམ་པ་དང༌། ཇི་ལྟར་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་དག་ཡིན་པ་དེ་དག་བདག་གི་མིང་ཐོས་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གང་གི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཡོན་ཏན་འདི་དག་བསྒྲུབ་པར་གྱུར་པ་དེའི་ཚེ། རྒྱལ་པོ་ཆེན་པོ་བཞི་པོ་གང་དག་ཡིན་པ་དེ་དག་འདི་སྙམ་དུ་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་སྔོན་གྱི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ལྷུང་བཟེད་རྣམས་ཕུལ་བ་བཞིན་དུ་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ལྷུང་བཟེད་བཞི་པོ་རྣམས་དབུལ་བར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །བདག་ཅག་གིས་འདི་ལ་བསྙེན་བཀུར་དང་རིམ་གྲོ་བྱའོ་ཞེས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དགའ་བར་འགྱུར་ཞིང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་སྤྲོ་བར་འགྱུར་རོ། །དེ་ལྟར་ལྷ་མ་ཡིན་གྱི་རིས་རྣམས་ནི་འགྲིབ་པར་འགྱུར་རོ། །ལྷའི་རིས་རྣམས་ནི་འཕེལ་བར་འགྱུར་རོ། །ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་གང་དག་ཡིན་པ་དེ་དག་འདི་སྙམ་དུ་བདག་ཅག་གིས་འདི་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པར་བྱའོ་སྙམ་དུ་དགའ་བར་འགྱུར་རོ། །ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་


DTG082_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་འཕེལ་བར་འགྱུར་བ་དེའི་ཚེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་རྣམས་ཀྱང་བདག་ཅག་ནི་སེམས་ཅན་ཆེན་པོ་འདིའི་ཕ་དང༌། མ་དང༌། ཕུ་ནུ་དང༌། སྲིང་མོ་དང༌། ཆུང་མ་དང༌། བུ་དང༌། བུ་མོ་དང༌། མཛའ་བོ་དང༌། བློན་པོ་དང༌། གཉེན་བཤེས་དང༌། གྲོགས་པོ་དང༌། བཤེས་པར་འགྱུར་རོ་སྙམ་སྟེ་དགའ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དང༌། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བཙུན་མོའི་འཁོར་དབུལ་ལོ་སྙམ་པས་དགའ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཚངས་པར་སྤྱོད་པར་འགྱུར་བ་ཡིན་ཏེ། འདུལ་བ་དང་མཐུན་པའི་ཆོས་ཀྱིས་སྦྱོར་བ་མ་ཡིན་གྱི། དེ་ནི་འདི་སྙམ་དུ་འདོད་པ་བསྟེན་ཅིང་མི་ཚངས་པར་སྤྱོད་པས་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་ཡང་བར་དུ་གཅོད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་མངོན་པར་བྱུང་ནས་ཚངས་པར་སྤྱད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའི། །ཚངས་པར་མི་སྤྱོད་པར་མི་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་བ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DTG082_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕ་དང༌། མ་དང༌། མཆིས་འབྲང་དང༌། བུ་དང༌། བུ་མོ་རྣམས་གདོན་མི་ཟ་བར་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཕ་དང༌། མ་དག་གམ། ཆུང་མ་དང༌། བུ་དང༌། བུ་མོ་དང༌། གྲོགས་བཤེས་དང༌། གཉེན་དང༌། སྣག་གི་གཉེན་མཚམས་རྣམས་གདོན་མི་ཟ་བར་དགོས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་ཚངས་པར་སྤྱོད་པ་ཡང་དག་ལེན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པ་ཁོ་ན་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་སྒྱུ་མ་ལ་ཤིན་ཏུ་བསླབས་པ་དེས་འདོད་པའི་ཡོན་ཏན་ལྔ་པོ་རྣམས་མངོན་པར་སྤྲུལ་ནས་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས་དགའ་ཞིང་རྩེ་ལ་ཡོངས་སུ་སྤྱོད་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང༌། སྒྱུ་མའི་མཁན་པོའི་མཆན་བུ་དེས་འདོད་པའི་ཡོན་ཏན་ལྔ་ལ་མྱངས་པ་འམ་ཡོངས་སུ་སྤྱད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་རྒྱུར་འདོད་པའི་ཡོན་ཏན་རྣམས་ཡོངས་སུ་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པའི་ཡོན་ཏན་རྣམས་ཀྱིས་གོས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྣམ་གྲངས་དུ་མས་འདོད་པ་


DTG082_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྐྱོན་དུ་བརྗོད་དེ། འདོད་པ་རྣམས་ནི་ཀུན་ནས་འབར་བའོ། །འདོད་པ་རྣམས་ནི་རབ་ཏུ་སྨད་པའོ། །འདོད་པ་རྣམས་ནི་གསོད་པའོ། །འདོད་པ་རྣམས་ནི་དགྲའོ། །འདོད་པ་རྣམས་ནི་ཕྱིར་རྒོལ་བའོ་ཞེས་རྣམ་གྲངས་དུ་མར་འདོད་པ་རྣམས་ལ་སྐྱོན་བརྗོད་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་རྒྱུར་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུའོ། །དེ་ལྟར་སེམས་བསྐྱེད་པ་བཤད་པ་ཡིན་ནོ། །


previousཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ། next