Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
collapse section
  
 expand section
collapse section
 
  
 expand section
  
  
  
ལམ་ཡོངས་སུ་འཛིན་པ་ལ་གདམས་པ།
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section


2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousལམ་ཡོངས་སུ་འཛིན་པ་ལ་གདམས་པ། next

ལམ་ཡོངས་སུ་འཛིན་པ་ལ་གདམས་པ།


DTG082_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་གང་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ༌། །དེ་དག་གིས་ཆོས་བསྟན་པ་ཡང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ༌། །དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ༌། །དེ་དག་གིས་ཆོས་བསྟན་པ་ཡང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཡང་བསྙེན་བཀུར་བྱེད་དོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ༌། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་མི་སྐྱེད་དོ། །ཉན་ཐོས་ཀྱི་འདུ་ཤེས་མི་སྐྱེད་དོ། །རང་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བདག་གི་འདུ་ཤེས་མི་སྐྱེད་དོ། །གཞན་གྱི་འདུ་ཤེས་མི་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་མི་སྐྱེད་དོ། ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད།


DTG082_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་སུ་དམིགས་པ་ཡང་མེད་དོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པར་བྱེད་དེ། དྲན་པ་ཉེ་བར་གཞག་པ་རྣམས་སུ་དམིགས་པ་ཡང་མེད་དོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་སྒོམ་པར་བྱེད་དེ། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དུ་དམིགས་པ་ཡང་མེད་དོ། །སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་བྱེད་ལ། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་དམིགས་པ་ཡང་མེད་དོ། །ཤཱ་རའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཏེ། ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་ཡང་རློམ་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ལམ་ཡོངས་སུ་འཛིན་པ་ལ་གདམས་པའོ། །


previousལམ་ཡོངས་སུ་འཛིན་པ་ལ་གདམས་པ། next