Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ།
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   


 
previousཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ། next

ཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ།


DTG082_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རིམ་གྲོར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ཆེན་པོ་དང་ལྡན་པར་འདོད་པ་དང༌། བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཡོངས་སུ་དག་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་ཐོགས་པ་མེད་པའི་སེམས་དང་ལྡན་པར་འདོད་པ་དང༌། ཚུལ་ཁྲིམས་ངན་པའི་སེམས་སྤང་བར་འདོད་


DTG082_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གནོད་པར་སེམས་པའི་ཡིད་དོར་བར་འདོད་པ་དང༌། ལེ་ལོའི་སེམས་དང༌། རྣམ་པར་གཡེང་བའི་སེམས་དང༌། ཤེས་རབ་འཆལ་བའི་སེམས་མི་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། སྒོམ་པ་ལས་བྱུང་བ་དང༌། བཀུར་སྟི་ལས་བྱུང་བ་དང༌། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་པོ་རྣམས་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །མིག་ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང༌། ལྷའི་མིག་དང༌། ཤེས་རབ་ཀྱི་མིག་དང༌། ཆོས་ཀྱི་མིག་དང༌། སངས་རྒྱས་ཀྱི་མིག་ཡོངས་སུ་སྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ངག་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནུབ་ཕྱོགས་སུ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་བསླབ་པར་བྱའོ། །བྱང་ཕྱོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་


DTG082_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ནུབ་བྱང་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་གང་སྟོན་པ་དེ་དག་ཐམས་ཅད་ལྷའི་རྣ་བས་མཉན་པར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱི་ཁོང་དུ་ཆུད་པར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྔོན་གྱི་སྦྱོར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་དྲན་པར་འདོད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་རྣམ་པ་མང་པོ་མཐོང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་ཆོས་གང་ཐོས་པ་དེ་དག་ཐམས་ཅད་ཐོས་ནས་དྲན་པའི་སྟོབས་བསྐྱེད་པ་མི་ཆོད་པས་ཡང་དག་པར་བཟུང་བར་འདོད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་འདིར་ཐམས་ཅད་ཆུད་མི་ཟ་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་འདོད་པ་དང༌། མ་བྱོན་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུའོ། །


previousཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ། next