Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
collapse section
  
 expand section
collapse section
 
  
 expand section
  
  
  
  
སྤྱན་ལྔ་ལ་གདམས་པ།
  
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section


2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousསྤྱན་ལྔ་ལ་གདམས་པ། next

སྤྱན་ལྔ་ལ་གདམས་པ།


DTG082_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་མིག་ལྔ་རབ་ཏུ་ཐོབ་པ་དང་ཡོངས་སུ་སྦྱོང་བ་ཡོད་དོ། །མིག་གང་ལྔ་རབ་ཏུ་ཐོབ་པ་དང་ཡོངས་སུ་སྤྱོད་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང༌། ལྷའི་མིག་དང༌། ཤེས་རབ་ཀྱི་མིག་དང༌། ཆོས་ཀྱི་མིག་དང༌། སངས་རྒྱས་ཀྱི་མིག་གོ །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གང་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གང་གིས་དཔག་ཚད་ཉིས་བརྒྱ་དང༌། སུམ་བརྒྱ་དང༌། བཞི་བརྒྱ་དང༌། ལྔ་བརྒྱ་དང༌། སྟོང་གི་བར་དུ་མཐོང་བ་ཡོད་དོ། །


DTG082_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གང་གིས་འཛམ་བུའི་གླིང་མཐོང་བ་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་གླིང་གཉིས་དང༌། གླིང་གསུམ་དང༌། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤའི་མིག་གང་གིས་སྟོང་གི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤའི་མིག་གང་གིས་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འཐབ་བྲལ་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགའ་ལྡན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་འཁོར་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོད་ཆུང་གི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་


DTG082_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་རབ་ཏུ་ཤེས་སོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོད་གསལ་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགེ་ཆུང་གི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚད་མེད་དགེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མི་སྤོང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མི་གདུང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ལེགས་མཐོང་གི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །རབ་ལྟའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་མི་ཤེས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འཐབ་བྲལ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །དགའ་ལྡན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱིས་མི་ཤེས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་རིས་པའི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་འཁོར་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ།།


DTG082_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཆུང་གི་ལྟ་རྣམས་ཀྱིས་མི་ཤེས་སོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འོད་གསལ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །དགེ་ཆུང་གི་ལྷ་རྣམས་ཀྱིས་མི་ཤེས་སོ། །ཚད་མེད་དགེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །མི་སྤོང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །མི་གདུང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །ལེགས་མཐོང་གི་ལྷ་རྣམས་ཀྱིས་མི་ཤེས་སོ། །རབ་ལྟའི་ལྷ་རྣམས་ཀྱིས་མི་ཤེས་སོ། །འོག་མིན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ལྷའི་མིག་ཡོངས་སུ་དག་པ་དེ་དག་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་དག་པའི་ལྷའི་མིག་དེ་ཉིད་ཀྱིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་དག་པའི་ལྷའི་མིག་དེ་ཉིད་ཀྱིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་དག་པའི་ལྷའི་མིག་དེ་ཉིད་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།།


DTG082_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་གང་དང་ལྡན་པས་འདུས་བྱས་སམ། འདུས་མ་བྱས་སམ། དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་རུང་སྟེ། ཆོས་གང་ཡང་རབ་ཏུ་མི་ཤེས་པ་མེད་པ་དང༌། ཤེས་རབ་ཀྱི་མིག་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཡང་མ་མཐོང་མ་ཐོས། མ་བསམས་ཁོང་དུ་མ་ཆུད་པ་མེད་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གི་གང་ཟག་འདི་ནི་དང་པའི་རྗེས་སུ་འབྲང་བའོ། །གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། གང་


DTG082_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་བསྙེམས་པའི་ཀུན་ཏུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། གང་ཟག་འདི་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་རབ་ཏུ་ཐོབ་ནས་འདོད་པའི་འདོད་ཆགས་དང༌། གནོད་སེམས་རབ་ཏུ་བསྲབས་པའི་ཕྱིར་ན་གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བཞེས་བྱའོ། །དེ་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་འདོད་པའི་འདོད་ཆགས་དང༌། གནོད་སེམས་རབ་ཏུ་སྤངས་པའི་ཕྱིར་ན་གང་ཟག་འདི་ནི་ཕྱིར་མི་འོང་བ་ཞེས་བྱའོ། །དེ་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་གཟུགས་ཀྱི་འདོད་ཆགས་དང༌། །གཟུགས་མེད་པའི་འདོད་ཆགས་དང༌། མ་རིག་པ་དང༌། ང་རྒྱལ་དང༌། རྒོད་པ་རབ་ཏུ་སྤངས་པས་གང་ཟག་འདི་ནི་དགྲ་བཅོམ་པ་ཞེས་བྱའོ། །གང་ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སོ་མཚན་མ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་བ་ནས་གང་ཟག་འདི་ནི་དགྲ་བཅོམ་པའི་བར་ཞེས་བྱའོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་གནས་པ་སྟེ། འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་འདི་ལྟར་རབ་ཏུ་ཤེས་ཏེ། གང་ཅུང་ཟད་ཀུན་འབྱུང་བའི་ཆོས་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་རབ་ཏུ་ཤེས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་


DTG082_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔ་འཐོབ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་རབ་ཏུ་ཤེས་ཏེ། གང་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་ནི་སེམས་དང་པོ་བསྐྱེད་པ་ཡིན་ཏེ། དེ་ནི་དེའི་ལམ་དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་ཐོབ་སྟེ། ཐབས་མཁས་པ་དང་ལྡན་པ་དེ་ནི་བསམས་བཞིན་དུ་བདག་གི་ལུས་ཡོངས་སུ་འཛིན་ཏོ། །བྱང་ཆུབ་སེམས་དཔའ་འདི་ནི་དགེ་བའི་རྩ་བ་བརྟན་པ་ཡིན་ཏེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། །འདི་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་འོག་མིན་གྱི་བར་དུ་སྐྱེ་བར་འགྱུར་ཏེ། དེ་དེར་གནས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་དག་ལ་རིམ་གྲོར་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར། བཀུར་སྟིར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕྱིར་ལྡོག་པར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་


DTG082_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ལུང་མ་བསྟན་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱིར་ལྡོག་པར་མི་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱིར་ལྡོག་པར་འགྱུར་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པས་ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་འདི་ནི་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པས་མཆོད་པའི་བར་དུ་མི་བྱེད་དོ། །འདིས་ནི་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །འདིས་ནི་མངོན་པར་ཤེས་པ་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྔགས་པ་བརྗོད་པར་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་བསྔགས་པ་བརྗོད་པར་མི་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ།།


DTG082_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཚེ་དཔག་ཏུ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་དགེ་འདུན་ནི་ཚད་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་དགེ་འདུན་ནི་ཚད་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་དཀའ་བ་སྤྱོད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་དཀའ་བ་སྤྱོད་པར་མི་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་གང་ཡིན་པ་དེ་ནི།


DTG082_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། མིག་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་དུ་མ་མཐོང་བའམ། མ་ཐོས་པའམ། མ་བསམས་པའམ། རྣམ་པར་མ་ཤེས་པ་ཅི་ཡང་མེད་པ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། ཉན་ཐོས་ཀྱི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདུས་སོ། །ཤཱ་རིའི་བུ་གང་ཞིག་དགེ་བའི་ཆོས་ཐམས་ཅད་འདུས་པར་སྨྲ་བ་དེ་དག་ནི་ཡང་དག་པར་སྨྲ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལྔ་པོ་འདི་དག་སྐྱེད་པར་བྱེད་པ་ཡིན་ནོ། །མིག་ལྔ་པོ་དེ་དག་ལ་བསླབས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་སྤྱན་ལྔ་ལ་གདམས་པའོ། །


previousསྤྱན་ལྔ་ལ་གདམས་པ། next