Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  expand section
  collapse section
   
   
  expand section
   
   
ཡོངས་སུ་མི་ངལ་བ་ལ་གདམས་པ།
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousཡོངས་སུ་མི་ངལ་བ་ལ་གདམས་པ། next

ཡོངས་སུ་མི་ངལ་བ་ལ་གདམས་པ།


DTG082_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པ་རྣམས་གཞན་ཐམས་ཅད་ཀྱིས་ཐུབ་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། གཟུགས་སུ་མི་རློམ་པ་དང༌། ཚོར་བར་མི་རློམ་པ་དང༌། འདུ་ཤེས་སུ་མི་རློམ་པ་དང༌། འདུ་བྱེད་རྣམས་སུ་མི་རློམ་པ་དང༌། རྣམ་པར་ཤེས་པར་མི་རློམ་པ་དང༌། སའི་ཁམས་སུ་མི་རློམ་པ་དང༌། ཆུའི་ཁམས་སུ་མི་རློམ་པ་དང༌། མེའི་ཁམས་སུ་མི་རློམ་པ་དང༌། རླུང་གི་ཁམས་སུ་མི་རློམ་པ་དང༌། ནམ་མཁའི་ཁམས་སུ་མི་རློམ་པ་དང༌། རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། མིག་གི་ཁམས་སུ་མི་རློམ་པ་དང༌། གཟུགས་ཀྱི་ཁམས་སུ་མི་རློམ་པ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། རྣ་བའི་ཁམས་སུ་མི་རློམ་པ་དང༌། སྒྲའི་ཁམས་སུ་མི་རློམ་པ་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། སྣའི་ཁམས་སུ་མི་རློམ་པ་དང༌། དྲིའི་ཁམས་སུ་མི་རློམ་པ་དང༌། སྣའི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། ལྕེའི་ཁམས་སུ་


DTG082_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མི་རློམ་པ་དང༌། རོའི་ཁམས་སུ་མི་རློམ་པ་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། ལུས་ཀྱི་ཁམས་སུ་མི་རློམ་པ་དང༌། རེག་བྱའི་ཁམས་སུ་མི་རློམ་པ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། ཡིད་ཀྱི་ཁམས་སུ་མི་རློམ་པ་དང༌། ཆོས་ཀྱི་ཁམས་སུ་མི་རློམ་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་རློམ་པ་དང༌། དྲན་པ་ཉེ་བར་གཞག་པར་མི་རློམ་པ་དང༌། ཡང་དག་པར་སྤོང་པར་མི་རློམ་པ་དང༌། རྫུ་འཕྲུལ་གྱི་རྐང་པར་མི་རློམ་པ་དང༌། དབང་པོར་མི་རློམ་པ་དང༌། སྟོབས་སུ་མི་རློམ་པ་དང༌། བྱང་ཆུབ་ཀྱི་ཡན་ལག་ཏུ་མི་རློམ་པ་དང༌། ལམ་དུ་མི་རློམ་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་རློམ་པ་དང༌། མི་འཇིགས་པར་མི་རློམ་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུར་མི་རློམ་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་མི་རློམ་པ་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུར་མི་རློམ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུར་མི་རློམ་པ་དང༌། ཕྱིར་མི་འོང་བའི་འབྲས་བུར་མི་རློམ་པ་དང༌། དགྲ་བཅོམ་པ་ཉིད་དུ་མི་རློམ་པ་དང༌། རང་བྱང་ཆུབ་ཏུ་མི་རློམ་པ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་མི་རློམ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རློམ་པ་མེད་པ་དེ་ལྟ་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་ཏེ། སུས་ཀྱང་ཐུབ་པ་མེད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡེ་ཤེས་དེ་དང་ལྡན་པས་ངན་སོང་ཐམས་ཅད་ཀྱི་སྒོ་བཅད་པར་འགྱུར་བ་དང༌། མི་དབུལ་ཞིང་ཕོངས་པ་ཡང་ཉམས་སུ་མྱོང་བར་མི་འགྱུར་བ་དང༌། ལུས་གང་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ནང་ན་སྨད་པར་འགྱུར་བ་དེ་ལྟ་བུའི་ལུས་


DTG082_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པར་མི་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི་ཡོངས་སུ་མེད་ལ་བར་གདམས་པའོ། །


previousཡོངས་སུ་མི་ངལ་བ་ལ་གདམས་པ། next